བཞུགས་སྒར་རྡ་སར་གནས་སྡོད་འཇོ་མདའ་འགྱུར་མེད་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཉེ་ཆར་བོད་རང་སྐྱོང་ཟེར་བའི་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས། སྤྱི་ལོ་ ༢༠༡༠ སྤྱི་ཟླ་ ༢ པའི་ནང༌། སྡེ་དགེ་འཇོ་མདའ་རྫོང་ཁོངས་ཀྱི་བསོད་སྟོབས་ལ་ལོ་ ༧ དང༌། སྡེ་དགེ་རྫོང་ཁོངས་བསོད་རྡོར་ལ་ལོ་ ༥ ། སྡེ་དགེ་རྫོང་ཁོངས་ངག་རྡོར་ལ་ལོ་ ༤ ། ཚ་བ་སྒང་བསོད་ཕྲུག་ལ་ལོ་ ༤ བཅས་ཀྱི་ཁྲིམས་ཐག་བཅད་པའི་གནས་ཚུལ་ཐོན་འདུག
ཁོང་བཞི་ནི་སྔ་ལོ་ཕྱི་ཟླ་ ༦ ཚེས་ ༧ ཉིན་ལྷ་སར་བོད་མི་ ༢༠༠ ཙམ་གྱིས་ལྷ་རྒྱལ་སྒྲོག་པའི་ལས་འགུལ་སྤེལ་རྗེས། བོད་མི་དྲུག་འཛིན་བཟུང་བྱས་པའི་ནང་ནས་གཉིས་སྔོན་ལ་བཏང་བའི་ལྷག་མ་བཞི་པོ་དེ་ རེད། ཁོང་ཚོ་འཛིན་བཟུང་བྱས་དོན་ནི། སྔར་ལོ་ཟླ་ ༦ ཚེས་ ༧ ཉིན་བོད་རིགས་ཚོས་བོད་ཆས་གཙང་མ་གོན་ཏེ་ཇོ་ཁང་ལ་སྐོར་བ་གསུམ་བརྒྱབས་ཏེ་པོ་ཏཱ་ལའི་ཕོ་བྲང་བར་དུ་ཀི་བསྭོ་ལྷ་རྒྱལ་བཀྱགས་ནས་བཤར་བར་བརྟེན། རྒྱ་ནག་གཞུང་གིས་དེར་ཆབ་སྲིད་ཀྱི་རྒྱབ་ལྗོངས་ཡོད་པའི་ལས་འགུལ་གྱི་ངོ་བོར་ངོས་འཛིན་གྱིས་ཁོང་ཚོ་འཛིན་བཟུང་བྱས་པ་ཡིན་འདུག
ཁོང་ཚོ་འཛིན་བཟུང་བྱས་པ་དང་འབྲེལ་ཡོད་ཁག་ཅིག་གིས་ཁྲིམས་རྩོད་པ་གླས་ནས་ཁྲིམས་ཁང་དུ་གཏུགས་གཤེར་བྱས་སྐབས། ཁྲིམས་རྩོད་པས། བསངས་གཏོང་བ་དང༌། ལྷ་རྒྱལ་སྒྲོག་པ་ནི་བོད་རིགས་ཀྱི་ཆོས་ལུགས་གོམས་སྲོལ་དང་འབྲེལ་བ་དམ་ཟབ་ལྡན་པའི་ལས་འགུལ་ཞིག་ལས། ཆབ་སྲིད་ཀྱི་གནད་དོན་ཡིན་པའི་དཔང་རྟགས་གང་ཡང་མེད་སྟབས། བདུན་ཕྲག་གཅིག་གི་ནང་མར་བཏོན་ཐུབ་ཀྱི་རེད་ཅེས་བཤད་ཡོད་ནའང༌། ཁྲིམས་ཁང་ནང་ཁོང་བཞི་ལ་ཆབ་སྲིད་ཀྱི་དོགས་གཞི་ཡོད་ལུགས་ཀྱི་འགྲེལ་བརྗོད་ཙམ་ལས་གནས་ཚུལ་གསལ་པོ་གང་ཡང་བཤད་མ་བཅུག་པར་ཟླ་བ་ལྔ་ལྷག་ལ་བཀག་ཉར་བྱས་འདུག ཉེ་སྔོན་ ༢༠༡༠ ཟླ་བ་ ༢ པའི་ནང་ཁྲིམས་ར་ཚུགས་པ་དང་ཁྲིམས་རྩོད་པ་གླས་ནས་ཞུ་སྦྱོར་སྔ་ཕྱིའི་བར་རྩོད་གླེང་ཚིག་འབྲུ་གཅིག་ཀྱང་བྱེད་རྒྱུའི་གོ་སྐབས་དང་ཐོབ་ཐང་མ་སྤྲད་པར། གློ་བུར་ཐོལ་བྱུང་དུ་ལོ་དུས་རྒྱས་བཅད་ཀྱི་བཅད་ཁྲའི་ཡི་གེ་འབྱོར་བ་ཙམ་ལས། དྲང་བདེན་གྱི་ཁྲིམས་རྩོད་དང་ཐག་གཅོད་བྱེད་རྒྱུའི་གོ་སྐབས་རག་མི་འདུག ད་བར་ཁོང་བཞིས་ཆབ་སྲིད་དང་འབྲེལ་བའི་ལས་ཀ་འདི་རེད་ཅེས་ཁྲིམས་ཁང་ནས་དཔང་རྟགས་ཡོད་པའི་འགྲེལ་བརྗོད་ཚིག་འབྲུ་གཅིག་ཀྱང་བཤད་རྒྱུ་རྙེད་མེད།
ཀི་བསྭོ་ལྷ་རྒྱལ་གྱི་འབོད་སྒྲ་སྒྲོག་པ་དང་བོད་ཆས་གོན་ནས་གླིང་སྐོར་ལ་བསྐྱོད་པར་རྡུང་རྡེག་དང་བཙོན་འཇུག་ཁྲིམས་ཆད་ཀྱི་ཐག་གཅོད་བྱེད་པ་ནི། དྲང་བདེན་མིན་པའི་ཁྲིམས་ཆད་ཡིན་པར་མ་ཟད། མངོན་སུམ་འཛེམས་མེད་ཀྱིས་བོད་མི་རིགས་ཀྱི་ཆོས་རིག་གོམས་སྲོལ་འབུར་འཇོམས་དང༌། གྲངས་ཉུང་མི་རིགས་ལ་མཐོང་ཆུང་དང་ཁྱད་བསད་ཀྱི་རྣམ་པ་ཡང་རང་བཞིན་གྱིས་གསལ་པོ་ཐོན་ཡོང་གི་ཡོད་པ་རེད་ཅེས་གནས་ཚུལ་མཁོ་སྤྲོད་པས་བརྗོད་ཡོད།
རྒྱ་ནག་ཁྲིམས་འོག་ལ་ཆབ་སྲིད་པའི་བཙོན་པ་ག་ཚད་མང་བ་ཡོད་དེའི་ཚོད་ཀྱི་ཡུལ་མིར་རང་དབང་མེད་པའི་རྟགས་རེད། ཆབ་སྲིད་བཙོན་པ་ཚོ་གང་མྱུར་གློད་རོགས་གནང་།
འདི་འདྲ་རང་དུ་མ་ཤོད་་་་་་་་ སྤྱིར་སེམས་ཅན་གྱི་མི་ཞིག་དྲ་རྒྱ་འདིའི་ཐོག་བྱུང་ངམ་་་་་་་་ཧཧཧཧཧཧ
བོད་ནང་གི་བོད་དོན་གྱི་ཆེད་དུ་ཅིག་བྱེད་མཁན་དེ་ཚོར་ལོ་མང་པོའི་ཁྲིམས་ཐག་བཅད་དང་གཅོད་བཞིན་ཡོད་པ་རེད། བཙན་བྱོལ་ནང་དུ་ཉིན་འགར་བཙོན་བཅུག་དང་བགག་འགོག་འདྲ་བྱས་དང་ན་དཔའ་བོ་ཟེར་ནས་གནམ་ལ་བསྟོད་ཀི
ད་གང་ལྟར་བོད་མི་ཁོ་ཚོའི་གཟུགས་གཞི་ལ་གཅོད་ནད་འདྲ་མ་བཟོས་པར་གང་མགྱོགས་གློད་གྲོལ་ཡོང་བར་སྨོན།
སྟག་ལོའི་ལོ་མགོ་ནས་གཏམ་ངན་མང་དག་ཞིག་གོ་སོང་་་་་་་ད་སེམས་པ་ཆུང་སོང་བས་ཡིན་ནམ་གོ་རྒྱུ་མང་སོང་བས་རེད་་་་ང་བཤད་ན་འདོད་ནི་མང་བོ་མང་བོ་ཞིག་འདུག་་་་རེད་རེདད་ད་བཤད་ནས་བདད་པས་ཕན་ཐོག་ཅི་ཞིག་ཡོད་་་་་ད་བུ་ཚ་དེ་དག་གི་སྡུག་བསྔལ་མྱོང་རྒྱུ་རེད་ཡ་་་་་་