མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་གྱི་གསར་འགོད་པ་ཚོ་སྒྱིད་ལུག་ཆགས་འདུག

བོད་ཀྱི་དུས་བབ།
༢༠༡༠/༠༢/༠༨
Share on FacebookShare on TwitterShare on EmailShare on Whatsapp

འདི་གའི་གསར་འགོད་པས་ཉེ་ཆར་བོད་ནས་གསར་དུ་འབྱོར་བའི་གཞིས་བཞུགས་སྤུན་ཟླ་གཉིས་དང་ཐུག་འཕྲད་བྱས་ཏེ། གཞིས་ལུས་རྒྱ་ཆེའི་མང་ཚོགས་ཀྱིས་ད་ལྟའི་བོད་རྒྱའི་འབྲེལ་མོལ་ལ་རེ་བ་གང་འདྲ་ཞིག་བརྒྱབ་ཡོད་མེད་སོགས་གླེང་མོལ་སྣ་ཚོགས་བྱས་ནའང་། ཁོང་རྣམ་པ་གཉིས་མི་རིང་བར་ཕྱིར་བོད་དུ་ལོག་འཆར་ཡོད་སྟབས་མིང་སོགས་བཀོད་མེད།

ཟླ་འདིའི་ཕྱི་ཚེས་ ༣ ཉིན་ང་དུས་བཅད་བྱས་པ་ལྟར་ཉེ་ཆར་བོད་ནས་གསར་དུ་འབྱོར་བའི་གཞིས་བཞུགས་སྤུན་ཟླ་གཉིས་ཀྱི་སར་བཅར་བ་ཡིན། ཉིན་དེར་ང་ཚོས་དུས་ཡུན་ཆུ་ཚོད་གཅིག་ཙམ་རིང་བོད་ཕྱི་ནང་གཉིས་ཀྱི་བོད་རིགས་མང་ཚོགས་ཚོའི་འཚོ་བའི་གནས་སྟངས་དང་། ལྷག་པར་དུ་གཞིས་བཞུགས་སྤུན་ཟླ་ཚོས་མྱངས་དང་མྱོང་བཞིན་པའི་དཀའ་སྡུག་དང་མནར་གཅོད་འོག་གི་མི་ཚེ། འདས་པའི་ལོ་འགའི་ནང་བྱུང་བའི་བོད་ནང་གི་ཞི་རྒོལ་ཁག་གི་གནས་སྟངས། ད་ལྟ་གཞིས་བཞུགས་སྤུན་ཟླ་རྣམས་ཀྱིས་འདི་ཕྱོགས་སུ་བཟུང་བའི་རེ་བ་དང་ལྟ་ཚུལ་བཅས་ཕྱོགས་སྣ་མང་བོ་ཞིག་གི་ཐད་དུ་གླེང་མོལ་བྱས། བར་སྐབས་ཤིག་ནས་ཁོང་རྣམ་པ་གཉིས་ཀྱིས་ངེད་གཉིས་ལ་བསམ་ཚུལ་གཅིག་ཡོད། ཁྱེད་ཀྱིས་དེ་ངེས་པར་དུ་ཚགས་པར་སྟེང་འགོད་རོགས་ཟེར། ངས་ཀྱང་དེ་ལྟར་ཁས་ལེན་ཞུས།

ཁོང་གཉིས་ཀྱིས་གསུངས་དོན། ད་ལྟ་བོད་ནང་གི་གནས་ཚུལ་རྣམས་ཕྱི་ཕྱོགས་སུ་ཡོད་པའི་གསར་ཤོག་ཁག་དང་རླུང་འཕྲིན་ཁག བརྙན་འཕྲིན་ཁག་བཅས་སུ་ཁྱབ་བསྒྲགས་ཡག་པོ་བྱེད་ཐུབ་ཀྱི་མི་འདུག དེ་གང་ཡིན་ཟེར་ན། ཁྱེད་ཚོ་གསར་འགོད་པ་དང་དྲིལ་བསྒྲགས་མཁན། རྩོམ་སྒྲིག་པ། རྒྱང་སྒྲོག་པ་སོགས་སུ་ཡིན་རུང་དོ་སྣང་དེ་ཙམ་མ་བྱས་པས་ལན་པ་རེད། དཔེར་ན། ཁྱེད་ཚོས་བོད་ནང་གི་གནས་ཚུལ་ཞིག་ཁྱབ་བསྒྲགས་བྱེད་སྐབས་ཐབས་རྡུགས་པ་ཞིག་རེད། བཙོན་དུ་ཚུད་པའི་མི་ཞིག་གི་སྐོར་གནས་ཚུལ་སྒྲོག་གི་ཡོད་པའི་དབང་དུ་བཏང་ན་སྡེ་བ་གང་ནས་ཡིན་མིན་གསལ་བོ་ཤེས་མེད་པའི་ཐོག མི་དེའི་མིང་ཡང་གསལ་བོ་མ་ཤེས་པར་གནས་ཚུལ་སྤེལ་བ་ལྟ་བུ་ཡོང་གི་འདུག

དོན་རྐྱེན་བྱུང་བའི་མི་ཞིག་ཡིན་ན་དེ་དྲིལ་བསྒྲགས་རྒྱ་ཆེན་པོ་བྱེད་ཐུབ་ཀྱི་མི་འདུག མི་དེའི་མིང་དང་ས་གནས། ཁོའི་ལོ་རྒྱུས་རྒྱབ་ལྗོངས་སོགས་གསལ་བོ་ཤེས་མི་འདུག མཐར་གཏུག་ན་དོན་རྐྱེན་བྱུང་བའི་མི་རང་ཉིད་ཀྱིས་སྡུག་གྱོང་ཉོས་པ་ལྟ་བུ་ཞིག་རེད། ཁྱེད་ཚོ་ཁྱབ་བསྒྲགས་བྱེད་མཁན་ཡིན་པའི་ཆ་ནས་འཛམ་གླིང་ག་ས་གང་དུ་ཁྱབ་བསྒྲགས་ཤུགས་ཆེན་པོ་བྱེད་དགོས་ཀྱི་འདུག དེའི་ཆེད་དུ་ཁ་པར་གཏོང་དགོས་ནའང་ཡང་དང་རིམ་གྱིས་ཁ་པར་བཏང་སྟེ་ས་གནས་ས་ཐོག་གི་འབྲེལ་ཡོད་མི་སྣར་སྐད་ཆ་དྲིས་ན་འགྲིག་གི དེ་མིན་ཚོད་ཚོད་ལ་ཉེན་རྟོག་ཁང་དུ་ཁ་པར་རེ་བཏང་སྟེ་སྐད་ཆ་དྲིས། ཁོང་ཚོས་ཁྱེད་ཚོས་ཁ་པར་གཏོང་ཡུལ་ནོར་བ་རེད་ལབ་རྗེས་བཞག་འཇོག་གི་རེད། དེ་ལྟ་བུ་ཞིག་གིས་གནས་ཚུལ་རྒྱུས་ལོན་གསལ་བོ་བྱེད་ཐུབ་གི་མ་རེད།

