སྤོབས་པ་མཐའ་ཡས།
ཆོས་ལུགས་སྤྱི་འཐུས་ནི་ཆོས་ཀྱི་ཤུགས་རྐྱེན་ཆེས་ཆེར་ཟབ་པའི་སྤྱི་ཚོགས་ཤིག་ལ་ངེས་པར་དགོས་པ་ཞིག་ཡིན། བོད་མི་བརྒྱ་ཆ་ཕལ་མོ་ཆེའི་ཕྱི་ནང་གསང་གསུམ་ལ་ཆོས་ཀྱི་ཤུགས་རྐྱེན་ཆེ་འབྲིང་ཆུང་གསུམ་ཐེབས་ཡོད་ཅིང་། མདོར་ན་བོད་ཀྱི་མང་ཚོགས་ཆོས་ལུགས་དང་ཁ་འབྲལ་ཐུབ་མེད། བོད་མི་ཆོས་དད་པ་སུ་ཡིན་ཡང་རང་ཉིད་གང་དུ་སྐྱེས་པའི་ཆོས་རྒྱུད་དེ་གང་ལས་ཀྱང་གལ་ཆེན་དུ་བརྩི། བོད་ཀྱི་ལོ་རྒྱུས་སྟེང་དུ་བོད་མི་མང་གིས་ནང་པའི་བསྟན་པ་སྤྱི་དང་ཁྱད་པར་དུ་རང་གི་ཆོས་རྒྱུད་དེའི་ཆེད་དུ་བློས་བཏང་ཆེ་འབྲིང་ཆུང་གསུམ་བྱས་ནས་ལས་དཀར་ནག་ཁྲ་གསུམ་བསགས་པའི་ལོ་རྒྱུས་ལ་གྲངས་ཀ་མེད། ཆོས་དང་མཐུན་པ་དང་མི་མཐུན་པ། སྲིད་ལ་ཕན་པ་དང་མི་ཕན་པ། མི་རིགས་ཀྱི་འཕེལ་རྒྱས་ལ་ལེགས་པ་དང་མི་ལེགས་པའི་ལས་གང་དང་གང་ཡིན་ཡང་ཆོས་ལུགས་དེའི་ཆེད་དུ་བྱས་ཡོད་ལ་ཆོས་རྒྱུད་འདིའི་ཆེད་དུ་བསགས་ཡོད། དེར་བརྟེན་ང་ཚོས་རྒྱ་ནག་ལ་ངོ་རྒོལ་གྱི་རྦ་རླབས་ཀྱང་ཐོག་མར་བྱུང་སྟངས། བར་དུ་མཆེད་ལུགས། ཐ་མའི་འབར་གས་ཚང་མ་ལ་ཡང་ཆོས་ལུགས་ཀྱི་རྒྱབ་རྟེན་ཡོད་ལ་ཆོས་རྒྱུད་ཀྱི་སྲོག་རྩ་ཡོད། རྒྱ་ནག་གིས་ཀྱང་ང་ཚོའི་ལག་ན་ཡོད་ཚད་འཕྲོག་ཡོད། ང་ཚོའི་ཕ་ཡུལ་འཕྲོག་ཡོད། ང་ཚོའི་ཁྱིམ་གཞིས་འཕྲོག་ཡོད། ང་ཚོའི་རང་དབང་འཕྲོག་ཡོད། ང་ཚོའི་བླ་མ་འཕྲོག་ཡོད། ཡིན་ན་ཡང་ང་ཚོའི་ལག་ནས་དངོས་པོ་གཅིག་རང་འཕྲོག་ཐུབ་མེད། དེ་ནི་ང་ཚོའི་བློ་གཅིག་སེམས་གཅིག་གི་དད་པ་འདི་ཡིན། དད་པས་བོད་མི་རིགས་སྲུང་སྐྱོབ་བྱས་ཡོད་ལ་དད་པས་བོད་མི་རིགས་ལ་སྙིང་སྟོབས་བསྩལ་ཡོད། མདོར་ན་ཆོས་ཀྱི་ཤུགས་རྐྱེན་དང་། ཆོས་ཀྱི་སྟོབས་ཤུགས། ཆོས་ཀྱི་རྒྱབ་རྟེན་འདི་ང་ཚོའི་ཕྱི་ཡི་ལྕགས་རི་ཡིན་ལ་ནང་གི་ནོར་བུ་ཡིན།
ཆོས་རྒྱུད་ཀྱི་སྟོབས་ཤུགས་འདི་ཡང་ཆོས་ལུགས་ཆོས་རྒྱུད་རིས་མེད་ཅིག་ཡོང་དགོས་པ་གལ་ཆེན་ཡིན། འདས་པའི་ལོ་རྒྱུས་ཀྱི་སྟེང་དུ་ཆོས་རྒྱུད་སྟོབས་ཤུགས་ཀྱིས་བོད་ཀྱི་སྲིད་དབང་སྐྱོང་བའི་སྐབས་དང་རིམ་པ་ཕལ་མོ་ཆེར་གཞུང་དེར་ཆོས་རྒྱུད་གཅིག་གི་སྐུ་ཚབ་ཀྱིས་སྲིད་དབང་འཛིན་པའི་སྲོལ་དེས་བོད་ཀྱི་བསྟན་སྲིད་ལ་གནོད་སྐྱོན་ཆེན་པོ་བཏང་མྱོང་། ང་ཚོའི་གཞུང་འདིས་ཆོས་རྒྱུད་ཡོངས་སུ་རྫོགས་པའི་སྐུ་ཚབ་མཚོན་མི་ནུས་པའི་ཉིན་མོ་ནས་བོད་ཅེས་པ་འདི་ཡང་དུམ་བུར་འཐོར་ཟིན་པ་སྔོན་གྱི་ལོ་རྒྱུས་ལས་ཤེས་ནུས། བོད་ཀྱི་སྲིད་དོན་ཐད་ནས་ཀྱང་ཆོས་རྒྱུད་ཁག་མཉམ་འབྲེལ་གྱིས་མང་ཚོགས་ཀྱི་ལམ་སྣེ་ཁྲིད་རྒྱུ་དེ་གལ་ཆེན་ཡིན། འདས་པའི་དུས་སུ་ང་ཚོའི་གཞུང་ལ་ཆོས་རྒྱུད་ཁག་གི་སྐུ་ཚབ་མེད་སྟབས་ཆོས་རྒྱུད་མཉམ་འབྲེལ་མ་བྱུང་བ་དང་། ཆོས་རྒྱུད་མཉམ་འབྲེལ་མ་བྱུང་བས་ཆོས་རྒྱུད་རིས་མེད་མ་བྱུང་བ། ཆོས་རྒྱུད་རིས་མེད་མ་བྱུང་བས་བོད་མི་ཆིག་སྒྲིལ་མ་བྱུང་། བོད་མི་ཆིག་སྒྲིལ་མ་བྱུང་བས་གཞུང་དང་སྤྱི་ཚོགས་ཀྱི་བར་ཐག་རིང་པོར་གྱུར་ནས་ཐ་མར་བོད་འདི་ཆག་ཆེ་ཉམ་ངའི་འོབ་ཏུ་ལྷུང་བ་རེད། ད་ལྟ་ང་ཚོའི་གཞུང་འདི་སྔོན་གྱི་སྲིད་གཞུང་ཁག་དང་མི་མཚུངས་པར་བོད་མི་མང་གི་སྐུ་ཚབ་ཅིག་ཡིན་པའི་སྤོབས་པ་དང་ངོམ་སོ་བྱེད་བཞིན་པ་འདི་ཡང་ང་ཚོའི་གཞུང་འདི་སྔོན་དུས་ཀྱི་དགའ་ལྡན་ཕོ་བྲང་ལྟར་སྐུ་དྲགས་དང་བླ་བྲང་མཉམ་འབྲེལ་གྱིས་བཟུང་བ་ཙམ་མ་ཡིན་པར་དམངས་གཙོའི་ལམ་ལུགས་ཅན་དུ་བསྒྱུར་བ་དང་། ས་ཁུལ་གྱི་ཆ་ནས་ཀྱང་དབུས་གཙང་མངའ་རིས་ཆ་ཚང་དང་མདོ་སྟོད་སུམ་ཆ་ཙམ་མིན་པར་ཆོལ་ཁ་གསུམ་ཡོངས་སུ་རྫོགས་པའི་སྐུ་ཚབ་ཡོད་པ་དང་། ཆོས་རྒྱུད་ཀྱི་ཆ་ནས་ཀྱང་སྔོན་ཆད་ལྟར་དགེ་ལྡན་པའི་གདན་སའི་འཐུས་ཚབ་ཙམ་དུ་མ་ཟད་པར་ཆོས་རྒྱུད་ཡོངས་སུ་རྫོགས་པའི་སྐུ་ཚབ་ཡོད་པའི་ངེས་པ་དོན་གྱི་ཆོས་སྲིད་ཟུང་འབྲེལ་གྲོས་ཚོགས་ཤིག་ཡོད་པ་དེ་རེད། ཆོས་རྒྱུད་ཀྱི་སྤྱི་འཐུས་ལ་བྱས་རྗེས་མེད་ཚུལ་གླེང་བ་དེ་དོན་དང་མི་མཐུན། ང་ཚོར་ཆོས་ལུགས་ཡོངས་སུ་རྫོགས་པའི་སྐུ་ཚབ་ཡོད་པའི་གྲོས་ཚོགས་ཤིག་བྱུང་བའི་ཉིན་ནས་ཆོས་རྒྱུད་ཕན་ཚུན་བར་ལ་བསམ་ཤེས་དང་། གོ་རྟོགས། བཟོད་སྒོམ། མཉམ་ལས། མཐུན་ལམ་བཅས་འཕེལ་རྒྱས་ལམ་ལྷོངས་ཀྱི་ཚད་དེ་ཧ་ལས་དགོས་པ་ཞིག་ཡིན། ཐ་ན་མཚན་ཉིད་གྲྭ་ཚང་དང་སྒྲོལ་མ་གླིང་ལྟ་བུའི་རབ་བྱུང་ཕོ་མོའི་དགོན་སྡེ་ཁག་ཁ་ཤས་རེས་ཆོས་རྒྱུད་རིས་མེད་ཀྱི་དགེ་རྒན་གདན་ཞུ་བྱུས་བྱས། ཆོས་རྒྱུད་རིས་མེད་ཀྱི་གཞུང་ལ་སློབ་གཉེར་བྱེད་མགོ་ཚུགས་པ་སོགས་གནའ་སྔ་མོའི་བླ་རྒན་དྲེགས་པ་ཅན་ཕལ་མོ་ཆེའི་རྨི་ལམ་ལ་ཡང་འཁོར་མི་སྲིད་པའི་བྱ་བ་རླབས་ཆེན་འདི་འདྲའི་མགོ་ཡང་ཚུགས་ཡོད། གནད་དོན་འདི་ལ་བརྟེན་ནས་ཆོས་རྒྱུད་དང་ས་ཁུལ་གྱི་དབྱེ་བ་མེད་པར་རྒྱལ་བ་རིན་པོ་ཆེའི་ཡང་དག་པའི་ལམ་སྟོན་འོག་ཏུ་ཆིག་སྒྲིལ་ཤར་བསྐྱོད་ཡོང་བ་འདི་འདྲ་བ་ཞིག་འདས་པའི་ལོ་རྒྱུས་ནང་དུ་ཡང་མཐོང་དཀོན་པོ་ཡིན། འདི་དག་ནི་ང་ཚོ་ལ་ཆོས་རྒྱུད་རིས་མེད་ཀྱི་གྲོས་ཚོགས་ཅན་གྱི་སྲིད་གཞུང་ཞིག་ཡོད་པའི་བྱས་རྗེས་མ་རེད་ཟེར་མི་ཐུབ། ཉེ་སྔོན་འདིར་ཆོས་འཐུས་མི་དགོས་པའི་སྐོར་གླེང་མཁན་མང་པོ་བྱུང་ལ་མི་དགོས་པའི་རྒྱུ་མཚན་ཡང་མང་དུ་བགྲངས་ཁུལ་བྱས། སྤྱིར་བཏང་དམང་གཙོའི་སྤྱི་ཚོགས་ནི་མི་མང་གིས་སྲིད་གཞུང་སྐྱོང་བའི་ལམ་ལུགས་ཤིག་ཡིན་སྟབས་སྤྱི་ཚོགས་དེའི་ལྟ་བ་དང་། ལངས་ཕྱོགས། རེ་འདུན་བཅས་མཚོན་ནུས་མཁན་སུ་ཞིག་ཡིན་ཡང་མང་ཚོགས་ཀྱི་སྐུ་ཚབ་ཡིན་སྟབས་ཆོས་ལུགས་སྤྱི་འཐུས་དམངས་གཙོའི་ལམ་སྲོལ་དང་མི་མཐུན་ཚུལ་གླེང་ནུས་མཁན་ག་ལ་ཡོད།
