ཨ་ཚོགས་ཀླུ་མཁར་བྱམས།
ངས་ཉིན་བྱེད་ཀྱི་རྩོམ་ཡིག་བཙན་བྱོལ་ནང་གི་བོད་ཡིག་སླར་གསོའི་བསམ་ཚུལ་ཞེས་པ་དེ་ཁ་བརྡ་དྲ་རྒྱའི་ནང་དུ་མཐོང་བ་དང་འབྲེལ་མཆན་ཐུང་ཐུང་ཞིག་ཀྱང་བརྒྱབས་ཡོད་མོད།དེ་ཙམ་ཞིག་གིས་ངའི་མཁོ་སོད་མ་སོང་བས། སླར་ཡང་རྩོམ་ཡིག་དེ་དང་འབྲེལ་ནས་ཚིག་འགའ་བཤད་འདོད་བྱུང་།
གཞིར་རྩའི་བོད་པས་བོད་པར་། བོད་ཀྱི་སྐད་ཡིག་ལ་དོ་སྣང་དགོས་སྐོར་བཤད་ན། དེ་ནི་གཞུང་ལུགས་ཀྱི་ཐོག་ནས་ཡག་རྟགས་ཤིག་མིན་མོད། ལག་ལེན་དངོས་ཀྱི་ཐོག་དེ་འདྲའི་དཀའ་ངལ་ཡོད་པ་གང་ཞིག་ལ་དཀའ་ངལ་དེ་དག་ཡོད་པ་ལོས་ཀྱང་ཡིན། འོན་ཀྱང་དྲ་ཐོག་ནས་རྩོམ་ཡིག་འདིའི་སྐོར་བཤད་སྐབས་མང་ཆེ་བས་རྩོམ་ཀྱི་རིན་ཐང་གླེང་རྒྱུ་ལས། བྱེས་ནས་སྐྱེས་པའི་བུ་ཕྲུག་ཞིག་གིས་བོད་ཡིག་གི་རྩོམ་བྲིས་འདུག་ཟེར་ནས་ཧང་སངས་མདོག་སྟོན་བཞིན་པ་འདིས་ངའི་སེམས་པ་ཚ་ལམ་ལམ་བྱེད་ཀྱིན་འདུག དྲང་མོར་བཤད་ན་བཙན་བྱོལ་ནང་འཚར་ལོངས་བྱུང་མཁན་ཚོའི་ནང་བོད་ཡིག་འབྲི་ཐུབ་མཁན་གང་འཚམ་འདུག་ཁར། ད་ལྟའི་དུས་འདིར་མང་ནས་མང་དུ་འགྲོ་བཞིན་ཡོད། བོད་ནང་ལ་མཚོན་ནའང་འདྲ།བོད་ཕྱི་ལོག་ཡིན་ནའང་འདྲ། དེང་སྐབས་བོད་ཀྱི་ཆོས་དང་རིག་གཞུང་ལ་ཨ་གསར་རང་བཞིན་གྱི་ཚོང་ཟོག་རིན་ཐང་ཞིག་ཡོད་སྟབས། དེར་ལག་པ་འཆིངས་མཁན་ཡང་བོད་པ་ཙམ་མ་ཡིན་པར་རྒྱ་བོད་སོག་གསུམ་ནང་གང་འཚམ་འཕེལ་རྒྱས་འགྲོ་བཞིན་པའི་རྣམ་པ་གསལ་བོ་འདུག
ཡིན་ནའང་དུས་རབས་ཉེར་གཅིག་པ་དང་། ཁྱད་པར་དུ་འབྱུང་འགྱུར་ལ་བསམ་བློ་ཞིག་བཏང་ན་བོད་པ་འགས་བོད་རྩོམ་རྐང་ཆག་འགའ་འབྲི་ཐུབ་པ་ཙམ་ཀྱིས་རྦད་དེ་འགྲིག་སོང་བ་ཞིག་ག་ལ་ཡིན། སོང་ཙང་གནས་ཚུལ་འདིའི་རིགས་ལ་ང་ནི་སྤྲོ་བ་ལང་ལོང་དུ་འཕྱུར་མི་སྲིད་ལ། ཧ་ལས་དགོས་པའི་དོན་དག་ཅིག་ལ་ངོས་འཛིན་བྱེད་ཀྱི་མེད། ང་ཚོས་བོད་མི་རིགས་ཀྱི་འབྱུང་འགྱུར་ལ་བསམ་བློ་གཏོང་སྐབས། ད་ནི་མི་རིགས་ཡོད་པ་དང་། བོད་ཀྱི་སྐད་ཡིག་མེད་པའི་འཚོ་གནས་ཤིག་ལའང་ཏན་ཏན་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཡོད་ཚོད་རེད།
སྤྱིར་ད་ལྟའི་སྐབས་འདིར་ཁ་ཐོག་ཚད་དང་། ཤེས་མི་ཤེས་གཉིས་ཀྱིས་བོད་ཡིག་སྦྱང་དགོས་སྐོར་དང་། བོད་ཀྱི་ཆོས་དང་རིག་གཞུང་རླབས་ཆེན་རེད་ཟེར་ནས་འུར་རྒྱང་མཁན་གྱི་རིགས་མང་ཞིང་། གཙོ་བོ་བླ་རྒན་གྲྭ་རྒན་ཚོ་སྟེ། བོད་ཡིག་རྐྱང་པ་ལས་མཐོང་མྱོང་མེད་མཁན་དག་དང་། ཡང་ན་ཟམ་གདོང་ལྟ་བུ“བོད་ཀྱི་ཆོས་དང་རིག་གཞུང་མ་ཉམས་ན་བོད་མི་རིགས་ཉམས་ན་ཉམས”ཟེར་མཁན་གྱི་གྲས་ཧ་ཅང་མང་ལ། ངས་ནི་ཁོ་ཚོས་དེ་ལྟར་དཀྲོགས་དོན་ལ་རང་དོན་རྒྱབ་ཁུར་གྱི་དམིགས་ཡུལ་ཁྱད་མཚར་དེ་འདྲའང་ཡོད་སྲིད་པ་ཞིག་རེད་བསམ་གི། བཤད་ཡམས་དེ་དག་གི་རྐྱེན་གྱིས་ཕྱི་རྒྱལ་ནས་ཡོང་བའི་བོད་རིགས་ན་གཞོན་ཚོ་འདི་ཀ་བཙན་བྱོལ་ནང་འབྱོར་དུས། ཉིན་མ་ཁ་ཤས་ཤིག་ལ་བོད་ཀྱི་ཅིག་ཅིག་སྦྱང་གི་ཡོད་ལབ་ནས་བྲེལ་ཟིང་ཚ་མདོག་དང་། ཕར་འགྲོ་ཁར་མང་ཆེ་བས་ཐང་ཀ་རེ་དང་། སྒྲ་སྙན་འབྲུག་མགོ་མ་རེ་འཁུར་ཏེ་ད་ཅིག་ཤེས་ཡོད་བསམ་ནས་འགྲོ་མཁན་ཚོ་མཐོང་དུས་དངོས་གནས་སེམས་སྐྱོ་དགོས་པ་ཞིག་རེད།
མཚམས་འདིར་ཉིན་བྱེད་སྒེར་ངོས་ནས་བཤད་ན། ཁོང་དེའི་གྲས་མིན་པ་གང་ཞིག་ལ། འཚོ་གནས་དངོས་ལ་རྩོན་ལེན་བྱེད་མཁན་ཞིག་དང་། དབྱིན་ཡིག་ཐོག་རྩོམ་ཡག་པོ་འབྲི་མཁན། བསམ་བློ་སྔོན་ཐོན་ཅན་གྱི་ན་གཞོན་ཞིག་ཡིན་པ་ང་ལ་རྒྱུས་མངའ་ཡོད་པས། ང་རང་ཁོང་ལ་དགའ་བོ་ཡོད་མོད་དེ་ནི་གནས་ཚུལ་ཐ་དད་རེད།
སྤྱིར་དུས་རབས་ཀྱི་འགྱུར་འགྲོས་འོག་ང་ཚོར་བོད་པ་ཟེར་དུསརྩམ་པ་ཁོ་ན་ཟ་མཁན་དང་། བོད་ལ་ཁོ་ན་གོན་མཁན། བོད་ཡིག་བོད་སྐད་ཙམ་པོ་བ་རེ་རྒྱག་མཁན་རྐྱང་ཡིན་དགོས་བསམ་ན། དེ་ནི་རྒྱ་གུང་ཁྲན་ཚང་ལྟ་བུ་མི་ཟས་ཁྱི་ལ་སྤྲད་དེ་ཁྱི་ཟས་མི་ལ་བྱིན་ནས་རིག་གཞུང་རྒྱུན་འཛིན་བྱས་མྱོང་མཁན་རེ་འགའ་ཙམ་གྱིས་མ་གཏོགས། ས་སྟེང་འདིར་གནའ་ནས་ད་རག་བར་སྒྲིག་ཆས་གོན་ནས་དཔུང་བ་མཉམ་གཤིབ་ཀྱིས་རིག་གཞུང་སྲུང་བཞག་པ་ཞིག་མེད་པར་སྣང།
ང་ནི་རྩམ་པ་ཟ་རྒྱུར་གཏན་ནས་མི་དགའ་ལ། བོད་ལ་གོན་རྒྱུར་ཡང་ཉོབ་བསྡད་ཡོད། མ་ཟད་ང་བོད་ཡིག་ལ་ཤི་འཐམ་རོ་འཐམ་བྱེད་པ་འདིའང་དྲང་མོར་བཤད་ན་བོད་ཡིག་ལ་དམིགས་བསལ་ཆགས་ཞེན་ཡོད་པའི་མིན་ལ། དེ་ནི་ངའི་གོམས་ཕྱོགས་ཙམ་དང་། མདོར་ན་ངས་འདི་ལས་ལྷག་ཅིག་མ་འཇོན་པས་ཡིན། སོང་ཙང་བོད་ཡིག་འདི་ལ་གོམས་མེད་མཁན་དང་། སྡེ་འདི་ལས་ལྷག་འཇོན་མཁན་ཚོ་ཡིན་ན་ཡིན་གཅིག་མིན་གཅིག་ལམ་ཁ་འདིར་ཞུགས་དགོས་པའི་ངེས་པ་ག་ལ་ཡོད།
དེ་བཞིན། ཉིན་བྱེད་ཀྱི་རྩོམ་ཡིག་ནང་སྐད་ཡིག་ཁོ་ན་སྦྱང་དགོས་མིན་ཙམ་མ་ཡིན་པར། དམིགས་བསལ་གྱིས་དོ་སྣང་དགོས་པ་འགའ་འདུག་པ་དཔེར་ན། རྒྱ་རོ་ཚང་ཟེར་བ་ལྟ་བུའི་ཚིག་གནད་ལ་འཁེལ་བ་ཞིག་བྲིས་འདུག་པ་འདིས་ཀྱང་།ངའི་སེམས་ཀྱི་ན་ཟུག་ཕྱིར་འདོན་རྒྱུར་གོ་སྐབས་སྤྲད་སོང་བའི་དགའ་བོ་བྱུང་ལ། དེ་བཞིན་བོད་ཡིག་སྦྱང་ན་བྱེས་ནས་སྐྱེས་ཤིང་ངོ་རྟགས་རླགས་བསྡད་ཡོད་མཁན་ཚོར་སེམས་གསོ་ཙམ་ཐུབ་མིན་དང་། ད་དུང་བོད་ཡིག་སྦྱང་རྒྱུར་དཀའ་སྣང་སྐྱེས་པ་ནི་མི་སེར་སྤེལ་མཁན་གྱི་བསམ་སྤྱོད་ངན་པས་ཤན་ཤུགས་ཐེབས་པ་ཡིན་མིན། གཞན་ཡང་བོད་ཡིག་སྟབས་བདེ་ཅན་དང་ལྟོ་གོས་ཅན་ལ་ཅི་ལྟར་བསྒྱུར་དགོས་མིན་སོགས་བསམ་ཚུལ་གཞན་དག་ཀྱང་འདུག
དེ་དག་གིས་གཙོས་ང་ཚོས་མི་སེར་སྤེལ་མཁན་ཕྱི་མའི་དུས་ཀྱི་གནས་སྟངས་འོག་བོད་མི་རིགས་ཀྱི་འཚོ་གནས་དངོས་ལ་བསྐྱར་དུ་མནོ་བསམ་གཏོང་དགོས་ཤིང་། ཁ་སངས་ནས་བཤད་ན། རྒྱ་གཞུང་གིས་ང་ཚོའི་རྒྱབ་བོད་ལ་བསྐོན། ཁ་ནས་བོད་སྐད་བཤད་བཅུག ལག་ནས་བོད་ཡིག་འབྲི་རུ་བཅུག་པ་དང་ཆབས་ཅིག དགོན་སྡེ་ལྷ་ཁང་ཞིག་གི་ནང་ལ་བཅུགས་ནས་གསོད་རྩིས་ཡོད་ལ། འདི་ནི་མི་སེར་སྤེལ་མཁན་ཕྱིའི་མའི་དུས་ཀྱི་སྲིད་བྱུས་ཀྱང་ཡིན་སྟབས། འདི་ལྟར་ཤི་ན་གཟི་བརྗིད་རེད་བསམ་ཚེ། དེ་ནི་ལུའུ་ཤོན་རྩོམ་ཡིག་ནང་གི་མི་སྣ་ཨ Q ཡི་ཁེང་སྤོབས་ཙམ་ལས་ཅི།
དེ་བས་ན། ད་ནི་ང་ཚོས་བོད་ཡིག་བོད་སྐད་ཙམ་པོ་རེས་ཤེས་ན་འགྲིག་བསྡད་ཡོད་བསམ་པའི་ཟེར་སྒྲོས་ཀྱི་འཆིངས་རྒྱ་ལས་གྲོལ་དགོས་པ་དང་། ཁྱད་པར་དུ་ངའི་གྲོགས་པོ་ཉིན་བྱེད་ནང་བཞིན་ཕྱི་རྒྱལ་ཁག་ཏུ་སློང་སྦྱོང་ཚད་ལྡན་རེག་རྒྱུའི་གོ་སྐབས་ཡོད་མཁན་ཚོས། བོད་ཡིག་ཐེབ་ཆག་ཅིག་བྲིས་ནས་འདུག་རྒྱུ་ལས། བོད་མི་རིགས་ཀྱི་ཤི་གསོན་དང་འཚོ་གནས་དངོས་ལ་ཕན་པའི་སློབ་སྦྱོང་ཞིག་བྱེད་དགོས་པ་ནི་ངས་བལྟས་ན་བོད་ཡིག་ལས་ཀྱང་གལ་ཆེན་པོ་རེད་བསམ།
