སྐབས་བཅུ་བཞི་བའི་གྲོས་ཚོགས་འདི་ལ་གསལ་བཤད་ག་ཚོད་བྱས་ཀྱང་། གསལ་བོ་ཆགས་རྒྱུ་མེད་པའི་ཉམས་མྱོང་ཧ་ཅང་གཏིང་ཟབ་ཆགས་འདུག གསལ་བཤད་མགོ་འཛུགས་སྐབས་ནས་གསལ་བོ་ཆགས་པ་མ་རེད་ལ། གསལ་བོ་ཆགས་རྒྱུར་འདོད་ཀྱང་ཡོད་པ་མ་རེད། གསལ་བཤད་དང་རྒྱུ་མཚན་བཤད་དེ་གསལ་བོ་ཆགས་རྒྱུ་ཡོད་ན། ཐེངས་འདིར་༧གོང་ས་མཆོག་གིས་འདི་ལྟ་བུའི་གསུང་འཕྲིན་ཞིག་ཕེབས་དགོས་དོན་ཡང་ཡོད་པ་མ་རེད། ཅེས་བཀའ་བློན་ཁྲི་པའི་སེམས་ཀྱི་མཆི་མ་དེ་གྲོས་ཚོགས་ར་བར་བཞུར་སོང།
དངོས་ནས་སྐབས་བཅུ་བཞི་བའི་སྤྱི་འཐུས་འདི་ཚོ་འདི་འདྲ་ཞིག་ཡིན་ནམ། གསལ་བཤད་བྱས་ཀྱང་གསལ་བོ་ཆགས་རྒྱུ་མེད་པར་རྒྱུ་མཚན་གཞན་ཞིག་ཡོད་དམ། ཡང་ན་ད་ནི་གྲོས་ཚོགས་ནང་གི་གནས་ཚུལ་མང་པོ་ཞིག་རྦད་དེ་གསལ་བོ་ཆགས་རྒྱུ་མེད་སོང་བ་ཡིན་ནམ། འདི་ལྟར་ངའི་སེམས་ཁམས་དྲི་རྟགས་མང་པོས་གཙབས་རལ་ཏུ་བཏང་སོང།
ཉེ་སྔོན་གྲོགས་པོ་ཞིག་གིས་ང་ལ། སྤྱི་འཐུས་མང་ཆེ་བ་ཡིག་རྨོངས་པ་རེད་ཅེས་བཤད་མྱོང། དེ་དུས་སྐད་ཆ་དེའི་དོན་གསལ་བོ་ཞིག་གོ་མ་སོང།དེ་རིང་གི་བཀའ་བློན་ཁྲི་བའི་སེམས་ཀྱི་མཆི་མ་ལས་ངས་བསྐྱར་དུ་གྲོགས་པོའི་སྐད་ཆ་དེར་བསམ་བློ་གཏོང་དགོས་ཆགས་སོང། ཡི་གེ་ཀློག་ཙམ་ཤེས་ཀྱང་དེའི་སྟོན་དོན་རང་ངོས་ནས་གསལ་རྟོགས་བྱེད་མི་ཐུབ་པའི་རིགས་ཀྱི་སྤྱི་འཐུས་དང།ཚགས་ཤོག་དང་ཡིག་ཆ་ཙམ་ཀློག་ཤེས་ཀྱང་རང་གི་བསམ་ཚུལ་ཞིབ་ཚགས་ཀྱིས་ཡིག་ཐོག་ཏུ་འབྲི་མི་ཐུབ་པའི་རིགས་ཀྱི་སྤྱི་འཐུས།འབྲི་ཀློག་ཤེས་ཀྱང་རང་ངོས་ནས་དབྱེ་ཞིབ་ཀྱི་ནུས་པ་མེད་པའི་རིགས་ཀྱི་སྤྱི་འཐུས།དབྱེ་ཞིབ་གང་འཚམ་བྱེད་ཐུབ་ཀྱང་སྒེར་ཚུགས་དང་ལང་ཕྱོགས་གང་ཡང་མེད་པའི་རིགས་ཀྱི་སྤྱི་འཐུས།མི་རིགས་ཤིག་གི་ཆེས་གནད་འགག་གི་གོ་གནས་འཛིན་པའི་མི་འདི་ཚོ་ལ་ཤེས་ཚད་དང་བསམ་བློ་འདི་ཙམ་ལས་མེད་ན་ད་གཟོད་ཡིག་རྨོངས་པ་དང་གཅིག་པ་མིན་ནམ། ང་ལ་འདི་འདྲའི་ཚོར་སྣང་ཡོིང་གི་འདུག