འདིར་ཆོས་འཐུས་མི་དགོས་ཚུལ་གླེང་མཁན་ཚང་མ་ཡང་ཀུན་སློང་ཡང་དག་དང་ལྟ་གྲུབ་གཙང་མ་ལས་བྱུང་བ་ཞིག་མེད། དེ ་ཡང་དབྱེ་ན་རིགས་གསུམ་དུ་འདུ། རིགས་གཅིག་ནི་ས་ཁུལ་གྱི་ཕྱོགས་ཞེན་ལས་བྱུང་བ་ཡིན། དེ་ཡང་སྟབས་སྟེས་དབང་ཞིག་གིས་ད་ཡོད་ཀྱི་ཆོས་འཐུས་ཕལ་ཆེར་ཞིག་མདོ་སྟོད་ཁོངས་ནས་སླེབས་ཡོད་སྟབས་དགོས་མེད་ཀྱི་ཕྱོགས་ཞེན་དང་དོན་མེད་ཀྱི་ཕྲག་དོག་ལ་དགའ་མཁན་སྐོར་ཞིག་གིས་དེའི་སྡུག་ནད་མ་ཐེག་པར་དམངས་གཙོའི་ལམ་ལུགས་ལ་གནོད་འཚེ་དང་དམང་གཙོའི་གཞུང་མགོ་སྟེང་སློག་པའི་གྲ་སྒྲིག་བྱེད་པ་ཙམ་ཡིན། ད་དུང་འདི་དང་འདྲ་བར་གྲྭ་ཚང་ནང་ཁུལ་གྱི་ཕྱོགས་ཞེན་ལས་བྱུང་བ་ཡང་ཉུང་ཤས་ཡོད་ཚོད་རེད། ཉེ་སྔོན་ཆོས་འཐུས་མི་དགོས་ཟེར་མཁན་གཅིག་གིས་ཆོས་རྒྱུད་སྤྱི་འཐུས་ནི་དགེ་ལུགས་བློ་གསལ་གླིང་དང་སེར་བྱེས་ཁོ་ན་དང་། རྙིང་མའི་རྣམ་གྲོལ་གླིང་ཁོ་ན་ནས་བྱུང་བས་མ་འགྲིགས་ཚུལ་གླེང་བ་ལྟ་བུ་རེད། མིའི་སྤྱི་ཚོགས་ཤིག་ཡིན་སྟབས་མང་གཙོ་ཡིན་ཡང་འདི་ལྟ་བུའི་སྐྱོན་ཆ་ཕྲ་མོ་རེ་མི་འབྱུང་བ་ཁག་པོ་ཡིན། དེ་ནི་རང་རེའི་ཆོས་འཐུས་ཆོལ་འཐུས་ཙམ་དུ་མ་ཟད་མང་གཙོའི་ཡུལ་ལུང་གཞན་དུ་དཀའ་ངལ་དེ་རིགས་སྐབས་སྐབས་སུ་འཕྲད་ཀྱིན་ཡོད།
རིགས་གཅིག་ནི་ཆོས་ལུགས་ཕྱོགས་ཞེན་ལས་བྱུང་བ་ཡིན། དེ་ཡང་འདས་པའི་མི་ལོ་བཞི་བརྒྱར་ཉེ་བའི་རིང་ཆོས་རྒྱུད་གཅིག་གིས་སྟོབས་ཤུགས་ཀྱིས་སྲིད་དབང་བཟུང་བའི་ཉེར་ལེན་ལས་བསམ་བློའི་སྲན་ནད་རྙིང་ཧྲུལ་སངས་དྲག་ཏུ་མ་ཕྱིན་པར་གྱ་ནོམ་པའི་དམངས་གཙོའི་བཟའ་བཏུང་ཡང་ཡི་གར་འཇུ་མི་ཐུབ་པའི་ལས་མ་དག་པ་ཁག་གཅིག་རེད། དེ་དང་མཚུངས་པར་མན་ཇུ་གཞུང་གི་ཆོ་ལོ་དང་རྟ་ལྕག་རྩུབ་མོའི་ལག་ཆ་ཅན་གྱི་ས་གནས་སྐྱབས་མགོན་དྲག་ཤུགས་ཅན་ཚོའི་རྗེས་འབྲངས་པ་རེའམ་ཁྱིམ་རྒྱུད་ས་དབང་གི་རྒྱུགས་ཁྱི་རྙིང་པ་རེ་ཡང་ཡིན་སྲིད།
རིགས་གཅིག་ནི་ཆོས་ལ་དུག་ཏུ་ལྟ་བའི་གུང་ཁྲན་གྱི་སློབ་གསོ་ཅན་ཁག་གཅིག་ཡིན། དེ་ཡང་འགྲོ་བ་མིའི་དད་མོས་བརྩེ་དུང་རང་དབང་གིས་མཚོན་པའི་ལྟ་གྲུབ་དང་ཡིད་ཆེས་མི་འདྲ་བ་མཐའ་དག་རང་ཉིད་གཅིག་པུའི་རྐུབ་འོག་ཏུ་ཆུད་པར་འདོད་པའི་སྙིང་ཁམས་ཅན་སི་ཏྲ་ལིན་དང་མའོ་ཙེ་ཏུང་གི་ལྟ་གྲུབ་མི་གཙང་བའི་ཉེར་ལེན་གྱིས་བསྐྱེད་པའི་སྐྱག་འབུ་ཁག་གཅིག་གིས་ནམ་ཡང་གུང་ཁྲན་གྱི་མིག་ཤེལ་དམར་པོ་བརྒྱུད་ནས་མཐོང་བའི་འཇིག་རྟེན་གྱི་ཁ་དོག་ལ་སྡོམ་ཚིག་འཇོག་སྟངས་ཙམ་རེད། མ་འགྲིགས་མ་འཐུས་པའི་སྐྱོན་ཡོད་ཚད་ཆོས་ལུགས་དང་ཆོས་དད་པའི་སྟེང་དུ་འགེལ་རྐྱང་བྱེད་པ་དང་གང་ན་ཆོས་ལུགས་དང་ཆོས་ལུགས་པའི་ཤུགས་རྐྱེན་མེ་སྟག་ཙམ་ཞིག་མཐོང་བ་ཙམ་གྱིས་དོག་པ་དང་འཇིགས་སྣང་གིས་སྡོད་མི་བཟོད་པ་འདི་གུང་ཁྲན་དམར་ཤོག་པའི་སློབ་གསོ་ཅན་ཚོའི་གཤིས་ཀར་གྲུབ་ཡོད། འདི་དང་འདྲ་བར་ལ་ལ་ཞིག་གིས་གྲྭ་བཙུན་གྱིས་སྤྱི་ཚོགས་ཆབ་སྲིད་ལ་ཇུས་གཏོགས་བྱེད་མི་ཆོག་ཟེར་བ་དེ་ཡང་རྒྱ་དམར་གཞུང་གི་བརྗོད་སྟངས་ཤིག་ཡིན། གྲྭ་བཙུན་ཡང་སྤྱི་འབངས་ཤིག་ཡིན་སྟབས་དེས་སྤྱི་ཚོགས་ལ་ཇུས་གཏོགས་བྱེད་མི་ཆོག་ན་སུས་ཆོག་གི་རེད། སྤྱིར་བཏང་ང་ཚོས་གྲྭ་བཙུན་ཚོར་ཡར་ཆོས་ཀྱི་སློབ་གསོ་རྒྱག་ཁུལ་བྱེད་པ་དེ་འོས་བབ་དེ་ཙམ་མེད་པ་ཞིག་ཀྱང་རེད།
ལ་ལས་ད་ཡོད་ཆོས་དོན་ལས་ཁུངས་བརྒྱུད་ནས་ཆོས་ལུགས་དང་འབྲེལ་བའི་བྱ་བ་བསྒྲུབ་ན་མ་ཆོག་པ་མེད་ཟེར་བ་དེ་ལ་སྙིང་པོ་མི་འདུག རྒྱ་དམར་གཞུང་ལ་ཡང་ཆོས་ལུགས་ཅུས་དང་ནང་བསྟན་མཐུན་ཚོགས་སོགས་ཡོད་མོད་དེ་དག་ནི་སྲིད་གཞུང་གིས་མར་ཆོས་ལུགས་དང་འབྲེལ་བའི་ལས་དོན་སྒྲུབ་བྱེད་ཅིག་ལས་ཆོས་དད་མང་ཚོགས་ཀྱིས་ཡར་རང་གི་སྲིད་གཞུང་ལ་སྟངས་འཛིན་བྱེད་པའི་བརྒྱུད་ལམ་ཞིག་མ་རེད།
དེ་བཞིན་གྲྭ་བཙུན་སྔགས་གསུམ་གྱིས་ཆོལ་ཆོས་སྤྱི་འཐུས་གཉིས་འདེམས་པའི་ཐོབ་ཐང་དེ་དམངས་གཙོའི་ཐོབ་ཐང་ལམ་ལུགས་དང་འགལ་བ་ཡིན་པས་ཆོས་འཐུས་མི་དགོས་ཟེར་བ་དེ་ཡང་ཚིག་པ་ཤིག་ལ་ཟོས་ནས་སློག་ཧྲུལ་མེ་ལ་བསྲེགས་པའི་དཔེར་སོང་བ་ཡིན། སྤྱིར་ན་ཆོས་འཐུས་ནི་ཆོལ་འཐུས་དང་མི་འདྲ་བའི་དགོས་པ་དང་དམིགས་ཡུལ་མི་འདྲ་གཞན་ཞིག་ལ་བརྟེན་ནས་འདེམས་པ་ཡིན་སྟབས་མི་གཅིག་གིས་འོས་ཤོག་གཉིས་འཕངས་པའི་སྐྱོན་འགེལ་ཆོག་ཆོག་ཡིན་མིན་མི་ཤེས། གལ་སྲིད་ལམ་ལུགས་དེ་ཡང་དག་པའི་དམངས་གཙོའི་ལམ་ལུགས་དང་འགལ་བ་ཡིན་པར་ཐག་ཆོད་ཚེ་གནད་དོན་དེ་ཐག་གཅོད་བྱེད་པ་ཧ་ཅང་སྟབས་བདེ་ཡིན་ཡིན། ཆོས་འཐུས་ཀྱི་འོས་ཤོག་འཕེན་མཁན་ཚོས་ཆོལ་འཐུས་ཀྱི་འོས་འཕེན་མི་ཆོག་པ་བྱས་ན་འཐུས། གནད་དོན་འདི་ཙམ་ལ་ཡང་བསམ་གཞིག་དང་གདམ་ཀ་གཞན་འཚོལ་བའི་ཐབས་ཤེས་མི་བྱེད་པར་མཐའ་གཅིག་ཏུ་ཆོས་འཐུས་མེད་པར་བཟོས་དགོས་ཞེས་འབྲོག་པའི་ཁྱི་ཚོགས་བཞིན་རིགས་མཐུན་ཁག་གཅིག་ཁྱུར་བསྡེབས་པའི་ཀུ་ཅོ་ཇི་་ལྟར་ཤུགས་ཆེར་བསྒྲགས་ཀྱང་ཤེས་ལྡན་དག་གིས་ངོས་ལེན་བྱེད་མི་སྲིད། མདོར་བསྡུས་ན་ཆོས་འཐུས་ནི་ཆོས་དད་མི་མང་གི་སྐུ་ཚབ་དང་མགྲིན་ཚབ་པ་ཡིན་སྟབས་མང་གཙོའི་གཞུང་གི་རྒྱན་དུ་སོང་བ་མ་གཏོགས་ཁུར་དུ་སོང་བའི་རྒྱུ་མཚན་གང་ཡང་མི་རྙེད་དོ༎