དེ་བཞིན་བརྙན་འཕྲིན་དང་རླུང་འཕྲིན། དྲ་རྒྱ་བཅས་ཀྱི་ཁ་བྱང་སོགས་བརྗེ་བསྒྱུར་བྱས་ཚེ་དུས་ལྟར་གསལ་བོར་བཟོ་ཐུབ་ཀྱི་མི་འདུག དཔེར་ན། འདི་ལོའི་རྒྱལ་སྟོན་དུས་ཆེན་སྐབས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསང་ཨང་དེ་བརྗེ་བསྒྱུར་བྱས་སོང་། མང་བོ་ཞིག་གིས་དེ་ལ་རེ་བ་ཆེན་པོ་བྱས་བསྡད་ཡོད་མོད། ལམ་སེང་གསལ་བཟོ་བྱེད་ཐུབ་མ་སོང་།

དེང་སྐབས་གསར་འབྱོར་བ་ཚོ་འདིར་འབྱོར་དུས་གསར་འགོད་པ་ཚོ་གནས་ཚུལ་ལེན་པ་དང་སྐད་ཆ་འདྲི་གི་ཚུར་ཡོང་གི་མི་འདུག ཕར་བཙལ་ནས་འགྲོ་དགོས་ཀྱི་འདུག ང་ལྟ་བུར་མཚོན་ན་སྔོན་མའང་རྒྱ་གར་དུ་ཡོང་མྱོང་ཡོད། སྐབས་དེ་དུས་གསར་འགོད་པས་བསྐོར་ཡོང་གི་འདུག ཡིན་ནའང་། དེང་སྐབས་དེ་ལྟར་འདྲི་གི་ཡོང་མཁན་མི་འདུག གསར་འགོད་པ་གང་དུ་ཡོད་མེད་ཀྱང་ཤེས་རྟོགས་ཐུབ་ཀྱི་མི་འདུག ངའི་ལྟ་སྟངས་ལྟར་བྱས་ན་སྔོན་ཆད་དང་བསྡུར་ན་དེང་སྐབས་གསར་འགོད་པ་ཚོ་སྒྱིད་ལུག་ནས་བསྡད་འདུག་ཅེས་གསུངས་པ་མ་ཟད། མཇུག་མཐར་ཡང་ཁོང་རྣམ་པ་གཉིས་ཀྱིས་གོང་གི་བསམ་ཚུལ་དེ་ངེད་གཉིས་ཀྱིས་འདི་ཕྱོགས་ཀྱི་གསར་འགོད་པ་རྣམས་ལ་བཤད་འདོད་པའི་བསམ་ཚུལ་གལ་ཆེ་ཤོས་དེ་ཡིན་པས། ངེས་པར་ཚགས་ཤོག་ཐོག་སྤེལ་རོགས་ཟེར་ནས་ནན་བརྗོད་གནང་།

ངས་ཁོང་གཉིས་ཀྱིས་གང་གསུངས་པ་རྣམས་སྒྲ་སྡུད་དུ་བཅུགས་རྗེས་ཁོང་གཉིས་ལ་ཐེངས་འདིའི་བོད་རྒྱ་འབྲེལ་མོལ་ཐེངས་དགུ་བར་གཞིས་ལུས་བོད་མི་རྣམས་ཀྱིས་རེ་བ་གང་འདྲ་ཞིག་བརྒྱབས་ཡོད་མེད་ཐད་བཀའ་འདྲི་ཞུས་པར་ལན་འདེབས་གནང་དོན།  བོད་ནང་དུ་ཐེངས་འདིའི་བོད་རྒྱལ་འབྲེལ་མོལ་ལ་སྔར་དང་མི་འདྲ་བའི་རེ་བ་ཤུགས་ཆེན་པོ་ཞིག་རྒྱག་གི་འདུག ད་ཐེངས་ཀྱི་འབྲེལ་མོལ་འདི་བྱས་རྗེས་བོད་རྒྱའི་གནད་དོན་དེ་བཟང་ཕྱོགས་སུ་ཚད་ངེས་ཅན་ཞིག་ཏུ་སླེབས་ཀི་རེད་ཟེར་གྱིན་འདུག དེ་ལྟར་རེ་བ་བརྒྱབས་པ་ལྟར་ཉེ་ཆར་གསར་འགོད་གསལ་བསྒྲགས་སྐབས་གསར་འགོད་པ་རྣམས་ཀྱིས་རྒྱ་རི་བློ་གྲོས་རྒྱལ་མཚན་ལ་འཚང་ཁ་ཤིག་ཤིག་གིས་དྲི་བ་འདྲི་བཞིན་པ་དེར། བོད་ནང་དུ་ཡོད་པའི་བོད་མི་དོན་གཉེར་བ་རྣམས་ཀྱིས་ཉ་མོ་ཆུ་དང་འཕྲད་པ་ལྟར་ཉན་བསྡད་ཡོད་པ་རེད། འོན་ཀྱང་། རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གི་ངོས་ནས་ཞིབ་ཕྲའི་གནད་དོན་རྣམས་ལན་གསལ་བོ་བྱས་ནས་རྒྱག་གི་མི་འདུག དེར་བརྟེན་གཞིས་ལུས་བོད་མི་རྣམས་ཀྱིས་གནས་ཚུལ་ཁ་གསལ་བོ་ཞིག་ཤེས་ཐབས་ཡོད་པ་མ་རེད།