ཉེ་སྔོན་ཚགས་ཤིག་ལས་ནོར་རྫི་སྤེན་པ་ཞེས་པའི་རྩོམ་ཡིག་ཅིག་མཐོང་བྱུང། དེ་ནི་སྤྱི་འཐུས་དང་འབྲེལ་བའི་རྩོམ་ཡིག་ཅིག་རེད། དེ་མཐོང་དུས་ང་ཅུང་ཙང་ཁོང་ཁྲོ་ཟ་སོང། མི་མང་གི་སྐུ་ཚབ་ཡིན་པའི་སྤྱི་འཐུས་ཚོའི་དཔེ་ལ་ནོར་གནག་བཞག་ན་ཚད་ལས་བརྒལ་སོང་བསམས་པ་ཡིན།དེ་རིང་གསལ་བཤད་བྱས་ཀྱང་གསལ་བོ་མི་ཆགས་པའི་གནས་ཚུལ་འདི་བདེན་ན་རྩོམ་ཡིག་དེ་ལ་བདེན་པའི་ཆ་ཞིག་ཏན་ཏན་ཡོད་པར་འདོད་བྱུང། མང་ཚོགས་ཀྱིས་བསམ་བློ་ཅི་ཞིག་གཏོང་གི་ཡོད་དམ།
སྐབས་བཅུ་བཞི་བའི་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་ཐེངས་བརྒྱད་པ་དེ་སྤྱི་འཐུས་ནང་ཁུལ་གྱི་རྩོད་གཞིའི་ཁྲོད་ཚོགས་མ་ཐུབ་པར་བཞག་པ་རེད། གྲོས་ཚོགས་ཚོགས་དུས་ཐེངས་དགུ་བ་དེ་ནི་བཀའ་སྤྱི་གཉིས་ཀྱི་རྩོད་པའི་དབང་དུ་སོང་ཡོད་པའི་ཚོར་སྣང་བྱུང་སོང། གྲོས་ཚོགས་རྭ་བའི་ནང་རྒྱག་རེས་ཤོར་ན་ཤོར། རྩོད་པ་ཤོར་ན་ཤོར། གཙོ་བོ་མི་རིགས་ཀྱི་གནད་དོན་འཐུས་ཤོར་དུ་གཏོང་མི་ཉན་ལ། རྒྱལ་ཁབ་ཀྱི་ལས་དོན་སྣང་མེད་དུ་གཡུག་མི་ཉན། མང་ཚོགས་ཀྱི་བདེ་སྡུག་ཀྱང་ས་རྡུལ་བཞིན་འདོར་མི་ཉན་པ་ནི་གནད་འགག་གཅིག་པོ་དེ་རེད། འདི་ནི་ང་རང་མི་མང་གི་གྲུབ་ཆ་ཞིག་ཡིན་པའི་ངོས་ནས་བཤད་པ་ཡིན།