འོ་རེད། ད་དེ་འདྲ་རང་བཤད་ནས་སྡོད། སྐད་ཆ་དངོས་གནས་གླེང་དུས་སྒྲུབ་བྱེད་གང་ཡང་མེད་པར་གླེན་བཤད་ཅེས་སྨོད་པ་ལས་ཐབས་འདུག་གམ།
འཛམ་གླིང་འདིའི་འཇིགས་སྐུལ་རིང་ལུགས་པ་ཚང་མའི་འབྱུང་སྟངས་ལ་ཕྱི་མིག་ཅིག་ལྟོས་དང་། དེ་ཚོ་ཕལ་ཆེ་བ་ཁྱོད་ཚོ་འདྲ་བའི་སྐབས་འཚོལ་རིང་ལུགས་པ་འགའ་ཡིས་བྱས་ཉེས་ཀྱི་རྐྱེན་ལས་བྱུང་བ་ཤ་སྟག་རེད། འདི་འདྲ་ཞིག་བོད་པར་འབྱུང་མི་སྲིད་པ་མིན་པ་ནི་སོ་སོའི་ཆོས་བརྒྱུད་གཅིག་པའི་ནང་གི་དོལ་ཚོགས་རྣམས་ཀྱིས་ལས་འགུལ་འདྲ་མིན་སྤེལ་བའི་སྔ་ལྟས་ལས་ཤེས་པར་གྱིས་ཤིག འདི་ཚོ་སྣང་ཆུང་དུ་བཞག་ནས་ད་དུང་ཞེད་པོ་ཞིག་འཐོབ་རྒྱུ་ཡོད་རབས་མ་སྒྲོགས་ཤིག
བོད་མི་འཐོར་ཞིག་ཏུ་གྱུར་མཚམས་ཁྱོད་ཚོ་ད་དུང་དམངས་གཙོའི་ཐོབ་ཐང་འདྲ་བརྩད་ནས་སྡོད་རྒྱུ་ཡིན་ནམ། སྙིང་རྗེ་གསར་བུ་ཚོ།
ཁྲ་གླག་སྤྱང་གསུམ།
གླེན་བཤད། གླེན་བཤད། གླེན་བཤད།
ད་ངས་འདི་སྐོར་སེམས་ནས་བསམ་པའི་སྐད་ཅ་དམར་རྗེན་དུ་བཤད་ཀྱིན་ཡིན།
དེ་ཡང་ཆོས་ལུགས་དང་ཆོལ་ཁའི་སྤྱི་འཐུས་དགོས་མི་དགོས་དེ་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་ཁེ་ཕན་ལ་བསམ་བློ་གཏང་ནས་བཤད་པ་ཡིན། འདས་པའི་ལོ་རྒྱུས་ལ་བལྟས། དེང་སྐབས་ཀྱི་མི་རིགས་དང་ཆོས་ལུགས་མང་བའི་རྒྱལ་ཁབ་མང་པོ་ཞིག་གི་བྱེད་ལུགས་ལ་བལྟས། བོད་མི་སྤྱི་དང་། རང་ཉིད། རང་གི་ཕ་མེས་གྲོགས་པོ་ལུང་པ་གཅིག་པ་མང་པོ་ཞིག་གི་སེམས་ཁམས་ལ་བལྟས་ནས་བཤད་པ་ལས། རྩ་བའི་དམིགས་ཡུལ་ངོ་མ་དང་རང་གི་འགན་ཁུར་གང་ཡིན་མི་ཤེས་པར་ཁ ནས་དོན་ཚད་དམངས་གཙོ་དང་ཐོབ་ཐང་བཤད་པ་དེ་འདྲ་མིན།
སྤྱིར་ཆོལ་ཆོས་འཐུས་མེད་པ་བཟོས་ན་གནོད་སྐྱོན་ག་རེ་ཡོད་པ་མང་པོས་གསུང་འདུག་པས་རེ་ཞིག་བཞག་སྟེ་གནད་འགག་གཞན་ཞིག་བཤད་ན། མདོ་སྟོད་ཀྱི་ནང་མི་ཁ་ཤས་དངོས་གནས་བསམ་བློ་རྒྱ་ཆུང་ཆུང་གཏོང་གིན་ཡོད་ལ། མི་དེ་འདྲ་དེ་བོད་ཕྱི་ནང་གཉིས་སུ་ཡོད་པ་རེད། ཁོང་ཚོས་སྔོན་མ་ཞིག་ནས་བོད་རང་བཙན་དང་རང་དབང་ག་རེ་བྱུང་ན་ཡང་ཁམས་དེ་ལོགས་སུ་ཐོན་རྒྱུའི་བསམ་བློ་གཏོང་གིན་ཡོད། དེའི་རྐྱེན་པས་སྐད་ཅ་ཡང་འདྲ་མིན་བཤད་ཀྱིན་ཡོད། དཔེར་ན་དེ་སྔོན་བོད་གཞུང་དེ་དབུས་གཙང་གིས་ཟིན་པ་དང༌། ཁམས་ཕྱོགས་སུ་སྡུག་པོ་བཏང་ལུགས་སོགས་བཤད་ནས་ཁོང་ཚོའི་ལྟ་གྲུབ་ཀྱི་རྨང་གཞི་སིམ་འཛུལ་བྱེད་ཐབས་སྤེལ་བཞིན་ཡོད།
འོན་ཀྱང་མདོ་སྟོད་མི་མང་ཕལ་ཆེ་བས་དོན་དེ་ངོས་ལེན་མ་བྱས་པ་དང༌། ལྷག་པར་བོད་ནང་ནས་སྔོན་མ་བསམ་ཚུལ་དེ་རིགས་ཡོད་མཁན་འགའ་ཞིག་ནས་ཀྱང༌། ད་ལྟའི་བོད་གཞུང་གི་ལམ་ལུགས་ཏེ་ཆོལ་ཁ་དང་ཆོས་ལུགས་འདྲ་མཉམ་ཀྱི་གཞུང་ཟིན་པ་དེ་ཡག་པོ་ཡོད་པ་དང༌། དེས་མ་ཆོག་པ་མེད་པའི་བསམ་ཚུལ་བྱུང་ནས་རེ་ཞིག་ལྷིང་འཇགས་པ་རེད།
མདོ་སྟོད་མི་མང་ཚོས་ག་རེ་བྱས་ནས་ངོས་ལེན་མ་བྱས་པ་རེད་ཟེར་ན། ༧གོང་ས་མཆོག་ལ་དད་གུས་ཆེན་པོ་ཡོད་པ་དེ་རྒྱུ་མཚན་གཙོ་བོ་ཡིན་པ་དང༌། ད་ལྟའི་ལམ་ལུགས་དེ་ཚིམ་ནས་ཡོད་པ་དེ་གཉིས་ཡིན་པ་ལས། དམངས་གཙོ་ཙམ་མིན་པར་ག་ལེར་ཁོང་ཚོས་སེམས་སྔོག་དང་ཤེས་ཐུབ་ཀྱི་རེད།
གཞན་ཡང་ད་ལྟའི་ལམ་ལུགས་དེས་བོད་ནང་གི་བོད་མི་རྣམས་ལ་རྒྱལ་ཁབ་དང་མི་རིགས་ལ་གཅེས་པའི་སྐུལ་མ་བསམ་ཡུལ་ལས་འདས་པ་ཐེབས་ཡོད། ངས་དཔེ་གཅིག་བཤད།
ཁམས་ནང་ཆེན་ལ་མཚོན་ན། སྔོན་མ་ཡིན་ན་བོད་གཞུང་ལ་འཁོན་འཛིན་ཧ་ཅང་གི་ཆེན་པོ་ཡོད་རེད། རྒྱ་ཨ་རྒྱ་ལྷ་རྒྱ་ག་ནས་ཡོང་གིན་འདུག་ཟེར་ནས། ཟིང་བོད་དམག་འཁྲུག་སྐབས་བོད་དམག་མཐར་སྤྲོད་གཏོང་བར་རོགས་པར་བྱས་ཡོད།
དེང་སང་ལྟོས་དང༌། ནང་ཆེན་ཕྱོགས་དེར་བོད་མི་རིགས་དང་རྒྱལ་ཁབ་བཙན་བྱོལ་གཞུང་དང་བཅས་ལ་དགའ་ཞེན་ཆེ་ཤོས་ཀྱི་གྲལ་ལ་སླེབས་ཡོད། ང་དངོས་གནས་སྤོབས་པ་ཡོད། དེ་འདྲ་མང་པོ་མཐོང་ཡོང་དུས་བོད་རྒྱལ་ཁབ་འདི་དང་མི་རིགས་འདི་ཡག་པོ་ཞིག་ཡོང་ས་རེད་བསམ་ནས་ང་རང་དགའ་ཚོར་སྐྱེས་ཡོང་གི་འདུག ཁམས་ཀྱི་ས་ཕྱོགས་གཞན་མང་པོ་ཞིག་ཀྱང་དེ་མཚུངས་རེད། སྔོན་མ་ཡིན་ན་བོད་པ་དང་ཁམས་པ་ཟེར་རྦེད་དེ་ལོགས་སུ་ངོས་འཛིན་པ་དེ་ད་ཆ་བཙན་བྱོལ་ནང་གི་ལམ་ལུགས་འདིའི་ཤུགས་རྐྱེན་ལས་ང་ཚོ་ཚང་མ་བོད་པ་གྱུར་ཡོད། དེ་འདྲའི་དགའ་བ་ལ།
འོན་ཀྱང་ལམ་ལུགས་འདི་མེད་པར་བཟོས་ན། གོང་དུ་བཤད་པ་ལྟར་ཁོག་རྒྱ་མེད་པའི་མི་འགའ་ཞིག་ནས། རང་ཉིད་སྲིད་འཛིན་དང་སྲིན་བློན་ཟེར་བའི་མིང་དང༌། གླིང་གེ་སར་རྒྱལ་པོ་ལྟ་བུ་སྐད་གྲགས་ཅན་ཞིག་འབྱུང་རེ་བྱེད་དེ། ཆོལ་གསུམ་ཁ་བྲལ་གཏོང་བའི་ལས་འགུལ་སྤེལ་སྲིད་པ་རེད། ང་ངོ་མ་ཞེད་ཀྱིན་འདུག མི་ཁ་ཤས་ཀྱིས་ཞབས་འདྲིན་ཞུ་མི་ཡོང་ན་སྙམ་ནས་ཞེད་ཀྱིན་འདུག ང་ཚོས་ད་ལྟའི་ལམ་ལུགས་དེ་མེད་པ་བཟོས་པ་ཡིན་ན། དེ་ནི་ཁོང་ཚོ་ལ་དགོས་པའི་གོ་སྐབས་དེ་ཡིན་སྲིད། དེའི་སྟེང་སྣོན་པ་རྒྱག་མཁན་ནི་བཤད་མ་དགོས་པ་ཡོད་ཡོད་པ་རེད།
འདི་ངའི་མཐའ་མའི་སྐད་ཅ་དེ་ཡིན། དེ་དོན་དག་ཆུང་ཆུང་རེད་མ་དགོངས་རོགས། ཆོལ་ཁ་དང་ཆོས་ལུགས་སྤྱི་འཐུས་མེད་པ་ཆགས་སོང་། ད་འགྲིགས་སོང་བསམ་ནས་དེ་ཆེས་མཐའ་མའི་དམིགས་ཡུལ་དུ་མ་དགོངས་པར། དེའི་རྗེས་སུ་ག་རེ་ཡོང་མིན་དགོངས་པ་བཞེས་རོགས།
གལ་སྲིད་ཅི་ཏེ་སྐུ་ཉིད་ཀྱིས་ཨུ་ཚུགས་མཐའ་སྐྱེལ་བྱེད་ཀྱི་ཡིན་ན། ཁྱོད་ལ་རྒྱལ་ཁ་ཐོབ་ཀྱང་སྲིད། འོན་ཀྱང་སྐབས་དེར་མཁོ་བའི་གྲ་སྒྲིག་འགའ་རེ་དགོས་པ་གལ་ཆེན་པོ་རེད། སྐབས་དེར་སྐུ་ཉིད་སྤྱི་འཐུས་སམ་བཀའ་བློན་ཆགས་པ་ཡིན་ན་ཡང༌། ང་ཚོའི་གཞིས་ཆགས་ནང་འོངས་ནས་སྐད་ཅ་བཤད་པའི་ཐོབ་ཐང་མེད། མར་རྒྱུགས་ལབ་བྱུང་ན་རང་གིས་ག་རེ་བྱེད་ཕོད་པ་འདུག ག་རེ་གནང་རྩིས་ཡོད། གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པ་རེད། བསམ་བློའི་ནང་གྲ་སྒྲིག་དགོས་པ་རེད།
འོན་ཀྱང་ངས་བལྟས་ན། དེ་འདྲ་ཞིག་བྱུང་བ་ཡིན་ན། ཚང་མ་༧གོང་ས་མཆོག་གི་དབུ་ལ་ཡར་གཡོག་ནས་སྡོད་རྒྱུ་ལས་སྐུ་ཉིད་ལ་གང་ཡང་གནང་རྒྱུ་མེད་པར་ཐག་ཆོད། མི་རྒྱུ་ཏོག་ཙམ་ཡོད་ན་དེ་སྔོན་༧གོང་ས་མཆོག་གིས་བཟོས་གནང་བའི་ལམ་ལུགས་དེ་མེད་པར་བཟོས་པར་གནོང་འགྱོད་སྐྱེ་སྲིད། འོན་ཀྱང་སྐབས་དེར་ཁ་ནང་མཛུ་གུ་བརྒྱུས་ནས་སྡོད་རྒྱུ་ལས་གང་ཡོད།
ད་མང་པོ་བཤད་ཀྱི་མིན། གོ་ན་རྣ་བའི་བུ་རམ་གྱིས།། མ་གོ་སྙིང་གི་འཛེར་མ་རེད༎
གསར་བརྗེ་སྐྱབས་ལགས་སུ་ཞུ་རྒྱུར། ཆོས་ལུགས་སྤྱི་འཐུས་ཀྱི་དགོས་གལ་ངོ་མ་དེ་བོད་མི་རྡོག་རྩ་ཆིག་སྒྲིལ་ཡོང་སླད་རེད། བོད་མིའི་བསམ་བློ་ལ་སྟངས་འཛིན་བྱེད་དགོས་ན་ཆོས་ལུགས་འདི་བེད་སྤྱད་དགོས་པ་རེད། ཆོས་ལུགས་ཟེར་བ་འདི་ལག་ཆ་སྟོབས་ཤུགས་ཅན་ཞིག་རེད། ལག་ཆ་འདི་བེད་སྤྱད་ཤེས་ན་ཁེ་ཕན་ཆེན་པོ་ཡོད་པ་ཞིག་རེད། བེད་སྤྱད་མ་ཤེས་ན་གནོད་སྐྱོན་ཆེན་པོ་གཏོང་སྤྱད་ཅིག་རེད། ལག་ཆ་འདི་གཞན་གྱི་ལག་ལ་མི་ཤོར་བ་དེ་ཡང་གལ་ཆེན་རེད། གནད་དོན་དེ་ཚོ་མཐོང་ནས་རྒྱ་དམར་གཞུང་གིས་ཀྱང་པཎ་རྫུན་རྒྱལ་མཚན་ནོར་བུའི་གོ་གནས་སྤར་མགོ་ཚུགས་པ་ལྟ་བུ་རེད།
རྒྱ་དམར་གྱིས་ཀྱང་ཆོས་ལུགས་མེད་པ་བཟོ་ཐབས་སུ་ཐབས་བརྒྱ་ཇུས་སྟོང་བྱས་ཀྱང་གླགས་མ་ཁེལ་ནས་ད་ཆོས་ལུགས་བེད་སྤྱོད་བྱེད་མགོ་ཚུགས་པ་རེད། ཡིན་ན་ཡང་ཁོང་ཚོས་ཡུན་རིང་པོར་ཁུངས་འཁྱོལ་གྱི་མ་རེད། གནད་དོན་དེ་ཆོས་ལུགས་བེད་སྤྱད་སྟངས་ལ་ཡག་བཙོག་གཉིས་འདུག རིགས་གཅིག་གིས་ཆོས་གཏོར་བཤིགས་ཀྱི་ཆེད་དུ་ཆོས་བེད་སྤྱད་པ་དང་རིགས་གཅིག་གིས་ཆོས་ལུགས་སྲུང་སྐྱོབ་ཀྱི་ཆེད་དུ་ཆོས་ལུགས་བེད་སྤྱད་པ་ཙམ་རེད། འདས་པའི་དུས་སུ་བོད་མིའི་ཆོས་རྒྱུད་སྟོབས་ཤུགས་ཀྱིས་སྲིད་དབང་འཛིན་པའི་དུས་སུ་ཆོས་ལུགས་དེ་བེད་སྤྱད་ཡག་པོ་ཞིག་མ་ཤེས་པ་རེད། བཙན་བྱོལ་དུ་འབྱོར་བའི་དུས་སུ་ཐོག་མའི་ཆར་ཆོས་རྒྱུད་ཀྱི་བར་དུ་རྩོད་རྙོགས་ལངས་མྱོང་བ་རེད། ལངས་དོན་དེ་ཡང་དམངས་གཙོའི་ལུང་པ་ཞིག་ཏུ་སྒེར་གཅོད་ཀྱི་གཞུང་ཞིག་ལ་ངོས་ལེན་བྱེད་མ་ཐུབ་པས་རེད། བཙན་བྱོལ་བོད་མི་རྒན་རབས་པ་ཞིག་ལ་སྐད་ཆ་ཞིག་འདྲི་ཙམ་གྱིས་དང་ཧ་གོ་གི་རེད། ང་ཚོར་གྲོས་ཚོགས་ཆོལ་ཁ་ཆོས་རྒྱུད་ཆ་འཛོམ་དུ་གྱུར་པ་ནས་བཟུང་ཆོས་རྒྱུད་བར་གྱི་རྩོད་རྙོགས་དང་ནང་འཁྲུགས་ཇེ་ཉུང་དུ་སོང་བ་དངོས་ཡོད་གནས་ཚུལ་རེད། འདི་ལྟ་བུའི་གྲོས་ཚོགས་ཤིག་ཚུགས་པའི་ཉིན་ནས་ལྟོས་འཇོག་གིས་བཤད་ན་ང་ཚོའི་སྟོབས་ཤུགས་ཀྱང་གོང་དུ་འཕེལ་བ་རེད། ངས་འདི་འདྲ་བཤད་རུང་མིན་མི་ཤེས་ཏེ་ངའི་བསམ་ཚོད་ལྟར་ན་ང་ཚོར་ཆོས་རྒྱུད་ཡོངས་སུ་རྫོགས་པའི་སྐུ་ཚབ་མེད་ན་མེད་ན་ལོ་ཁ་ཤས་ཤིག་གི་སྔོན་ནས་ཤུགས་ལྡན་ཚོགས་པས་བཙན་བྱོལ་བོད་གཞུང་རྒྱ་དམར་གྱི་ལག་ཏུ་བརྫངས་ཚར་ཡོད་རྒྱུ་རེད་བསམ་གྱིན་འདུག འདས་པའི་དུས་སུ་ཡང་ཆོས་རྒྱུད་རིས་མེད་མ་བྱུང་བས་འདི་ལྟ་བུའི་གྱོང་གུད་མས་བྱུང་མྱོང་ཡོད་པ་རེད། མ་གཞི་ཁྱེད་ཚོས་བོད་མིའི་སེམས་ཁམས་ངོ་མ་ཞིག་ཡིན་མིན་ངོས་ཟིན་དགོས་དགོས་པ་གལ་ཆེན་རེད། དཔེར་ན་ང་ལྟ་བུ་ཞིག་གིས་བལྟས་ན་པན་ཇབ་སྐྱེས་པའི་མགོ་དཀྲིས་འཐུག་པོ་དེ་ཡང་མི་དགོས་པའི་ཁུར་ཞིག་རེད་མོད་ཁོ་རང་ཚོས་དེའི་དོན་དུ་བློས་བཏང་མང་པོ་བྱེད་ཐུབ་ཀྱིན་འདུག
འོ་རེད། གསར་བརྗེ་སྐྱབས་ཞེས་པའི་མིང་འདི་ཡང་དྲ་གྲོགས་རྣམས་དང་ལྷག་པར་དུས་བབ་ཚང་ལ་གུས་བརྩི་ཡིན་གྱི་རེད། བདག་གི་ཚིག་མཚོན་ལས་ཀྱང་ཁྱོད་ཀྱི་མིང་འདི་ཉིད་སྙིང་ན་ངེས་ཡིན་པར་ཁྱོད་རང་གིས་བསམ་མྱོང་ངམ། ང་ཁྱོད་ཀྱི་མིང་འདི་ལ་རྣམ་རྟོག་ཡོད། འདིས་ན་ཚ་ཞིག་ཕྱིར་དྲན་བྱེད་དུ་འཇུག་གིན་འདུག
མ་གཞི་ངས་བཤད་པ་རྣམས་ལ་ལན་མ་ཕོག་ནས་ཚིག་མཚོན་ལ་ཁ་གཡར་ནའང་ཁྱད་མི་འདུག དྲ་གྲོགས་ཚོས་ཁྱོད་རང་གནད་འགག་ལ་ཐུག་དུས་ཁ་གཡར་མཁན་དང་དོན་གཡོལ་མཁན་ཞིག་ཡིན་པར་ཤེས་ཡོད། ལན་མ་ཕོག་དུས་ཁྲམ་རྫུས་འཁྲབ་པ་ལ་བརྟེན་ནས་ཁྲ་སྤྱང་གླག་གསུམ་འུ་ཐུག་ནས་ཁྱོད་ལ་”དེའི་སྐོར་ངས་ཚར་བརྒྱ་ཐམ་པ་བཤད་པ་ཡིན། གཞན་གྱིས་ཀྱང་བཤད་འདུག ད་དུང་མ་གོ་མ་ཤེས་ན་དེ་མ་ཤེས་དགོས་པའི་རྒྱུ་མཚན་གཞན་ཞིག་ཡོད་པ་རེད།” ཅེས་བརྗོད་དགོས་བྱུང་བ་ལས་དྲ་གྲོགས་རྣམས་ཀྱིས་ཤེས་ངེས།
གང་ལྟར་ཁྱོད་ཀྱིས་རིག་པ་གསར་པ་ཡིན་མདོག་བྱས་པ་དེ་ལ་ངས་ལན་བསྐྱོན་པ་དེ་ཁྱོད་ཀྱིས་འགག་ནུས་པ་ཞིག་མིན་པར་མཐོང་། དེ་ལས་ཁྱོད་རང་ཁ་གཡར་ནས་བསྡད་ན་ལེགས་ཀྱི་རེད། ཆོས་བརྒྱུད་སྤྱི་འཐུས་མི་དགོས་རབས་གླེང་བའི་སྔར་གྱི་ཁ་ཕོ་ཅན་གསར་སྟོང་རྣམས་ཀྱང་ད་ལྟ་ཡིབ་པའམ་ང་ཚོས་བཤད་པ་རྣམས་ལ་རྒྱུ་མཚན་མི་འདུག་ཅེས་ཡང་ཡང་བཤད་ནས་སྡོད་པ་ལས། རྒྱུ་མཚན་མེད་རབས་ཀྱི་ལན་རྒྱག་གི་མེད་པས། ཁྱོད་རང་ཡང་དེ་མཚུངས་སྡོད་ཅིག ཁྱོད་ཚོས་མ་འོངས་པར་མི་བསམ་པར་ཉེ་ཆར་གྱི་རྙོག་གྲ་ལ་སྐབས་འཚོལ་བྱེད་པ་ལས་གཞན་ཅི།
གསར་རྗེ་སྐྱབས་ནས་གལ་བོ་ཆེ་ལ་ནན་ཏན་དང༌། གནད་དོན་འདིའི་ཐད་སེམས་ཁུར་དང་ཐུགས་བརྩི་གནང་བར་ཐུགས་རྗེ་ཆེ་ཞུ་བ་ཡིན། ངས་ཀྱང་ཡལ་ག་བཞག་ནས་རྩ་བའི་གནད་དོན་འགའ་ཞིག་གླེང་འདོད་བྱུང༌།