སྤྱིར་ནང་ཆོས་གཙོས་པའི་བོད་ཀྱི་རིག་གཞུང་གིས་འཛམ་གླིང་ཞི་བདེར་སྨན་པའི་ཞབས་འདེགས་སྒྲུབ་ཐབ་ན་ཆེས་བཟང་བའི་གནད་དོན་ཞིག་ཡིན་མོད། འོན་ཀྱང་བོད་ཀྱི་ནང་ཆོས་གསོ་ན་བོད་མི་རིགས་འཇིག་ནའང་ཁྱད་པར་མེད་པ་རེད་ཅེས་བརྗོད་པ་ནི་ཅུང་ཐལ་ཆེ་བའི་སྐད་ཆ་ཞིག་རེད་སྙམ། གང་ལགས་ཤེ་ན། སྐད་ཆ་འདིས་ཤུགས་ཀྱིས་བོད་མི་རིགས་ཀྱི་ཁེ་ཕན་དོར་གྱི་ཡོད་པའི་རྣམ་པ་ཞིག་བཏོན་གྱི་ཡོད་པ་རེད།
༼༼བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས། ཆོས་དང་རིག་གཞུང་མ་ཉམས་ན་བོད་རིགས་ནི་ཉམས་ཀྱང་འགྲིག་གི་རེད་ཟེར་བ་དང་། ཀླུ་མཁར་བྱམས་ཀྱིས། མི་རིགས་མ་ཉམས་ན་རིག་གཞུང་དང་སྐད་ཡིག་ཀྱང་ཉམས་ན་འགྲིག་གི་རེད་ཟེར་བ་གཉིས། རྦད་དེ་ཁ་ཁར་གྱེས་འདུག ཇི་འདྲའི་འགལ་བ་ཁྱད་པར་ཞིག་རེད་ཨང་། ༽༽ལུང་རིགས་རྒྱལ་གྱི་དཔྱད་བརྗོད་འདི་དྲངས་པ་དང་དེར་འདོད་ཚུལ་རེ་བརྗོད་པ་གཤམ་དུ།
ལུང་རིགས་རྒྱལ་ལགས།
ངས་བལྟས་ན་སྐད་ཆ་འདི་གཉིས་མཐའ་གཅིག་ཏུ་ནང་འགལ་མིན་པར་འདོད། གང་ལེགས་ཤེ་ན། བཀའ་ཟམ་མཆོག་གི་དོན་ནི། བོད་བརྒྱུད་ནང་བསྟན་དར་བའི་སོག་པོ་དང་ཧི་མ་ལ་ཡའི་ནང་བའི་མི་རིགས་དང་། གཞན་འཛམ་གླིང་ན་བོད་ཀྱི་ནང་ཆོས་ཉམས་སུ་ལོན་པའི་མི་རིགས་དེ་ལྟ་བུ་ཡོད་ན་བོད་འདི་འཇིགས་ཀྱང་ཆོག་ཅེས་པ་མིན་ལོས་ཆེ། དེས་ན་ཐོག་མར་བོད་ཀྱི་ཆོས་རིག་གང་ཐུབ་ཀྱིས་དར་ཁྱབ་ཆེ་ཤོས་ཀྱི་སྐད་རིགས་དབྱིན་ཡིག་ལྟ་བུར་སྒྲ་སྒྱུར་བྱས། དེ་མུར་འཛམ་གླིང་གང་སར་ཁྱབ་བརྡལ་དུ་བཏང་ན་ཆོས་རིག་སྐྱོབ་ཐུབ་པས་ན་བོད་ཟེར་བ་འདིའི་ཤ་རུས་གདུང་རྒྱུད་དང་ཐུན་མོང་གི་འཚོ་ཡུལ་མི་གཙོ་བར་བསམ་བློའི་རྒྱགས་ཕྱེ་སྟེ་ནང་ཆོས་གཙོ་བོར་བྱེད་པར་སྙམ་པ་དང་། ཁོང་གི་དགོངས་གཞི་འདི་བོད་མི་མཐོང་རྒྱ་ཅན་ཚོས་སྔར་ནས་ཕྱི་རྒྱལ་ཁག་ཏུ་ཆོས་ཚོགས་བཙུགས་ཏེ་ཕྱག་ལས་གནང་བཞིན་པ་དེ་ཡིན། ཁོང་གིས་བརྗོད་པའི་ཆོས་རིག་དེའི་ནང་དུ་བོད་པ་ཁ་ཆེ་དང་བོད་པ་ཡེ་ཤུ་པ་ཚོ་འདུས་ཡོད་མེད་དེ་བཀའ་ཟམ་མཆོག་ལ་དྲིས་ན་མ་གཏོགས་ང་ལ་གསལ་ཆ་མེད།
ཨ་ཚོགས་ཚང་གིས་བོད་མི་ཟེར་བ་འདི་ད་ལྟའི་བོད་ནང་དང་ཕྱི་རྒྱལ་རྒྱ་དཀར་ནག་དང་ནུབ་གླིང་གི་ཁོར་ཡུག་ན་ཡོད་པའི་བོད་མི་རྒན་གཞོན་རང་གི་ཆོས་རིག་གི་དྲི་མ་བྲལ་བ་དེ་ལྟ་བུ་ཡིན་ཆོག་པར་དགོངས་པ་འདྲ། དེས་ན་ཁོས་ཤ་རུས་ཁྲག་རྒྱུད་དེ་གཙོ་བོ་བྱེད་པར་སྙམ།
གཅིག་ནི་ཆོས་རིག་ཡོད་ན་ས་ཁོངས་དང་རུས་རྒྱུད་མེད་ཀྱང་ཆོག་པ་དང་། ཅིག་ཤོས་ནི་རུས་རྒྱུད་ཡོད་ན་ཆོས་རིག་དང་ས་ཁོངས་མེད་ཀྱང་ཆོག་པ་ཡིན་པས་ན། བརྗོད་གཞི་འདིའི་ཐད་ན་ཁོང་རྣམ་པ་གཉིས་ལ་ཐུན་མོང་གི་ཆ་ཞིག་མཆིས་པ་ནི་བོད་ཟེར་བ་དེའི་དངོས་ཡོད་ངོ་བོ་ལ་ཞྭ་དཔེ་རྒྱས་འགེབས་བྱེད་པ་དེའོ།།
ཨ་རོག་ཀླུ་མཁར་ལགས། གཟི་བོས་གཟི་གཏམ་མ་བཤད་རོགས། ཁྱོད་ཀྱི་བརྩོམ་ཡིག་དང་དངོས་ཡོད་གནས་ཚུལ་གཉིས་ཀྱི་བར་ལ་གཤིབ་བསྡུར་ཡག་པོ་ཞིག་བྱེད་རོག། ལོ་གསར་བཀྲ་ཤིས་བདེ་ལེགས།
ཀླུ་མཁར་བྱམས་ལགས།
ལོ་འགོ་ཚེས་འགོ་ལ་དགེ་ཆོས་ཀྱི་སྙན་ངག་རེ་ཉན་འདོད་དམ།
བླུན་པོ་དྲང་པོའི་རྗེས་སུ་འབྲངས་འབྲངས་ནས།
རྒུད་པའི་རྩ་བ་ལྷན་སྐྱེས་བདེན་འཛིན་རྙེད།
མཁས་པ་དྲང་པོའི་རྗེས་སུ་འབྲངས་འབྲངས་ནས།
དེ་ལས་སྡུག་པའི་ཀུན་བཏགས་བདེན་འཛིན་རྙེད།
ལོ་གསར་པའི་རྟེན་འབྲེལ་གྱི་ཆེད་དུ་ཕུལ།།
ཨ་རོགས་གཡང་ལགས། ཁྱོད་འདི་ཡང་ཉལ་རྒྱུ་མེད་པའི་མི་ཞིག་ཡིན་པ་འདྲ། ང་ངོ་མ་ར་བཟི་འདུག བཟི་ནས་བཟའི་དག་ཆའང་ནོར་འགྲོ་གི་འདུག ཡིན་ནའང་། ཕ་དམ་པ་ཆང་གིས་བཟི་ཡང་དོན་དམ་པ་རླུང་ལ་མི་སྐུར་ཟེར་བའི་དཔེ་ལྟར། ངས་ཁྱོད་ལ་སྐྱོན་ངེས་ལེན་བྱས་འདུག་བསམ་ན་ཁྱོད་རྦད་དེ་ནོར་སོང་བ་རེད། ངའི་གསལ་བཤད་དེ་ནི་ང་ཚོ་བཤད་པ་གོ་ལོགས་ཉན་གོ་ལོགས་ཐེབས་འདུག་ཟེར་བ་ཙམ་ཡིན། ཁྱོད་ཀྱིས་ངས་ཅིག་ཤེས་ཉིག་ཤེས་ཟེར་ཚུལ་ལ་གཞིགས་ན་མ་གཞི་ང་ཁྱོད་ཚོའི་གྲས་ལ་ཁ་རྩོད་བརྒྱག་རྒྱུར་སུན་ནི་ཞིག་རེད།
ཀླུ་ལགས་ཀྱིས་ཁ་ས་རྩོམ་ཡིག་འདི་ནི་ལྟ་གྲུབ་ཞིག་གི་ཁུངས་ཁྱོལ་མིན་དུ་བྲིས་པ་མིན་ཟེར་བ་མཐོང་བས། ང་རྒྱལ་གྱི་ལྒང་བུ་ཅུང་ཙམ་ཞུམ་པ་དང་རང་སྐྱོན་ངོས་ལེན་གྱི་རྣམ་པ་ཡང་ཅུང་ཙམ་མཐོང་བྱུང་བར་བརྟེན་མ་གོ་བ་ལ་འགྲེལ་པ་བྱེད་མཚམས་ཡང་དེ་ཙམ་ལ་བཞག་པ་ཡིན། འོན་ཀྱང་དེ་རིང་ར་བཟི་བའི་རྗེས་སུ་ཅི་ཞིག་གི་ནད་མ་ཁྱོག་པ་ལྟར་རྩོམ་ཡིག་དེ་བསྐྱར་འབྲི་བྱེད་ཀྱི་ཡིན་ཟེར་བ་དང་། ཁ་ནང་དུ་སླར་ཡང་ལག་པ་རྒྱག་དགོས་པ་བཟོ་ཡི་ཡིན་ཟེར་བ་སོགས་སྔར་བྱུང་མྱོང་མེད་པ་འགའ་བྱུང་བའི་ཁུལ་གྱིས་ཁ་ཕོ་འདོན་བཞིན་འདུག དེ་ལྟར་ན་རྩོམ་ཡིག་བསྐྱར་འབྲི་བྱས་པ་དེ་ཡང་འདི་རུ་འགོད་རོགས། ཁུ་བྱུག་ཁ་ཏ་སུ་རེད་འདི་རུ་བལྟ་ཆོག་ལ། ཁུངས་ལུང་རྒྱུ་མཚན་སུ་ལ་འདུག་འདི་རུ་བལྟ་ཆོག ལོ་གསར་བཀྲ་ཤིས་བདེ་ལེགས།
དྲ་ཐོག་གི་དྲང་ལྡོག་ཕྱོགས་ཀྱི་སྐུ་མགྲོན་རྣམ་པ། དྲི་བ་དྲི་ལན་རྗེས་ནས་ཡིན། ལོ་གསར་རྗེས་སུ་ངའི་རྩོམ་ཡིག་འདི་ཟིན་བྲིས་ནང་འཁོད་རྒྱུ་ལགས་ན་དེ་རུ་ཐུག་ཡོང་། ངས་བོད་ཡིག་ལས་ཀྱང་གལ་ཆེ་བ་ཟེར་བའི་རྩོམ་ཡིག་འདིར་བསྐྱར་འགྲེལ་ཞིག་ཀྱང་བརྒྱག་རྩིས་ཡོད། དེ་དུས་ཡང་བསྐྱར་ཁ་ནང་ལག་པ་བརྒྱག་རེ་བྱེད་ཆོག དོ་དགུང་ང་བཟུ་བསྡད་ཡོད༌༌༌ཁྱོད་ཚོས་ཀྱང་ལོ་གསར་སྐྱིད་པོ་ཐོང༌༌༌༌མི་སྐྱིད་ནའང་སྐྱིད་ཁལ་བྱེད་རོགས༌༌༌༌
བོད་མི་རིག་དགོས་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་མི་དགོས་པ་མདོད་པ་ནི་མགལ་བ་རྟག་སྤྲོད་རེད། བོད་ཀྱི་སྐད་ཡིག་དང་རིག་གཞུང་མེད་ན་བོད་མི་རིག་ཞེས་པ་དེ་གང་གི་མཚོན་དགོས་སམ།