ངས་བསམ་ན་ཁོང་གིས་ཞིབ་ཕྲའི་ལན་གསལ་བོ་རྒྱག་གི་མེད་པ་དེས་མང་བོ་ཞིག་འཐུས་ཤོར་ལ་འགྲོ་གི་འདུག་ལ། ད་བར་བཙན་བྱོལ་བོད་གཞུང་གི་ངོས་ནས་ཀྱང་མང་བོ་ཞིག་འཐུས་ཤོར་དུ་ཕྱིན་པ་རེད། དཔེར་ན། དང་ཐོག་ཏིན་ཞོ་ཕིང་སྐུ་འཚོ་བཞུགས་སྐབས་བོད་རང་བཙན་ཕར་ཕུལ་གཞན་སྐད་ཆ་ག་རེ་ཡིན་ནའང་བཤད་ཆོག་གི་རེད་ཟེར་དུས། སྐད་ཆ་སྣ་ཚོགས་ཤིག་བཤད་དེ་གོ་སྐབས་མེད་བརླག་བཟོས་པ་རེད། དེ་བཙན་བྱོལ་བོད་གཞུང་གིས་མ་འཇོན་པ་གཅིག་རེད། དེ་བཞིན་དེང་སྐབས་བོད་རྒྱའི་འབྲེལ་མོལ་སྐོར་གྱི་གནས་ཚུལ་དག་གསང་བའི་སྒོ་ནས་བསྒྲུབ་དགོས་པའི་དབང་དུ་བཏང་ནའང་། བོད་རིགས་རྒྱལ་གཅེས་མང་ཚོགས་ཀྱི་སེམས་གནད་ལ་འབབ་སྤྱད་ཅིག་གསལ་བོ་བཟོ་དགོས་ཀྱི་འདུག

དེ་མིན་བོད་རྒྱའི་འབྲེལ་མོལ་འདི་དེང་སྐབས་ཇེ་བཟང་དུ་འགྲོ་བཞིན་འདུག ཐོག་མར་མགོ་འཛུགས་བྱས་སྐབས་རྒྱ་རི་བློ་གྲོས་རྒྱལ་མཚན་སོགས་བྱེས་གྱུར་བོད་མི་ཁག་ཅིག་ཕྱིར་བོད་ནང་དུ་རང་གི་གཉེན་ཚན་ལ་ཐུག་འཕྲད་དུ་ཡོང་བ་རེད་ཟེར་གྱིན་ཡོད་པ་རེད། དེའི་རྗེས་སུ་༧གོང་ས་མཆོག་སྒེར་ངོས་ཀྱི་ཤ་ཁྲག་རེ་ཟུང་ཕེབས་པ་རེད་ཟེར་གྱིན་འདུག ད་ལྟ་༧གོང་ས་མཆོག་གི་སྐུ་ཚབ་ཕེབས་ཏེ་བོད་རྒྱ་འབྲེལ་མོལ་གྱི་མགོ་འཛུགས་ཀྱིན་ཡོད་ཟེར་གྱིན་འདུག དེ་བཟང་ཕྱོགས་ཀྱི་འགྱུར་བ་ཆེན་པོ་ཞིག་རེད། ཡིན་ནའང་། ངས་གོ་ཐོས་བྱུང་བ་ལྟར་ན་ཐེངས་འདིར་ཁོང་ཚོའི་བར་ལོ་ཙྭ་བ་ཡང་མེད་པར་ཕན་ཚུན་བར་སྐད་བརྡ་འཕྲོད་ཀྱི་མི་འདུག་ཟེར་བས། དེ་ལ་བློ་ཕམ་ཡོད་ཅེས་གསུངས།

ཁོང་གིས་དེ་མིན་གྱི་གནས་ཚུལ་གཞན་པ་ཞིག་གསལ་འགྲེལ་གནང་དོན། ད་ལྟ་གཞིས་ལུས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོ་དངོས་གནས་དྲང་གནས་ཤེས་ཡོན་གནས་ཚུལ་སྐྱོ་བོ་རེད། ཡིག་རྨོངས་པ་རེད། དེར་བརྟེན་རྒྱ་ནག་གིས་མགོ་བསྐོར་བསླུ་བྲིད་གཏོང་ཆོག་ཆོག་རེད། དཔེར་ན། དེང་སྐབས་རྒྱ་ནག་གིས་ང་ཚོས་༧གོང་ས་མཆོག་ལ་ཚུར་རྒྱ་ནག་ཏུ་ཕེབས་རོགས་ཟེར་གྱིན་ཡོད་ནའང་། ཁོང་ཕེབས་གི་མི་འདུག་ཅེས་དྲིལ་བསྒྲབས་རྫུན་མ་བྱེད་ཀྱིན་འདུག མང་ཚོགས་ནང་དུའང་རྒྱ་ནག་གིས་༧གོང་ས་མཆོག་ལ་དེ་ལྟར་ཕེབས་རོགས་ཟེར་ནས་གདན་འདྲེན་ཞུ་དུས། ད་དུང་མི་ཕེབས་པ་འདི་ཡ་མཚན་རེད་ཟེར་ནས་འགྲོགས་ལངས་མཁན་འདུག ཁོང་ཚོས་༧གོང་ས་མཆོག་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གདན་འདྲེན་ཞུ་གི་མེད་པ་དེ་ཤེས་ཀྱིན་ཡོད་པ་མ་རེད་ཅེས་གསུངས། 

མཇུག་མཐར་ཁོང་གཉིས་ཀྱིས་ད་ལྟ་ང་ཚོ་གཞིས་ལུས་རྒྱ་ཆེའི་བོད་རིགས་མང་ཚོགས་ཀྱིས་ཕྱི་ཕྱོགས་ཀྱི་གནས་ཚུལ་མང་བོ་ཞིག་ཨ་རིའི་རླུང་འཕྲིན་དང་བརྙན་འཕྲིན། ཨེ་ཤ་ཡ་བཅས་ལ་བརྟེན་ནས་ཤེས་ཐུབ་གི་འདུག་ལ། ངའི་རེ་བ་ཆེ་ཤོས་ཨ་རིའི་བརྙན་འཕྲིན་ཁང་དུ་ཁམས་དང་ཨ་མདོའི་ལེ་ཚན་ཞིག་འཇོག་རྒྱུ་དེ་ཡིན་པ་མ་ཟད། དེའི་ནང་ནས་ཀྱང་ཆབ་སྲིད་དང་འབྲེལ་བའི་ལམ་སྟོན་མང་བོ་བྱེད་རྒྱུ་དེ་གལ་ཆེན་པོ་རེད། དེ་མིན་ད་ལྟ་རླུང་འཕྲིན་དང་བརྙན་འཕྲིན་ཁག་ཅིག་ནང་གླུ་གཞས་དང་རྩོམ་ཡིག་སྒྲོག་སྦྱོང་གནང་བ་ལྟ་བུ་ནི་ད་ལྟའི་བོད་རྒྱའི་ཆབ་སྲིད་གནད་དོན་ཛ་དྲག་གི་སྐབས་འདིར་དགོས་མཁོ་ཅི་ཡང་མེད་པ་ཞིག་རེད་ཅེས་གསུངས་ཡོད།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