ཆོས་རྒྱུད་སྤྱི་འཐུས་དགོས་གལ་ཆེ་བ་དེ་ཆོས་རྒྱུད་གྲུབ་མཐའ་ཁག་གཞུང་གཅིག་གི་འོག་ཏུ་གནས་ཐབས་དང་། ཆོས་རྒྱུད་རྣམས་འདྲ་མཉམ་གྱི་མཉམ་གནས་ཡོང་ཐབས་གཙོ་བོ་ཡིན་ཚུལ་གསུངས་འདུག འདིའི་ནང་ཆིག་སྒྲིལ་གནད་དུ་བཟུང་ཚུལ་གསུངས་འདུག ད་ལྟའི་ཆར་བཙན་བྱོལ་བོད་གཞུང་འདི་ཆོས་རྒྱུད་གཅིག་གི་གཞུང་ཡིན་ནམ། འདི་བོད་མི་མང་གི་གཞུང་ཡིན། འདི་སྔོན་མ་ནང་བཞིན་ཆོས་རྒྱུད་དང་གྲུབ་མཐའ་གང་རུང་གིས་བཀས་བཀོད་རྒྱུད་འཛིན་བྱེད་པའི་གཞུང་ཞིག་ཡིན་ནམ། འདི་རང་དབང་དང་དམངས་གཙོའི་གཞུང་ཞིག་ཡིན། ཆོས་རྒྱུད་སྤྱི་འཐུས་མེད་པའི་སྔོན་དུ་གྲུབ་མཐའ་ཁག་གཞུང་འོག་ཏུ་གནས་མེད་པར་རང་དབང་དང་སྒེར་ཚུགས་ཡིན་ནམ། ཆོས་རྒྱུད་སྤྱི་འཐུས་ཞབས་སྟེགས་ཟུར་འདོན་གནང་བ་ནས་ཆོས་རྒྱུད་རྣམས་གཞུང་འོག་ཏུ་ཕེབས་པ་ཡིན་ནམ། མ་གཞི་ཆོལ་ཁ་དང་ཆོས་རྒྱུད་ཀྱི་ཞབས་སྟེགས་འདི་བརྒྱད་ཅུ་གྱ་གྲངས་ཀྱི་འགོ་སྟོད་ཙམ་ལ་གཏན་འབེབས་གནང་བ་ཞིག་རེད། ལོ་རྒྱུས་ཐོག་ཆོས་ལུགས་གཅིག་གིས་དབང་བསྒྱུར་བའི་བོད་ཀྱི་ཆབ་སྲིད་གནས་སྟངས་དེ་དྲུག་ཅུའི་འགོ་སྟོད་ནས་མཇུག་རྫོགས་ཡོད་པ་རེད། གནས་སྟངས་དང་བརྒྱུད་རིམ་འདི་ཐུགས་ལ་ངེས་རྒྱུ་གལ་ཆེན་པོ་རེད།
ལན། དེའི་སྐོར་ངས་ཚར་བརྒྱ་ཐམ་པ་བཤད་པ་ཡིན། གཞན་གྱིས་ཀྱང་བཤད་འདུག ད་དུང་མ་གོ་མ་ཤེས་ན་དེ་མ་ཤེས་དགོས་པའི་རྒྱུ་མཚན་གཞན་ཞིག་ཡོད་པ་རེད། ཅེས་བསྐྱར་བརྡབ་ཞུ་རྒྱུ་དང༌། ངས་སྔོན་དུ་བཀོད་པའི་མཆན་ནས་ལུང་དྲངས་ཀྱི་ཡོད།
ང་ཚོའི་ལོ་རྒྱུས་ཀྱི་ཐོག་ལ་ཁམས་པ་དང་དབུས་པ། དབུས་པ་དང་གཙང་པ་ཟེར་ནས་རིས་སུ་བཅད་པ་དང༌། བཀར་རྙིང་བོན་བཅས་ནས་བོད་གཞུང་ཟེར་ན་ཆོས་ཀྱི་ཆ་ནས་དགེ་ལུགས་ཡིན་པ་དང༌། དེ་ཡང་ཆོས་བརྒྱུད་གཞན་ལ་འདྲ་མཉམ་ཀྱི་ལྟ་ཚུལ་མེད་པའི་ལོ་རྒྱུས་ཀྱི་བག་ཆགས་མཐུག་པོ་ཡོད་ཅིང༌། དེས་ང་ཚོའི་ཆིག་སྒྲིག་ལ་འགོག་རྐྱེན་ཆེན་པོ་བཟོས་ཡོད། ལོ་རྒྱུས་ཐོག་ཡོད་པའི་བག་ཆགས་དེ་མེད་པར་བཟོ་དགོས་ན་ད་ལྟའི་ཐབས་ལམ་འདི་ནི་ཡག་ཤོས་ཡིན་པ་སྟེ། གལ་ཏེ་རྐྱེན་ཕྲན་བུ་ཞིག་དང་འཕྲད་ན་མངོན་དུ་གྱུར་ཆོག་ཆོག་ཡིན་པའི་བག་ཆགས་དེའི་སྟེང༌། ལོ་རྒྱུས་ཀྱི་འཁོན་རྩོད་ཀྱི་མེ་འབར་བའི་སྟེང་དགྲ་ཕྱོགས་ནས་ཀྱང་དབྱེན་སྦྱོར་གྱི་ཤིང་གཤག་པ་བསྣན་ཏེ། ང་ཚོའི་སྤྱི་ཚོགས་འདི་ཐེར་ཚར་སྦར་ཚར་ཆགས་ངེས་རེད། རྒྱུ་མཚན་དེ་དགལ་བརྟེན་ནས་༧་གོང་མཆོག་གིས་སྟབས་ཉེས་པའི་ཚོད་ལ་ཡག་པོ་ཞིག་ཀྱང་བྱུང་ཡོད་པ་ནི། ལོ་རྒྱུས་ཐོག་དུས་ཡུན་རིང་པོར་ཁ་འཐོར་བའི་བོད་རིགས་ཡོངས་རྫོགས་ཆིག་སྒྲིལ་བྱེད་པ་དེ་ཡིིན་ཞེས་ཡང་ཡང་གསུངས་པ་ལྟར། རྨད་བྱུང་གི་ཐབས་ལམ་འདི་འདྲ་ཞིག་སྤྱོད་གནང་བ་རེད། དེས་ན་ད་ལྟའི་ལམ་ལུགས་འདི་མི་དགོས་ཟེར་མཁན་འགའ་ནས་༧གོང་ས་མཆོག་གིས་ཆབ་སྲིད་དགོངས་ཀྱི་མ་རེད་མདོག་མདོག་བྱེད་སྐབས། ཁ་མ་དགོས་རྐུབ་ནས་གད་མོ་ཤོར་གས། ལུང་རྫོགས་པ་ཡིན།
གཞན་ཤཀྱ་མི་བོ་ཟེར་བས་གསུང་པའི་ལུང་ཅིག་དྲང་གི་ཡིན། ལྷག་པར་དུ་”ལོ་རྗེས་མ་ལ་དེ་ལ་ལུང་ཚན་དང་ཆོས་ལུགས་གང་ཞིག་མེད་པ་དེའི་མི་མང་ནས། ང་ཚོའི་འཐུས་ཚབ་སུ་ཡང་མེད་པའི་གཞུང་ཞིག་ངོས་ལེན་གྱི་མིན་ཟེར་ན། སྐབས་དེར་ལན་ག་རེ་རྒྱག་གམ། དེ་ལྟར་མི་ཡོང་བའི་གདེང་ཚོད་ཇི་ལྟར་ཡོད་དམ། ལོ་རྒྱུས་ཐོག་བྱུང་མ་མྱོང་བ་རེད་ཟེར་རམ། ག་རེ་བྱས་ན་བྱས་ཟེར་རྒྱུ་ཡིན་ནམ།” ཞེས་གསུངས་པ་དེ་དངོས་གནས་བསམ་ཤེས་མཛད་དེ་གསུངས་འདུག་ལ། དངོས་ཡོད་དུ་དེ་ལྟར་མ་བྱུང་བ་ཡང་མིན་ཏེ། ཚོགས་པ་བཅུ་གསུམ་ཟེར་བ་དེ་གནད་དོན་དེ་ལ་ཐུག་ནས་བྱུང་བ་ཡིན་ཞིང་། ༦༠ནང་དུ་སྐྱབས་བཅོལ་གཞུང་འདི་ཆོས་བརྒྱུད་གཅིག་སྟེ་དགེ་ལུགས་དང་། ཆོལ་ཁ་གཅིག་སྟེ་དབུས་གཙང་དུ་བྱུང་བས་དེའི་ཁ་ཐད་དུ་ཚོགས་པ་བཅུ་གསུམ་ཟེར་བ་དེ་ལངས་པ་མིན་ནམ། འདིར་དོན་མེད་ཀྱི་ཅ་ཅོ་སྒྲོག་པའི་གསར་བུ་ཅོལ་ཆུང་ཚོས་འདི་ཡི་སྐོར་ལ་སློབ་སྦྱོང་བྱོས་ལ། དེ་ནས་མ་འོངས་པའི་སྐོར་གྱི་སྐད་ཆ་ཤོད། ལུང་རྫོགས་པ་ཡིན།
ཨ་རིའི་མི་འབོར་ལ་མི་བལྟ་བར་ཞིང་ཆེན་རེ་ནས་འཐུས་མི་གྲངས་སྙོམ་གྱིས་འདེམས་པ་དེ་ས་གནས་སྤྱི་འཐུས་འདེམས་སྟངས་རེད། འདིས་གང་ཉིད་ཀྱི་གསུངས་པ་ནང་བཞིན་ས་གནས་གཅིག་ནས་འགྲོ་ལུགས་གཉིས་དང་འདེམས་ལུགས་གཉིས་ཀྱི་དགོངས་ཚུལ་དེར་རྒྱབ་གཉེར་གང་ཡང་རེག་གི་མ་རེད། ཞིང་ཆེན་རྣམས་ལ་མི་འབོར་མང་ཉུང་མི་འདྲ་ནའང་འོས་བསྡུའི་འགྲོ་ལུགས་དང་འདེམས་ལུགས་གཅིག་ལས། ཁྱེད་ཀྱིས་གསུངས་པ་བཞིན་ས་གནས་གཅིག་ནས་མི་སྐྱ་ཚོས་ཆོལ་ཁ་དང་ས་གནས་ཀྱི་སྤྱི་འཐུས་འདེམས། གྲྭ་བ་དང་ཨ་ནེ་ཚོས་ཆོས་རྒྱུད་ཀྱི་སྤྱི་འཐུས་འདེམས་པའི་འགྲོ་ལུགས་གཉིས་དང་འདེམས་ལུགས་གཉིས་ཡོད་པ་མ་རེད། འདིའི་བར་ཁྱད་ཀྱང་མཁྱེན་གལ་ཆེ་བར་འདོད།
ལན། མི་འབོར་ལ་མི་ལྟ་བར་འདྲ་མཉམ་འདེསམ་དགོས་པའི་དམིགས་ཡུལ་ག་རེ་རེད་ལྟོས་ཅེས་པ་ཡིན། དེ་འདི་དག་སྐོར་དགོངས་པ་རེ་བཞེས་ནས་ལན་རེ་ཁུར་ཤོག ཡང་ལུང་དྲངས་ཀྱི་ཡིན།
