འདས་པའི་ཟླ་བ་གཉིས་ལ་ཉེ་བའི་རིང་བཞུགས་སྒར་ངྷ་རམ་ས་ལའི་ཉེ་འགྲམ་ནོར་བུ་གླིང་ཁའི་བོད་རིགས་ན་གཞོན་རུས་ཞེན་ཅན་སྐོར་ཞིག་གིས་མ་སྐུལ་དང་བླངས་སྒོས་ཕ་སྐད་གཙང་མ་སྲུང་སྐྱོབ་དང་དག་ཐེར་སླད། ནམ་རྒྱུན་འཚོ་བའི་ཁྲོད་ཀྱི་རྒྱུན་སྤྱོད་ཀྱི་ཁ་སྐད་ནང་རྒྱ་སྐད་དང་དབྱིན་སྐད། རྒྱ་གར་སྐད་སོགས་མི་རིགས་གཞན་པའི་སྐད་ཀྱི་བསྲེས་ལྷད་མ་འདྲེས་པར་བོད་སྐད་དག་གཙང་བཤད་རྒྱུར་བྱ་འགུལ་ཞིག་སྤེལ་ཡོད་འདུག བྱ་འགུལ་འདིར་སྣེ་ཁྲིད་མཁན་དག་གིས་བོད་སྐད་བཤད་སྐབས་གཞན་སྐད་ཀྱི་བསྲེས་སྐྱོན་ཤོར་ན་ཉེས་ཆད་གཅོད་རྒྱུ་བྱས་ཏེ། ད་བར་ཧིན་སྒོར་ ༨༠༠ ཙམ་འདུས་ཡོད་འདུག་ལ། དངུལ་དེ་དག་གིས་ཀྱང་སླར་ཡང་རང་སྐད་ལ་ཞབས་འདེགས་བསྒྲུབ་ཕྱིར་༼ སྐད་ཡིག་ཚགས་པར ༽ ལ་ཞལ་འདེབས་སུ་འབུལ་རྒྱུའི་ཐག་གཅོད་བྱས་ཡོད་འདུག
ཁ་སང་ཕྱི་ཚེས་ ༡༡ ཉིན་འབྲེལ་ཡོད་མི་སྣས་འདི་གའི་གསར་འགོད་པར་གོང་གི་གནས་ཚུལ་དེའི་སྐོར་ཡིག་ཐོག་ནས་མཁོ་སྤྲོད་བྱུང་པའི་ནང་བཀོད་དོན། སྤྱིར་ང་ཚོ་བོད་པ་ཡིན་བཞིན་དུ་བོད་སྐད་གཙང་མ་བཤད་པར་ཕན་ཚུན་དྲན་སྐུལ་དང་སྒྲིག་འཛུགས་ཀྱི་འོག་ལས་འགུལ་སྤེལ་དགོས་བྱུང་བ་ནི་བློ་ཕམ་གྱི་རང་བཞིན་ཡིན་ཡང་། ད་ཆར་བོད་ཕྱི་ནང་གང་སར་བོད་སྐད་ལ་མི་རིགས་གཞན་གྱི་སྐད་ཡིག་གིས་བཙན་འཛུལ་བྱེད་བཞིན་ཡོད་པ་དང་། བོད་པ་རང་ཉིད་ཀྱིས་ཀྱང་ཤེས་བཞིན་དང་ཤེས་བཞིན་མ་ཡིན་པ་གང་རུང་ཐོག གཞན་གྱི་སྐད་རིགས་རང་སྐད་ནང་བསྲེས་ཏེ་བོད་རང་གི་སྐད་བརྡ་གཙང་མ་དག་ཀྱང་དམར་གསོད་གཏོང་བཞིན་ཡོད་པར་བརྟེན། ཕྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༡༨ ཉིན་ནས་བཟུང་ངེད་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ཉམས་ཞིབ་སྡེ་ཚན་གྱི་ལས་བྱེད་རྨ་ཆུའི་མགོན་པོ་དོན་འགྲུབ་དང་འབྲོང་དར་རྒྱས། ཨ་འཇམ། རྭ་རྒྱ་འཕྲིན་ལས། ཆོས་རྫོང་བསྟན་པ། རྡོ་རྗེ་དབང་ཕྱུག ལེགས་བཤད། ཁ་སྒང་ཤེས་རབ་རྒྱ་མཚོ། ཤེས་རབ་བསྟན་འཛིན། མེ་འོད། སྦྱིན་པ་ལེགས་ཚོགས་བཅས་ཀྱིས་མ་བསྐུལ་དང་བླངས་སྒོས་བོད་སྐད་གཙང་མ་བཤད་རྒྱུའི་དམ་བཅའ་བཞག་སྟེ། ལྕགས་སྟག་ལོའི་ལོ་གསར་ཚེས་གཅིག་བར་ཟླ་གཉིས་ཙམ་མི་རིགས་གཞན་གྱི་སྐད་ཀྱི་བསྲེས་ལྷད་གཅིག་ཀྱང་མ་འདྲེས་པ་བྱ་རྒྱུ་དང་། གལ་སྲིད་སུ་ཞིག་གིས་བསྲེས་ལྷད་ཅན་གྱི་སྐད་ཆ་ཚིག་གཅིག་བཤད་པ་ཡིན་ན་ཧིན་སྒོར་གཅིག་གིས་ཉེས་ཆད་གཅོད་རྒྱུ་བྱས་པའི་བརྒྱུད་རིམ་ཁྲོད་ད་བར་ཧིན་སྒོར་ ༨༠༠ ཙམ་བྱུང་ཡོད་ལ། འདི་ཡང་མེ་ཏོག་ཆུང་རུང་ལྷ་རྫས་ཞེས་པའི་དཔེ་བཞིན་༼ སྐད་ཡིག་ཚགས་པར། ༽ལ་ཞལ་འདེབས་སུ་འབུལ་རྒྱུའི་ཐག་གཅོད་བྱས་ཡོད།
ངེད་ཅག་གིས་མ་འོངས་པའི་ལོ་གསར་བའི་ནང་དུ་ཡང་མུ་མཐུད་དེ་བོད་སྐད་གཙང་མ་བཤད་རྒྱུར་ཁས་ལེན་དམ་བཅའ་གཙང་མ་བྱས་ཡོད་ལ། དེ་བཞིན་བོད་ཀྱི་རིག་གཞུང་དང་འབྲེལ་བའི་ཕ་སྐད་གཙང་མ་ནི་མི་རིགས་ཤིག་གི་སྲོག་རྩ་ཡིན་པས་ང་ཚོ་བོད་པ་མི་རེ་རེ་ཡིས་རྐང་འགན་འཁུར་དགོས་པའི་དུས་ལ་བབ་ཡོད་པ་མ་ཟད། ལྕགས་སྟག་གི་དུས་ཚིགས་གསར་བ་འདི་ནས་མགོ་བཟུང་སྟེ་བོད་སྐད་གཙང་མ་བཤད་རྒྱུའི་གོམ་སྟབས་གསར་བའི་སྤོབས་པ་ཞིག་སྔར་ལས་གོང་འཕེལ་གཏོང་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན། ངེད་ཅག་གི་ལས་དོན་འདིར་རྒྱབ་སྐྱོར་མཚོན་ཕྱིར་དང་བླང་གིས་འཛུལ་ཞུགས་གནང་མཁན་ཏིང་འཛིན་སྐྱིད་དང༌། རྨེ་བ་པདྨ་འཚོ། འཇམ་དབྱངས་སྦྱིན་པ་བཅས་ཡོད་ལ། ད་དུང་འདི་ལྟར་ལས་འགུལ་འདིར་ཞུགས་མཁན་ཡོད་ཚེ་ངེད་རྐང་འཛིན་པ་རྣམས་ཀྱིས་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བཀོད་འདུག