སྐར་མ ༣༣ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༢ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༢ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༣ སྔོན་ལ།
The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

༢༠༢༥/༠༥/༠༨

མཆན། 25

  1. སེམས་བཟང་། says:
    ལོ་ 15 སྔོན།

    དུང་དཀར་རྒྱལ་གྱིས་ང་ཚོའི་གསར་འགོད་པར་ཕྱོགས་རིས་འདུག་ཟེར་བ་དེ་ཕལ་ཆེར་བདེན་པ་ཡིན་ས་རེད། བོད་ཀྱི་དུས་བབས་ལ་ནི་ཨ་མདོ་དང་དགེ་ལུགས་པའི་གནས་ཚུལ་རང་རེད། བོད་ཀྱི་བང་ཆེན་ལ་ནི་མདོ་སྟོད་དང་རྙིང་མ་པའི་གནས་ཚུལ་རང་རེད། སྤྱི་ཚོགས་མེ་ལོང་ལ་ནི་སྔོན་མ་ཨ་མདོའི་ཆགས་སྤྱོད་འགའ་བྲིས་པར་སྤྱི་ཚོགས་ནང་ཆགས་པའི་མེ་ལོང་ཞེས་ཐོགས་ཡོད། འདི་དེང་སང་མཐོང་རྒྱུ་མི་འདུག་པས་ཕལ་ཆེར་མུག་ཤི་ཐེབས་ཟིན་པ་ཡིན་ས་རེད།

    Reply
  2. བཀྲ་ཤིས་སྒྲོལ་མ། says:
    ལོ་ 15 སྔོན།

    དྲྭ་གྲོགས་ཀ་ཉག་ཚེ་རིང་ལགས། ཉིད་ཀྱིས་བསམ་ཚུལ་འདི་སུ་ལ་བརྗོད་ཀྱི་ཡོད། དྲྭ་ངོས་འདིའི་བསམ་ཚུལ་འདི་ཁྱེར་ཡོང་མཁན་གྱི་བོད་ནང་གི་མི་གཉིས་ཀ་དེ་བ་བཞིན་མཆན་དང་བསམ་ཚུལ་འདོན་གུས་མོ་བཅས་ཀྱིས་འདི་འདྲ་ཞིག་བཤད་ཀྱི་མི་འདུག སྤྱིར་མི་སྲིད་པ་ཙམ་དང་བརྒྱ་ལ་སྲིད་ཀྱང་རེ་གཉིས་ཙམ་ལས་མེད་པའི་སྐད་འདི་འདྲ་ཞིག་བཤད་ཀྱི་མི་འདུག ཁོང་ཚོས་ཉིད་ཀྱི་སྐད་ཆ་དེ་ལས་ལྡོག་དེ་གསར་འགོད་པས་དོ་སྣང་དང་རྒྱུས་ལོན་གྱི་འདང་གི་མི་འདུག གསར་འགོད་པས་གནས་ཚུལ་བཙལ་འཚོལ་གྱི་ནུས་པས་འདང་གི་མི་འདུག གསར་འགོས་པས་གནས་ཚུལ་འཚོལ་གྱི་མི་འདུག གསར་འགོད་པ་སྒྱིད་ལུག་ཆགས་འདུག་ཅེས་བཤད་བཞིན་ཡོད་ཀི། རེ་བ་ལ་བསྐྱར་དུ་གནས་ཚུལ་འདི་ཁྱེར་ཡོང་མཁན་གྱི་བོད་ནས་ཡོང་བའི་མི་གཉིས་ཀྱི་བསམ་ཚུལ་ལྟ་བུའི་སྐད་ཆ་དང་གུས་མོས་བཏབས་པའི་མཆན་བུ་ཁག་ལ་ལྷོད་གཟིགས་གནང་རོགས།

    Reply
  3. ཀ་ཉག་ཚེ་རིང་། says:
    ལོ་ 15 སྔོན།

    བཀྲ་ཤིས་སྒྲོལ་མ་ལ་གྲོས་སུ་འདེབས་རྒྱུར། གསར་འགོད་པས་ཡོད་ཚད་ཤེས་ཐབས་མེད་པ་རེད་ཟེར་བ་དེས་བཞག་འཇོག་དགོས་པའི་དོན་ཞིག་བཤད་ཀི་མེད། གསར་འགོད་པས་མི་ཤེས་པ་མང་པོ་ཞིག་ཁྱོད་ཀྱིས་ཐོག་མར་ཤེས་རྒྱུ་ཡོད་པ་དོན་དངོས་ཡིན་སྟབས་ཁྱོད་ཀྱིས་གསར་འགོད་པ་ལ་རམ་འདེགས་མ་བྱས་ན་གསར་འགོད་པས་ཇི་ལྟར་ཤེས་དགོས་པ་རེད། ཁྱོད་ཀྱིས་ཤེས་པའི་གནས་ཚུལ་དེ་གསར་འགོད་པར་མཁྱེན་དགོས་པ་རེད་དམ། ངས་བཤད་འདོད་པ་དེ་གནས་ཚུལ་དེ་ཁྱོད་ཀྱིས་གསར་འགོད་པར་ཟུར་ཙམ་ཡང་མ་བཤད་ན་གསར་འགོད་པས་གནས་ཚུལ་དེ་འདྲ་ཞིག་བྱུང་ཡོད་པ་ཟུར་ཙམ་ཡང་ཤེས་ཐབས་ཡོད་པ་མ་རེད། གསར་འགོད་པ་གསར་འགྱུར་འཚོལ་དུ་གང་དུ་སོང་ཡང་ཁྱོད་གཅིག་པུས་ཤེས་པའི་གནས་ཚུལ་དེ་ཁྱོད་ཀྱིས་གསར་འགོད་པར་མ་བཤད་བར་དུ་ཚགས་ཤོག་དང་དྲ་སྟེང་དུ་གནས་ཚུལ་དེ་ཐོན་ཀི་མ་རེད། གསར་འགོད་པས་ཐོས་ལོ་ཙམ་ཡང་མེད་པའི་གནས་ཚུལ་ཞིག་གསར་འགྱུར་དུ་མ་ཐོན་པ་དེ་གསར་འགོད་པས་འགན་མ་ཁཱུར་བ་མ་ཡིན་པ་མ་ཟད། ལྡོག་སྟེ་ཁྱོད་ཀྱིས་འགན་མ་ཁཱུར་བ་བསྙོན་མེད་མ་རེད་དམ། ཀློག་མཁན་ཚང་མས་རང་ཉིད་ལ་དཔེ་བཞག་སྟེ་བསམ་བློ་གཏོང་རོགས་གྱིས། འུ་ཚོ་ཚང་མར་གསར་འགོད་པའི་འགན་ཡོད་པ་མཁྱེན་དགོས་ཀི། དེ་བས་ཀྱང་གསལ་པོ་བཤད་ན་འུ་ཚོ་ཚང་མར་རང་རང་གི་ཕ་ཡུལ་གྱི་ས་གནས་གསར་འགོད་པའི་འགན་ཡོད་པ་ཤེས་དགོས་ཀི། དེ་ལྟར་བྱས་ན་ད་གཟོད་གཞིས་ལུས་སྤུན་ཟླའི་རེ་བ་དོན་མེད་དུ་ཆགས་ཀྱི་མ་རེད།