དེང་སྐབས་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རི་སོགས་མང་གཙོའི་རྒྱལ་ཁབ་རྣམས་ཀྱིས། དབྱི་རག་ནང་རིགས་རྒྱུད་དང་ཆོས་ལུགས་མཉམ་འབྲེལ་གྱི་གཞུང་འཛུགས་རྒྱུའི་རེ་བ་བྱེད་བཞིན་ཡོད། དབྱི་རག་ནང་ཁ་ཆེ་ཤི་ཡ་དང་སོ་ནི་གཉིས་བར་མི་གསོད་ཁྲག་སྦྱོར་དང༌། ལྷོ་བྱང་མི་རིགས་བར་འགའ་ཟླ་ཤུགས་ཆེན་པོ་ཡོད་ཙང༌། ཚང་མའི་འཐུས་ཚབ་ཡོད་པའི་གཞུང་ཞིག་འཛུགས་ཐབས་བྱེད་པ་རེད། དེ་མ་བྱུང་ན་སྔོན་ས་དམ་སྐབས་ལྟར་རིགས་གཅིག་གིས་དབང་སྒྱུར་བྱས་ན་ཆོས་ལུགས་དང་རིགས་རྒྱུད་གཞན་ཚོས་ངོ་རྒོལ་དང༌། དེ་ལ་གཞུང་ནས་དྲག་གནོན་དམར་གསོད་བྱེད་རྒྱུ་ལས་གཞན་བསྡད་མེད་པ་རེད། དེ་ག་ནང་བཞིན་ཨ་ཕི་ཧན་ནང་རེད། ཏ་ལི་བང་ཆོས་བརྒྱུད་ཅིག་དང་རིགས་རྒྱུད་གཅིག་གི་དབང་བསྒྱུར་ནས་ག་འདྲ་ཆགས་ཡོད་རེད། དང་པོ་གཞན་ལ་དྲག་གནོན་དང་འགྲོ་བ་ཉམས་ཆུང་མང་པོ་བསད་བཟུང་སྡུག་སྦྱོང་བཏང༌། མཐའ་མ་དེ་ལ་རང་ཡང་མེད་པ་ཆགས་པ་རེད། ལུང་པ་དེར་ད་སྐབས་ཡང་དེ་འདྲ་མི་འབྱུང་བའི་ཆེད་ཆོས་རྒྱུད་དང་རིགས་རྒྱུད་ཚང་མ་ཡོད་པའི་གཞུང་ཞིག་འཛུགས་བཞིན་ཡོད།་ ལུག་རྫོགས་པ་ཡིན། དེ་འདྲ་བྱེད་དགོས་པའི་རྒྱུ་མཚན་ག་རེ་རེད། དགོངས་པ་བཞེས་ནས་ལན་རེ་ཁུ་ཤོགས།
བཙན་བྱོལ་ནང་ས་གནས་ཀྱི་སྤྱི་འཐུས་འདེམས་པ་ཡིན་ན་རྒྱ་ནག་གཞུང་གི་བཤད་པ་ལྟར་ཡུལ་གྱར་གྱི་ཚོགས་པ་གཅིག་དང་འགོ་ཁྲིད་གཅིག་གི་གནས་སྟངས་ཆགས་མིན་རང་གིས་བསམ་བློ་གཏོང་རྒྱུ་རེད། རྒྱ་ནག་གཞུང་གིས་ག་རེ་ཡིན་ཡང་བཤད་ཀི་རེད། རྒྱ་ནག་གཞུང་གི་བཤད་པ་ལྟར་ཡིན་མིན་དངོས་ཡོད་ལ་བལྟ་དགོས་པ་རེད། རྒྱ་ནག་གིས་སྐུ་མདུན་ཁ་བྲལ་གྱི་གཏེ་བོ་དང་གཟིགས་སྤགས་གྱོན་པའི་བོང་བུ་ཞིག་ཡིན་ཚུལ་གཅིག་མིན་གཉིས་དུ་བསྒྲགས་ཡོད་པ་རེད། འདི་དངོས་ཡོད་ཡིན་མིན་ཚང་མས་ཤེས་གསལ་རེད། མདོ་དོན་གཙོ་བོ་དེ་སྐུ་མདུན་ཁོང་བོད་མིའི་སྐུ་ཚབ་ཡིན་ན་ཁོང་གིས་དབུ་འཁྲིད་པའི་གཞུང་དེ་ལ་ཆོལ་འཐུས་དང་ཆོས་འཐུས་ཀྱི་ཞབས་སྟེགས་ཟུར་འདོན་གནང་མིན་ལ་མ་བལྟོས་པར་བོད་མི་ས་ཡ་གཅིག་སྐུ་ཚབ་མཚོན་པའི་གཞུང་ཡིན་ཡིན་པ་རེད། གནད་དོན་འདི་རྙོག་དྲ་ཚ་བོ་མ་རེད། ལས་སླ་བོ་རེད།
ལན། དོན་དངོས་ཟེར་བ་དེ་རྒྱལ་སྤྱིའི་ནང་བསྟན་ཐུབ་པ་ཞིག་དགོས་པ་རེད། མིས་བལྟས་ཀྱང་རེད་འདུག་དང༌། རང་གིས་བལྟས་ཀྱང་ཡིན་བསམ་པ་ཞིག་དགོས་པ་རེད། གནད་དོན་དེ་ལས་སླ་པོ་ཡིན་ན། རྒྱ་ནག་གཞུང་གིས་བོད་གཞུང་ངོས་ལེན་ཡོད་པ་ཞིག་བཟོ་རོགས་གནང༌། རྒྱལ་བ་རིན་པོ་ཆེ་བོད་མི་སྐུ་ཚབ་ཡིན་པར་ཁས་ལེན་ནས་གསལ་བསྒྲགས་བྱེད་པ་ཞིག་བཟོ་རོགས་གནང༌།
ཡལ་ག་ནས་ཡལ་གར་མ་འཕྲོས་པར་རྩ་བར་ཐུགས་དགོངས་གནང་རྒྱུ་གལ་ཆེན་པོ་རེད། གྲོས་ཚོགས་དང་འོས་བསྡུའི་སྐོར་འདི་ཆབ་སྲིད་ཀྱི་གནས་དོན་ཞིག་རེད། དེ་ཡང་གཙོ་བོ་དམངས་གཙོའི་གནས་དོན་ཞིག་རེད། འདིའི་སྐོར་གྱི་དགོངས་ཚུལ་གནང་སྐབས་སྲིད་ལུགས་འགྲོ་སྟངས་ལ་དང་པོ་ཐུགས་བསམ་བཞེས་རྒྱུ་ལས། ཆོས་ལུགས་དང་དད་འདུན། མི་སྒེར་དང་དོགས་པ་རྣམ་རྟོགས་ལ་གཞིར་བཞག་གི་དགོངས་ཚུལ་གནང་ན་འོས་མཐུན་མ་རེད་འདོད།
ལན། ངའི་ངོས་ནས་བཤད་ན་ཡལ་ག་ནས་རྩ་བ་ལ་འགྲོ་ཡི་ཡོད། དམངས་གཙོ་དང་སྤྱི་འཐུས་དང་ཆབ་སྲིད་དེ་ཡལ་ག་འདྲ་པོ་རེད། རྩ་བ་དེ་བོད་ཀྱི་རྩ་དོན་དང་། དེའི་ནང་ནས་ཆིག་སྒྲིལ་གྱི་སྟོབས་ཤུགས་དེ་ཡིན། ཁྱེད་ཀྱིས་གསུང་པ་དེས་ང་ལ་བློ་སྐྱེད་ཅིག་བྱུང༌། ང་ཚོ་གནད་དོན་འདི་ལ་མི་མཐུན་པ་ཡོང་དོན་ནི་རང་རང་གིས་གཙོ་བོར་དོན་གནད་ག་རེ་གལ་ཆེ་བ་འཛིན་གྱི་ཡོད་པ་དེ་ལ་ཐུག་འདུག་སྐམ། ཡང་ལུང་ཅིག་དྲངས་ཀྱི་ཡིན། རྩ་བའི་གནས་ལུགས་ལ་ལྟོས། ང་ཚོ་ལ་ག་རེ་དགོས་ཀྱི་ཡོད་རེད། མང་གཙོ་དགོས་ཀྱི་ཡོད་རེད་ཅེས་ལབ་སྲིད། དེ་བདེན་པ་རེད། འོན་ཀྱང་མང་གཙོ་དེ་མཐའ་ཐུག་གི་འབྲས་བུ་རེད་དམ། དེ་མ་རེད། མང་གཙོ་དེ་བདེ་སྐྱིད་འབྱུང་ཐབས་ཤིག་རེད། མཐའ་ཐུག་གི་བསྒྲུབ་བྱ་དེ་བདེ་སྐྱིད་རེད། མི་ཚོས་བདེ་སྐྱིད་ཀྱི་ཆེད་དུ་ལམ་སྲོལ་དེ་དག་དང་ཁྲིམས་ལུགས་སོགས་བཟོས་པ་རེད། ཐབས་ལམ་དེ་ནང་འཁྲུག་དང་འཐོར་ཞིག་གི་རྒྱུར་སོང་བ་ཡིན་ན་བདེ་སྐྱིད་ཐོབ་ཐུབ་བམ། ལུང་གྲུབ་པ་ཡིན།
དེ་རིང་འདི་ཙམ་ཞུ། ཐུགས་རྗེ་ཆེ།
ཤྰཀྱ་མི་བོ་ཆེ་དང་གསར་བརྗེ་སྐྱབས་ཞེས་པའི་མིང་འདི་གཉིས་ལ་བར་ཁྱད་ཤོར་ཚབས་ཆེ་བས་འདིར་ངེད་གཉིས་ལ་ཐུན་མོང་གི་གླེང་གཞི་ཞིག་མེད་པ་འདྲ། གང་ལྟར་འདི་ནས་དྲ་གྲོགས་ཚོ་དང་བོད་ཀྱི་དུས་བབ་དྲ་ངོས་ལ་གུས་བརྩི་ཞུ་སླད་ད་ཐེངས་ཁོང་ལ་ལན་འབུལ་རྒྱུ་མིན། ཚིག་མཚོན་དང་འཕྱ་སྨོད་བཞག་ནས་དོན་དམ་གྱི་བགྲོ་གླེང་གནང་ན་དེ་དུས་ཞུ་ལན་ཕུལ་ཆོག
ཁྲ་གླག་སྤྱང་གསུམ་ལགས་ཀྱིས་གལ་བོ་ཆེ་ལ་ནན་ཏན་ཚུལ་དུ་མཆན་བུ་གཅིག་ལ་ཞིབ་དག་དང་འབྲེལ་ལན་གཉིས་ལ་བཀོད་འདུག གནད་དོན་འདིའི་ཐད་སེམས་ཁུར་དང་ཐུགས་བརྩི་གནང་བར་ཐུགས་རྗེ་ཆེ་ཞུ་བ་ཡིན། ད་ངས་ཀྱང་རེ་ཞིག་རྩ་བ་བཞག་ནས་ཡག་ག་གླེང་དགོས་པར་ཐུག་སོང་། གཤམ་ལ་རེ་རེ་བཞིན་རང་གི་བསམ་ཚུལ་འགའ་འབུལ་བར་བརྩོན།
༡༽ ཆོས་རྒྱུད་སྤྱི་འཐུས་དགོས་གལ་ཆེ་བ་དེ་ཆོས་རྒྱུད་གྲུབ་མཐའ་ཁག་གཞུང་གཅིག་གི་འོག་ཏུ་གནས་ཐབས་དང་། ཆོས་རྒྱུད་རྣམས་འདྲ་མཉམ་གྱི་མཉམ་གནས་ཡོང་ཐབས་གཙོ་བོ་ཡིན་ཚུལ་གསུངས་འདུག འདིའི་ནང་ཆིག་སྒྲིལ་གནད་དུ་བཟུང་ཚུལ་གསུངས་འདུག ད་ལྟའི་ཆར་བཙན་བྱོལ་བོད་གཞུང་འདི་ཆོས་རྒྱུད་གཅིག་གི་གཞུང་ཡིན་ནམ། འདི་བོད་མི་མང་གི་གཞུང་ཡིན། འདི་སྔོན་མ་ནང་བཞིན་ཆོས་རྒྱུད་དང་གྲུབ་མཐའ་གང་རུང་གིས་བཀས་བཀོད་རྒྱུད་འཛིན་བྱེད་པའི་གཞུང་ཞིག་ཡིན་ནམ། འདི་རང་དབང་དང་དམངས་གཙོའི་གཞུང་ཞིག་ཡིན། ཆོས་རྒྱུད་སྤྱི་འཐུས་མེད་པའི་སྔོན་དུ་གྲུབ་མཐའ་ཁག་གཞུང་འོག་ཏུ་གནས་མེད་པར་རང་དབང་དང་སྒེར་ཚུགས་ཡིན་ནམ། ཆོས་རྒྱུད་སྤྱི་འཐུས་ཞབས་སྟེགས་ཟུར་འདོན་གནང་བ་ནས་ཆོས་རྒྱུད་རྣམས་གཞུང་འོག་ཏུ་ཕེབས་པ་ཡིན་ནམ། མ་གཞི་ཆོལ་ཁ་དང་ཆོས་རྒྱུད་ཀྱི་ཞབས་སྟེགས་འདི་བརྒྱད་ཅུ་གྱ་གྲངས་ཀྱི་འགོ་སྟོད་ཙམ་ལ་གཏན་འབེབས་གནང་བ་ཞིག་རེད། ལོ་རྒྱུས་ཐོག་ཆོས་ལུགས་གཅིག་གིས་དབང་བསྒྱུར་བའི་བོད་ཀྱི་ཆབ་སྲིད་གནས་སྟངས་དེ་དྲུག་ཅུའི་འགོ་སྟོད་ནས་མཇུག་རྫོགས་ཡོད་པ་རེད། གནས་སྟངས་དང་བརྒྱུད་རིམ་འདི་ཐུགས་ལ་ངེས་རྒྱུ་གལ་ཆེན་པོ་རེད།