མཁས་དབང་ཀླུ་མཁར་བྱམས་ལགས་ལ་ཆེད་གསོལ། སྐུ་ཉིད་ཀྱིས་མཆན་བུ་འདེབས་མཁན་འདི་ཙམ་གྱི་ནང་ནས་གུས་མོ་གཅིག་པོ་དམིགས་བཀར་རྩལ་འདོན་བྱས་ནས་༼དེའི་ནང་ནས་ཀྱང་ཕོ་ལི་མོ་ཁ་འདྲ་བོ་བཀྲིས་སྒྲོལ་མ་ཡིན་ན་དེས་བཤད་སྟངས་ལ་ཅིག་ལྟོས་ར། ལོ་མགོ་ཚེས་མགོ་རེད་མ་གཏོག་ངས་ཁོ་ཡིན་ན་མོ་ཡིན་ན་མི་དེ་ནག་འདེད་ཅིག་བྱ་དགོས་བསམ་སོང་།༽ཚིག་འདི་འདྲ་ཞིག་བེད་སྤྱོད་བཏངས་འདུག འོན་ཀྱང་ང་ཉིད་ཀྱིས་ནག་འདེད་བྱས་ཡོང་བསམ་ནས་སྐྲག་གི་མེད། ངས་ཉིད་ཀྱི་ཡོན་ཚད་ཤེས། ངས་ཉིད་ཀྱི་མཐོང་རྒྱ་ཤེས། ངས་ཉིད་ཀྱི་ཡིག་རྩ་ཤེས། ལྷག་པར་དུ་ངས་ཉིད་ཀྱི་རྩོམ་རྩལ་ཤེས་ལ་རྒྱུས་མངའ་ཡོད། འདི་ང་ཉིད་ཀྱིས་ནག་འདེད་བྱས་ཡོང་སྙམ་པའི་སྐྲག་སྣང་མེད་པའི་རྒྱུ་མཚན་གཙོ་བོ་ཡིན།
དེ་ནས་ཉིད་ཀྱིས་འདི་ལྟར་བརྒྱ་བོ་ནང་ནས་བསལ་བརྒྱད་པོའི་ནང་ནས་བཀར་ཏེ་དམིགས་བསལ་ང་ལ་ཚིག་འདི་འདྲ་ཞིག་བཤད་དགོས་དོན་ནི། གསལ་ཐག་ཆོད་རེད། ཟམ་གདོང་བླ་མ་དང་ཁྱོད་གཉིས་མི་འགྲིག་པའི་ནད་རྙིང་གི་ཟུར་སྣེ་ཕྲ་ས་ཞིག་ནས། ཁྱེད་གཉིས་ཀྱི་བསམ་ཚུལ་མི་མཐུན་པའི་འགག་རྡོ་སྲ་ཞིག་ནས། ཁྱེད་གཉིས་ཀྱི་བློ་རྩལ་མི་འདྲ་བའི་མཐོང་རྒྱ་ཡངས་དོག་གི་བར་གསེང་ཆེ་ས་ཞིག་ནས། གུས་མོས་འདི་ལྟར་གསལ་གསལ་ཐིང་ཐིང་ཤེས་ས་ཞིག་ནས་གླེང་ཡོང་དུས་སྐུ་ཉིད་ཀྱི་དམར་ཆུང་སེམས་པ་མི་སྐྱིད་པའི་ཚོར་བའི་ཀློང་ནས་ག་ལེར་འཕགས་ཚགས་རྒྱག་གི་ཡོད་པ་ཤེས་སོང་། འོན་ཀྱང་གུས་མོས་དཔྱོད་ཤེས་དང་དབྱེ་ཞིབ་ཀྱི་རྩལ་གྱིས་འདི་ལྟར་གསལ་བོ་བཤད་ཡོང་དུས། གོ་ལོང་གི་ཚེར་མ་དང་། ཁྲག་དོག་གི་རྣག་འབུར། མིག་སེར་གྱི་ནད་རྙིང་རྣམས་ཇི་ལྟར་མ་དྲག་རུང་མི་ཐུལ་རུང་ང་ལ་ཐབས་ཤེས་མེད་པས་དགོངས་དག་ཞུ།
གསལ་བཤད། ངས་ལུང་རིགས་ལ་ཟུར་ཟ་དང་ཚིག་མཚོན་བཏབས་མེད། འདི་ཤེས་དགོས། དེ་ཙམ་མ་ཟད། སུ་ལ་ཡང་ཚིག་མཚོན་འདེབས་མ་མྱོང་། གནས་ལུགས་སྦྱང་བཤད་དང་གསེལ་བཀྲོལ་ལ་ཚིག་མཚོན་ཟེར་གྱི་ཡོད་ན་ང་ལ་བཤད་རྒྱུ་ཅང་མེད།
ཀླུ་མཁར་བྱམས་དང་གཡང་ལགས་ཁྱེད་གཉིས་ཀྱིས་མཁས་མདོག་བྱས་ནས་བསྡད་པར་ལས་གནད་ལུགས་ལྡན་པའི་སྐད་ཆ་རེ་གསུང་ན་མི་ཡག་གམ།
མཚམས་འདིར་གཡང་ལགས་ལ་ཚིག་འགག་བཤད་འདུན་བྱུང་། ཁྱོད་ཀྱིས་མི་སེར་སྤེལ་མཁན་ལ་རང་བློས་ལྕོགས་ཚོད་ཀྱིས་འགྲེལ་ཅིག་བརྒྱབས་འདུག་ཀྱང་། ཁྱོས་རྒྱུ་མཚམས་དྲངས་པ་ཚང་མ་མི་སེར་སྤེལ་མཁན་སྔ་མའི་གནས་སྟངས་གཤིར་བཞགས་ནས་བཤད་པ་ཞིག་ལས། དཔེ་དེ་དག་མི་སེར་སྤེལ་མཁན་ཕྱི་མོར་འབྱོར་རྒྱུ་མེད་པ་གང་ཞིག་ལ། ད་དུང་ཨQ སྐོར་ལ་ཅིག་བཤད་འདུག་པ་དེ་ཚོ་རེད། སྤྱིར་ཨ་Q མི་བུ་ཕལ་བ་ཞིག་ཡིན་པའི་ངོས་ནས་བྱ་སྤྱོད་ཡ་མ་ཟུང་སྣ་ཚོགས་ཤིག་ཡོད་པ་གང་ཞིག་ལ། མི་དེའི་ཆེ་ཚབ་མཚོན་གྱི་གཤིས་ཀ་ནི་ཉེས་མེད་བསྙིན་འཛུག་འོག་སྲོག་ཐོག་གཏོང་སྐབས། རང་གི་མིང་འབྲི་མ་ཤེས་པར་ཚབ་ལ་གོར་ཐིག་གཉིས་བྲིས་པ་དང་། གོར་ཐིག་དང་པོ་འབྲི་སྐབས་ཅུང་འཁྱོངས་མ་སོང་བསམ་ནས་ཡང་བསྐྱར་གོར་ཐིག་དེ་ལས་ཆེ་ཙམ་ཞིག་བྲིས་ཤིང་། ཁོས་དེ་ལྟར་འབྲི་དོན་ནི་མི་གཞན་པས་ཁོས་ཡི་གེ་ཤེས་རྒྱུ་མ་རེད་ལབ་ནས་འཕྱ་དམོད་ཉོས་ཡོང་བསམ་པ་དེ་རེད།
མ་ཟད་ངས་གོང་གསལ་རྩོམ་ཡིག་དེ་ནི་ལྟ་གྲུབ་ཞིག་གི་ཁུངས་འཁྱོལ་མིན་ལ་བྲིས་པ་མིན་ལ། གཙོ་བོ་ང་ཚོར་ད་ལྟའི་བོད་ཀྱི་གནས་སྟངས་དངོས་ངོ་ཅིག་འཕྲོད་ན་བསམ་ནས་བྲིས་པ་ཡིན། ཁྱོད་གཡག་
ཡང་ཀླུ་མཁར་བྱམས་ཀྱིས་རང་གི་ལྟ་བ་ལ་རྐང་པ་འཛུགས་ས་མེད་པ་ཤེས་དུས། མི་སེར་སྤེལ་མཁན་ཕྱི་མའི་སྐབས་ཀྱི་མི་རིགས་རྩ་མེད་འགྲོ་སྟངས་ཟེར་བ་དང་། རྒྱ་ནག་གི་ཨ་Qསྙིང་སྟོབས་ཟེར་བ་ལ་རྒྱུས་མངའ་མེད་མཁན་ཚོས་ཁོ་རང་གི་བསམ་མནོ་ག་གོ་ཡི་མི་འདུག་ཟེར་བཞིན་བོད་ཡིག་ལས་མི་ཤེས་མཁན་གྱི་རིག་པ་སྨྲ་བ་རྣམས་ཀྱི་ཁྲོད་དུ་ང་ཆེ་ང་རྒྱལ་ཞིག་རློམ་ཁུལ་བྱེད་སྟངས་འདི་དགོད་བྲོ་པོ་ཞིག་རེད། སྤྱིར་ལོ་རྒྱུས་ཐོག་ཏུ་ནུབ་ཕྱོགས་རིག་གནས་ཀྱིས་དཔལ་འབྱོར་དང་དམག་དོན་གྱི་སྟོབས་ཤུགས་ལ་བརྟེན་ནས་རྒྱལ་ཁབ་དང་མི་རིགས་མང་པོར་མི་སེར་སྤེལ་བར་བརྟེན་མི་རིགས་མང་པོ་ཞིག་གི་སྐད་ཡིག་དབྱིན་ཇི་དང་སི་པན་དུ་གྱུར་ཡོད། འོན་ཀྱང་མི་རིགས་རང་ཉིད་ལ་ལོ་རྒྱུས་དང་རིག་གནས་གཏིང་ཟབ་པོ་ཡོད་པའི་མི་རིགས་ཁག་གིས་རང་ཉིད་ཀྱི་སྐད་ཡིག་རྩ་བ་ནས་བློས་བཏང་བྱས་མེད་པ་མ་ཚད། དེ་ཉིད་རང་ཉིད་ཀྱི་སྟོབས་ཤུགས་ཤིག་ཏུ་ངོས་འཛིན་གནང་ཡོད། རྒྱ་མི་རིགས་ལྟ་བུར་བཤད་ཀྱང་ལོ་རྒྱུས་ཐོག་ཏུ་སོག་པོ་དང་། མན་ཇུ། ཆེ་ཏན། ཉུས་ཀྲིན་སོགས་མི་རིགས་མང་པོ་ཞིག་གིས་དབང་བསྒྱུར་བྱེད་མྱོང་ཡོད་ཀྱང་། རང་ལ་ཡོད་པའི་སྐད་ཡིག་དང་འཚོ་བའི་གོམས་གཤིས་མ་བོར་བརྟེན་རྒྱ་མི་རིགས་འཚོ་གནས་ཐུབ་པ་མ་ཚད་དབང་སྒྱུར་མཁན་གྱི་མི་རིགས་དེ་དག་རྒྱ་མིར་འགྱུར་ཡོད། རྗེའུ་རིགས་འདི་ཉིད་ལོ་ངོ་སྟོང་ཕྲག་ཙམ་ཕ་ས་དང་རྒྱལ་ཁབ་ཤོར་མོད། ཁོང་ཚོ་ལ་ཐུན་མོང་མ་ཡིན་པའི་ཆོས་ལུགས་དད་པ་ཡོད་པ་དང་། དུས་ནམ་ཡང་འོ་མ་དང་སྦྲང་རྩིས་ཁེངས་པའི་ལུང་པ་ཇི་རོ་སི་ལིང་དུ་ལོག་འདོད་པར་བརྟེན་ཁོང་ཚོའི་དམིགས་པ་འགྲུབ་ཡོད། ཁོང་ཚོས་རྒྱལ་ཁབ་བཙུགས་རྗེས་ཤི་ཚར་བའི་མེས་པོའི་ཡི་གེ་བསྐྱར་གསོ་བྱས་ནས་མི་རིགས་ཀྱི་བླ་སྲོག་བརྟན་ཐབས་གནང་ཡོད། དེ་ལྟར་ན། སྐད་ཡིག་དང་། ཆོས་ལུགས་དད་པ། འཚོ་བའི་གོམས་གཤིས་གསུམ་པོ་ནི་མི་རིགས་ཤིག་གི་བླ་སྲོག་ལྟ་བུར་གྱུར་ཡོད། ད་ལྟ་རྒྱ་ནག་ཁེ་ཧུང་དུ་རྗེའུ་ཡི་རིགས་རྒྱུད་ཚོ་པ་ཞིག་ཡོད་ཀྱང་ཁོང་ཚོས་མི་རིགས་ཀྱི་བླ་སྲོག་བོར་ཚར་བར་བརྟེན་རྗེའུ་རིགས་ལ་བརྩི་ཡི་མེད། ཤ་ཁྲག་གི་རྒྱུད་པ་ནས་བཤད་ན་རྗེའུ་རིགས་ཡིན་མོད། རིག་གནས་རྒྱུད་པ་ནས་བཤད་ན་རྒྱ་མི་ཆགས་ཚར་བ་རེད། རྗེའུ་རིགས་ལ་ཆོས་ལུགས་དད་པ་བརྟན་པོ་ཡོད་པ་དང་། རྒྱ་མི་ལ་འཚོ་བའི་གོམ་གཤིས་བརྟན་པོ་(གཙོ་བོ་ཟས་རིགས་རིག་གནས།)ཡོད་པས་ཁོ་ཚོ་འཚོ་གནས་ཐུབ་པ་རེད། སྟབས་ལེགས་པ་ཞིག་ལ་རང་རེ་བོད་པ་རྣམས་ལ་སྐད་ཡིག་ཡག་པོ་ཡོད་པ་མ་ཚད་ཆོས་ལུགས་དད་པ་ཡང་ཡག་པོ་ཡོད་པ་རེད། དེ་དག་ད་ལྟ་བར་དུ་རང་རེའི་སྟོབས་ཤུགས་ཤིག་ཏུ་ཆགས་ཡོད། གལ་སྟེ་ང་ཚོ་ མི་སེར་སྤེལ་མཁན་ཕྱི་མའི་དུས་སུ་སླེབས་པར་ཆ་བཞག་ན་ཡང་རང་ཉིད་ཀྱི་སྐད་ཡིག་བོར་བ་ནི་རང་ཤི་རྒྱག་པ་དང་ཆད་མེད། བོད་ཡིག་བོར་ནས་རྒྱ་ཡིག་བླངས་ན་ལོ་ངོ་བཅུ་ཕྲག་འགའ་ཤས་མི་དགོས་པར་བོད་མི་རྒྱ་རུ་འགྱུར་སྲིད་པ་དང་། བོད་ཡིག་བོར་ནས་དབྱིན་ཡིག་སྤྱོད་པ་ནི་དེ་བས་དངོས་ཡོད་དང་མི་མཐུན་པ་ཞིག་རེད། རྒྱུ་མཚན་ནི་རང་རེ་བོད་པའི་མི་འབོར་བརྒྱ་ཆ་༩༩ཙམ་བོད་ལ་ཡོད་པ་དང་རྒྱ་མིའི་འོག་ཏུ་ཡོད་པས་བསམ་ཚུལ་དེ་དག་ནི་ཕྲུ་གུའི་གཉིད་ལམ་རེད། འཇམ་དབྱངས་ནོར་བུ་དང་འོད་ཟེར་རྣམས་ནི་མི་སེར་སྤེལ་བའི་ལག་རྗེས་ཤིག་རེད། ཁོང་རྣམས་ཀྱིས་ད་ལྟ་བོད་དོན་ལ་ཕན་གྱི་ཡོད་རུང་བོད་པ་ཚང་མ་ཁོང་གཉིས་ཀྱི་རྗེས་སུ་རྒྱུགས་ན་ཕྱེད་ཀ་རྒྱ་མི་དང་ཕྱེད་ཀ་མགོ་སེར་ཤར་རྒྱུ་ཉག་ཅིག་རེད། གཞན་ཡང་ཁྱེད་རང་གིས་མི་མང་པོས་ཨ་Qཟེར་བ་དེའི་དོན་མ་རྟོགས་པས་ཁྱེད་རང་གི་དགོངས་པ་རྟོགས་མི་འདུག་ཟེར། དེ་འགྲེལ་བཤད་བྱེད་པར་དེ་ལྟར་རྒྱ་ཆེན་པོ་ཞིག་ཤོད་དགོས་སམ། ཨགQཟེར་བའི་དོན་རང་རེ་བོད་ཀྱི་གཏམ་དཔེའི་ནང་དུ་ཡང་ཡོ་རེད། རང་སེམས་རང་གིས་གསོས་ན་དགའ་ཀྲོག་ཀྲོག་ཟེར་བ་དེ་རེད། ལུའུ་ཞུན་གྱིས་རྩོམ་ནང་བྲིས་པའི་མི་དེ་ཡང་དེ་འདྲ་ཞིག་མ་རེད་དམ། རང་གི་ལས་དབང་ངན་པ་སེམས་གཏིང་ནས་ཁས་མི་ལེན་པ་མ་ཚད་ད་དུང་རང་བློ་རུ་ཤོང་བདེ་བའི་རྒྱུ་མཚན་རེ་འཚོལ་མཁན་གྱི་མི་དེ་དག་གི་བསམ་མནོ་གཏོང་སྟངས་ལ་ཨ་Qསྙིང་སྟོབས་ཅེས་འབོད་པ་མ་ཡིན་ནམ། ངས་བོད་པ་རྣམས་ཀྱིས་རང་མི་རིགས་ཀྱི་སྐད་ཡིག་སློབ་པ་འདི་ནི་མི་རིགས་འདི་ཉིད་ཀྱི་བླ་སྲོག་ཡལ་བར་མི་འདོད་པ་ལས། ཨ་Qསྙིང་སྟོབས་ལྟ་བུའི་བསམ་མནོ་གཏོང་སྟངས་ཤིག་ལ་རྩ་བ་ནས་ངོས་འཛིན་བྱེད་ཀྱི་མེད།
བསྟན་འཛིན་ཉིན་བྱེད་ལྟ་བུ་བོད་ཡིག་གི་ལམ་དུ་འཇུག་མཁན་དག་ལ་ཀླུ་མཁར་བྱམས་ཀྱིས་སྐུལ་ལྕགས་དང་རྒྱབ་སྐྱོར་མེད་པ་མ་ཟད། མགོ་ཐོག་ཏུ་ཆུ་གྲང་མོ་བཤོ་གང་ཐུབ་བྱེད་བཞིན་འདུག་པས་ངས་ཁ་རྡ་ཚང་དུ་བསྟན་འཛིན་ཉིན་བྱེད་ལ་རྒྱབ་སྐྱོར་གྱི་ཚིག་འདི་དག་བྲིས་པ་ཡིན།
བཙན་བྱོལ་དུ་ཡོད་པའི་བོད་རིགས་ན་གཞོན་རྣམས་བོད་ཡིག་སྦྱངས་བདེ་བ་ཡོང་ཆེད་བོད་ཡིག་སློབ་པའི་སྐབས་སུ་བར་སྟོང་འཕྲལ་ནས་སྦྱངས་ཀྱང་མི་འགྲིག་པ་གང་ཡང་མི་འདུག དམིགས་ཡུལ་ནི་བོད་ཡིག་ཡག་པོ་ཞིག་བཀོལ་སྤྱོད་ཐུབ་པ་བྱེད་རྒྱུ་འདི་རེད་ལ། ནམ་ཞིག་བོད་ཡིག་ཆུ་ཚད་གང་མཚམས་ཞིག་སླེབས་པའི་སྐབས་སུ་བར་སྟོང་མ་བཞག་ཀྱང་ཀློག་ཐུབ་པར་སོམ་རྙི་བྱེད་དགོས་དོན་ཡོ་མ་རེད། ཁོ་བོས་འདི་རུ་གླེང་འདོད་པ་ནི་སྐད་གསར་བཅད་ཀྱི་སྐོར་མ་ཡིན། སེམས་པ་འགུལ་བའམ་དགའ་སྤྲོ་སྐྱེས་པའི་དབང་གིས་སྐད་ཆ་འགའ་ཞིག་བརྗོད་འདོད་སྐྱེས་སོང་། ང་རང་གི་ངོས་ནས་བཤད་ན་བོད་ཡིག་དང་རྒྱ་ཡིག་གི་སྒོ་ནས་རྩོམ་ཡིག་འབྲི་ཐུབ་ཙམ་དང་། དབྱིན་ཡིག་གི་ཐོག་ནས་བལྟ་ཀློག་བྱེད་ཐུབ་ཙམ་གྱི་མི་ཞིག་ཡིན། ནམ་རྒྱུན་རྒྱ་ཡིག་དང་དབྱིན་ཡིག་སོགས་ལས་གནས་ཚུལ་མང་པོ་ཧ་གོ་བ་དང་། གནས་ཚུལ་དེ་དག་རང་མི་རིགས་ཀྱི་ཡི་གེའི་ལམ་ནས་ངོ་སྤྲོད་བྱེད་པ་དང་། རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་འཚོ་བ་དང་མི་གཤིས་དེ་དག་རང་མི་རིགས་ཀྱི་ཡི་གེའི་ལམ་དུ་འབེབ་ཚེ་སེམས་སུ་ང་རྒྱལ་དང་སྤོབས་པ། དེ་བཞིན་བརྗོད་དུ་མེད་པའི་སྤྲོ་སྣང་དང་མི་རུ་སྐྱེས་པའི་རིན་ཐང་ཞིག་ཏུ་ཚོར་གྱི་འདུག རྒྱུ་མཚན་དེ་དག་གིས་བསྟན་འཛིན་ཉིན་བྱེད་ལྟ་བུ་གཙོ་བོ་དབྱིན་ཡིག་སློབ་སྦྱོང་གནང་བའི་མི་ཞིག་གིས་སླར་ཡང་རང་མི་རིགས་ཀྱི་རྩ་བ་འཚོལ་བ་དང་། རང་མི་རིགས་ཀྱི་ཡི་གེ་སྦྱངས་ནས་རང་ཉིད་ཀྱི་རིན་ཐང་འཚོལ་ཐབས་བྱེད་པ་འདི་དག་མཐོང་དུས་སེམས་སུ་སྤྲོ་བ་འཕེལ་གྱི་འདུག བོད་ལ་ཡང་དཔེ་མཚོན་ཙམ་བཞག་ན། ལུག་རིན་པོ་ཆེ་ཟེར་བ་ཞིག་ཡོ་རེད། ཁོང་རང་སློབ་འབྲིང་ནས་རྒྱ་ནག་ཏུ་སློབ་སྦྱོང་བྱས་པ་དང་བོད་ཡིག་སློབ་རྒྱུའི་གོ་སྐབས་ཡག་པོ་ཞིག་མ་ཐོབ་པ་རེད། འོན་ཀྱང་ཁོང་གིས་ཁོར་ཡུག་ངན་པའི་ནང་དུ་མགོ་སྒུར་མེད་ལ། རང་སྦྱོང་ནས་འགོ་བཙུགས་ཏེ་བོད་ཡིག་གི་ལམ་ནས་རྩོམ་ཡིག་བྲི་ཤེས་པ་ཞིག་སྦྱངས་འདུག ན་གཞོན་དེ་དག་ལ་རྗེས་སུ་ཡི་རང་ཡོད། བསྟན་འཛིན་ཉིན་བྱེད་དང་ལུག་རིན་པོ་ཆེ་ཁྱེད་ཚོ་ལ་ཐུན་མོང་གི་ཁྱད་ཆོས་ཞིག་ཡོད་པ་ནི། མི་རིགས་གཞན་ཞིག་གི་སྐད་ཡིག་ལམ་དུ་ཡུན་རིང་པོར་བསྐྱོད་རྗེས་ནམ་ཞིག་རང་ཉིད་ཀྱི་རྩ་བ་འཚོལ་འདོད་སྐྱེས་པ་དང་། སླར་ཡང་མེས་པོ་རྣམས་ཀྱི་ཕྲག་པ་རུ་འཛེགས་ན་གཞི་ནས་རང་གི་བླ་སྲོག་རྙེད་ཐུབ་པ་དང་། གཞི་ནས་རྒྱ་ཆེ་བའི་འཇིག་རྟེན་འདིར་མི་ཚུགས་ཞིག་མངོན་ཐུབ་པའི་འདུ་ཤེས་རྙེད་པ་ཡང་ལོས་ཡིན། བོད་ཡིག་གི་ལམ་ནས་རྩོམ་འབྲི་མཁན་ང་ལྟ་བུས་དཀར་གཙང་ཁ་བཏགས་ཐོག་ནས་ཁྱེད་རྣམས་ལ་བསུ་བ་ཡོད། བུ་གཅིག་པུ་ལས་མེད་པའི་ཕ་རྒན་གྱིས་རྒྱང་རིང་དུ་ཕྱིན་པའི་བུ་ལོག་སླེབས་པ་ལྟར་གྱི་དགའ་ཚོར་བྱེད་ཀྱི་ཡོད། དེ་ཡང་ལོས་ཡིན་ཨ། ང་ཚོ་ནི་ཕ་སྤྲེལ་རྒན་དང་མ་བྲག་སྲིན་གྱི་རྒྱུད་པ་གཅིག་པ་རེད། སམ་བྷོ་ཌས་ཡིག་གེ་འདི་སྲོལ་དུ་གཏོད་པ་ཡང་ང་ཚོ་རླབས་ཆེན་གྱི་མི་རིགས་ཤིག་ཡིན་པའི་མཚོན་རྟགས་རེད། ང་དང་ཁྱོད་ཀྱིས་མི་རིགས་འདི་དང་མི་རིགས་འདི་ཡི་སྐད་ཡིག་ལ་དོ་སྣང་མ་བྱས་ན་སུ་ཞིག་གིས་བྱེད། གལ་ཏེ་ང་ཚོ་བོད་པ་རྣམས་ཀྱིས་མི་རིགས་གཞན་གྱི་རིག་གནས་ཀྱི་ཉིང་བཅུད་དེ་དག་རང་མི་རིགས་ཀྱི་ཡི་གེའི་ལམ་དུ་འབེབས་ཐུབ་ན། དེ་ནི་བོད་ཀྱི་རིག་གནས་འཕེལ་རྒྱས་གཏོང་བ་ཡིན་ལ་བོད་ཡིག་ལས་མི་ཤེས་མཁན་གྱི་ཞིང་འབྲོག་སྤུན་ཟླ་རྣམས་ཀྱི་བློ་གྲོས་ཀྱི་རྒྱགས་ཕྱེ་ཡང་རེད། དེ་ནི་ང་ཚོའི་མི་རིགས་འདི་འཚོ་གནས་ཐུབ་པ་དང་འཕེལ་རྒྱས་གཏོང་བའི་མདུན་ལམ་ཉག་ཅིག་རེད། དེ་ལས་ལྡོག་སྟེ་འཚོ་ཐབས་ཙམ་གྱི་ཆེད་དུ་མི་རིགས་གཞན་པའི་སྐད་ཡིག་ཁོ་ན་སྦྱངས་ནས་བསྡད་ན་ང་ཚོའི་མི་རིགས་འདི་ཉིད་ཡུན་རིང་གནས་མི་སྲིད་ལ། མི་སྒེར་གྱི་ངོས་ནས་བཤད་ཀྱང་མི་སེར་སྤེལ་ཡུལ་གྱི་ཁེ་ལུང་ཙམ་ཞིག་གྱུར་བ་རེད། དེ་ལྟར་ན་བསྟན་འཛིན་ཉིན་བྱེད་ལགས་ཀྱིས་མུ་མཐུད་བོད་ཡིག་གི་ལམ་ནས་རྩོམ་གང་མང་སྤེལ་བ་དང་། འཇམ་དབྱངས་ནོར་བུའི་རྩོམ་འགའ་ཡང་བོད་ཡིག་ཏུ་བསྒྱུར་ན་ཡག་པོ་ཡོང་བ་འདུག་ཅེས་པ་ནི་སྙིང་གཏམ་ཙམ་མོ
ཀླུ་མཁར་བྱམས་ལགས་ཀྱིས་གསུངས་པར་རྣམས་སུ་དངོས་གནས་རྒྱུ་མཚན་མང་པོ་ཞིག་མཐོང་གིན་འདུག གང་ཡིན་ཟེར་ན། རྩ་བའི་ལྟ་གྲུབ་ཀྱི་ཆ་ནས་བོད་ཡིག་མེད་ན་བོད་མི་རིགས་འདི་གནས་ཐུབ་དང་མི་ཐུབ་པའི་སྐད་ཆ་རེད། ཀླུ་མཁར་བྱམས་ཀྱི་ལུགས་སུ་བོད་ཡིག་གི་མདུན་ལམ་མེད་པ་དང་ད་ལྟའི་གནས་སྟངས་དངོས་སུ་དཔག་པའི་བོད་ཡིག་འདི་མཐའ་མ་དགོན་སྡེ་ལྷ་ཁང་ནང་དུ་ཤི་འགྲོ་བ་ངོས་ལེན་བྱ་དང་བྱེད་བཞིན་པ་རེད། མ་ཟད་དུས་བབ་དྲ་གྲོགས་ལྷོ་ཕྲུག་སྣ་བོ་ཆེན་གྱིས་ཀྱང་གསུངས་མྱོང་བ་ནི་ཁོང་གིས་ཀྱང་བོད་ཡིག་དང་བོད་མི་རིགས་འདིར་མདུན་ལམ་མཐོང་མཁན་ཞིག་མིན་གསུངས་མྱོང་ཡོད།