    Reply
  4. དུང་དཀར་རྒྱལ། says:
    ལོ་ 15 སྔོན།

    གསར་འབྱོར་བའི་སྐད་ཆ་བདེན་པ་རང་རེད།

    དུས་བབ་དྲྭ་ཚིགས་འདིར་མཚོན་ན་ལུང་པ་ཕྱོགས་རེ་བ་ཞིག་གི་གནས་ཚུལ་བཀོད་སྤེལ་བྱེད་མཁན་ལྟར་དོན་ལ་ཆགས་ཡོད་པས་རེད།
    ཡིད་མ་ཆེས་ན། གནས་ཚུལ་བསྡུ་སྟངས་དང་གསར་འགྱུར་བཀོད་སྟངས། ད་རུང་དྲྭ་ངོས་སུ་བཀོད་འགྲིམས་བྱེད་ཕྱོགས་ཐད་ནས་གསལ་གསལ་ཤེས་པ་དེ་རེད།

    གཞན་ཡང་།
    ཟིན་བྲིས་གདམ་སྟངས་ལ་བསམ་ན།
    ཟིན་བྲིས་ཁྱབ་ཆེ་ཤོས་ཟེར་ས་དེར་ལྟོས་དང་། ཉིན་ལྟར་དྲྭ་བདག་ཁོ་རང་གི་དགའ་ཕྱོགས་དང་ལུང་ཕྱོགས་དག་ལས་གཞན་པ་རྣམས་ཀྱི་བརྗོད་བྱ་གལ་ཆེ་ལོས་དང་།
    མཆན་བུ་མང་ཉུང་ལ་གཏན་ནས་བལྟ་གིན་མི་འདུག

    ཡིད་མ་ཆེས་ན། གཞན་ལ་སྐད་ཆ་དྲིས་ནས་རང་གིས་ཉིན་ཤས་ཞིབ་འཇུག་བྱོས་དང་།
    ཧ་གོ་མི་ཐུབ་པའི་སྲིད་བྱུས་དེ་འདྲ་མ་རེད།
    ངོ་ཚ་ཡོང་བའི་བྱིས་པའི་བྱེད་སྟངས་དེ་འདྲ་རེད་ཤག

    ལུང་རིག་ཟེར་མཁན་འདི་ཕར་བལྟས་ན་དྲང་ཚུགས་ཐུབ་པོ་འདྲ་མཐཽང་སྲིད་ཀྱང་།
    ཁོང་ན་དུག་སྦྲུལ་འཁྱུག་པ་འདྲ་བའི་རང་གཤིས་ཤིག་འདུག
    དདད་གང་དྲག
    བཤད་ན་ངོ་ཚ་ཀི་གོ།

    Reply
  5. སྟོབས་ says:
    ལོ་ 15 སྔོན།

    ཁར་སང་གི་གནས་ཚུལ་དེ་རིང་གསར་འགྱུར་རེད ། བརྡ་འཕྲིན་གྱིས་གོ་ལ་གཅིག་གྱུར་གྱི་དུས་ཚོད་འདིར་འབྱུང་ཟིན་པའི་གནས་ཚུལ་ཡིག་ཐོག་འགོད་རྒྱུ་ལས་སླ་བའི་ལས་ཀ་གང་ན་ཡོད །མི་ཚང་མ་ཆེད་ལས་གསར་འགོད་པ་མིན་ཅིང་ཚང་མས་གསར་འགྱུར་འབྲི་བ་དང་གསར་འགྱུར་གླེངཀི་ཡོད ། ཆེད་ལས་གསར་འགོད་པ་ནི་ལོ་རྒྱས་དང་ལུང་བསྟན་སྔོན་དཔག་འུར་སྒྲོག་བྱེད་མཁན་ཡིན ། གསར་འགྱུར་ཁ་ཡིག་ཐང་གཅིག་གཉིས་བརྗེ་སྤོར་བྱས་པས་སྣང་ཚུལ་འདིས་བྱ་བའི་གནས་ལུགས་ལ་འགན་མ་ཁུར་བ་དང་བྱ་བ་འགའ་སྣང་མེད་དུ་བྱས་པའི་བྱ་སྤྱོད་མངོན་འདུག ། ད་དུང་གཡོ་ཟོལ་ཞིག་གིས་མཆན་འབྲི་མཁན་ཚོ་ཤ་ཚ་ཡོད་འདོགས་དང་གུས་ཞབས་ཆེ་འདོགས་བྱས ། ངོ་མ་འཁྲབ་ཀྱི་མང་ཀི་ཡ་་་་་་་