༢༽ ཨ་རིའི་མི་འབོར་ལ་མི་བལྟ་བར་ཞིང་ཆེན་རེ་ནས་འཐུས་མི་གྲངས་སྙོམ་གྱིས་འདེམས་པ་དེ་ས་གནས་སྤྱི་འཐུས་འདེམས་སྟངས་རེད། འདིས་གང་ཉིད་ཀྱི་གསུངས་པ་ནང་བཞིན་ས་གནས་གཅིག་ནས་འགྲོ་ལུགས་གཉིས་དང་འདེམས་ལུགས་གཉིས་ཀྱི་དགོངས་ཚུལ་དེར་རྒྱབ་གཉེར་གང་ཡང་རེག་གི་མ་རེད། ཞིང་ཆེན་རྣམས་ལ་མི་འབོར་མང་ཉུང་མི་འདྲ་ནའང་འོས་བསྡུའི་འགྲོ་ལུགས་དང་འདེམས་ལུགས་གཅིག་ལས། ཁྱེད་ཀྱིས་གསུངས་པ་བཞིན་ས་གནས་གཅིག་ནས་མི་སྐྱ་ཚོས་ཆོལ་ཁ་དང་ས་གནས་ཀྱི་སྤྱི་འཐུས་འདེམས། གྲྭ་བ་དང་ཨ་ནེ་ཚོས་ཆོས་རྒྱུད་ཀྱི་སྤྱི་འཐུས་འདེམས་པའི་འགྲོ་ལུགས་གཉིས་དང་འདེམས་ལུགས་གཉིས་ཡོད་པ་མ་རེད། འདིའི་བར་ཁྱད་ཀྱང་མཁྱེན་གལ་ཆེ་བར་འདོད།
༣༽ བཙན་བྱོལ་ནང་ས་གནས་ཀྱི་སྤྱི་འཐུས་འདེམས་པ་ཡིན་ན་རྒྱ་ནག་གཞུང་གི་བཤད་པ་ལྟར་ཡུལ་གྱར་གྱི་ཚོགས་པ་གཅིག་དང་འགོ་ཁྲིད་གཅིག་གི་གནས་སྟངས་ཆགས་མིན་རང་གིས་བསམ་བློ་གཏོང་རྒྱུ་རེད། རྒྱ་ནག་གཞུང་གིས་ག་རེ་ཡིན་ཡང་བཤད་ཀི་རེད། རྒྱ་ནག་གཞུང་གི་བཤད་པ་ལྟར་ཡིན་མིན་དངོས་ཡོད་ལ་བལྟ་དགོས་པ་རེད། རྒྱ་ནག་གིས་སྐུ་མདུན་ཁ་བྲལ་གྱི་གཏེ་བོ་དང་གཟིགས་སྤགས་གྱོན་པའི་བོང་བུ་ཞིག་ཡིན་ཚུལ་གཅིག་མིན་གཉིས་དུ་བསྒྲགས་ཡོད་པ་རེད། འདི་དངོས་ཡོད་ཡིན་མིན་ཚང་མས་ཤེས་གསལ་རེད། མདོ་དོན་གཙོ་བོ་དེ་སྐུ་མདུན་ཁོང་བོད་མིའི་སྐུ་ཚབ་ཡིན་ན་ཁོང་གིས་དབུ་འཁྲིད་པའི་གཞུང་དེ་ལ་ཆོལ་འཐུས་དང་ཆོས་འཐུས་ཀྱི་ཞབས་སྟེགས་ཟུར་འདོན་གནང་མིན་ལ་མ་བལྟོས་པར་བོད་མི་ས་ཡ་གཅིག་སྐུ་ཚབ་མཚོན་པའི་གཞུང་ཡིན་ཡིན་པ་རེད། གནད་དོན་འདི་རྙོག་དྲ་ཚ་བོ་མ་རེད། ལས་སླ་བོ་རེད།
༤༽ཡལ་ག་ནས་ཡལ་གར་མ་འཕྲོས་པར་རྩ་བར་ཐུགས་དགོངས་གནང་རྒྱུ་གལ་ཆེན་པོ་རེད། གྲོས་ཚོགས་དང་འོས་བསྡུའི་སྐོར་འདི་ཆབ་སྲིད་ཀྱི་གནས་དོན་ཞིག་རེད། དེ་ཡང་གཙོ་བོ་དམངས་གཙོའི་གནས་དོན་ཞིག་རེད། འདིའི་སྐོར་གྱི་དགོངས་ཚུལ་གནང་སྐབས་སྲིད་ལུགས་འགྲོ་སྟངས་ལ་དང་པོ་ཐུགས་བསམ་བཞེས་རྒྱུ་ལས། ཆོས་ལུགས་དང་དད་འདུན། མི་སྒེར་དང་དོགས་པ་རྣམ་རྟོགས་ལ་གཞིར་བཞག་གི་དགོངས་ཚུལ་གནང་ན་འོས་མཐུན་མ་རེད་འདོད།
དེ་རིང་འདི་ཙམ་ཞུ། ཐུགས་རྗེ་ཆེ།
སྤོབས་པ་མཐའ་ཡས་ལགས། ཁྱོད་ཀྱིས་བཤད་པའི་”མང་པོ་ཞིག་གིས་སྤྱི་འཐུས་སྒེར་ངོས་ནས་འཇོན་ཐང་མེད་པ་དང་། རང་ཚུགས་མེད་པ། ཡོན་ཏན་མེད་པ། སྤྱོད་པ་མི་ལེགས་པའི་རྒྱུ་མཚན་ཙམ་དྲངས་ཡོང་གིན་འདུག་མོད་དེ་གང་ཟག་གི་སྐྱོན་ཡིན་པ་ལས་ལམ་ལུགས་ཀྱི་སྐྱོན་ཞིག་མ་རེད།” སྐད་ཆ་འདི་ལ་ལྗིད་ཁོག་འདུག་ལ། ངས་བལྟས་ན་ཁ་སང་ནས་འུར་ལངས་ཏེ་གསར་བུ་ཁོག་སྟོང་དེ་ཚོས་མག་མུག་མང་པོ་བཤད་པ་ཀུན་གྱི་ལན་ལ་ཚིག་འདི་གཅིག་པུས་འཐད་པར་མཐོང་།
ཆོས་བརྒྱུད་སྤྱི་འཐུས་མེད་ཚེ་སྐྱོན་གང་ཞིག་ལྷག་གིན་ཡོད་པ་དེ་ཚོའི་སྐོར་ཁོ་ཚོས་རྩ་ནས་མི་གླེང་ཞིང་། གླེང་འདོད་ཀྱང་མེད། དེ་ལས་ཁོ་ཚོའི་དམིགས་ཡུལ་ནི་ཆོས་ལུགས་སྤྱི་འཐུས་མེད་པར་གཏང་རྒྱུ་ཙམ་ལས་དེ་གཞུག་ག་རེ་བྱུང་ཡང་ཁོ་ཚོར་ཇུས་གཏོགས་མེད་པ་འདྲ། དེ་ནི་སྐབས་འཚོལ་པ་རང་རེད། ཕུགས་འགྱངས་ཅན་ནི་ག་བར་ག་བར།
ཆོས་བརྒྱུད་སྤྱི་འཐུས་དགོས་རབས་ཀྱི་གནད་དོན་དངོས་རྣམས་གླེང་དུས་ཁ་སང་གི་ཐོག་མའི་ཁ་ཕོ་འཐེན་མཁན་གྲྭ་སའི་གསར་བུ་དེ་ཚོ་ད་ག་བར་ཕྱིན་སོང་།
གསར་བརྗེ་སྐྱབས་ཁྱོད་དངོས་གནས་རིག་གསར་གྱིས་སྐྱབས་པ་རང་ཡིན་ས་རེད། ཆོས་ལུགས་དང་ཆོལ་ཁའི་རྩོད་རྙོག་འདུམ་འགྲིག་ལ་གྲོས་ཚོགས་ཀྱི་ཞབས་སྟེགས་བེད་སྤྱོད་བྱ་དགོས་པ་ནི་ལོས་ཡིན་དགོས་ཏེ། དེ་དག་བོད་དོན་དངོས་ཡིན་ཞིང་། དེ་མིན་ན་བོད་ཡུལ་ཐོར་ཞིག་ཏུ་འགྲོ་ཉེན་ཡོད། འདི་ལས་ལྷག་སྟེ་ཁྱིམ་ཚང་གི་རྩོད་རྙོད་ཀྱང་འདུམ་འགྲིག་བྱ་དགོས་ཐུག་ཀྱང་དགོས་པར་སེམས་ཏེ་དམངས་གཙོ་རྒྱལ་ཁབ་གཞན་གྱི་གྲོས་ཚོགས་ལའང་ལྟོས།
རིག་གསར་གྱི་གཅེས་ཕྲུག་ཁྱོད་ལ་དགོས་པའི་གྲོས་ཚོགས་ནི་རྒྱ་ནག་གི་གྲོས་ཚོགས་ལྟར་བཤད་ལབ་ཅི་ཡང་མེད་ཅིང་། གཅིག་གིས་བཤད་ནས་ལྷག་མས་ཉན་དགོས་པ་ཞིག་ཨེ་དགོས། ཆོས་བརྒྱུད་སྤྱི་འཐུས་མ་གླེང་སྔོན་དུ་ཁྱོད་རང་དང་པོ་རིག་གསར་གྱི་ལྟ་བ་དེ་དོར་ཞིག
ད་དུང་འོས་ཤོག་སྐོར་ལ་རིག་པ་གསར་པ་ཡིན་ན་གཅིག དེ་ནི་ཁྱོད་རང་ཤིན་ཏུ་ནོར་བ་རེད། ཆོས་བརྒྱུད་སོ་སོའི་སྤྱི་འཐུས་དེ་ཆོས་བརྒྱུད་སོ་སོའི་གྲྭ་བཙུན་ལ་འདེམས་བཅུག་པ་དེ་བོད་གཞུང་གིས་གནད་འགག་ཏུ་མཛད་འདུག དེ་མིན་ཁྱོད་ཀྱིས་རིག་པ་གསར་པ་ཡིན་ཟེར་བ་དེ་དག་ལ་བསྟུན་ན། ད་ཅི་ཤེས། དགོན་འོག་ཏུ་གི་གྲྭ་བཙུན་དེ་ཚོ་ཆོས་བརྒྱུད་གང་གི་ཁོངས་སུ་གཏོགས་མིན་ཧ་ལམ་གསལ་པོ་དང་གཏན་པོ་ཡིན་ཡང་། མི་དམངས་སྐྱ་བོ་རྣམས་ལ་དེ་ཙམ་ཁག་པོ་ཡིན་པས། བྱ་སྟབས་བདེ་བོ་ཞིག་མིན། ཁྱོད་ལྟ་བུ་འགའ་ཞིག་ནི་ཆོས་མི་དགོས་མདོག་མདོག ད་དུང་གང་འོས་སུ་འདེམས་བཙུག་ཚེ་རྙིང་མ་དང་བཀའ་བརྒྱུད་ས་སྐྱ་བོན་དང་བཅས་པའི་ཆོས་བརྒྱུད་སྤྱི་འཐུས་ཆ་ཚང་དགེ་ལུགས་པ་ཤ་སྟག་གམ་ཡང་ན་དབུས་གཙང་ཤ་སྟག་ཏུ་མི་འགྱུར་བའི་ངེས་པའང་མེད། འདི་ཁྱོད་ཀྱི་རིག་པ་གསར་པའི་འབྲས་གསར་དུ་བདག་གིས་དོགས་ཀྱིན་ཡོད། དེ་ནས་གང་ཞིག་ཡོང་ངེས་པ་ནི་ཁྱོད་ཀྱིས་ཤེས་པར་བགྱིས།