ལས་འགུལ་འདི་བཞིན་དུས་བབ་ཟིན་པ་ཚང་མར་གཅིག་སྤེལ་ཐུབ་ན་ཡིག་ནོར་ཉུང་རྒྱུ་ངེས་པར་དུ་ཕན་རླབས་ཆེ། དྲྭ་གྲོགས་ཚོ་འདིའི་སྐོར་དགོངསཚུལ་རེགསུང་དང༌།
མིང་ཐོ་བསྡུ་གི་ཡོད། གལ་སྲིད་འབྲེལ་བ་དགོས་ཚེ།ཁ་པར་ཨང་གྲངས་འདི་དག་གང་ལ་འབྲེལ་བ་བྱེད་ན་ཆོག་
མགོན་པོ། ༩༨༡༦༣༡༥༨༢༢ཨ་འཇམ།༩༨༡༦༨༥༡༨༤༠
མེ་འོད་ལགས་མ་མཇལ་ཡུན་རིང་། ཁྱོད་ཚོས་རྣམ་དཀར་གྱི་ལས་འགུལ་འདི་འདྲ་དག་སྤེལ་བར་ངས་སྔ་མོ་ནས་རྒྱབ་སྐྱོར་ཇུས་ཡོད། ཐུགས་རྗེ་ཆེ། ངས་དེ་རིང་འདྲི་རྒྱུ་ཞིག་ནི་ལས་འགུལ་འདིར་ཞུགས་མཁན་གྱི་མི་ཐོ་བསྡུ་ཡི་ཨེ་ཡོད་ན་ཟེར་བ་འདི་ཡིན་པས་འདིར་ལན་ཞིག་འདེབས་རོགས།
ང་ཚོའི་ལས་ཀ་འདི་ལ་རྒྱབ་སྐྱོར་བྱེད་མཁན་རྣམ་ལ་ཐུགས་རྗེ་ཆེ་ཞུ་གི་ཡོད། གཙོ་བོ་ང་ཚོ་ལ་རྗེས་ཡི་རང་དང་བསྔགས་བརྗོད་ཙམ་བྱས་པས་ཅི་ཡང་མི་ཕན། སོ་སོས་ས་ནས་འབད་བརྩོན་རེ་བྱེྲད་རྒུ་རེ་བ་ཡིན། ང་ཚོའི་ལས་འགུལ་ནང་ལ་ཞུགས་མཁན་སུ་ལ་དགའ་བསུ་ཞུ་གི་ཡོད། ཁ་པར་ཨང་གྲངས་འདི་དག་གང་ལ་འབྲེལ་བ་བྱེད་ན་ཆོག་
མགོན་པོ། ༩༨༡༦༣༡༥༨༢༢ཨ་འཇམ།༩༨༡༦༨༥༡༨༤༠
རྨ་ཆུའི་མགོན་པོ་དོན་གྲུབ་དང་ཨ་འཇམ་ལ་སོགས་ནོར་གླིང་གཞོན་ནུ་ཤེས་ཡོན་ཅན་འགའ་ཞིག་གིས་རང་སྐད་གཙང་མ་སྤྱོད་པའི་ལས་འགུལ་འདི་ནི་ཆེས་རླབས་ཆེ་བ་ཞིག་ཡིན་པས་གུས་པས་རྗེས་སུ་ཡི་རངས་དང་རྒྱབ་སྐྱོར་ཞུ་གི་ཡིན༎