    Reply
  6. བཀྲ་ཤིས་སྒྲོལ་མ། says:
    ལོ་ 15 སྔོན།

    ཀ་ཉག་ཚེ་རིང་ལགས། ཁྱོད་ཀྱིས་བསམ་བློ་བསྐྱར་དུ་གཏོང་མི་དགོས་སམ། བོད་ཀྱི་གསར་འགོད་པ་ཚོས་བོད་མདོ་དབུས་ཁམས་གསུམ་ལ་གནས་ཚུལ་བྱུང་བ་རྣམས་ཅིའི་ཕྱིར་ཤེས་ཐབས་མེད་པ་རེད། ཤེས་ཐབས་ཡོད་པ་མ་རེད་ལབ་ནས་བཞག་ན། ང་གནས་ཚུལ་ཡིན། ང་གསར་འགྱུརཡིན་ལབ་ནས་ཚུར་གསར་འགོད་པ་བཙལ་ཡོང་མཁན་ཞིག་ཡོད་པ་རེད་དམ། མ་གཞི་ནས་གུས་མོས་བསམ་མཆན་བུ་སྔོན་མ་ཞིག་གི་ནང་ལ་བཀོད་ཡོད། ང་ཚོ་ཕྱི་ཕྱོགས་ན་ཡོད་མཁན་ཚང་མ་གསར་འགོད་པ་རེད་པའི་འགན་ཁུར་དགོས་པ་རེད། དེ་ལས་ཀྱང་གསར་འགོད་པ་ཚོས་འཁུར་དགོས་པ་རེད། བསམ་ཚུལ་ཤོད་མཁན་དེའི་གསར་འགྱུར་རེག་གི་མ་རེད་ལབ་མི་འདུག ཞིབ་མོར་ལྟོས་དང་། གསར་འགྱུར་དང་གནས་ཚུལ་ལ་རྒྱུས་ལོན་བྱེད་ཀྱི་མི་འདུག་ལབ་ཡོད་ཀི། རེག་མ་རེག་དང་ཤེས་མི་ཤེས་ཀྱི་སྐད་ཆ་རྗེས་ནས་ཡོང་རྒྱུ་རེད། ཁོང་ཚོས་བཤད་པ་བཞིན་ཨེ་རེག་བལྟ་དགོས་རྒྱུ་གལ་ཆེན་པོ་རེད། ཤེས་ཐབས་མེད་པ་རེད་ལབ་ནས་བཞག་ན་གང་འདྲ་ཡིན་ནཱ། འགན་འཁུར་སྟངས་ཡིན་ན་མིན་ནཱ།

    Reply
  7. ལུང་རྟོགས། says:
    ལོ་ 15 སྔོན།

    གསར་འགོད་པ་ཚོ། རིག་པ་བསྒྲིམ་ཤོག།

    Reply
  8. སེམས་བཟང་། says:
    ལོ་ 15 སྔོན།

    འདི་ཚོ་ཚང་མ་བདེན་པ་ཡིན་རྒྱུ་རེད། གང་ཡིན་ཟེར་ན། གཞིས་བཞུགས་བོད་མི་ཚོ་ནི་བོད་པ་ཡིན་སྟབས་ག་དུས་ཡིན་ནའང་རེ་བ་ཆེན་པོ་ཞིག་བྱས་ནས་བསྡད་ཡོད་ཡོད་པ་རེད། བཙན་བྱོལ་གསར་འགོད་པ་འདི་ཚོ་ནི་སྒེར་ལས་བྱ་མཁན་ཙམ་ཡིན་ཕྱིར་རྒྱལ་ཁབ་ཕྱི་ནང་མང་པོར་ཕངས་མེད་འབྲེལ་གཏུག་བྱ་བྱེད་ཀྱི་དཔལ་འབྱོར་ཞིག་ག་ལ་ཡོད། རྒྱ་རི་བློ་གྲོས་རྒྱལ་མཚན་ནི་གསང་རྒྱ་ཧ་ཅང་དམ་པའི་རྒྱ་གཞུང་ལ་སྟུན་མཁས་བྱ་དགོས་སྟབས་རང་དབང་ཞིག་ག་ལ་ཡོད།

    Reply
  9. བྱ་གླག says:
    ལོ་ 15 སྔོན།

    བོད་ཀྱི་གསར་འགོད་པ་ཚ་ལ་ཁག་མེད།
    རྗེས་མ་ཡག་པོ་ཆག་པའི་རེ་བ་ཡོད།
    ཆ་རྐྱེན་གྱིས་མ་འདོང་པ་ཡིན་རྒྱུ་རེད།

    Reply
  10. ཀ་ཉག་ཚེ་རིང་། says:
    ལོ་ 15 སྔོན།

    གནད་དོན་འདི་རིགས་གསར་འགོད་པར་འགན་འཁྲི་ཡོད་པ་ནང་བཞིན་ང་ཚོ་ཚང་མ་ལ་འགན་འཁྲི་ཡོད་པ་རེད། མདོ་དབུས་ཁམས་གསུམ་གྱི་ས་གནས་ཡོངས་རྫོགས་ནང་གནས་ཚུལ་ག་རེ་བྱུང་མ་བྱུང་ཚང་མ་གསར་འགོད་པས་ཇི་ལྟར་ཤེས་དགོས་པ་རེད། ཐམས་ཅད་མཁྱེན་པ་མ་རེད་མོ། གཏན་ནས་ཤེས་ཀི་མ་རེད། དེས་ན་གནས་ཚུལ་བྱུང་སའི་ས་གནས་ཀྱི་མི་བོད་ཕྱི་ལོགས་ན་ཡོད་པ་ཚོས་རང་གི་ཕ་ཡུལ་གྱི་འགན་ཁུར་ན་གསར་འགོད་པ་ལས་ཁོང་ཚོ་རྒྱུས་ཆེ་བ་ཡོད་པ་ཧ་ཅང་གསལ་པོ་རེད། གསར་འགོད་པའི་མིང་ཡོད་མེད་ལ་མ་ལྟོས་པར་རང་རང་ས་ནས་འགན་ཁུར་ན་གཞིས་ལུས་བོད་མི་བློ་ཕམ་སྐྱེ་དགོས་པའི་དོན་དག་འབྱུང་གི་མ་རེད། ༸གོང་ས་མཆོག་གིས་དུས་རྒྱུན་དུ་ང་གཞིས་ལུས་བོད་མའི་རང་དབང་གི་མགྲིན་ཚབ་པ་ཞིག་ཡིན་ཞེས་གསུང་གི་ཡོད་པ་ལྟར་ང་ཚོ་ཡང་རང་རང་གི་ཕ་ཡུལ་མི་མང་གི་མགྲིན་ཚབ་པ་ཞིག་ཡིན་པའི་འགན་འཁྲི་དེ་ཁུར་དགོས་པར་འདོད།

    Reply
  11. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    བཙན་བྱོལ་ནང་གི་གསར་འགོད་པ་ཚོ་ཞེས་རྒྱུགས་པ་ལེབ་རྡུང་བྱེད་ཆོག་ཆོག་ཅིག་ཀྱང་མི་འདུག ཕྱི་རྒྱལ་གྱི་སྒྲིགས་འཛུགས་འོག་ན་ཡོད་པ་དེ་ཚོ་ནི་གང་ཤེས། འདིར་ཡོད་པའི་བོད་ཡིག་ཚགས་པར་གྱི་གསར་འགོད་པ་འདི་ཚོ་ལ་དཔལ་འབྱོར་དང་ཆབ་སྲིད་ཀྱི་རྒྱབ་སྐྱོར་ཆེན་པོ་གང་ཡང་མེད་པས་འདི་ཙམ་ལས་འོངས་དཀའ། འབྲུག་གི་རྫོང་ཁའི་ཚགས་པར་ཡང་ཤོག་ངོས་ཉུང་དུ་གཏོང་དགོས་ཐུག་པ་སོགས་ལ་བསམ་ཚེ་ང་ཚོའི་གསར་འགོད་པ་ཚོར་ཁག་མི་འདུག