1.ཁྱེད་རྣམ་པ་གཉིས་ལ་དོན་མེད་རྩོད་པ་རྒྱག་མཁན་སླེབས་པ་མིན་དངོས་ཡོད་བསམ་ཚུལ་བཤད་མཁན་སླེབས་པ་ཡིན་དེ་ལུགས་ཀྱི་རྣམ་པ་གཉིས་ལ་གསལ་བཤད་ཞུ་ཆོག་པ་ཞིག
ང་ཅོ་རིས་བསམ་ཚུལ་ལ་བོད་མི་རིགས་འདི་སྟོབས་ཆེན་ཞིག་དང་འཛམ་གླིང་ག་ས་གང་དུ་གནས་ཡོད་པའི་མི་རིགས་ཤིག་ཡིན་པར་དངོས་ཡོད་གནས་ཚོད་རེད། བོད་མི་རིགས་འདི་སྟོབས་ཆེན་ཞིག་ཡིན་པའི་རྒྱུ་མཚན་ནི། ང་རང་ཚོའི་ཁ་གཏད་ཀྱི་དགྲ་བོ་སྟོགས་ཤུགས་ཅི་ཙམ་ཆེ་ཡང་བོད་མི་ཚང་མ་རྩ་མེད་བཟོ་ནས་གསོད་མི་ཐུབ་པ་འདི་ནི་བོད་མི་རིགས་ཀྱི་སྟོབས་ཤུགས་སུ་ངོས་ལེན་བྱེད་བཞིན་ཡོད་ལགས།
རྒྱལ་ཁབ་༣༨་ནང་དུ་གནས་པའི་བོད་མི་རྣམས་མགོ་བསྡུ་ཐུབ་པས་སྐད་ཡིག་ནི་བོད་ཀྱི་སྐད་ཡིག་མ་གཏོགས་དབྱིན་ཡིག་དང་རྒྱ་ཡིག་གི་ཐོག་ནས་ཡོང་ཁག་པོ་རེད་སྙམ།
2.མ་འོང་བོད་མི་རིགས་ཀྱི་དངོས་ཡོད་འཚོ་བ་མ་ཤེས་ན་བོད་མི་རིགས་འདིར་བོད་ཡིག་དགོས་མི་དགོས་བཤད་ན་ཐལ་ཆེ་དྲག་ཡོད་པ་འདི་ཡང་ཤེས་པ་དགོས་ཀྱིན་འདུག བོད་སྐད་དང་བོད་ཡིག་ཁོ་ན་མ་གཏོགས་མི་ཤེས་པའི་བོད་མི་ང་དང་ང་ལྟ་བུ་རྣམས་ཀྱིས་བོད་ཡིག་སློབ་དགོས་རིག་གཞུང་སྲུང་དགོས་ཟེར་ནས་མ་འོང་མདུན་ལམ་ལ་བསམ་བློ་གཏོང་མ་ཐུབ་ན་དོན་མེད་པའི་འཇོན་མདོག་རེད་སྙམ།
3.བོད་ཀྱི་སྐད་ཡིག་དགོན་སྡེ་ལྷ་ཁང་ནང་དུ་གསོད་རྩིས་འདུག་གསུངས་པར་གོ་རྒྱུ་མང་པོ་འདུག་སྙམ། ད་ལྟའི་བོད་ཡིག་གི་གནས་སྟངས་ལ་འགྱུར་བ་གཏོང་མ་ཐུབ་ན་བོད་ཡིག་འདི་དགོན་པའི་ནང་དུ་རྒས་ནས་ཤི་འགྲོ་བ་འདི་ཡང་བདེན་པ་རེད། བོད་ཡིག་འདིར་ནང་ཆོས་སྐྱོང་བས་ནུས་པ་མ་གཏོགས་མེད་ན་དགོན་པའི་ནང་དུ་མི་སྡོད་དཀའ་མེད་རེད། དེ་འདྲ་ཡིན་དུས་བོད་ཡིག་འདིར་འཇིག་རྟེན་ཕ་ཆོས་སྐྱོང་ཐུབ་པའི་ནུས་པ་ཞིག་མ་སྤྲད་ན་བོད་ཡིག་འདི་དགོན་པ་དང་ལྷ་ཁང་ནང་དུ་རྒས་འགྲོ་བ་ཡང་དངོས་ཡོད་དུ་འདོད།
4.བོད་མི་རིགས་འདི་སྲུང་སྐྱོབ་བྱེད་པ་ལ་དང་པོར་བོད་མི་སྤྱི་ཡིས་སྤྱོད་བྱ་སྐད་ཡིག་འདི་སྲུང་སྐྱོབ་བྱེད་ཀྱི་གལ་ཆེ་བ་མ་གཏོགས་བོད་མི་རིགས་འདིར་སྤྱི་སྤྱོད་ཀྱི་སྐད་ཤིག་མེད་ན་བོད་མི་སྤྱི་ཡི་མགོ་བསྡུ་མི་ཐུབ་པ་འདི་ཡང་དངོས་ཡོད་ཀྱི་དཀའ་ངལ་རེད་སྙམ། གཉིས་ནས་བོད་ཀྱི་སྐད་ཡིག་འདིར་བརྟེན་ནས་བོད་མི་རྣམས་ཀྱི་འཚོ་བ་སྒྲུབ་ཐུབ་པ་ཞིག་བཟོ་མ་ཐུབ་ན་བོད་མི་རྣམས་ཀྱིས་རང་གི་འཚོ་བའི་ཆེད་དུ་སྐད་ཡིག་གཞན་ཞིག་སློབ་སྦྱོང་བྱེད་དགོས་ཐུག་པ་འདི་ཡང་རང་དབང་མེད་པའི་གནད་དོན་ཞིག་རེད་སྙམ།
ཐུགས་རྗེ་ཆེ།།
ཚར་གཅིག་བཀླགས་ཟིན།
ཨ་ལ་ལ། ད་ཐེངས་བཙན་པོ་རྐྱང་སླེབས་འདུག་ག མ་ཟད་ནམ་རྒྱུན་གྱི་གྲོགས་པོ་ཚོའི་ནང་དུའང་རྐང་རྗེས་ལག་སུབ་རེད་ཟེར་མཁན་དང་། ཧང་སངས་སོང་ཟེར་མཁན། མཁས་པའི་འཆུག་ན་འདོམ་གང་ཟེར་བ།ད་ཁོ་སྨྱོས་འདུག་འདྲ་བོ་སྣ་མ་སྣ་ཚོགས་འདུག་པ་མ་ཟད། ང་དང་མཉམ་པོར་མི་དགོས་ས་ཤིག་ནས་ལུང་རིག་ལའང་འདྲ་མི་འདྲ་བཤད་འདུག དེའི་ནང་ནས་ཀྱང་ཕོ་ལི་མོ་ཁ་འདྲ་བོ་བཀྲིས་སྒྲོལ་མ་ཡིན་ན་དེས་བཤད་སྟངས་ལ་ཅིག་ལྟོས་ར། ལོ་མགོ་ཚེས་མགོ་རེད་མ་གཏོག་ངས་ཁོ་ཡིན་ན་མོ་ཡིན་ན་མི་དེ་ནག་འདེད་ཅིག་བྱ་དགོས་བསམ་སོང་།
མ་གཞི་མི་རེར་ལན་རེ་བརྒྱག་དགོས་ན་ཕར་ཙམ་ལ་ཡོང་ས་མ་རེད། དེ་བས་ངས་དྲ་ཐོག་གི་བསམ་ཚུལ་རྣམས་ཕྱོགས་བསྡུས་ཀྱིས་ལས་བསྡོམས་འདྲ་བོ་ཞིག་བརྒྱག་རྒྱུ་མ་ཟད། ད་དུང་ངའི་མ་རྩོམ་ནང་མི་སེར་སྤེལ་མཁན་ཕྱི་མ་ཟེར་བ་དང་། ཨ་Q བའི་ཁེང་སྤོབས་ཟེར་བ་སོགས་ལ་འགྲེལ་ཅིག་མ་བརྒྱབ་ན། བོད་ཡིག་ལས་མི་མཐོང་མཁན་ཚོའི་གོ་མདོག་ཁ་བ་མ་རེད།
སྤྱིར་རིགས་ཞེན་ཅན་དང་། མི་རིགས་ཀྱི་ཤེས་རིག་ལ་དོ་ཁུར་ཅན་ཚོར་ངའི་རྩོམ་ཡིག་འདིས་གོ་ལོག་ཐེབས་སུ་བཅུག་ཡོད་ཀྱང་སྲིད། མ་གཞི་འུ་ཚང་གི་གཤིས་ཀ་ཚང་མར་རྒྱུས་ལོས་ཡོད། དཔེར་ན། རིགས་རྐང་འཛིན་པ་གལ་ཆེན་པོ་རེད་ལབ་ན། ཡོད་ཚད་དེར་འུར་ལངས་པ་དང་། ཡང་ཆོས་དང་རིགས་གཞུང་གལ་ཆེན་པོ་རེད་ལབ་ན་དེ་ལྟར་དཀྲོགས། གནས་རྩ་ཆེན་གང་ཞིག་ན་རིན་པོ་ཆེ་ག་གས་མས་དབང་གནང་གི་ཡོད་པ་རེད་ལབ་ན་ཚང་མ་འཚངས་ཀ་ཤིག་ཤིག་ཡིན་པ་སོགས། ཇི་ལས་འདི་ལས་དང་། ཇི་བཤད་འདི་བཤད་མེད་ནོ་ཚང་མར་གསལ་ནི་རེད། ཡིན་ནའང་། ཀ་ངོ་ཡིག་ངོ་རེ་ཆོད་མཁན་ཚོས་དེ་ལྟར་ཅིག་མི་གནང་རྒྱུ་གལ་ཆེན་པོ་རེད། དྲང་མོར་བཤད་ན་ངས་ཀྱང་སྔོན་ཆད་བོད་ཡིག་བོད་སྐད་གལ་ཆེན་པོ་རེད་བལ་ནས་དཀྲོགས་མགོ་སླངས་མྱོང་། ད་ལྟ་ཡིན་ནའང་ང་ཚོར་སྐད་ཡིག་གལ་ཆེན་པོ་མ་རེད་སེ་བཤད་ཀྱི་མེད། བོད་མི་རིགས་རྩ་མེད་འགྲོ་རྒྱུ་དང་སྐད་ཡིག་སྲུང་རྒྱུ་གཉིས་བསྡུར་ན། སྔ་མ་འདི་གལ་ཆེན་པོ་རེད་ཅེས་བརྗོད་ཡོད།
ང་ཁ་སང་དེ་རིང་ལོ་གསར་ལས་འགུལ་ཟེར་བ་སོགས་ཚོགས་སྐྱིད་ཁག་དང་མཉམ་ལོར་བྲེལ་ཟིང་ངང་ལྷག་ཡོད་སྟབས། རེ་ཞིག་དྲ་ཐོག་ལ་ཡོང་མ་ཐུབ་ཐལ།
སང་ཉིན་ནས་བཟུང་ང་ཚོ་མུ་མཐུད་དུ་ཡིན་ད།
ངས་གོང་ནས་བརྗོད་པ་ལྟར་མི་སེར་སྤེལ་མཁན་ཕྱི་མའི་སྐབས་ཀྱི་མི་རིགས་རྩ་མེད་འགྲོ་སྟངས་ཐད་ཀྱི་སྲིད་དོན་དཔྱད་གླེང་གི་དཔེ་དེབ་ཁག་དང་། ལུའུ་ཞོན་གྱི་ཨ Q སོགས་བོད་ཡིག་ཐོག་མེད་སྟངས།
འདིའི་ཐད་དྲ་གྲོགས་རྒྱུས་མྱོང་ཅན་ཚོས་ང་ལ་རོགས་འདེགས་ཀྱིས་ཕྱོགས་གང་ཐད་ཀྱི་རྒྱུ་ཆ་འདིར་བཀོད་རྒྱུ་མ་བརྗེད་རོགས། ད་ཐེངས་ང་ཚོས་བོད་སྐད་བོད་ཡིག་ཙམ་ཞིག་མ་ཡིན་པར། དུས་རབས་ཉེར་གཅིག་པ་དང་ཁ་འབྱུང་འགྱུར་ལ་ཕྱོགས་ནས་བོད་མི་རིགས་ཀྱི་འཚོ་གནས་དངོས་ཅིག་གླེང་ཐུབ་རྒྱུ་ངའི་ར་བ་ཡིན། ངས་གོས་ནས་བཤད་པ་ལྟར་ང་ཚོ་དྲ་ཐོག་འདིར་ཞུགས་མཁན་ཚང་མ་བོད་ཡིག་བོད་སྐལ་ཐབ་ཆག་ཤེས་མཁན་ཡིན་པའི་ཁུལ་རེད། དེ་ཙམ་ཀྱིས་འགྲིག་བསྡད་ཡོད་ན། ད་དུང་བོད་མི་རིགས་གནས་སྟངས་འདི་ནས་སྐྱོབ་མི་ཐུབ་པའི་རྒྱུ་མཚན་ཅི་རེད། ཨོ་ན་ང་ཚོ་ནང་བཞིན་ཉུང་གྲགས་པས་ཨེ་རེད།བསམ་བློ་ཞིབ་མོ་ཞིག་ཐོང་། དེ་མ་གཏོག་ཟམ་དགོང་ངེད་གཉིས་ཀྱི་སུ་མཁས་མིན་དང་། ངས་ཟམ་གདོོང་ལ་ཅིག་བཤད་བསྡད་ཡོད་པ་སྒེར་གྱི་སྙིང་ནད་ཡིན་མིན་བཤད་ནས་དུས་ཚོད་རླགས་ན་ཆོད་ཡོད་པ་མ་རེད། ཟམ་གདོང་བླ་མ་ལས་གནས་ནས་འཁྱོལ་སོང་བའི་ཕྱིར་ཉིན་ངས་ཁོང་ལ་ཚིག་གཅིག་མི་བཤད། རྣར་མི་འགྲོ་ན་རྗེས་ནས་བལྟ་ཆོག་གི་རེད།
ངེད་གཉིས་བར་ན་སྒེར་གྱི་རྩོད་གཞི་ཁབ་སྐུད་ཙམ་ཞིག་མེད༌༌༌༌༌༌༌༌
རོང་རྒྱལ་ཐང་ལགས།
དེ་སྔ་ཁྱེད་ཀྱི་སྤེལ་བའི་རྩོམ་ཡིག་ཐད་གུས་པས་བསམ་ཚུལ་ཕུལ་ཀྱང་ལན་འདེབས་མི་གནང་དོན་ཅི་ཡིན་ཡིན་ནམ།
གོ་སྐབས་དེ་དང་བསྟུན་ནས་དྲ་གྲོགས་ཁྱེད་ཀྱི་གཙོས་པའི་དྲ་གྲོགས་ཡོངས་དང་།དུས་བབ་ཚང་ལ་ལོ་གསར་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་ཞེས་བཅོས་མིན་མཚམས་འདྲི་ཞུ།
བོད་རྒྱལ་ལོ།།
བསམ་བློས་རང་ཚུགས་མ་ཟིན་པའི་མི་ཞིག་གིས་ཀླུ་མཁར་བྱམས་ཀྱི་སྐད་ཆ་འདི་གོ་དུས། རྦད་དེ་ནོར་འཁྲུལ་ཡིན་པའི་ལྟ་ཚུལ་འབྱུང་རྒྱུ་ཡིན་པ་མ་ཚད། ད་དུང་སྤོ་ཡང་ལངས་སྲིད། ཆི་ལ་ཟེར་ན། དེ་རིགས་ཀྱི་བསམ་བློའི་སྦུབས་ན་མི་རིགས་ཤིག་གི་འཆི་གསོན་ནི། མི་རིགས་དེའི་རིག་གཞུང་གནས་ཐུབ་མིན་གྱིས་ཐག་གིས་གཅོད་པ་ཡིན་ཟེར་བའི་བཤད་སྟངས་འདི། ཤོད་ལ་ལྷུང་བའི་སྟོན་མཇུག་གི་ཞོགས་པའི་སྨུག་པ་ཇི་བཞིན། ནག་འཁྱུག་གེར་འཐིབ་ནས་ཡོད་པས་ཡིན། ཡིན་ནའང༌། མི་རིགས་ནི་རིག་གཞུང་ཁོ་ནར་ལྟོས་དགོས་པའི་སྐད་ཆ་འདི་སྡོམ་ཚིག་ཅིག་རེད་འདུག་ཅིང༌། མ་ཟད། དེའང་གནའ་དུས་ཀྱི་སྡོམ་ཚིག་རྙིང་པ་ཞིག་རེད། དངོས་ནས་བཤད་ན། ཕྱི་ཡུལ་གྱི་དངོས་པོ་ཞིག་གི་ཆོས་ཉིད་སྡོམ་ཚིག་ཏུ་འགོད་པ་ལ། སྡོམ་ཚིག་དེའི་གྲུབ་ཆའི་ཆ་ཤས་སམ། ཡང་ན་སྡོམ་ཚིག་དེའི་འབྱུང་ཁུངས་དངོས་བློ་ཡི་རྟེན་ཡུལ་ན། སྐབས་སོ་སོའི་ཡུལ་དུས་གཉིས་ཀྱིས་གོ་བབ་མི་ཆུང་བ་ཞིག་བཟུང་ཡོད་པ་དེ་ཤེས་དགོས་པ་ཡིན། བྱུང་རིམ་འདི་མཁྱེན་རྟོགས་བྱུང་ན། གཞི་ནས་ཀླུ་མཁར་བྱམས་ཀྱི་ལྟ་ཚུལ་འགྲིག་མིན་ལ་བསམ་བློ་འཁོར་ཆོག་པ་མ་གཏོགས། ལུང་ཙམ་ལྕེ་རུ་ཉལ་བར་ཡིད་ཆེས་བློས་འགེལ་གྱིས་སྐད་ཆ་བཤད་རིགས་ནི་ཁོར་ཡུག་དཀྲུགས་ཤིང་མཁན་ཉག་གཅིག་ལས་གཞན་ཅི་ཡང་མིན། དྲང་མོར་བཤད་ན། ང་ནི་མ་གཞི་ནས་ཀླུ་མཁར་བྱམས་ལ་དགའ་ཞིང༌། ཡིད་ཆེས་ཡོད་མཁན་ཞིག་ཡིན་ལ། ཐེངས་འདིར་ཁོང་གིས་སྐད་ཆ་ཧང་སངས་པ་ཞིག་བཤད་འདུག་སྙམ་གྱི་ཡོད།
སྔར་་རྒྱ་གར་གྱི་་ནང་ཆོས་དང་་རིག་གཞུང་་ང་ཚོས་་ལེན་ཐུབ་པ་་ནང་བཞིན། བོད་ཀྱི་་ཆོས་དང་་རིག་གཞུང་་གཞན་གྱི་་འཁྱེར་ནས་་ཉར་ཐུབ་་སྲིད་པ་་རེད། འོན་ཀྱང་་བོད་ཡིག་དང་་བོད་སྐད་་བདག་པོ་་ང་ཚོ་་བོད་རིགས་ཀྱིས་་བདག་པོ་་མ་བརྒྱབས་ན། སུས་་སྲུང་སྐྱོབ་་བྱེད་བགྱིད་་རེད།
བོད་ཡིག་་ལས་ཀྱང་་གལ་ཆེ་་བ། ཞེས་པའི་་འགོ་བརྗོད་དང་་མཆན་བུ་་ཁ་ཤས་ནི། བློ་ཕ་མ་པའི་་གནས་སོ།
སྔར་་རྒྱ་གར་གྱི་་ནང་ཆོས་དང་་རིག་གཞུང་་ང་ཚོས་་ལེན་ཐུབ་པ་་ནང་བཞིན། བོད་ཀྱི་་ཆོས་དང་་རིག་གཞུང་་གཞན་གྱི་་འཁྱེར་ནས་་ཉར་ཐུབ་་སྲིད་པ་་རེད། འོན་ཀྱང་་བོད་ཡིག་དང་་བོད་སྐད་་བདག་པོ་་ང་ཚོ་་བོད་རིགས་ཀྱིས་་བདག་པོ་་མ་བརྒྱབས་ན། སུས་་སྲུང་སྐྱོབ་་བྱེད་བགྱིད་་རེད།
བོད་ཡིག་་ལས་ཀྱང་་གལ་ཆེ་་བ། ཞེས་པའི་་འགོ་བརྗོད་དང་་མཆན་བུ་་ཁ་ཤས་ནི། བློ་ཕ་མ་པའི་་གནས་སོ།
ང་རང་ཉིད་སྒེར་གྱིས་དུས་རྟག་ཏུ་དྲན་བཞིན་ཡོད་པ་ནི། རང་ཅག་བོད་པའི་ཆོས་དང་རིག་གཞུང། དེ་བཞིན་བོད་པའི་སྐད་ཡིག་རྣམས་བོད་པ་རང་ཉིད་ཀྱིས་བདག་གཉེར་དང་བཀོལ་སྤྱོད་ཀྱི་ཁོར་ཡུག་བསྐྲུན་དགོས་པ་གལ་ཆེ། རང་ཉིད་ཀྱི་རིག་གཞུང་དང་སྐད་ཡིག་འདི་བཞིན་མི་རིགས་རང་ཉིད་ཀྱི་བདག་གཉེར་དང་བཀོལ་སྤྱོད་མི་བྱེད་ན། དེ་སུས་བྱེད་ཀྱི་རེད། ཅི་སྟེ་རང་ཉིད་ཀྱི་སྐད་ཡིག་ལས་གཞན་སྐད་དབྱིན་ཡིག་ལྟ་བུར་གལ་ཆེ་རྩིས་དགོས་བཤད་ན། དེ་ནི་རང་གསོད་གཞན་སྐྱོབ་ཟེར་བའི་སྐད་ཆ་དང་གཅིག་མཚུངས་སུ་འགྱུར། དེ་བས་དང་ཐོག་རང་ཉིད་ཀྱི་རིག་གཞུང་དང་སྐད་ཡིག་རྣམས་རྒྱུས་མངའ་དང་སློབ་སྦྱོང་ལེགས་པར་བྱེད་ནས་གཞན་སྐད་སྦྱོང་ནས། འདབ་གཤོག་གཉིས་ལྡན་གྱི་སྐྱེས་བུ་ཞིག་ཆགས་ན། དེ་ངོ་མ་རླབས་ཆེན་ཞིག་རེད་ལ། ཚང་མས་གུས་བཀུར་བྱེད་ཀྱི་རེད།
དེར་བརྟེན་གསར་སྐྱེས་བོད་རིགས་གཞོན་ནུ་རྣམས་ཀྱིས་ང་རང་ཚོའི་ཕ་མེས་ཀྱི་རིག་གཞུང་དང་ལོ་རྒྱུས། སྐད་ཡིག་སོགས་ཤེས་པའི་ཐོག་ནས་དེང་དུས་ཀྱི་ཤེས་ཡོན་ལ་སྦྱང་དགོས་པ་ཤིན་ཏུ་ནས་གལ་ཆེ།
དྲྭ་གྲོགས་ཟ་ལེ་རྒྱལ་ལགས། ཉིད་ཀྱི་མིག་འཁྲུལ་མེདན་རྩོམ་ཡིག་འདི་ཟིན་བྲིས་ནང་སྤེལ་འདུག་གམ། མ་གཞི་ནས་འདི་ཟིན་བྲིས་ཤིག་རེད་དམ། འདིའི་རིགས་ལ་ཟིན་བྲིས་ཟེར་གྱི་མ་རེད། འདིའི་རིགས་ལ་ཆེད་རྩོམ་མམ་ཡང་ན་བསམ་ཚུལ་རྩོམ་ཡིག་ཟེར་གྱི་རེད། རྗེས་མ་ཉམས་འཇོག་རོགས།
སྐུ་ཞབས་གཡང་ལགས་ཀྱིས་དོན་གནད་ཅན་གྱིས་མཆན་བུ་ཞིག་བཏབས་འདུག དངོས་གནས་མཆན་བུ་བཏབས་ན་འདི་འདྲ་འདེབས་དགོས་པ་རེད། དྲྭ་གྲོགས་ཚང་མའི་ཁོང་གི་མཆན་བུ་འདེབས་སྟངས་ལ་སློབ་སྦྱོང་བྱས་ན་རེད། མུ་མཐུད་འདི་ལྟ་བུའི་མཆན་བུ་རིན་ཐང་ཅན་རེ་འདེབས་རོགས།
ཧ་ཧ་
རྩ་བ་བོར་ནས་ཡལ་ག་འཚོལ་བའི་ཀླུ་མཁར། །
ཤེས་རྒྱ་མེད་ལ་བཤད་རྒྱ་སྐྱེད་པའི་ཀླུ་མཁར། །
མཐོང་རྒྱ་ཆུང་ལ་ང་རྒྱལ་ཆེ་བའི་ཀླུ་མཁར། །
གནའ་བོའི་རིག་གཞུང་རྒྱང་དུ་དོར་བའི་ཀླུ་མཁར། །
དེང་རབས་ཚན་རྩལ་རྗེས་མ་ཟིན་པའི་ཀླུ་མཁར། །
གནའ་དེང་གང་གིས་གྲྭལ་མ་ཆོད་པའི་ཀླུ་མཁར། །
ཀླུ་མཁར་་་་་་་་་་་་་་་་་་་་་་་་་་་་
ཀླུ་མཁར་བྱམས་ཀྱིས་བོད་མི་རིགས་ཀྱི་ཤི་གསོན་དང་འཚོ་གནས་དངོས་ལ་ཕན་པའི་སློབ་སྦྱོང་དེ་ལ་མཛུབ་མོ་འཛུགས་རོགས་གནོངས། སྨན་ཁབ་རྒྱག་སྟངས་འདྲ་རེད་དམ།
བོད་ཡིག་ལས་གལ་ཆེ་བ་བོད་མིའི་སྲོག་དེ་རེད། བོད་ཡིག བོད་ཀྱི་ཆོས་དང་། བོད་ཀྱི་རིག་གཞུང་ནི། བོད་མི་སོ་སོར་གལ་ཆེ་ཆུང་ཁ་ཁག་སོ་སོར་ཡོད་རེད། གཞན་ཧ་གོ་བགྱིད་མི་འདུག
ཟིན་བྲིས་མི་འདྲ་བ་ཞིག་བྲིས་འདུག་མོད། སློབ་ཕྲུག་མ་རབས་འགའི་ལག་ལ་ཤོར་ནས་གཅོད་འབྲེག་འབའ་གསུམ་བྱས་འདུག
ཟིན་བྲིས་ལའང་སྐྱོན་གཅིག་འདུག། དི་ནི་ཀླུ་མཁར་བྱམས་ནས་བྲིས་ཞེས་བ་དེ་རེད། གལ་ཏེ་ག་གེ་མོ་རིན་པོ་ཆེ་ནས་བྲིས་ཞེས་ཡོད་ཚེ་ཁྱོད་ལ་ཨ་མའི་བུ་ཟེར་གི་རེད། རྣར་མི་འགྲོ་ན་ག་གེ་མོ་རིན་པོ་ཆེའི་མིང་ཐོག་ནས་ཟིན་བྲིས་ཆོ་མེད་ཅིག་བྲིས་ནས་ཚོད་བལྟ་བྱོས་དང་། དེ་ནས་ལྷང་ལ་འབུད་ཀྱི་རེད། ཡིན་ནའང་དེ་བཤད་ནས་ཡོང་རྒྱུ་ཡོད་ནི་མ་རེད།
བོད་སྐད་མེད། བོད་ཡིག་མེད། དེ་འདྲའི་ཉིན་མོ་ཞིག་བྱུང་ཉིན་ང་རང་ལ་རང་དབང་རང་བཙན་གང་ཡང་མི་དགོས།
སྐད་ཆ་འདི་འདྲ་བཤད་དུས་ཀླུ་མཁར་བྱམས་ཀྱི་རིག་པ་རེབ་གཅིག་འཁྲུལ་བ་མིན་ན་ཁོང་རང་མིག་རྒྱང་ཐུང་ལ་ཤེས་རྒྱ་ཆུང་བའི་མི་ཞིག་ཡིན་པ་མ་ཚད། ཁོང་རང་གི་སེམས་སུ་ཁོག་གི་ཟས་དང་རྒྱབ་ཀྱི་གོས་དེ་དག་མི་རིགས་ལས་ཀྱང་གལ་ཆེ་བ་ཡིན་པ་མངོན་གསུམ་རང་གི་སྐད་ཆས་བསྒྲུབ་ཀྱི་འདུག དྷ་ས་རུ་དུས་རབས་ཀྱི་འགྲོ་ཕྱོགས་ཅུང་ཟད་ག་གོ་མཁན་གྱི་གྲལ་དུ་འཇོག་པའི་ཀླུ་མཁར་བྱམས་ལྟ་བུས་ཀྱང་རང་མི་རིགས་ཀྱི་སྐད་ཡིག་ལ་འདི་ལྟར་མཐོང་ཆུང་བྱེད་དུས་རྒྱ་ནག་དམར་ཤོག་གིས་བོད་མི་རྒྱ་བསྒྱུར་བྱེད་པའི་འཆར་གཞི་དེ་ནི་མགྱོགས་པོ་འགྲུབ་རྒྱུར་ཐེ་ཚོམ་ཡོད་ས་མ་རེད། ཀླུ་མཁར་བྱམས་ཀྱི་ངག་རང་ལས། ངས་བོད་ཡིག་སྟེང་ནས་རྩོམ་འབྲི་བ་ནི་ཡིག་རིགས་གཞན་གྱི་སྟེང་ནས་མི་འཇོན་བའི་རྐྱེན་གྱིས་ཡིན་ཟེར། ངོ་མ་རང་ལ་གང་ཡོད་དམན་པར་འཛིན་པ་ནི་ཆེས་ཐ་ཤལ་གྱི་སྤྲང་གཤིས་ཤིག་རེད། སྤྱི་ཚོགས་ཐོག་འདི་ལྟ་བུའི་མི་ཡང་འགའ་ཤས་ཡོད་པ་རེད། འོན་ཀྱང་ངས་ཁ་མཚོན་བཅད་ནས་བཤོད་ཐུབ་པ་ཞིག་ལ། མི་རིགས་ཀྱི་ལ་རྒྱ་ཡོད་པའི་བོད་རིགས་ཀྱི་ཤེས་ཡོན་ཅན་ཕལ་ཆེ་བའི་ཁོག་ཏུ་ཕ་མེས་ཀྱིས་བཞག་པའི་ཡིག་གེ་འདི་སྤྱོད་ཤེས་པར་སྤོབས་པ་ཞིག་ཡོད་པ་ལས་གཞན་མཆོག་རང་དམན་གྱི་འདུ་ཤེས་ག་ལ་སྐྱེ་སྲིད། པན་ཆེན་སྐུ་གོང་མ་ཉིད་ཀྱིས་ཀྱང་། ཁྱེད་ཀྱིས་ཕ་སྐད་ཕ་ཡིག་མ་བསླབ་ཀྱང་ཆོག འོན་ཀྱང་རང་གི་ཤ་རུས་ལ་བྱེད་རྒྱུ་ཅི་ཡོད་ཅེས་གསུངས་ནས་རང་གི་མི་རིགས་འདི་དང་མི་རིགས་ཀྱི་སྐད་ཡིག་ཁ་བྲལ་ཐབས་མེད་པ་སྟོན་ཡོད། བཀའ་མོལ་དེ་དག་ནི་རྒྱ་བསྒྱུར་སྲིད་ཇུས་ནང་དུ་བོད་མི་མང་པོས་ཁེ་ཕན་ལ་བལྟས་ནས་རྒྱ་ཡིག་སློབ་པ་ལས་བོད་ཡིག་མི་སློབ་མཁན་དག་ལ་གསུངས་པ་རེད། ཀླུ་མཁར་བྱམས་ཀྱིས་བོད་རིགས་མང་པོ་ཨ་གསར་གྱིས་བོད་ཡིག་སློབ་ཀྱི་ཡོ་རེད་ཟེར། སྐད་ཆ་དེ་དག་ཕུགས་ཇི་ཙམ་ཡོད་མིན་གསལ་པོ་རེད། ༢༠༠༨ལོའི་ཞི་རྒོལ་རྗེས་སུ་བོད་རིགས་ཀྱི་ན་གཞོན་མང་པོར་མི་རིགས་ཀྱི་ལ་རྒྱ་ཟེར་བ་གང་ཡིན་པ་ཧ་གོ་བ་དང་། མི་རིགས་དང་མི་རིགས་བར་གྱི་ཁྱད་པར་དང་འཐབ་རྩོད་ཧ་གོ་བའི་རྐྱེན་གྱིས་གཞི་ནས་རང་མི་རིགས་ཀྱི་སྐད་ཡིག་ལ་དོ་སྣང་བྱེད་མཁན་བྱུང་ཡོད། བོད་མི་རིགས་ཀྱི་ངོས་ནས་བཤད་ན་དེ་ནི་རེ་བ་རེད་ལ་བོད་མི་མང་པོ་སྲོག་ཤོར་ནས་བུ་རབས་ཚ་རྒྱུད་རྣམས་ལ་སྟོན་པའི་སློབ་ཚན་ཡང་ཡག་པོ་ཞིག་རེད། དེ་དག་ཨ་གསར་རྩ་བ་ནས་ཡིན་མི་སྲིད། རྒྱ་དང་སོག་པོའི་ནང་དུ་ཆོས་ཀྱི་ཕྱིར་བོད་ཡིག་འདྲ་སློབ་མཁན་ཡོད་ན་མ་གཏོགས་དེ་ལས་ལྷགས་པ་མེད་པ་གཏན་འཁེལ་རེད། རྒྱུ་མཚན་ནི་ཕྱི་མི་རྣམས་བོད་ཡིག་སྦྱངས་ནས་དཔལ་འབྱོར་ཐོག་ནས་ཁེ་ཕན་ཞིག་མིག་སྔར་ཐོབ་ཁག་པ་རེད། རང་ལ་སྐད་ཡིག་ཡོད་པའི་མི་ཞིག་གིས་མི་རིགས་གཞན་གྱི་སྐད་ཡིག་སློབ་པ་ནི་ཕལ་ཆེ་བ་འཚོ་ཐབས་ཀྱི་ཆེད་དུ་ཡིན་པ་གསལ་པོ་རེད། ད་ལྟ་བོད་པའི་ཁྲོད་དུ། རྒྱ་དཀར་ནག་སྐད་དང་། བལ་ཡུལ་དབྱིན་སྐད་སོགས་བཤོད་ཤེས་མཁན་མང་མོད་རྒྱ་མི་དང་ཨ་རི་བའི་ཁྲོད་དུ་དེ་ལྟ་བུའི་མང་པོ་ཡོ་མ་རེད། རྒྱུ་མཚན་ནི་ཁོང་ཚོའི་དཔལ་འབྱོར་སྟོབས་ཆེ་བའི་རྐྱེན་གྱིས་རེད། འོ་ན་ང་ཚོའི་དཔལ་འབྱོར་སྟོབས་ཆུང་བ་ང་ཚོའི་སྐད་ཡིག་གིས་བྱས་སོང་སྙམ་ན་ཤིན་ཏུ་ནས་བླུན་པ་རེད། ང་ཚོ་མི་རིགས་གཞན་གྱི་འོག་ཏུ་ཚུད་པ་སོགས་རྐྱེན་མང་པོའི་དབང་གིས་བྱུང་བ་རེད། གལ་སྟེ་ང་ཚོས་ང་རང་ཚོའི་སྐད་ཡིག་དོར་བ་ཡིན་ན་ང་ཚོ་རྒྱ་མི་དང་ཁྱད་པར་ཡོ་མ་རེད། རྒྱ་མི་དང་རིགས་རྒྱུད་ཉེ་བའི་ཉི་ཧོང་དང་ཀོ་རི་ཡ་རྣམས་ཀྱིས་ཀྱང་མི་རིགས་རང་གི་སྐད་ཡིག་བེད་སྤྱོད་བཞིན་ཡོད་པ་རེད། དེ་ལྟར་ན་བོད་པ་རྣམས་ཀྱིས་བོད་སྐད་ཡིག་སློབ་རྒྱུ་ནི་ཁ་ཚ་དགོས་གཏུགས་རེད། མི་རིགས་འདི་ཡི་འཆི་གསོན་དང་འབྲེལ་བ་ཡོ་རེད། ཆོས་ལ་གཙིགས་ཆེ་མཁན་དང་ཟས་གོས་ལ་འདོད་རྔམ་ཆེ་མཁན་མི་སྐྱ་ཁ་ཤས་ལ་མི་དགོས་པ་ཐང་མོད། བོད་མི་རིགས་འདི་ཉིད་ཤི་མི་འདོད་མཁན་གྱི་བོད་པ་ཚང་མས་རང་མི་རིགས་ཀྱི་སྐད་ཡིག་ལ་དོ་སྣང་བྱེད་དགོས་ངེས་རེད། གོང་ས་མཆོག་དང་། པན་ཆེན་སྐུ་གོང་མ་མཆོག་སོགས་བོད་ལ་བརྩེ་བའི་སྐྱེས་བུ་ཆེན་པོ་ཀུན་གྱི་རེ་བ་དང་བསླབ་བྱ་ཡང་འདི་རེད། དེར་བརྟེན་ང་ཚོ་མི་རྟག་པ་མེད་མཁན། རང་ཚུགས་འཛིན་མི་ཐུབ་མཁན། སེམས་པ་འཁོར་བའི་རྒྱ་མཚོ་རུ་ལ་ཁའི་དར་ལྕོག་ལྟར་གཡོ་བའི་མི་རྣམས་ཀྱི་སྐད་ཆ་ལ་གཟབ་དགོས་པར་འདོད།
གོང་གི་རྩོམ་ཡིག་ནང་གསལ་ལྟར་ཉིན་བྱེད་ཀླུ་མཁར་བྱམས་ཀྱི་གྲོགས་པོ་ཡིན་པ་བདེན་མོད།ངེས་པ་དོན་གྱི་མཁས་དབང་སློབ་དཔོན་ཆེན་པོ་ཟམ་གདོང་རིན་པོ་ཆེ་ཁོང་གི་གང་ཡིན་མིན་ངས་མི་ཤེས།
འོན་ཀྱང་གོང་གི་ཉིན་བྱེད་ལ་བསྟོད་པ་དང་མཁས་དབང་ཟམ་གདོང་རིན་པོ་ཆེར་སྨད་པ་གཉིས་དྲ་གྲོགས་ཚོས་བལྟས་ན་འགྲིག་གམ།ཉིན་བྱེད་ལ་བསྟོད་འོས་པ་དངཟམ་གདོང་བླ་མར་སྨད་འོས་སམ།
དེ་ནི་དྲན་བདེན་ཕྱོགས་ལ་ལངས་མཁན་གྱི་རྩོམ་པ་པོ་ཞིག་གི་རྩོམ་ཡིག་ཡིན་མིན་གསལ་པོོར་རྟོགས་ཐུབ།
ཐུགས་རྗེ་ཆེ།
བསམ་ཚུལ་འདི་འདྲ་སྤེལ་ན་ཡག་པོ་རེད། དེ་ལ་ང་ཚོས་དགེ་སྐྱོན་ཅི་ཡོད་གླེང་དགོས་པ་རེད། ཡིན་ནའང་འགའ་ཤས་ཀྱིས་ཟམ་གདོང་དང་རྦད་དེ་བསྡུར་ཐབས་མེད་རབས་གླེང་གི་འདུག་་་་་དེ་ནི་དེ་ཙམ་སྣང་བར་འགྲོ་མ་སོང་་་གང་ཡིན་ཟེར་ན་་་ནང་ཆོས་དང་རྒྱ་གར་སྐད་ལ་བསྡུར་ན་ཟམ་གདོང་རིན་པོ་ཆེར་འགྲན་བཟོད་མེད་ནའང་དེ་མིན་ང་ཧ་གོ་དཀའ་ནི་རེད། ཀླུ་མཁར་བྱམས་ཟེར་བ་དེའི་རྩོམ་ཡིག་དང་བགྲོ་གླེང་མང་པོ་བྱེད་པ་མཐོང་མྱོང་་་་་ཕར་བལྟས་ན་རང་འགའ་བ་ཞིག་མིན་པ་འདྲ། ཁོང་ཟམ་གདོང་རིན་པོ་ཆེར་བསྡུར་ཐབས་མེད་ན་འདས་ལོ་དུ་མའི་རིང་ལ་ཟམ་གདོང་རིན་པོ་ཆེས་ང་ཚོའི་སྣེ་འདི་ལས་ལྷག་ཅིག་ཁྲིད་ཡོད་རྒྱུ་རེད་ གང་ཡིན་ཞེ་ན་་་ཀླུ་མཁར་གྱིས་རྩོམ་ཡིག་དང་བགྲོ་གླེང་རེ་རེས་ང་ཚོའི་སྤྱི་ཚོགས་ནང་གི་གཞོན་སྐྱེས་ཚོར་སེམས་ལ་བག་ཆགས་ཇི་འདྲ་ཞིག་འཇོག་གི་འདུག་་་་་དགོངས་དག་་་ངའི་སྐད་ཆ་འདི་དག་ཕྱོགས་རེས་འདྲ་ཞིག་ལ་ཆགས་སོང་ཡང་་་་་ཕྱོགས་རེས་བྱེད་དགོས་དོན་མེད་་་ངས་ཀླུ་མཁར་ཟེར་བ་མཐོང་མྱོང་ཙམ་ལས་ངོ་ཤེས་ཤིག་ཕར་ཞོགས་ཁ་ཞིག་ཀྱང་གྲག་མྱོང་མེད་་་་ཕ་ཡུལ་གང་ཡིན་ཀྱང་ཤེས་ཀྱི་མེད་་་་་ཕོག་སོང་ན་དགོངས་དག་
རྩོམ་ཡིག་འདི་དྲ་ཐོག་ཏུ་སྤེལ་ནས་དུས་ཚོད་གཅིག་གི་རིང་བསམ་བློ་བཏང་བ་ཡིན། ནམ་རྒྱུན་འདིའི་སྐོར་ལ་བསམ་བློ་བཏང་བསྡད་ཡོད་པའི་ཐོག་ལ་གཟབ་ནན་དང་ཞིབ་དཔྱོད་ཀྱིས་བསམ་བློ་བཏང་བ་ཡིན། ཡིན་ནའང༌། ཨ་ཚོགས་ལགས་ཀྱི་རྩོམ་ཡིག་འདིའི་མདོ་དོན་དང༌། ཁོང་གིས་ནམ་རྒྱུན་འབད་བརྩོན་བྱེད་ཀྱིན་པའི་དམིགས་ཡུལ་གྱི་རྒྱབ་ལྗོངས་རྦད་དེ་ལོག་ཀ་ཆགས་སོང་བས། རེ་ཞིག་ཧད་ནས་བསྡད་པ་ཡིན། མཇུག་མཐར་མཁས་པས་འཆུག་ན་འདོམ་གང་ཟེར་བའི་སྡོམ་ཚིག་དེ་ལས་ངའི་ཡིད་ལ་གང་ཡང་ཤར་མ་སོང༌།
མ་གཞི་ཨ་ཚོགས་ལགས་ཀྱིས་ལས་ཀ་བྱས་སྟངས་ལ་སེམས་བསམ་པའི་གཏིང་ནས་ཡི་རང་ཡོད། ཡིན་ནའང༌། དེ་རིང་གི་སྐད་ཆ་འདི་མི་རིགས་ཀྱི་སྐད་ཆ་བཤད་མཁན་ཞིག་གི་སྐད་ཆ་མ་རེད། ཨ་ཚོགས་ལགས། འདིར་ངས་ཁྱེད་ལ་དྲི་བ་ཞིག་གཏོང་འདོད་བྱུང་སོང༌།
མི་རིགས་ཀྱི་སྤྲེལ་ཐག་ཅེས་པ་དེ་ཉིད་ཀྱིས་གང་ལ་ངོས་འཛིན་གནང་གི་ཡོད་དམ། མི་རིགས་ཀྱི་བླ་སྲོག་ཅེས་པ་དེ་ཉིད་ཀྱིས་གང་ལ་ངོས་འཛིན་གནང་གི་ཡོད་དམ།
གལ་སྲིད་བོད་ཡིག་བོད་སྐད་མེད་པའི་རང་བཙན་ཞིག་ཁྱེད་ལ་སྤྲད་པ་ཡིན་ན། ཉིད་ཀྱིས་ཁ་ནང་ན་ལྕེ་མེད་པའི་མི་རིགས་ལྐུག་པ་ཞིག་ངོས་ལེན་བྱེད་ཐུབ་ས་ཨེ་རེད།
གསང་མིང་གི་འོག་ལ་སྦས་བསྡད་དེ་དངོས་མིང་འབྲི་མཁན་རིགས་ལ་སྐྱོན་བརྗོད་བྱེད་པ་འདི་ལས་ཐབས་རྡུགས་པའི་ལས་ཀ་ཞིག་ད་བར་དུ་མཐོང་མ་མྱོང་།
དེ་མ་གཏོགས། སྤྱིར་བཏང་སྐྱོན་བརྗོད་བྱས་པ་ལ་ཁོང་ཁྲོ་ལངས་གི་མེད་ལགས།
དངོས་གནས་ལུང་རིགས་ཟེར་བ་འདི་མི་ཆོ་མེད་ཅིག་ཡིན་པ་སྔོན་ནས་ཤེས་ཀྱི་ཡོད།་
ལྟོས་དང།་ཁོས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་དང་ཀླུ་མཁར་གཉིས་བསྡུར་གྱི་ཡོད།་དོན་དངོས་དང་ཟུར་བོར་གནས་པའི་མི་ཞིག་ན་ཀླུ་མཁར་རིན་པོ་ཆེ་ལ་བསྡུར་རྒྱའི་ཆ་རྐྱེན་ཆ་ཤས་ཙམ་ཡང་མེད་པ་མཐོང་གསལ་རེད།་ཀླུ་མཁར་ལྟ་བུ་སྨྱོ་བལ་རྒྱག་མཁན་ལ་ལུང་རིགས་ལྟ་བུ་གྱབ་ཆུང་གིས་རིན་ཐང་འདི་ལྟར་ཡོད་པ་རེད།་
ཐེངས་འདིར་ང་རྐང་བཙུགས་ནས་ཀླུ་མཁར་བྱམས་ལ་སྐྱོན་བརྗོད་བྱེད་དུ་ཡོང་བ་ཡིན། བསམ་བློ་མང་པོ་ཞིག་བཏང་མཐར་ཡོན་ཏན་ཞིག་བརྗོད་དགོས་པ་མིན་འགྲོ་བསམ།
ཁོའི་ཡོན་ཏན་ནི་བསམ་ཚུལ་གཅིག་གི་སྟེང་ནས་མཐོང་སོང་། རྒྱ་གཞུང་གིས་ང་ཚོ་བོད་མི་རིགས་འདི་དགོན་པ་ལྷ་ཁང་ཞིག་གི་ནང་དུ་བཅུག་ནས་གསོད་རྩིས་ཡོད་པ་རེད་ཟེར་བ་འདི་རེད།
དེ་ནས་ང་ལ་སླར་ཡང་བསམ་ཚུལ་ཞིག་བྱུང་། ༧གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་མི་ཚོ་རང་འགུལ་གྱིས་དགོན་པ་ལྷ་ཁང་རྫིག་པོ་རྐྱང་གི་ནང་དུ་འཛུལ་ནས་རང་ཤི་རྒྱག་གི་ཡོད་པ་མིན་ནམ་སྙམ་ནས་ཀླུ་མཁར་བྱམས་ལ་དོགས་འདྲི་ཞིག་བྱ་དགོས་ཆགས་སོང་།
ཨ་རིགས་པས་སྐད་ཆ་གནད་ལ་ཕོག་པ་གཅིག་རང་གཅིག་བཤད་འདུག འདི་དངོས་གནས་རེད་དཱ། ཀླུ་མཁར་་་་་་་་་་་་་་ཤེས་སོང་ངམ།
ཀླུ་ན་རེ། ད་ནི་མི་རིགས་ཡོད་པ་དང་། བོད་ཀྱི་སྐད་ཡིག་མེད་པའི་འཚོ་གནས་ཤིག་ལའང་ཏན་ཏན་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཡོད་ཚོད་རེད། ཟེར།
དེ་ནི་རྒྱ་ནག་གིས་བསྐྲུན་དང་བསྐྲུན་བཞིན་པ་དེ་ཡིན་པས་ང་ཚོས་དཀའ་ལས་རྒྱག་དགོས་པ་མི་འདུག འགྲུབ་དང་འགྲུབ་བཞིན་པ་རེད།
ཡང་ཀླུ་ན་རེ། དྲང་མོར་བཤད་ན་བཙན་བྱོལ་ནང་འཚར་ལོངས་བྱུང་མཁན་ཚོའི་ནང་བོད་ཡིག་འབྲི་ཐུབ་མཁན་གང་འཚམ་འདུག་ཁར། ད་ལྟའི་དུས་འདིར་མང་ནས་མང་དུ་འགྲོ་བཞིན་ཡོད། བོད་ནང་ལ་མཚོན་ནའང་འདྲ།བོད་ཕྱི་ལོག་ཡིན་ནའང་འདྲ། དེང་སྐབས་བོད་ཀྱི་ཆོས་དང་རིག་གཞུང་ལ་ཨ་གསར་རང་བཞིན་གྱི་ཚོང་ཟོག་རིན་ཐང་ཞིག་ཡོད་སྟབས། དེར་ལག་པ་འཆིངས་མཁན་ཡང་བོད་པ་ཙམ་མ་ཡིན་པར་རྒྱ་བོད་སོག་གསུམ་ནང་གང་འཚམ་འཕེལ་རྒྱས་འགྲོ་བཞིན་པའི་རྣམ་པ་གསལ་བོ་འདུག ཟེར།
འདི་གཉིས་ཟློག་ཟླ་ལྟ་བུ་མ་རེད་དམ། དོན་དངོས་ཁྱོད་གང་ལ་སྨོན་བཞིན་ཡོད།
སྐུ་ཞབས་ལུང་རིགས་རྒྱལ་ལགས། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་དང་ཀླུ་མཁར་བྱམས་གཉིས་ཀྱི་བསམ་ཚུལ་ཐ་དད་རེད། གསུང་ཚུལ་སོ་སོ་རེད། མ་གཞི་ཀླུ་མཁར་བྱམས་ཀྱི་སྐད་ཆ་དང་ཟམ་གདོང་བླ་མའི་སྐད་ཆ་གཉིས་ལ་རྒྱབ་ལྗོངས་ཀྱི་རྒྱུ་མཚན་དང་གནས་ལུགས་སུ་ལ་ཡོད་མེད་བལྟ་རྒྱུ་གལ་ཆེན་རེད། ལྟ་ཚུལ་འདིའི་རྒྱབ་ཀྱི་གནས་ཚུལ་ཚབས་ཆེན་རེད། འོན་ཀྱང་ང་ལ་ད་དུང་དོགས་པ་ཞིག་ཡོད། ཀླུ་མཁར་བྱམས་ཀྱིས་ག་དུས་ཡིན་ཡང་སྐད་ཆ་ཚིག་གཅིག་བཤད་པའི་ཚེ་ནའང་ཟམ་གདོང་བླ་མ་ཁ་ནང་དུ་འཕྲེད་ལ་བཟུང་ཡོད་པ་འདི་ཡིན། འདི་ལྟར་བསམ་ཡོང་དུས་ལོ་འགའི་གོང་ཞིག་ཏུ་ཀླུ་མཁར་བྱམས་ལ་བཀའ་ཁྲི་མཆོག་གིས་བདམ་ཁ་ཞིག་སྟེར་བ་གསར་ཤོག་ཁག་བརྒྱུད་ནས་མཐོང་མྱོང་། ངས་རྣམ་དོགས་མིན་ན་ཕལ་ཆེར་འདི་དང་འབྲེལ་བ་མེད་འགྲོ་བསམ་བཞིན་ཡོད། དེའི་ཕྱིར་གནས་ལུགས་རྐྱང་ཞིག་རྩ་བ་ནས་རྩོད་ཀྱི་མི་འདུག ཁ་སེམས་བར་ན་སེ་རུ་ཡོད་པས་མིན་འགྲོ་སྙམ།
གྲོགས་པོ་ལགས། དེ་རིང་གི་སྐད་ཆ་འདི་ཅུང་ཐལ་ཆེ་དྲག་འདུག་སྙམ། བོད་དོན་ཞིག་སྒྲུབ་པར་བྱེད་པ་ལ། ཡིན་གཅིག་མིན་གཉིས་བོད་ཡིག་སྦྱང་མི་དགོས་ཀྱང་། བོད་ཡིག་ལ་ཤི་འཐམས་རོ་འཐམས་བྱེད་མི་རྣམས། འདི་ལས་ལྷག་ཅིག་མི་འཇོན་པ་ཞིག་ཡིན་པར་ངོས་འཛིན་ན། ཨ་ཁ་ཁ། ངའི་གྲོགས་པོ་ཀླུ་མཁར་ལགས། བོད་ནང་གི་རིགས་གཞེན་ཅན་གྱི་བོད་མི་འདི་ཚོ། ཤེས་ཡོན་ཅན་གྱི་སྡེ། རྩོམ་པ་པོའི་སྡེ། ན་གཞོན་གྱི་དཔུང་སྡེ་འདི་ཚོ་ངོ་མ་སྙིང་རྗེ། ཁྱེད་ཚོའི་རིགས་གཞེན་ལ། ས་འདི་ནས་འབུལ་འོས་པའི་ཆོ་ལོ་འདི་འདྲ་ཞིག་ལས་སྦྱིན་མེད་པ་འདྲ།
ཆོས་དང་རིག་གཞུང་མ་ཉམས་ན་བོད་ཡིག་ནི་ཉམས་ཀྱང་འགྲིག་གི་རེད་ཅེས་པའི་བོད་ཡིག་ཅེས་པ་དེ་བོད་མི་རིགས་ཞེས་བཅོ་རོགས།
བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས། ཆོས་དང་རིག་གཞུང་མ་ཉམས་ན་བོད་ཡིག་ནི་ཉམས་ཀྱང་འགྲིག་གི་རེད་ཟེར་བ་དང་། ཀླུ་མཁར་བྱམས་ཀྱིས། མི་རིགས་མ་ཉམས་ན་རིག་གཞུང་དང་སྐད་ཡིག་ཀྱང་ཉམས་ན་འགྲིག་གི་རེད་ཟེར་བ་གཉིས། རྦད་དེ་ཁ་ཁར་གྱེས་འདུག ཇི་འདྲའི་འགལ་བ་ཁྱད་པར་ཞིག་རེད་ཨང་།
ཨ་རོ་རྒད་པོ་ཁ་ཤོམ་ཅན།།
ཨ་ཁུས་ཟིན་བྲིས་རིག་སོང་ང་།།
ཨ་ར་ནག་པོའི་སྤུ་གསེང་གི།
ཨ་མདོའི་བུ་ཁྱོད་གསུང་ལ་བསྟོད།།