སྔོན་དུ་བརྗོད་ཟིན་ལྟར་ལྗིད་མཉམ་སྟངས་འཛིན་གྱི་སོ་མཚམས་དང་། རྟོན་བཞིའི་འཇུག་ལྡོག་མ་ནོར་བར་སྒེར་འཁོན་ཕྱོགས་འཐེན་སྤངས་ཏེ། གྲོས་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་གནས་ཚད་དང་སྤུས་ཀ་གོང་མཐོར་གཏོང་རྒྱུའི་ཀུན་སློང་དང་རྩོལ་བ་མི་ལྷོད་པ་དགོས་གལ་མཐོང་། འཛིན་སྐྱོང་དང་ཁྲིམས་ལུགས་དབང་འཛིན་གཉིས་ཀའི་འགན་ཁུར་ཞུ་ཡུལ་གྲོས་ཚོགས་ཡིན་སྟབས།གྲོས་ཚོགས་ཀྱང་མང་ཚོགས་ལ་འགན་ཁུར་འཕེར་ངེས་དགོས། ཞེས་པའི་༸གོང་ས་མཆོག་གི་གསུང་གི་སྙིང་བོར་བསམ་བློ་བཏང་ནས་སྤྱི་འཐུས་ཀྱི་གནས་ཚད་དང་སྤུས་ཀ་ལ་སེམས་ཁྲལ་ཞིག་བསླེབས་སོང། གསུང་འཕྲིན་དེ་༧གོང་ས་མཆོག་ཐུགས་དགྱེས་ཚོར་ཆེན་པོས་གནང་བ་ཞིག་མིན་པར་ཨ་ཆད་ཨུ་ཐུག་གི་ཐོག་ནས་གནང་བ་ཞིག་རེད། ཅེས་བཀའ་ཁྲིའི་མཇུག་སྣོན་གསལ་བཤད་དེས་ལྷག་པར་སེམས་མ་བདེ་བ་བཟོས་སོང། དངོས་གནས་སྤྱུ་འཐུས་ཚོས་མི་མང་གི་ཚབ་བྱེད་ཀི་ཡོད་དམ།ཡང་ན་སྤྱི་འཐུས་དང་མི་མང་བར་གྱི་འབྲེལ་བ་ག་འདྲ་ཡིན་ནམ། སྤྱི་འཐུས་རྭ་བའི་ནང་དུ་མི་མང་གི་མདོག་དང་དབྱིབ་དེ་འདྲ་མཐོང་རྒྱུ་ཡོད་དམ། འདི་ཡང་སྤྱི་འཐུས་ཚོའི་འགན་འོག་ན་ཡོད་པའི་མི་ཞིག་གི་ལྟ་ཚུལ་ཡིན།
སྤྱི་འཐུས་ཚོས་རྩོད་པ་རྒྱག་གི་ཡོད་པ་དང། ༸གོང་ས་མཆོག་གིས་རྩོད་པ་དེ་སེལ་ཐབས་སུ་གསུང་འཕྲིན་གནང་གི་ཡོད་པ། ད་དུང་བཀའ་ཁྲིས་གསལ་བཤད་རིང་མོ་དང་སྙིང་གི་མཆི་མ་འདོན་གྱིན་ཡོད་པ་མི་མང་གིས་ཤེས་རྟོགས་བྱེད་ཀི་ཡོད་དམ། ཚོར་སྣང་ཡོང་གི་ཡོད་དམ། མི་མང་གིས་ཀྱང་སྤྱི་འཐུས་ཚོ་ལ་འགན་གང་ཡང་ཁུར་གྱི་མེད་པ་ཡིན་ནམ། ད་དུང་མི་མང་གིས་བོད་རྒྱལ་ཁབ་ཀྱི་ཆེད་དུ་འགན་ག་ཚད་ཅིག་ཁུར་གྱི་ཡོད་དམ།ཁ་སང་དེ་རིང་ལྟ་བུ་ལ་མི་མང་ཁུ་སུམ་མེར་བསྡུད་འདུག་པའི་ཚོར་སྣང་འདུག ༧གོང་ས་མཆོག་གིས། གཞིས་ལུས་རྒྱ་ཆེའི་མི་མང་ཚོས་དངངས་སྐྲག་དང་ཛ་དྲག་དེ་འདྲའི་འོག་སྲོག་འབེན་ལ་བཙུགས་ཏེ་སྙིང་སྟོབས་དེ་ཙམ་སྐྱེད་ཐུབ་ཀྱི་ཡོད་པ་རེད། ང་ཚོ་རང་དབང་ལུང་པར་ཡོད་མཁན་ཚོས་བོད་སྤྱི་པའི་དོན་དུ་བསམ་བློ་ཞེ་དྲག་མ་འཁོར་བ་བྱས།སོ་སོའི་དོན་ལ་བསམ་བློ་ཁོ་ན་བཏང་བསྡད་པ་ཡིན་ན་ལས་རྒྱུ་འབྲས་ལ་ངོ་གཏུག་དགོས་པ་ཡིན་སྟབས།སོ་སོའི་མི་རིགས་ཀྱི་ལ་རྒྱ་དང་ཞེན་ཁོག་སོགས་སྐད་ཆ་ཤོད་སྐབས་ངོ་ཚ་དགོས་པ་རེད། ཕར་ཕྱོགས་སུ་དཀའ་ངལ་དེ་འདྲའི་འོག་སེམས་ཤུགས་བསྒྲིམས་ཏེ་དེ་འདྲ་བྱེད་དུས་ང་ཚོ་རང་དབང་ལུང་པར་ཡོད་མཁན་ཚོ་ལྷོད་གཡེང་ངང་བསྡད་པ་ཡིན་ན་ནོར་འཁྲུལ་རེད། ཚང་མས་སེམས་ཤུགས་མ་ཆག་པར་བོད་སྤྱི་པའི་དོན་དག་དེ་དུས་ནམ་ཡང་མ་བརྗེད་པ་བྱེད་དགོས་ཀྱི་རེད་ཅེས་བཀའ་སློབ་སྩལ་དོན་ཅི་ཞིག་ཡིན་ནམ།
གོང་གི་དྲི་འདི་དག་གིས་ངའི་སེམས་པ་གཙབས་རལ་ཏུ་བཏང་སོང། ཕྲན་ནི་སྲིད་དོན་པ་པ་དེ་འདྲ་མིན་པས་ཆབ་སྲིད་ཀྱི་གནད་དོན་ཞིབ་ཕྲ་དེ་འདྲ་གང་ཡང་མི་ཤེས།ཡིན་ནའང་རང་ཉིད་རྩོམ་པ་པོ་ཞིག་ཡིན་པས་སྒེར་ཚུགས་ཀྱི་ལྟ་བ་ཤུགས་ཆེ་བས་གཞན་གྱི་ལག་ཆ་དང་དགོས་མཁོའི་དབང་དུ་མི་འགྲོ་བའི་གདེངས་ཚོད་ཡོད། དེ་རིང་གི་ངའི་བསམ་ཚུལ་འདི་ཚོར་སྣང་ཤུགས་ཆེན་པོ་དེ་འདྲ་རེད་མོད།འོན་ཀྱང་མི་རིགས་ཤིག་གི་གནད་དོན་དང་འབྲེལ་བའི་བསམ་ཚུལ་ཞིག་ཡིན་ཙ་ན་ཀློག་མཁན་ཚོར་ཐེ་ཚོམ་མེད་པར་ཕུལ་བ་དེ་འདྲ་ཡིན།
མི་མང་ནས་སྤྱི་འཐུས་གདམ་སྐབས་ནོར་འཕྲུལ་ཚབ་ཆེན་འདུག གང་ལག་ཞེ་ན་སོ་སོ་རང་ཕྱོགས་ལ་ཞེན་ཁོག་ཅན་ཞིག་གདམ་པ་ལས། སྤྱི་སེམས་ཅན་ཞིག་གདམ་གི་མི་འདུག་ལ། མི་དེའི་ཤེས་ཡོན་དང་ལྷག་བསམ་ལ་ཡང་ལྟ་གི་མི་འདུག རྒྱ་རྐྱེན་དེས་ན་་གྲོས་ཚོགས་ནང་ལ་ཆབ་སྲིད་གི་གོ་རྟོག་བཞག་ནས་ཡི་གེ་འབྲི་རློག་རང་རྐྱ་མི་འཕེར་བའི་སྤྱི་འཐུས་ཡོད་པ་གསལ་པོ་ཤེས་ཀྱི་ཡོད
མི་དམངས་ཀྱི་སྐུ་ཚབ་མཚོན་པའི་འཐུས་མིའི་ཁ་གྲངས་ཅུང་མང་པོ་རེད། བཅུ་ཕྲག་བཞི་ལས་བརྒལ་ཡོད། འོན་ཏེ་བོད་ཡིག་ཚེགས་མེད་དུ་ཀློག་འདོན་ཐུབ་མཁན་བཅུ་ཕྲག་གཅིག་ཟིན་ཐུབ་ཀྱི་ཨེ་ཡོད། ཅི་སྟེ་ཡི་གེ་ཆལ་ཆོལ་ཞིག་ཆོད་ཀྱི་ཡོད་པའི་དབང་དུ་བཏང་ནའང་ནེ་ཙོའི་མ་ཎི་བཞིན་གོ་དོན་སེམས་ངོ་ན་ཤར་ཐུབ་ཀྱི་མེད་པ་གསལ་པོ་གསལ་རྐྱང་རེད། དེ་ལས་ཀྱང་ངོ་གདོང་སྨད་དགོས་པ་ཞིག་ནི་མང་པོ་མང་པོ་ཞིག་གིས་བོད་ནང་གི་ཛ་དྲག་གནས་སྟངས་ལ་གོ་རྟོགས་མེད་ལ་སེམས་ཚོར་མེད། སྤྱིར་མི་དམངས་ཚོས་སྤྱི་འཐུས་བདམས་ཡོང་དུས་ནས་འགྲིག་གི་མི་འདུག ཏོག་ཙམ་དཔལ་འབྱོད་ཡོད་མཁན་དང་མིང་ཡོད་མཁན་རྐྱང་བདམས་ཡོད་པ་ལས་བོད་ཀྱི་བདེ་སྡུག་ལ་རྒྱུས་མངའ་དང་སེམས་ཁུར། ཤེས་འཇོན་ལྷག་བསམ་ཡོད་མཁན་དེ་འདྲ་འདེམས་ཐོན་བྱུང་བ་ཉུང་ཤས་རེད་འདུག གཞན་ཞིག་ནི་གྲོས་ཚོགས་ནང་དུ་ཆོས་ཕྱོགས་ཀྱི་བརྡ་ཆད་མང་པོ་འདི་འདྲ་བཀོལ་སྤྱོད་བྱེད་པ་ནི་འཛམ་གླིང་རྒྱལ་ཁབ་གཞན་དག་ལ་ཧ་ཅང་དཀོན་པོ་རེད་བསམས་ཡོད། དཔེར་ན། རྟོན་བཞིའི་འཇུག་ལྡོག སྦྱོར་དངོས་རྗེས་གསུམ རང་འགྲེལ ལྟ་གྲུབ ཁྱབ་དང་མི་ཁྱབ ཚད་མ ལྟ་བ སོགས་རྫོགས་མེད་ཅིག་ཡོད་པ་འདིས་ཀྱང་བོད་ཡིག་མ་བྱང་བའི་འཐུས་མི་དེ་དག་ལ་དེ་ལས་ཀྱང་དཀའ་ངལ་འཕར་མ་ཞིག་བཟོས་ཡོད། དེའི་དབང་གིས་ཁོང་ཚོས་མི་གཞན་གྱིས་གང་བཤད་བཤད་ལ་དེ་དེ་བཞིན་རེད། དེ་དེ་བཞིན་ནོ་ཟེར་རྒྱུ་ཙམ་ལས་རང་ངོས་ནས་དབྱེ་ཞིབ་བྱེད་པའི་བསམ་བློའི་ནུས་རྩལ་ཡོད་པ་མ་རེད། ཏག་ཏག་བསམ་བློའི་གནས་ཚད་ཧ་ཅང་སྐྱོ་པོ་ཡིན་པའི་སྟབས་ཀྱིས་དོགས་སློང་གསར་པ་རེ་ཡང་ཡོང་སའི་གནས་མེད་རྒྱུ་མེད་པ་ཡིན་ནོ།
མི་མང
མེ་འོད་ལགས་
སེམས་ཚོལ་དྲོན་ལྷམ་མེར་ཞིག་གསུངས་འདུག་
ང་ཚོའི་མི་རང་ལ་སེམས་ཚོལ་འདི་འདྲ་ཞིག་ཡོད་ན་ཅི་མ་རུང་།
མེ་འོད་ལགས་ཕེབས་པ་དགའ་བ་བྱུང་།
དེང་སང་སྤྱི་ཚོགས་ནང་དུ་ཡིག་རྨོངས་དང་གོང་ནས་བཀའ་བཏང་དུས་ག་པ་ཁྲིད་ཁྲིད་ཡིན་པའི་སྤྱི་འཐུས་དགོས་ཟེར་བ་ལས་མི་དགོས་ཟེར་མཁན་ཉུང་ཉུང་རེད།
དེ་ལས་གོ་ལྡོག་ཏེ་རིག་པ་སྨྲ་བའི་ཆོས་རྒྱུད་སྤྱི་འཐུས་མི་དགོས་ཟེར་བཞིན་ཡོད་རེད་།
ཧཧཧཧཧ་་་་་་ཨེ་འབྲོག་རྒན་་་་་ཁྱེད་ཀྱི་མེ་འོད་དེ་ཚ་པོ་འདུག་ད།
གྲོགས་པོ་ཚོར་སྤྱི་འཐུས་ཡག་པོ་ཡོང་མེད་དེ་མི་མང་གི་ལག་ཏུ་ཡོད་པའི་མ་འོངས་པའི་སྤྱི་འཐུས་ལེགས་པོ་ཞིག་ཡོང་བར་ད་ལྟ་ནས་ཐུགས་བསམ་བཞེང་རྒྱུ་དང་དགའ་ཕྱོགས་མི་འཛིན་པ་བྱ་རྒྱུ་དེ་ཧ་ཅང་གི་གལ་ཆེའོ།
ཅིག་བཤད་ཀི་ཡོད་པ་འདྲ། གསལ་པོ་ཞིག་གོ་མ་ཐུབ་ཐ། སྤྱི་འཐུས་ཚོས་འགྲིག་མེད་པ་མ་རེད། མང་ཚོགས་ཀྱིས་འདམས་དུས་མ་འགྲིག་པ་རེད།
མཁྱེན་ཡངས་མེ་འོད་ལགས། ཁྱེད་ཀྱིས་སེམས་ཚོར་དྲག་པོས་རང་ཉིད་ཀྱི་ལྟ་ཚུལ་གླེང་བར་བཀའ་དྲིན་ཆེ། ང་ཚོ་སྤུན་ཟླ་རྣམས་ཀྱིས་རང་མིག་རིགས་ཀྱི་ལས་དབང་འདིར་བསམ་གཞིགས་མང་ཙམ་བྱེད་དགོས་ཀྱི་ཡོད་ལ་བསམ་གཞིགས་ཀྱི་རྡོག་ཁ་བསྒྲིལ་ས་དེ་གྲོས་ཚོགས་ར་བ་དང་བཙན་བྱོལ་གཞུང་དེ་ཆགས་ཡོད། བཙན་བྱོལ་གཞུང་ནི་ང་ཚོའི་མི་རིགས་འདིའི་ལས་དབང་བརྩོད་སའི་གར་སྟེགས་ཆེ་ཤོས་དང་ནུས་པ་ཆེ་ཤོས་དེ་ཡིན་སྟབས་ང་ཚོས་གར་སྟེགས་དེའི་རིན་ཐང་ཤེས་པར་བྱས་ཏེ་དེ་ལ་གཅེས་སྤྲས་དང་དེའི་དགེ་སྐྱོན་རྣམས་འདོན་དགོས་རྒྱུ་དེ་གནད་ཁག་ཆེན་པོ་ཡིན། དེ་ཡང་དཔེ་མཚོན་རང་བཞིན་གྱི་སྒོ་ནས་བརྗོད་ན་བཙན་བྱོལ་གྲོས་ཚོགས་དེ་རླངས་འཁོར་ལྟ་བུ་ཡིན་ལ་དེའི་ཁ་ལོ་བ་ནི་སྤྱི་འཐུས་རྣམས་ཡིན། གལ་ཏེ་ཁ་ལོ་བ་དེ་འགྲོ་ཡུལ་ལམ་སྣེ་མི་ཤེས་མཁན་ནམ་ཡང་ན་ར་བཟི་བ་ཞིག་ཡིན་ཚེ་དེས་རླངས་འཁོར་ནང་ཡོད་པའི་འགྲུལ་པ་ཚང་མ་གཡང་གཟར་ནང་སྐྱུར་ངེས་ཡིན་སྟབས་ང་ཚོས་ཁ་ལོ་བ་མ་ནོར་བ་ཞིག་འཚོལ་དགོས་པ་དེ་ནི་གནད་ཀྱི་དམ་པ་ཡིན། གནོད་དོན་ངོ་མའི་སྟེང་ནས་བརྗོད་ན། སློབ་དཔོན་ཟམ་གདོང་རིན་པོ་ཆེས་རང་རེའི་སྤྱི་འཐུས་མི་ཉུང་བ་ཞིག་གསོ་སྐྱོང་དང་མཛུབ་འཁྲིད་ད་བར་གནང་མོད་སྤྱི་འཐུས་མི་ཉུང་བ་ཞིག་ད་དུང་ཡང་རྨོངས་གཉིད་ཀྱི་དྲ་བར་ཚུད་ཡོད་པ་ང་ཚོས་ཤེས་གསལ་ཡིན། ཟམ་གདོང་ཚང་གིས་སྤྱི་འཐུས་རྣམས་ཀྱི་ཤེས་ཚད་ཐད་གསུང་སྐད་སྐྱོན་པ་ད་རེས་ཐེངས་དང་པོ་མིན་པར་དེ་སྔོན་སྤྱི་འཐུས་ཀྱི་ཤེས་ཚད་ལེགས་པོ་དགོས་ལུགས་གསུངས་ཡོད་པ་རེད། མདོར་ན། ང་ཚོས་ཕྱོགས་བསྡོམས་བྱེད་ཐུབ་པ་ཞིག་ནི་སྤྱི་འཐུས་ཕལ་མོ་ཆེའི་ཤེས་ཡོན་གནས་ཚད་ནི་སྔོན་ལོར་གནད་དོན་ཆུང་ཚགས་ཤིག་གི་སླད་གྲོས་ཚོགས་ར་བའི་ནང་དགྲ་དགའ་གཉེན་སྡུག་གི་བྱ་སྤྱོད་དེས་ར་སྤྲོད་བྱེད་ཀྱི་ཡོད། འོན་ཀྱང་སྤྱི་འཐུས་ཀྱི་ཕྱོགས་ཡོངས་ཀྱི་སྤུས་ཚད་ཡག་ཉེས་གང་འདྲ་ཞིག་གྲོས་ཚོགས་ར་བ་དེའི་ནང་ཡོང་མིན་ནི་ང་ཚོ་སྤུན་ཟླ་མི་མང་ལ་རག་ལུས་ཡོད་སྟབས་ད་ཡོད་སྤྱི་འཐུས་རྣམས་ལ་ངན་ཁག་མེད་པ་རེད། དེ་བས་ན་རང་ཚོས་བསམ་གཞིགས་ལེགས་པོ་བྱེད་དགོས་པ་ནི་མ་འོངས་པའི་སྤྱི་འཐུས་རྣམས་འོས་འདེམས་བྱེད་ཕྱོགས་དེ་ཡིན་ནོ།་ ཐུགས་རྗེ་ཆེ།