    Reply
  12. སྟོབས་ says:
    ལོ་ 15 སྔོན།

    བཙན་བྱོལ་གསར་འགོད་པ་ཚོ་སྒྱིད་ལུག་ཆགས་གདའ་ཆགས། འདི་ཚོའི་བྱ་ལྟས་ད་བང་ཆེན་དང་དུས་བབ་དེ་མིན་ཚགས་པར་ཀ་གེ་མོ་ཞིག་གི་གསར་འགོད་པ་ཚོའི་གླ་ཕོག་རགས་ཐུབ་ཀྱི་ཉི་མ་གང་ཆོད་བྱས་སྡད་་འདུག་ག

    Reply
  13. མཁའ་དབུགས་གསར་བ says:
    ལོ་ 15 སྔོན།

    ཨ་རིག་འགྱུར་མེད་ལགས
    ཟིན་བྲིས་སྒོ་འབྱེད་གནང་བར་བཀའ་དྲིན་ཞུ
    ད་ང་རང་ནང་འཇུག་བྱེད་ཐུབ་སོང་།
    ཁྱེད་ལ་སྐུ་ངལ་བཟོས་སོང་།

    Reply
  14. མཁའ་དབུགས་གསར་བ says:
    ལོ་ 15 སྔོན།

    ཡིན་ཡང་།

    Reply
  15. མཁའ་དབུགས་གསར་བ says:
    ལོ་ 15 སྔོན།

    ཨ་རིག་འགྱུར་མེད་ལགས
    ཁྱེད་ཀྱིས་རོགས་རམ་གནང་པར་ཐུགས་རྗེ་ཞུ།
    ཡིན་ནང་། ཅི་ལྟར་ནང་འཇུག་བྱེད་དགོས་པ་རེད་དམ།
    ཁྱེད་ཀྱི་ངོ་སྤྲོད་བཟོ་བཅོས་རྒྱག་པ་ཞེས་པ་དེ་རྡེབ་ནས་ནང་འཇུག་བྱེད་བསམ་ཡང་མིང་ཁོ་ན་ལས་འགྱུར་བ་གཏོང་མ་ཐུབ།
    ཞིབ་གསལ་ཞིག་སློབ་སྟོན་གནང་རོགས་མཛོད་ཅིག་གུ
    གུས་ཞུ

    Reply
  16. བཀྲ་ཤིས་སྒྲོལ་མ། says:
    ལོ་ 15 སྔོན།

    ཁྱེད་ཚོ་འདི་གསུམ་གང་གི་དབང་དུ་འགྲོ་བཞིན་ཡོད་མེད་ཀྱི་ལན་མེད་དམ། ཅིག་གི་དབང་དུ་འགྲོ་བཞིན་འདུག་ཅེས་བསམ་ཚུལ་ཁུར་ཡོང་མཁན་ཁྱེད་ཚོ་རེད། ང་མ་རེད། ༡༽ སྒྱིད་ལུག་པའི་ལེ་ལོ། ༢ བྱ་བ་ངན་ཞེན་གྱི་ལེ་ལོ། ༣ ཕྱི་བཤོལ་གྱི་ལེ་ལོ་བཅས་གསུམ་རེད། བོད་ཀྱི་གསར་འགོད་པ་ཚོ་གང་གི་དབང་དུ་འགྲོ་བཞིན་པ་ཡིན་ནཱ་????????

    Reply
  17. ཨ་རིག་འགྱུར་མེད། says:
    ལོ་ 15 སྔོན།

    མཁས་དབུགས་གསར་བ་ལགས། སྐུ་ཉིད་ཀྱི་ཟིན་བྲིས་སྒོ་འབྱེད་བྱས་ཟིན་པ་ཡིན། སྐུ་ཉིད་བོད་ཀྱི་དུས་བབ་ཟིན་བྲིས་སུ་ཕེབས་པར་རྟེན་འབྲེལ་ཞུ། ཉིད་ཀྱི་ཟིན་བྲིས་ངོ་སྤྲོད་སོགས་རང་ཉིད་ཀྱིས་གནང་རོགས།

    Reply
  18. ཨ་རིག་འགྱུར་མེད། says:
    ལོ་ 15 སྔོན།

    མཁའ་དབུགས་གསར་ལགས། ཅུང་ཙམ་སྒུག་རོགས། ངས་སྐུ་ཉིད་ལ་ཟིན་བྲིས་སྒོ་འབྱེད་ཆོག

    Reply
  19. མཁའ་དབུགས་གསར་བ says:
    ལོ་ 15 སྔོན།

    སུ་ཞིག་གིས་ཕྲན་ལ་དུས་བབ་ཟིན་བྲིས་བཟོ་ཚུལ་ཞིག་སློབ་སྟོན་གནང་རོགས་མཛོད། གུས་ཞུ

    Reply
  20. ཨ་རིག་འགྱུར་མེད། says:
    ལོ་ 15 སྔོན།

    དྲ་གྲོགས་བོན་རྒྱ་དང་བཀྲ་ཤིས་སྒྲོལ་མ། བསེ་རུ་བཅས་ཀྱིས་མཛུབ་སྟོན་གནང་བར་སྙིང་ནས་ཐུགས་རྗེ་ཆེ་ཞུ། རྣམ་པ་ཚོས་མཛུབ་སྟོན་གནང་བ་ལྟར་ཕྲན་གྱིས་བཟོ་བཅོས་ཟིན་པ་ཡིན། རྗེས་ཕྱོགས་ཀྱང་ཕྱོགས་གང་ཅིའི་ཐད་ནས་མུ་མཐུད་ཁ་ཞེ་གཉིས་མེད་ཀྱིས་མཛུབ་སྟོན་གནང་རྒྱུའི་རེ་བ་ཡོད།
    སྤྱིར་སྒྱུད་ལུག་ཅེས་པ་སྒྱིད་ལུག་ཏུ་བསྒྱུར་ཟིན་ཡང་མདུན་ངོས་སུ་རང་འཇགས་ཤར་ཡོང་གི་འདུག གལ་སྲིད་མདུན་ངོས་ནས་བརྗེ་སྒྱུར་བྱ་དགོས་ཚེ་གསར་འགྱུར་འདི་བསྐྱར་དུ་སྤེལ་དགོས་ཀྱི་འདུག་ལ། དེ་ལྟར་སྤེལ་ཚེ་སྐུ་ཉིད་ཚོའི་མཆན་གསུབ་དགོས་འཁེལ་བས། དེ་ལྟར་མ་ཕོད་པར་མདུན་ངོས་སུ་རང་འཇགས་སུ་བཞག་ཡོད།
    དེ་དོན་དགོངས་འཇགས་འཚལ།