འདི་ཞུ་དག་བྱས་ནས་བསྐྱར་བཀོད་བྱས་ཡོད།
རྩོད་རྙོག་འདུམ་འགྲིག་ལ་གྲོས་ཚོགས་ཀྱི་ཞབས་སྟེགས་བེད་སྤྱོད་དགོས་པའི་ངེས་པ་མི་འདུག མ་མཐར་ཡང་དེས་འདུམ་འགྲིག་བྱས་པའི་སྣང་ཚུལ་གང་བྱུང་མེད།ཟེར།
དེའི་སྐོར་ངས་ཚར་བརྒྱ་ཐམ་པ་བཤད་པ་ཡིན། གཞན་གྱིས་ཀྱང་བཤད་འདུག ད་དུང་མ་གོ་མ་ཤེས་ན་དེ་མ་ཤེས་དགོས་པའི་རྒྱུ་མཚན་གཞན་ཞིག་ཡོད་པ་རེད། འོ་ཀྱང་སྐུ་ཉིད་ནས། ཆོལ་ཁ་ཆོས་རྒྱུད་གང་ཡིན་ཡང་ལོ་རྒྱུས་ཐོག་གི་རྩོད་རྙོག་མེད་པ་གང་ཡང་མིན། ཞེས་དང༌། རྩ་དོན་དང་ཆབ་སྲིད་ལངས་ཕྱོགས་ཀྱི་ཐད་ནས་ད་ལྟའི་ཆར་གལ་ཆེན་ཡིན་མིན་ཡང་བསམ་བློ་གཏོང་རྒྱུ་ཡོད་པ་ཞིག་རེད། ཞེས་པ་དེ་ཕལ་ཆེར་རང་གི་དྲི་བ་དེའི་ལན་ཆོག་པ་འདུག
རིག་པ་སྤུངས་མཁན་ཚོའི་ནང་ནས་ཆོས་རྒྱུད་སྤྱི་འཐུས་མེད་དུ་མི་རུང་བ་གསུངས་མཁན་མང་ནའང་གནད་དུ་འཁེལ་བའི་གླེང་སློང་མཁན་གཅིག་ཀྱང་བྱུང་མི་འདུག ཚང་མས་རྩ་བ་བོར་ནས་ཡལ་ག་གླེང་བ་འདྲ་བོ་འདུག།ཟེར།
དེང་སང་རང་གི་ལན་མ་ཐེབས་པའི་སྐབས་གོ་རྒྱུ་མི་འདུག་ཚོར་རྒྱུ་མི་འདུག འབྲི་ཤེས་ཀྱི་མི་འདུག་ཟེར་ནས་གཡོལ་འགྲོ་མཁན་མང་པོ་འདུག ཁྱེད་དེ་འདྲ་ཞིག་མིན་པར་ཤོག
དམངས་གཙོ་འོས་བསྡུའི་ནང་ས་གནས་ཀྱི་འོས་བསྡུ་འགྲོ་སྟངས་དེ་སྤྱི་འགྲོས་དང་ཁྲིམས་ལུགས་ལ་མཐུན་པ་ཞིག་རེད།ཟེར།
བཙན་བྱོལ་ས་གནས་ཀྱི་འོས་བླུག་པ་ཡིན་ན། དེས་བཙན་བྱོལ་ས་གནས་རང་གི་འཐུས་ཚབ་མཚོན་པ་ལས། གཞིས་ལུས་བོད་རྒྱ་ཆེ་མི་མང་གི་ཚབ་ག་འདྲ་མཚོན་གྱི་རེད། རྒྱ་མིས་བཤད་པ་ལྟར་ཡུལ་གྱལ་གྱི་ཚོགས་པ་གཅིག་དང་རུ་ཚོགས་གཅིག་གི་མགོ་ཁྲིད་ཟེར་བ་འདྲ་པོ་ཆགས་པ་མ་རེད་དམ། བོད་མི་ཡིན་པ་ཙམ་གྱིས་ཆག་ག་ཡོད་ན། བྱམས་པ་ཕུན་ཚོགས་དང་ལེགས་མཆོག་དེ་ཚོ་ཡང་བོད་པ་རེད། དེས་བོད་རྒྱ་ཆེ་མི་མང་གི་ཚབ་མཚོན་གྱི་ཡོད་རེད་པས།
འོན་ཀྱང་ས་གནས་གཅིག་ནས་སྤྱི་འཐུས་འདེམས་སྐབས་འགྲོ་ལུགས་གཉིས་དང་འདེམས་ལུགས་གཉིས་དགོས་དོན་གང་ཡིན་ནམ། གནད་དེ་ད་དུང་སེལ་ཐུབ་མེད།ཟེར།
འོས་གཅིག་དང་གཉིས་ཀྱི་རྙོག་ཡོང་བ་ཡོང་བཡིན་ཙང་ཐབས་ལམ་དེ་བཤད་པ་རེད། དགོས་པའི་དབང་གིས་གཅིག་སྡུད་དམར་ཤོག་ཡིན་ན་ཡང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བ་བཟོས་ཡོད་རེད།
དམངས་གཙོའི་འོས་བསྡུ་སྐབས་གཙོ་བོ་འོས་བསྡུའི་གནས་ལུགས་གཙོ་བོར་བཟུང་རྒྱུ་ལས་གནས་སྟངས་གཙོ་བོར་བཟུང་ནས་འོས་བསྡུའི་གནས་ལུགས་ལ་འགྱུར་བ་གཏོང་བ་དེ་གནས་ལུགས་ཤིག་ཡིན་མིན་མི་ཤེས།ཟེར།
དེའི་དོན་ཡག་པོ་ཞིག་རྩ་ནས་ཤེས་མ་སོང༌། དགོངས་དག
ཆོས་རྒྱུད་ལ་དམིགས་བསལ་ཀྱི་ཞབས་སྟེགས་ཟུར་འདོན་གནང་དགོས་དོན་གང་ཡིན་ནམ།ཟེར།
རྡོག་རྡོག་བཤད་མ། ལོ་རྒྱུས་ཐོག་ཆོས་ལུགས་གཅིག་གིས་གཞུང་བཟུང་པའི་ལོ་རྒྱུས་དེ་མེད་པ་བཟོ་ཆེད་རེད། ཆོས་ལུགས་གཞན་ཡི་མ་རང་བ་དང་འཁོན་དུ་འཛིན་པ་དེ་མེད་པ་བཟོས་ནས་རང་གཞུང་ལ་ཤ་གཞེན་དང་དགའ་ཞེན་ཡོང་ཆེད་རེད། ཆོས་ལུགས་ཀྱི་ནད་རོ་དེ་གནད་འགག་ཆེན་པོ་ཞིག་ལ་བརྩིས་པ་རེད།
སྤོབས་པ་མཐའ་ཡས་ལགས། བདེ་མོ། ང་ནི་ཁྱོད་ཀྱི་དྲ་གྲོགས་གསར་བ་ཞིག་ཡིན། ངའི་ཁྱོད་ཀྱི་མིང་རྩོམ་ཡིག་གི་ཁྲོད་ནས་ཤེས་པ་ལས་ཁྱོད་ངོ་ཤེས་ཀྱིན་མེད། དེ་རིང་ངས་ཁྱོད་ཀྱི་རྩོམ་ཡིག་ཕྱེད་ཙམ་ཀློག་པ་ཡིན། ཡག་པོ་བྲིས་འདུག འཕྲོས་རྗེས་མར་ཀློག་ནས་བསམ་ཚུལ་འབྲི་འདོད་ཡོད།
སྤོབས་པ་མཐའ་ཡས་ཀྱིས་རེ་བསྐུལ་ལྟར། བོད་སྐད་དུ་འབྲས་ལྗོངས་ཞེས་དང་དབྱིན་སྐད་དུ་Sikkim ཞེས་འབོད། རྒྱ་གར་གྱི་མངའ་སྡེ་ཡར་རྒྱས་ཆེ་ཤོས་ཞིག་ཏུ་ངོས་འཛྀན་བཞིན་ཡོད། རྒྱ་གར་གྱི་བྱང་ཤར་མཚམས་དང་བོད་ཀྱི་ས་མཚམས་ཀྱང་ཡིན། ཆོས་བརྒྱུད་ནི་ནང་ཆོས་དང་། ཡུལ་སྐད་ནི་བོད་སྐད་ཀྱི་བརྡ་རྙིང་། ཡི་གེ་ཡང་བོད་ཡིག་བསྐུལ་བཞིན་པ་ཡིན། མི་རིགས་ཀྱང་བོད་རིགས་ལས་གཉིས་སུ་མ་མཆིས། ཡུལ་དེར་གྲྭ་པ་དག་གྲོས་ཚོགས་སུ་ཞུགས་ཆོག་པའི་སངྒྷ་རྐུབ་སྟེགས་༼དགེ་འདུན་པའི་རྐུབ་སྟེགས་༽ཞེས་པ་གཅིག་ཡོད། དེ་ལ་གྲྭ་པ་མ་གཏོགས་པའི་གཞན་པ་མི་སྐྱ་སོགས་ཀྱིས་འོས་ཤོས་འཕང་ཆོག་པའི་ཐོབ་ཐང་མེད། དེ་ནི་གྲྭ་པའམ་ཆོས་ལུགས་ཀྱི་སྤྱི་འཐུས་ཞིག་པ་དེ་ཡིན། དེ་ཙམ་མ་ཟད་ཡང་བསྐྱར་གྲྭ་པ་རྣམས་ཀྱིས་སྤྱི་འཐུས་ལའང་འོས་ཤོག་འཕེན་ཆོག མདོར་ན་འབྲས་ལྗོངས་ཀྱི་གྲྭ་པ་རྣམས་ནས་འོས་ཤོས་ཐེངས་གཉིས་རེ་འཕེན་ཆོག་གི་འདུག
ངས་ཀྱང་གཅིག་བརྗེད་འདུག བཙན་བྱོལ་ས་གནས་ཀྱི་འོས་བླུག་པ་ཡིན་ན། དེས་བཙན་བྱོལ་ས་གནས་རང་གི་འཐུས་ཚབ་མཚོན་པ་ལས། གཞིས་ལུས་བོད་རྒྱ་ཆེ་མི་མང་གི་ཚབ་ག་འདྲ་མཚོན་གྱི་རེད། རྒྱ་མིས་བཤད་པ་ལྟར་ཡུལ་གྱལ་གྱི་ཚོགས་པ་གཅིག་དང་རུ་ཚོགས་གཅིག་གི་མགོ་ཁྲིད་ཟེར་བ་འདྲ་པོ་ཆགས་པ་མ་རེད་དམ། བོད་མི་ཡིན་པ་ཙམ་གྱིས་ཆག་ག་ཡོད་ན། བྱམས་པ་ཕུན་ཚོགས་དང་ལེགས་མཆོག་དེ་ཚོ་ཡང་བོད་པ་རེད། དེས་བོད་རྒྱ་ཆེ་མི་མང་གི་ཚབ་མཚོན་གྱི་ཡོད་རེད་པས།