འདི་ནི་ལག་ལེན་གསེར་གྱི་ཐིགས་པ་ཟེར་བ་དེ་རེད། མ་གཏོགས་ཁ་བཤད་ཆུ་ཡི་ལྦུ་བ་ཁོ་ནས་དེ་ཙམ་གྱིས་ཕན་པ་ཆུང་ངོ༎
སླར་རྣམ་ལྷན་རྒྱས་ལ་ལོ་གསར་པའི་ནང་བྱ་བ་ལམ་ལྷོང་དང་བཞེད་དོན་ལྷུན་འགྲུབ་ཡོང་བའི་རེ་སྨོན་གྱིས་བརྒྱན་ཏེ་ཕུལ།
ཀརྨ་རྡོ་རྗེ་ལགས།
གནས་སྐབས་རིང་སྐད་ཡིག་ཚགས་པར་ལ་དྲ་ཚིགས་མེད། ཡིན་ནའང་། འོད་དཀར་དྲ་ཚིགས་ནང་སྐད་ཡིག་ཚགས་པར་ལ་ས་མིག་ཅིག་བླངས་ནས་གནས་སྐབས་རིང་སྐད་ཡིག་ཚགས་པར་སྟེང་གི་རྩོམ་ཡིག་དང་བཅར་འདྲི་ཡིག་ནོར་ཐེར་འདོན་རིགས་དེ་ནས་ལྟ་ཀློག་ཐུབ་པར་འབད་ཀྱིན་ཡོད།
གལ་སྲིད་དེ་མིན་སྐད་ཡིག་ཚགས་པར་སྟེང་བསམ་ཚུལ་འདྲ་གསུང་རྒྱུ་ཡོད་ཚེ།
༩༨༠༥༣༤༤༧༨༩ འདིའི་སྟེང་འབྲེལ་བ་གནང་རོགས།
བཀའ་དྲིན་ཆེ་ངོ་མ་བཟང་གི་མི་མཐུད་གནས་ཐུབ་པར་སྨོན། འདི་འདྲའི་ལས་འགུལ་ཕྱོགས་གང་ས་ནས་སྤེལ་ཐུབ་ན་ཕན་ཐོགས་ཡོད་པར་ངེས་།
སྐད་ཡིག་ཚགས་པར་གྱི་དྲ་ཚིགས་ཡོད་དམ། ཁ་བྱང་གང་ཡིན། གང་ནས་ཐོབ་བམ།
ལས་འགུལ་དེ་དོན་དམ་པ་ཞིག་ལས་གཏམ་བརྗོད་ལྟ་བུར་མི་འགྱུར་བའི་རེ་སྨོན་ཞུ།།
ལས་འགུལ་ལ་རྗེས་སུ་ཡི་རང་དང་། ད་ལྟ་ང་རང་ལས་འགུལ་དེར་ཞུགས་མཁན་གྲས་ལ་འཇུག་འདོད་ཀྱིས་རྒྱལ་སྒོའི་ཕྱི་ལོགས་ལ་བང་རིང་པོའི་ནང་ལ་རུ་སྒྲིག་ནས་བསྡད་ཡོད།
ལས་འགུལ་གང་ཡིནའང་འགོ་རྩོམ་རྒྱུ་ཧ་ཅིང་ལས་སླ་མོ་ཞིག་རེད ། ཡིན་ན་ཡང་འཇུག་སྐྱོང་རྒྱུ་དེ་པས་ཀྱང་དཀའ །
ཚོ་ཁག་གཅིག་འདི་ལྟར་ཁས་བླང་དམ་བཅའ་བྱས་པ་བཟང་ཀི དམ་བཅའ་འདི་མ་ཤོར་རང་ཤོར་བྱོང་བའི་དུས་ཚོད་ཅིག་ཡོད་སྲིད། དུས་ཚོད་དེ་འདྲ་ཞིག་སླེབས་པའི་དུས་ལ་གྲ་བསྒྲིགས་གང་འདྲ་བྱེད་རྩིས་ཡོད་ན ། དཔེར་ན་ བཙན་བྱོལ་ནང་སྐྱེས་པའི་བོད་རིགས་ཤིགམཉམ་དུ་སྐད་བརྡ་བྱེད་སྐབས་འདགས་རྫས་ལ་འདགས་རྫས་ཞེས་མ་གོ་ན་ཡས་ཙུ་རེད་ཞེས་འགྲེལ་བཤད་རྒྱགས་དགོས་པའི་ཚད་ལ་ཐོན་ན་ཁྱེད་ཀྱི་བྱེད་རྩིས་ཡོད།
དྲྭ་གྲོགས་ཆུ་ཐིགས་སྔོན་མོ་ལགས། ང་དག་ཆར་བྱང་ཡོད། དག་ཡིག་གསར་རྙིང་དང་བརྡ་གསར་རྙིང་ལ་ཐོགས་པ་མེད། ཁྱོད་ཀྱིས་ང་ལ་སྐྱོན་འཛུགས་མ་བྱེད་རོགས། འདི་རྫུན་དང་རྩེད་མོ་རྩ་བ་ནས་མིན། ཤེས་སོང་ངམ། ཁྱོད་ཀྱིས་ཇི་ལྟར་ང་ལ་ཀླན་ཀ་འཚོལ་འདོད་མིན་ལབ་རུང་དག་ཆ་དང་ཡིག་རྩའི་ཆ་ནས་བཤད་ན་ཀླན་ཀ་འཚོལ་འདོད་རང་རེད། དྲྭ་ཚིགས་འདི་ན་མཆན་བུ་དག་མོ་ཞིག་དང་དོན་ལྡན་ཞིག་འདེབས་མཁན་ང་འདྲ་ག་ཚོད་འདུག་ལྟོས་དང་། རྙིང་རྗེ། གོ་ལོང་དང་མིག་སེར་ཁྲག་དོག་བཅས་ཀྱི་རྒྱ་ལས་མ་ཐར་བའི་ཁྱོད། ལྷག་ཏུ་རྙིང་རྗེ་བཞིན་འདུག
བཀྲ་ཤིས་སྒྲོལ་མ་ལགས་ཀྱིས་ད་དུང་དག་ཆའི་ཕྱོགས་ལ་ཅུང་ཙམ་སྦྱང་ན་ཡག་ས་རེད་་་་་་་་་གཞན་སྐྱོན་ལ་མཛུབ་མོ་འཛུགས་དུས་རང་སྐྱོན་མེད་པའི་སྒོ་ནས་བྱེད་ཅི་ཐུབ་བྱ་དགོས་པ་ལོས་ཤེས། ངས་ཁྱེད་ལ་ཀླན་ཀ་འཚོལ་བ་དེ་འདྲ་མིན། སྤྱིར་བཏང་དྲ་ཚིགས་འདི་དག་ཆས་སྟོངས་འདུག་པས་ནམ་ཡིན་ཡང་སེམས་པ་དེ་ཙམ་སྐྱིད་པོ་ཞིག་མི་ཡོང་བས་འདི་ལྟར་ཤོར་སོང་བ་ལས་གཞན་ཅི།
མ་གཞི་ནས་དྲྭ་གྲོགས་ཚོས་འདི་ལྟར་ཁོང་ཚོར་ཡི་རང་དང་རྩམ་པ་ཇི་ལྟར་མཆོད་རུང་ང་ལ་དགག་བྱ་གཏན་ནས་མེད། འོན་ཀྱང་ཡི་རང་བྱེད་རེས་དང་རྩམ་པ་མཆོད་རེས་བྱས་ནས་འདུག་རྒྱུ་ལས་རང་རང་ས་ནས་འདི་འདྲའི་ལས་གཞི་རེ་མགོ་འཛུགས་བྱས་ན། ཁོང་ཚོས་ལས་གཞི་ལ་སློབ་སྦྱོང་རེ་བྱས་ན། ཁོང་ཚོས་བྱེད་སྟངས་ལ་ངེས་ཤེས་རྙེད་པའི་སྟེང་ནས་ལད་ཟློས་རེ་བྱེད་ཐུབ་ན། ད་གཟོད་ང་ཚོ་ཐུན་མོང་གིས་གླེང་བཞིན་པའི་སྐད་ཡིག་ཡར་རྒྱས། བསྐྱར་གསོ། སྲུང་སྐྱོབ་བཅས་ངང་གིས་འགྲུབ་རྒྱུར་གདོན་མི་ཟ། དེ་མིན་་་་་་་་་་་་་ཁག་པོ་རེད།
སྤྱིར་རིན་ཐང་གི་ལྟ་བ་ཟེར་བ་དེ་ལྟོས་ས་ལྟོས་འཇོག་གིས་བཤད་དགོས་སྟབས། འདིར་རིན་ཐང་འདུག འདིར་རིན་ཐང་མི་འདུག་ཅེས་ཁ་ཚོན་བཅད་དེ་བཤད་དཀའ་ཡང་། ང་སྒེར་གྱི་དུང་ཁ་ཁྱེར་ཕྱོགས་ལྟར་བཤད་ན། མི་ཕལ་ཆེ་བར་ལོ་གསར་བའི་ནང་དམ་བཅའ་འདྲ་མིན་ཞིག་ཡོད་པ་ལས་མི་རིགས་ཀྱི་སྲོག་རྩར་བརྙབ་པའི་སྐད་ཡིག་རིག་གནས་ཐད་ཀྱི་དམ་བཅའ་དེ་དམ་བཅའ་གཞན་ལས་དཔུང་མཐོ་བར་མཐོང་གིན་ཡོད།
ཁྱོད་ཚོས་ཀུན་སློང་འདི་འདྲ་ཞིག་ཁུར་ཡོང་དུས་འདི་དང་མཉམ་དུ་རྒྱུན་པར་རང་སོ་སོའི་གཡས་གཡོན་ནས་སྐད་འདྲེས་འཆོར་མང་ཤོས་ཀྱི་ཐ་སྙད་དེ་ཚོ་དྲ་རྒྱ་དང་ཚགས་པར། ཐ་ན། བོད་མི་འདུས་སྡོད་ཀྱི་སྲང་ལམ་དང་བཞི་མདོ་གང་སར་གྱང་སྦྱར་བྱ་ཐུབ་ན་ཅི་འདྲའི་ཡིད་དུ་འོང་བ་ཞིག་རེད། མིང་ཚིག་དེ་ཚོ་ཉེ་ཆར་བོད་ནས་གསར་དུ་ཐོན་པའི་མིང་མཛོད་དང་མཐུན་པ་སྤྱོད་དགོས་རྒྱུ་གལ་ཆེན་རེད། གཞན་འདི་དོན་བོད་གཞུང་ལའང་བསམ་འཆར་ཕུལ་ཏེ་རྒྱབ་སྐྱོར་ཡོང་བར་ཞུས་ན་ལས་ཆོད་ཆེ་བ་ཡོང་རྒྱུ་སྨོས་མེད་རེད། གང་ལྟར་ལས་དོན་འདི་མགོ་འབུར་ཙམ་བྱས་ཏེ་ག་ཤེད་དུ་གཞའ་སོང་བ་མིན་པར་རྒྱ་ཇེ་ཆེ་དང་ཡུན་རིང་ལ་འབད་འཐབ་བྱ་དགོས། གང་ཞེ་ན། མི་རིགས་ཤིག་ཡུན་གནས་ཐུབ་རྒྱུར་སྐད་ཡིག་ལས་གལ་ཆེ་རྩ་ནས་མེད་པས་ཡིན།
དོན་གནད་འདིར་ངས་དམིགས་བསལ་གྱིས་ལས་འགུལ་ལྟ་བུའམ་ས་བསྒྲགས་རྡོ་བསྒྲགས་བྱེད་མྱོང་གང་ཡང་མེད་ནའང་། ངའི་སེམས་དབུས་ན་རིགས་ཞེན་གྱི་དུངས་བ་བཅོས་མིན་ཞིག་སྦྲུམ་ཡོད་པའི་སྟབས་ཀྱིས་ངས་ཕལ་ཆེར་དུས་རྒྱུན་ནས་བོད་ཕྱི་ནང་གང་དུའང་སྐད་འདྲེས་ཀྱིས་མི་དང་སྐད་ཆ་བྱེད་མྱོང་བ་ཧ་ཅང་ཉུང་ཉུང་ཡིན། ཏག་ཏག་ང་ལ་སུས་ཀྱང་འགྲན་དཀའ་བའི་སྤོབས་སེམས་གཅིག་རང་ཡོད་པའང་འདི་ཐད་ཡིན། དེ་རིང་འདིར་དམ་བཅའ་བྱ་མཁན་གྱི་མི་འདི་ཚོ་ངས་རྒྱུས་མངའ་ཡོད་པ་རྐྱང་རེད་པས། རྗེས་ཕྱོགས་སུ་ཁོང་ཅག་གི་དམ་བཅའ་ལའང་བྱ་ར་གང་ཐུབ་བྱ་འདོད་ཡོད། གང་ལྟར་བསམ་སྦྱོར་འདིར་ངས་ཁ་ཞེ་གཉིས་མེད་ནས་རྒྱབ་སྐྱོར་ཡོད།
ལྷག་བསམ་གྱི་ཕྱུགས་པའི་ཤེས་ལྡན་པ་ཁྱེད་ཅག་གིས་བཙན་བྱོལ་སྤྱི་ཚོགས་ལ་འདི་ལྟ་བའི་མིག་དཔེ་ལྟ་རུང་བ་དང་སྣེ་འཁྲིད་ཀྱི་ནུས་པ་ལྡན་པའི་ལས་འགུལ་ཞིག་སྤེལ་གྱིན་པར་གུས་པས་རྗེས་སུ་ཡི་རངས་ཞུ་བ་ཡིན་ལ། དམ་བཅའ་འདིས་བཙན་བྱོལ་སྤྱི་ཚོགས་ཀྱི་ལས་ཁུངས་ཡོངས་ལ་ཤན་ཤུགས་ཐེབས་ཐུབ་པར་སྨོོན།
ཁོང་རྣམ་པའི་ལས་འགུལ་འདི་བོད་མི་རིགས་ཀྱི་འགན་འཁྲི་ལ་འགན་བླངས་ཡོད་པ་འི་མངོན་རྟགས་གསལ་བོ་ཞིག་ཡིན་པ་མ་ཟད། མི་མང་གིས་མིག་དཔེ་ལྟ་སའི་ལས་འགུལ་གལ་ཆེན་ཞིག་ཀྱང་རེད།
དེ་བས་གཞུང་སྒེར་དང་ཚོགས་སྡེ་འདྲ་མིན། རྩོམ་སྒྲིག་ཁང་འདྲ་མིན་སོགས་ཀྱིས་ཀྱང་རང་རང་གི་ཁོར་ཡུག་ནས་འདི་ལྟ་བུའི་ལས་འགུལ་ཞིག་མགོ་རྩོམ་ཐུབ་པ་ཡིན་ན་དངོས་གནས་སྐད་ཡིག་སྲུང་སྐྱོབ་ཀྱི་ལག་ལེན་དངོས་ལ་ཞུགས་པ་ཡིན་པས་ཚང་མས་ཧུར་བརྩོན་གནང་རོགས།
བོད་ནང་སྔོན་མ་ནས་འགྲོ་བཞིན་ལས་འགུལ་འདི་འདྲ་བོད་ཕྱི་ལོགས་ནས་ཀྱང་སྤེལ་ཡོང་དུས་དངོས་གནས་འོད་སྣང་གི་ཕྱོགས་སུ་གོམས་བགྲོད་བྱེད་ཀྱིན་པའི་སྣང་བ་སྟེར་གི། བཀའ་དྲིན་ཆེ། རྣམ་པ་ཚོས་བོད་ཕྱི་ལོགས་སུ་ཡོད་པའི་ང་ཚོ་ལ་ལོ་རྒྱུས་རང་བཞིན་གྱི་ལོ་སར་འདིར་ལེགས་སྐྱེས་ཀྱང་ལོ་རྒྱུས་ཀྱི་རིན་ཐང་ཡོད་པ་ཞིག་བསྣམས་ནས་ཕེབས་པར་ཆགས་འཇོག་གི་ཡིན།
ཁྱེད་ཅག་གིས་བྱས་པའི་ལས་ལ་རྒྱབ་སྐྱོར་ཡོད་པ་སྨོས་མེད་ཡིན། འོན་ཀྱང་བྱེད་མཁན་ཁྱེད་ཚོ་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཉམས་ཞིབ་སྡེ་ཚན་དང་དེ་འབྲེལ་གྱི་ནོར་གླིང་ལས་མི་རྐྱང་རེད། མ་གཞི་དེ་མ་འགྲིག་པ་གང་ཡང་མ་རེད། ཡིན་ཡང་བསམ་དགོས་པ་ཞིག་ཡོད། ཁྱོད་ཚོ་ཅིའི་ཕྱིར་སྐུ་ངོ་སྐལ་བཟང་ཡེ་ཤེས་འདྲ་བའི་མི་ཐེབ་ཆག་དང་རྒྱུ་ཤེད་རྐྱང་གིས་བཙན་བྱོལ་ནང་གི་མགོ་རྔ་ཀུན་ལ་བཙན་བསྐུལ་ཨར་འདེད་བྱེད་མཁན་མི་བུ་འདིའི་མངའ་འོག་ནས་སྤྲེལ་ལད་ཀྱི་་མཇུག་མ་རིང་བོ་ཞིག་དྲུད་དེ་འདུག་དགོས་བྱུང་པ་རེད། ང་ཅུང་ཡ་མཚན་གི། ང་ཅུང་ངོ་གནོང་གི། ཁྱེད་ཚོ་དངོས་གནས་མི་ཡག་པོ་དང་ཅུང་བོད་ཀྱི་རིག་གནས་ལ་ཤེས་རྟོགས་ཡོད་མཁན་རྐྱང་རེད། ད་དུང་ནོར་གླིང་གི་ལས་སྟངས་དང་བཅས་སྟངས་མང་པོའི་ཐད་ནས་ང་ལ་བསམ་ཚུལ་ཤོད་རྒྱུ་ཡོད་ལ་རྒྱུ་ཆ་ནི་བཤད་མ་དགོས་པ་རེད། ཁྱེད་ཚོས་སེམས་པ་ལྷོད་ལ་ཞོག་དང་། ལག་པ་བྲང་ལ་ཞོག་དང་། ཁོག་ནས་འདང་ཞིག་རྒྱོབ་དང་། བསམ་བློ་བསྐྱར་དུ་ཐོངས་དང་། ད་ཁྱོད་ཚོའི་སུ་ལ་ལས་དཀའ་བྱེད་འདུག ཚོང་རྒན་ཞིག་ལ་ཞབས་ཕྱི་སྒྲུབ་ཀྱི་མི་འདུག་གམ།
ད་མི་བསམ། འདི་འདྲ་བསམ་དུས་ང་སེམས་མི་སྐྱིད་གི།
གནས་ཚུལ་ཡག་པོ་གོ་རྒྱུ་འདུག ད་དུང་དེ་ཙམ་མ་ཟད་དྲྭ་རྒྱའི་ཐོག་ཏུ་བོད་ཡིག་གླེང་མོལ་གནང་རྒྱུ་མང་དུ་བཏང་ཐུབ་ན་འདི་ལས་དགེ་མཚན་ཆེ་བར་མཐོང་།
ཁྱེད་ཚོའི་ཁ་བྲོ་གོ་ཡེ།
དངོས་གནས་ལས་འགུལ་ཡག་པོ་འདུག་་་་་ལས་འགུལ་འདི་བོད་སྤྱིའི་སྤྱི་ཚོགས་ནང་ལ་དར་ཁྱབ་ཡོང་བའི་རེ་བ་ཡོད