    Reply
  21. བསེ་རུ། says:
    ལོ་ 15 སྔོན།

    དབྱངས་ཨི་དང་ཨུའི་དཀའ་ངལ་ལ་ད་དུང་ཐུགས་སྣང་གནང་དགོས་འདུག
    ཅི་སྟེ་འདི་ལྟར་རྒྱུན་མར་ཐོན་ཚེ་ཁྲིམས་དཔོན་གྱིས་ཁྲིམས་ཁང་དུ་སྐད་གཏོང་གི་ཡིན་ལ།
    ཁྲིམས་ཆད་ཀྱང་ཕོག་ངེས་རེད།

    Reply
  22. མཁའ་དབུགས་གསར་བ says:
    ལོ་ 15 སྔོན།

    བོད་ནང་ནས་འབྱོར་བའི་སྤུན་ཟླ་དེ་གཉིས་ཀྱི་གསུངས་ལ་རྒྱུ་མཚན་ཆེན་པོ་འདུག་སྙམ། བཙན་བྱོལ་ཡུལ་གྱི་གསར་འགོད་པ་ཁོ་ན་མ་ཡིན་པར་ང་རང་ཐེ་བའི་ཕྱི་སྡོད་བོད་མི་ཚང་མ་སྒྱིད་ལུག་གམ་རང་དོན་ཁོ་ནའི་དོན་དུ་འཚོ་འདུག་པར་སྙམ།
    ལྷག་པར་དུ་ཉི་ཧོང་དུ་སྡོད་པའི་བོད་མི་ཚོར་མི་རིགས་ཀྱི་འདུ་ཤེས་མི་འདུག
    ང་ཚོས་དངོས་ནས་མི་རང་ཉིད་ནས་འགོ་བརྩམས་ཏེ་ལས་དོན་གང་མང་ཞིག་སྒྲུབ་དགོས་ལ་སྒྲུབ་འོས་པར་འདོད།

    Reply
  23. བཀྲ་ཤིས་སྒྲོལ་མ། says:
    ལོ་ 15 སྔོན།

    མ་གཞི་ནས་སྐྱོན་ཆེན་པོ་མེད་ཀི འོན་ཀྱང་ངོ་སྤྲོད་ཅིག་བྱས་ན་ཁ་བྱང་ནང་གི་སྒྱུད་ལུག་ཅེས་པ་དེ་༼སྒྱིད་ལུག་༽ཅེས་འབྲི་དགོས་པ་རེད། དག་ཡིག་ཁུངས་མ་མང་པོའི་ནང་ལ་དེ་ལྟར་བྲིས་ཡོད་པ་ཡིན། ཡིན་རྒྱུ་ནི་ལེ་ལོའི་ཕྱོགས་གཏོགས་ཤིག་རེད། ལེ་ལོ་ལ་རིགས་གསུམ་ཡོད་པ་རེད། ༡༽ སྒྱིད་ལུག་པའི་ལེ་ལོ། ༢ བྱ་བ་ངན་ཞེན་གྱི་ལེ་ལོ། ༣ ཕྱི་བཤོལ་གྱི་ལེ་ལོ་བཅས་གསུམ་རེད། བོད་ཀྱི་གསར་འགོད་པ་ཚོ་གང་གི་དབང་དུ་འགྲོ་བཞིན་པ་ཡིན་ནཱ་????????

    Reply
  24. བཀྲ་ཤིས་སྒྲོལ་མ། says:
    ལོ་ 15 སྔོན།

    ཁྱེད་རྣམ་པ་གཉིས་ལ་སེམས་བསམ་པའི་གཏིང་ནས་སྙིང་རུས་པའི་ཁོང་ནས་ཁྱེད་གཉིས་ལ་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན། དངོས་གནས་རེད། འདི་ལྟར་བོད་ནང་ནས་ཡོང་སྟེ་ཕྱི་སྡོད་བོད་མི་ཚོར་སྐྱོན་དང་ནོར་འཁྲུལ་གང་ནས་འབྱུང་གི་ཡོད་ན་དེ་ལ་མཛུབ་མོ་བཙུགས་ནས་བཤད་པ་འདི་གཟི་བརྗིད་ལྡན་པའི་ལས་ཤིག་རེད། མ་ཟད་གསར་འགོད་པ་ཚོས་འདི་ག་ན་རེད།
    འོན་ཀྱང་ང་ལ་བསམ་ཚུལ་ཞིག་ཡོད་པ་ནི་ཕྱི་སྡོད་བོད་མི་ཆ་ཚང་གསར་འགོད་པ་དང་བོད་ནང་གི་གནས་ཚུལ་བརྒྱུད་སྒྲོག་བྱེད་མཁན་ཞིག་ཡིན་དགོས་པ་ལས་གསར་ཁང་གཅིག་གཉིས་ཤིག་དང་གསར་འགོད་པ་གཅིག་གཉིས་ཤིག་གི་འགན་མིན་པའི་ལྟ་ཚུལ་རྣམ་རྒྱུན་ནས་ཡོད། ང་ཚོའི་གནས་སྟངས་འདི་འདྲའི་ཐབས་སྐྱོ་བོ་ཞིག་གི་སྒང་ན་ཡོད་དུས་ཕྱི་སྡོད་བོད་མི་སྤྱི་དང་ལྷག་པར་གསར་འགོད་པ་ཚོའི་སྐད་ཆ་འདི་གོ་དགོས་པ་མ་ཟད་འདིའི་ཐད་དོན་སྟེང་ནས་བསམ་བློ་བཏངས་ཏེ་ལས་དཀའ་བྱེད་དགོས་ཀྱི་འདུག

    Reply
  25. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 15 སྔོན།

    ཁ་བྱང་ལ་ཡིག་ནོར་ཤོར་འདུག བཟོ་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese