དེ་རིང་ཉིན་རྒྱབ་བཞུགས་སྒར་ངྷ་རམ་ས་ལའི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔ་ཐུན་མོང་གིས་ཉིན་འདི་གའི་རྒྱ་གཞུང་གི་བྱེད་སྤྱོད་ལ་ངོ་རྒོལ་གྱི་བསྒྲགས་གཏམ་ཞིག་སྤེལ་ཡོད་ལ། བསྒྲགས་གཏམ་དེ་དང་ལྷན་དུ་བཞུགས་སྒར་ཁུལ་གྱི་སེར་སྐྱ་མི་དམངས་ལྷན་ཞུགས་ཐོག དོན་ནུབ་མེག་ལོ་རླངས་འཁོར་འབབ་ཚིགས་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་བར་མར་མེ་ཁྲོམ་སྐོར་ཞིག་ཀྱང་གནང་ཡོད། ངོ་རྒོལ་བསྒྲགས་གཏམ་དེར་བཀོད་དོན། རྒྱ་ནག་གཞུང་གིས་མུ་མཐུད་དེ་མི་རིགས་རྩ་མེད་དང༌རིག་གཞུང་རྩ་མེད། འབྱུང་ཁམས་རྩ་མེད་སོགས་རྩ་མེད་གསུམ་གྱི་ངན་གཡོའི་སྲིད་ཇུས་ལག་བསྟར་བྱ་རྒྱུར་ཤུགས་སྣོན་རྒྱག་བཞིན་པ་མ་ཟད། རླབས་ཆེན་གྱི་གསུམ་བཅུའི་དུས་དྲན་སླེབས་ལ་ཉེ་བའི་མཚམས་སུ། བོད་མི་རིགས་ཀྱིས་བཙན་འཛུལ་ལ་ཡར་ལངས་བྱ་རྒྱུའི་འཇིགས་དངངས་འོག བོད་ཀྱི་ས་ཁུལ་ངེས་མེད་དང༌བཙོན་ཁང་ངེས་མེད་དུ་བོད་མིའི་བདེན་དོན་རྩོད་ལེན་བྱེད་མཁན་ཚོར་རྡུང་རྡེག་ཚ་ནན་ཟེར་བའི་གཏུམ་དྲག་ཅན་གྱི་ལས་འགུལ་སྤེལ་མགོ་ཚུགས་ཏེ། ཉིན་ཤས་ནང་ལྷ་ས་གཅིག་པུ་ནས་བོད་མི་གྲངས་ ༧༠ ལྷག་ཉེས་མེད་བཀག་ཉར་བྱས་པ་དང༌། ད་ཆ་ལྷ་སའི་གྲོང་ཁྱེར་ཡོངས་དམག་དཔུང་གི་དམ་དྲག་འོག་འགྲོ་འདུག་རང་དབང་མེད་པའི་འཇིགས་སྐྲག་འོག་གནས་མུས་ཡིན། དེ་མཚུངས་བོད་ཀྱི་ས་ཁུལ་གཞན་དག་ཏུ་ཡང་དྲག་གནོན་གྱི་ལས་འགུལ་སྤེལ་བཞིན་ཡོད་འདུག ཅེས་བཀོད་འདུག
བསྒྲགས་གཏམ་ནང་མུ་མཐུད་བཀོད་དོན། ཉེ་ཆར་དཀར་མཛེས་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་རྒྱལ་ཁབ་ཀྱི་ཁ་བྲལ་དང༌། སྤྱི་ཚོགས་བདེ་འཇགས་ལ་ཁ་གཡར་ཏེ་བོད་མི་པད་མ་ཡེ་ཤེས་ཞུ་བ་ཞིག་ལ་ལོ་གཉིས་དུས་འགྱངས་ཀྱི་སྲོག་ཁྲིམས་བཅད་ཡོད། དེ་ལྟར་བོད་མི་ཆབ་སྲིད་བཙོན་པ་ཚོར་ཉེས་མིང་སྣ་ཚོགས་བཏགས་ནས་སྲོག་ཁྲིམས་དང༌། ཚེ་བཙོན་སོགས་ཀྱི་ལོ་གྲངས་འདྲ་མིན་གྱི་ཁྲིམས་ཆད་བཅད་པའི་སྣང་ཚུལ་དེ་ནི་ད་ལྟའི་ཆར་རྒྱ་ནག་གི་ཆབ་སྲིད་བཙོན་པ་ཚོ་གང་བྱུང་དམར་གསོད་གཏོང་བ་དང༌། མནར་གཅོད་གཏོང་བ། འཇུ་བཟུང་སོགས་ཀྱི་ལམ་ནས་བོད་མི་རིགས་རྩ་མེད་བཟོ་བའི་ངན་ཇུས་གཞན་ཞིག་ཡིན་སྟབས། ང་ཚོས་རྒྱ་ནག་གི་ཐལ་ཆེའི་བྱ་སྤྱོད་དེར་མཐའ་གཅིག་ཏུ་རྒོལ་གཏམ་ནན་པོ་བསྒྲགས་རྒྱུ་ཡིན། ཞེས་དང་།
ཡང་ཉེས་མེད་ཁྲིམས་ཆད་ཁག་ཅིག་ཕྱིར་འཐེན་བྱ་དགོས་སྐོར་བསྟན་དོན། བཙན་འཛུལ་བྱ་ཡུལ་གྱི་ས་ཁུལ་དང་རྒྱལ་ཁབ་ཅི་འདྲ་ཞིག་གི་ནང་བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་གྱི་ལས་འགུལ་ཇི་འདྲ་ཞིག་སྤེལ་ཡང༌། ཚང་མ་མི་རིགས་དེའི་རང་དབང་རྩོད་ལེན་གྱི་རྩ་དོན་དང་འབྲེལ་བ་ཡོད་སྟབས། དེ་ལ་ཉེས་གསོག་དང་འཇིགས་སྐུལ་བར་ཁག་འདོགས་བྱེད་པ་ནི་རྦད་དེ་ལོག་སྤྱོད་ཀྱི་རང་བཞིན་དང༌། དོན་དེས་གུང་ཁྲན་ཏང་གི་སྐྱུག་བྲོ་བའི་ཆབ་སྲིད་ཀྱི་གདོང་རིས་དེ་སྤྱི་ཚོགས་ནང་གསལ་སྟོན་བྱེད་ཀྱིན་ཡོད། དེར་བརྟེན་ང་ཚོས་གསལ་བཤད་བྱ་འདོད་པ་གཅིག་ནི། རྒྱ་གཞུང་གིས་བོད་མི་གང་བྱུང་དུ་འཛིན་བཟུང་བྱེད་པ་དང༌། དམར་གསོད་གཏོང་བའི་བྱ་སྤྱོད་དེ་རིགས་འཕྲལ་དུ་མཚམས་འཇོག་བྱ་དགོས་པའི་ཁར། སྔ་ལོར་ལོ་ཡག་དང་རྐང་བཙུགས་གཉིས་ཉེས་མེད་སྲོག་ཐོག་བཏང་བའི་ནག་ཉེས་ལ་ཁས་ལེན་དང༌། པདྨ་ཡེ་ཤེས་ལགས་སྲོག་ཐོག་ཁྲིམས་ཆད་འཕྲལ་དུ་ཕྱིར་འཐེན་དགོས་པའི་དགོས་འདུན་འདོན་གྱིན་ཡོད།
མདོར་ན་རྒྱ་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ལུགས་ལ་རྩིས་མེད་གཏོང་བ་དང༌། འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བ། བོད་ནང་རྡུང་རྡེག་ཚ་ནན་གྱི་ལས་འགུལ་སྤེལ་བ་སོགས་འཕྲལ་དུ་མཚམས་འཇོག་བྱེད་དགོས། མཐའ་དོན་བོད་ནང་དཀའ་སྡུག་མྱོང་བཞིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་དང༌། ཁོ་ཚོའི་རྒྱལ་གཅེས་ཡར་ལངས་ཀྱི་སྙིང་སྟོབས་ལ་ང་ཚོས་དུས་གཏན་དུ་སློབ་སྦྱོང་དང་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན། ཞེས་བཀོད་འདུག
བྱེད་ན་ཚང་མས་ལོང་ཤོག། ཆར་གཞི་ལྡན་པའི་ཐོག་ནས་ལོང་ཤོག། འོན་ཀྱང་། ངེས་དགོས་པ་ཞིག་ལ། ཤེས་རབས་ཀྱི་རག་གྲི་དགོས་གལ་ཆེ།
བཀྲ་ཤིས་བདེ་ལེགས།
བསྒྲགས་གཏམ་ཞེས་པ་དེ་ནི་ཡིད་མ་རངས་པའི་ཚིག་ཞིག་འདུག དངོས་གནས་གསལ་བསྒྲགས་སུ་ཡག་པོ་ཡོད་པར་སྙམ།
ང་ཚོར་འདི་ལྟའི་མནར་གཅོད་བཏང་ཡང་། ད་དུང་རྒྱ་གཞུང་ཡིད་ཚིམ་མི་འདུག
དཀོན་མཆོག་མཁྱེན། རེ་འབོད་དང་སྨོན་ལམ། དགོས་འདུན་སོགས་བཏོན་ཏེ་མི་བཅུ་ལྔ་བཅུ་འདི་ལྟར་འདས་སོང་།
རྩ་མེད་གཞན་གཅིག་ནི་བོད་ནང་དང་ཕྱི་ཡི་འབྲེལ་བ་ཡིན་རྒྱུ་རེད་
བསྒྲགས་གཏམ་ཞེས་པའི་ཚིག་འདི་སྙན་པོ་མི་འདུག་ཞུ་རྒྱུ་དང་དེ་ལས་ཡག་བའི་ཚིག་ཞིག་བེད་སྤྱོད་བྱེད་ན། ངས་མཐོང་ཚུལ་ལ་བཙན་བྱོལ་བོད་ཀྱི་བསྒྲགས་གཏམ་ཞེས་པ་དང་ཏྭ་ལའི་རུ་ཚོགས་ཞེས་པའི་ཚིག་འདི་ཚོ་རྒྱ་ནག་དམར་ཕྱོགས་ཚོགས་པའི་བཟོས་པའི་སྨད་ཚིག་དང་མཐོང་ཆུང་བྱས་པའི་ཚིག་འདི་ཚོ་དུས་བབ་དྲ་ངོས་སུ་བེད་སྤྱོད་མ་གཏོང་ན་ཏག་པོ་འདུག་སྙམ།
བསྒྲགས་གཏམ་ཞེས་པའི་ཚབ་ཏུ་གསལ་བསྒྲགས་བྲིས་ན་མི་འགྲིག་གམ།