གཡུ་དྲུག་དཀར། ས་རཱ།
ཉིན་ཤས་སྔོན་སློབ་གྲྭས་བཙན་བྱོལ་ནང་གི་རྩོམ་པ་པོ་དང་བོད་རང་བཙན་ལས་འགུལ་པ་གྲགས་ཅན་སྐུ་ཞབས་བསྟན་འཛིན་བརྩོན་འགྲུས་ལགས་ཀྱི་གཏམ་གླེང་ཞིག་གོ་སྒྲིག་བྱས་ཤིང༌། ཉིན་དེར་ཁོང་གིས་དུས་ཡུན་ཆུ་ཚོད་གཉིས་རིང་སྟོང་ལོ་བརྒྱད་པའི་སྐོར་གླེང་སོང༌། སྐབས་དེར་ང་རང་ཉིད་ལ་མཚོན་ན་གྲ་སྒྲིག་དང་རེ་བ་གང་ཡང་མེད། གང་ལགས་ཤེ་ན། ང་ཚོའི་སྤྱི་ཚོགས་ནང་གྲ་སྒྲིག་དང་རེ་བ་བྱས་ཀྱང་གོ་རྒྱུ་མེད་པའི་གཏམ་གླེང་བ་གང་མང་ཡོད་པས། ངས་ལག་ཏུ་ཐ་ན་འབྲི་དེབ་དང་སྙུག་གུ་ཙམ་ཡང་བཟུང་མེད། འོན་ཀྱང༌། ཉི་མ་དེར་བསྟན་འཛིན་བརྩོན་འགྲུས་ལགས་ཀྱི་གཏམ་གླེང་གི་གསོན་ཉམས་ཀྱིས་སློབ་གྲོགས་འགའ་རེར་མིག་ཆུ་ཤོར་བའང་བྱུང་འདུག་ལ། ངས་ཀྱང་འཁྲིས་ཀྱི་སློབ་གྲོགས་ཤིག་གི་འབྲི་དེབ་དང་སྨྱུ་གུ་གཡར་ནས་ཁོང་གིས་སྨྱམི་རང་བཙན་དང་རྒྱལ་ཁབ་རང་བཙན་ཡསྐོར་གསུངས་པའི་གོ་རྒྱུ་ཅན་གྱི་སྐད་ཆ་འདི་དག་ཟིན་བྲིས་རྒྱག་དགོས་འཁེལ་སོང༌། ཉི་མ་དེར་ང་ཚོའི་འདུ་འཛོམས་ཁྲོད་ཨ་རིའི་ཨེ་མོ་རིའི་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་ཚོའང་ཡོད་པས། ཁོས་དབྱིན་སྐད་ཐོག་གཏམ་གླེང་བྱེད་ཀྱིན་ཡོད་མོད། གོ་རྒྱུ་ཅན་གྱི་སྐད་ཆ་འདི་ཁོས་བོད་ཕྲུག་དག་ལ་ཅེར་ནས་སྐད་ཤུགས་ཆེན་པོས་བོད་སྐད་ཐོག་ནན་གྱིས་བརྗོད་སོང་ལ། དེ་དང་འབྲེལ་ནས་ཁོང་གིས་ད་ལྟའི་ང་ཚོའི་སྤྱི་ཚོགས་ཀྱི་ཁོངས་མི་ཕལ་ཆེ་བ་ལས་གནས་ཅི་འདྲ་ཞིག་གི་སྟེང་ལ་བུད་ཀྱང་གཞན་བརྟེན་གྱི་འདུ་ཤེས་ཤུགས་ཆེ་བ་ལས། རང་ཚུགས་ཐུབ་པའི་ལས་ཀ་ཞིག་གཏན་ནས་སྒྲུབ་ཐུབ་ཀྱིན་མི་འདུག ང་ཚོས་མི་རང་བཙན་མ་བྱས་པར་རྒྱལ་ཁབ་རང་བཙན་བྱ་མི་བཏུབ་པ་དང༌། གལ་སྲིད་རང་བཙན་ཐོབ་པའི་དབང་དུ་བཏང་ཡང༌། ད་ལྟའི་བལ་ཡུལ་རྒྱལ་ཁབ་ཀྱི་ཕྱེད་ཀ་དགྱ་ནག་དང་ཕྱེད་ཀ་རྒྱ་གར་གྱིས་འཁོར་སྒྱུར་བྱེད་པ་ལྟ་བུ་ཞིག་ཡོང་ངེས། ཁྱོད་ཚོས་ལྟོས་དང༌། བལ་ཡུལ་ལུང་པ་རང་བཙན་ཡིན་པའི་རྣམ་པ་ཅི་ཞིག་འདུག་གམ། བལ་ཡུལ་རང་བཙན་ཡིན་པར་དགོས་པ་རྒྱུ་མཚན་ཅི་ཞིག་འདུག་གམ་སོགས་དཔེ་དོན་མང་པོ་སྦྱར་ནས་གླེང་སོང༌།
ཁོང་གི་གོ་རྒྱུ་ཅན་གྱི་སྐད་ཅ་འདི་དག་གིས་ངའི་དོན་ལྔ་སྣོད་དྲུག་སྒུལ་བྱུང་ལ། ཉི་མ་འདི་ཚོར་ཁོང་གི་སྐད་ཆ་འདི་དག་གི་རྒྱབ་ལྗོངས་ཀྱི་གནས་ཚུལ་ལ་བསམ་ཞིབ་བྱས་པར། ང་ཚོའི་སྤྱི་ཚོགས་ཀྱི་ཕྱི་ནང་གང་དུ་སེམས་གཏད་ཀྱང་རང་ཚུགས་ཅན་གྱི་གཏད་སོ་ཞིག་་ཡོད་རེ་སྐན་པས། སེམས་ལྷོད་ལ་འབབ་ཐབས་མི་འདུག་ཅིང༌། རྒྱལ་ཁམས་སྡུག་གིས་སྐོར་བའི་མི་ཞིག་གིས་རང་གི་གནས་བབ་སྐྱོ་ཤས་ཅན་འདི་འདྲ་མཐོང་ན། སེམས་སྡུག་རྒྱུའང་རེད་སྙམ་ནས་རང་ཉིད་ལ་སེམས་གསོ་བྱས་མོད། རྩོམ་ཡིག་ཅིག་གིས་ང་ལ་ད་དུང་གནད་དོན་འདིའི་སྐོར་ཟབ་འགྲེལ་གསལ་འགྲེལ་བྱས་སོང༌། རྩོམ་ཡིག་འདི་ཁོ་བོས་སྔར་སྨྱན་གཞོན་གསར་པའི་དྲ་ཚིགས་ཡལས་མཐོང་ཡང༌། ཞིབ་ཀློག་མ་བཏུབ། ཐེངས་འདིར་ཆར་བ་ཆུ་གྲོགས་ལྟ་བུར་སྨྱདུས་འགྱུར་ཡཟླ་ཟུང་དུས་དེབ་གསར་བ་འདོན་སྤེལ་བྱས་ཏེ་ཐོན་པས། ང་ལ་ཞིབ་ཀློག་བྱ་རྒྱུའི་བསྐལ་བ་ལྡན་སོང༌། རྩོམ་ཡིག་འདིའི་ཁ་བྱང་ལ་སྨྱམི་བུ་རེ་རེའི་སྒེར་ཚུགས་དང་རྒྱལ་ཁབ་ཀྱི་སྒེར་ཚུགས་ཡཟེར་ཞིང༌། རྩོམ་པ་པོ་འཇར་པན་གྱི་ཉེ་རབས་ལོ་རྒྱུས་སྟེང་སྐད་གྲགས་ཆེ་བའི་བློ་འབྱེད་བསམ་བློ་མཁན་ཧཕུ་ཁི་རྫ་ཝ་ཡོ་ཁི་ཆི་དང་བོད་སྒྱུར་མཁན་སྐུ་ཞབས་ཉི་གཞོན་ལགས་རེད། རྩོམ་ཡིག་འདིའི་ནང་ཁོང་གིས་གལ་ཏེ་བྱེ་བྲག་གི་མི་བུ་རེ་རེས་བསམ་བློའི་སྟེང་གི་སྒེར་ཚུགས་མ་ཐུབ་ན། དེ་དག་གི་རྒྱལ་ཁབ་ཀྱིས་ཀྱང་སྒེར་ཚུགས་ཀྱི་ཁེ་དབང་རྩོད་མི་ཐུབ་པ་མ་ཡིན། ཅིའི་ཕྱིར་ཟེར་ན། འདི་འདྲའི་རྒྱུ་མཚན་གསུམ་རིགས་གསུམ་གྱི་སྟེང་ནས་བཤད་ཆོག་ཅེས། དང་པོ། བསམ་བློའི་སྟེང་ནས་སྒེར་ཚུགས་ཐོབ་མེད་པ་གང་དེས། རྒྱལ་ཁབ་ཀྱི་དོན་ལ་ངེས་པ་དོན་གྱིས་བསམ་བློ་གཏོང་མི་སྲིད། གཉིས་པ། རྒྱལ་ཁབ་ནང་དུ་སྒེར་ཚུགས་ཀྱི་ཐོབ་ཐང་སྐྱོང་མི་ནུས་པ་གང་དེས། ཁ་ཕྱི་ལ་བསྐོར་ནའང་སྒེར་ཚུགས་ཀྱི་ཁེ་དབང་རྩོད་ཐུབ་པ་མ་ཡིན། གསུམ་པ། བསམ་བློ་སྒེར་ཚུགས་ཐོབ་མེད་པ་གང་དེས། དབང་ཤེད་ཅན་ལ་རྒྱབ་བརྟེན་ནས་མི་རྣམས་འཕུང་ལ་སྦྱོར་ངེས་པ་བཅས་དོན་ཚན་ཆེན་པོ་གསུམ་གྱི་སྟེང་ནས་རྒྱས་འགྲེལ་གནང་འདུག་ལ། རྩོམ་ཡིག་གི་འགོ་ནས་རིམ་གྱིས་ཀློག་གིན་ཀློག་གིན་ཁོང་གིས་དུས་རབས་གཅིག་ལྷག་གི་སྔོན་དུ་གདམས་པའི་གསུང་ཚིག་རེ་རེའི་ནང་དོན་ད་ལྟའི་ང་ཚོའི་སྤྱི་ཚོགས་ཀྱི་དཀྱིལ་ཟུར་དང་མི་བུ་རེ་རེའི་སྟེང་ནས་མིག་ལམ་དུ་ལྷམ་མེར་མངོན་ཡོང་གིན་འདུག་ཅིང༌། དོན་ངོ་མར་ཁོང་གི་རྩོམ་ཡིག་འདི་ནི་ད་ལྟའི་ང་ཚོའི་སྤྱི་ཚོགས་ཀྱི་འགྲེལ་བཤད་ལྟ་བུར་སྣང་བས། རྩོམ་ཡིག་ཀློག་གིན་ཀློག་གིན་སེམས་ལ་ཞེད་སྣང་ཞིག་ངང་གིས་འཚང་ཡོང༌། ད་དུང་རྩོམ་ཡིག་འདི་ལ་བོད་སྒྱུར་མཁན་སྐུ་ཞབས་ཉི་གཞོན་ལགས་ཀྱིས་ཀླད་ཀྱི་གཏམ་ཞིག་སྤེལ་འདུག་ལ། རྩོམ་ཡིག་ཧྲིལ་བོ་འགོ་ནས་མཇུག་བར་བཀླགས་གྲུབ་རྗེས་སླར་ཡང་ཀླད་གཏམ་གྱི་ནང་དོན་ལ་འདང་བརྒྱབས་ཚེ། ཡང་བསྐྱར་ལུས་ཀྱི་བ་སྤུ་སྒུལ་བའི་ཞེད་སྣང་ཞིག་གིས་གཅུན་ཡོང༌། རྒྱུ་མཚན་ནི། ཀླད་གཏམ་དུ་ཁོང་གིས་རྩོམ་ཡིག་ཧྲིལ་བོའི་དགོངས་དོན་དང་གནད་ཀ་སྨྲས་པ་དང་སྦྲགས་ནས་མཇུག་ཏུ་དུས་རབས་བཅུ་དགུ་པའི་ནང་དུ་འཇར་པན་དང་ཀྲུང་གོ་རུ་ཧཕུ་ཁི་རྫ་ཝ་ཡོ་ཁི་ཆི་དང་ཀྲང་ཀྲི་ཏུང་ཟེར་བའི་མཁས་པ་ཆེན་པོ་རེ་བྱོན་ཅིང༌། ཁོང་གཉིས་ཀྱིས་ཕལ་ཆེར་དུས་མཉམ་དུ་དེབ་མིང་ལ་སྨྱསློབ་སྐུལ་གྱི་རབ་བྱེད་ཡཟེར་བའི་དཔེ་ཆ་རེ་བརྩམས་པ་དང༌། འཇར་པན་གྱིས་ཁོང་གི་དཔེ་ཆ་དེ་མེ་རྗི་གསར་སྒྱུར་སྐབས་སུ་ཤེས་འཇོན་གཉིས་ལྡན་གྱི་རྒྱལ་དམངས་གསོ་སྐྱོང་བྱེད་པའི་བསླབ་དེབ་དང༌། ཕལ་ཆེར་ཆེ་ཆུང་རབ་འབྲིང་ཐམས་ཅད་ཀྱིས་མ་བཀླགས་ཚད་མེད་དུ་བརྩིས་པས། མཐར་འཇའ་པན་གྱི་རིག་གནས་དང༌། རྒྱལ་ཁབ། རྒྱལ་པོའི་ལམ་ལུགས་སོགས་ཀྱི་རྒྱུན་སྐྱོང་ཐུབ་སོང་བར་མ་ཟད། ལོ་རྒྱུས་འཕེལ་རྒྱས་ཁྲོད་མི་རྣམས་ཧ་ལས་དགོས་པའི་ལམ་ལྷོང་བྱུང་བ་དང༌། ཀྲང་ཀྲི་ཏུང་གི་སློབ་སྐུལ་གྱིས་ཀྲུང་གོའི་སྤྱི་ཚོགས་ལ་རྩ་བའི་འགྱུར་ལྡོག་འབྱུང་བར་ཕན་ཐོགས་མ་སོང་པར། མན་ཆིང་བཙན་རྒྱལ་ཡང་དེ་མུར་མགོ་རྟིང་བསློགས་ཏེ་ལོ་རྒྱུས་འཕེལ་རྒྱས་ཀྱི་ལམ་ཆེན་དང་གཏན་དུ་ཁ་གྱེས་པའི་གཏམ་རྒྱུད་བཀོད་འདུག གཏམ་རྒྱུད་འདིས་ངའི་སེམས་སུ་ང་ཚོ་ལ་ཡོད་པའི་ྋགོང་ས་མཆོག་གི་སྨྱསློབ་སྐུལ་རབ་བྱེད་ཡལྟ་བུའི་བཀའ་སློབ་དེ་དག་དྲན་དུ་བཅུག་མོད། གདེང་མི་འཁེལ་བའི་དོན་ཞིག་མཆིས་པ་ནི་ང་ཚོ་འཇར་པན་ལྟ་བུར་འགྱུར་རྒྱུ་རེད་དམ། ཀྲུང་གོ་ལྟ་བུར་འགྱུར་རྒྱུ་ཡིན་པ་དེ་རེད། ད་ལྟའི་གནས་བབ་ལ་གཞི་བཞག་ན་ང་ཚོ་ཀྲུང་གོ་ལྟ་བུར་མི་འགྱུར་ཐབས་མེད་རེད། ཇི་སྲིད་ང་ཚོས་ཀྱང་འཇར་པན་ལྟར་ྋགོང་ས་མཆོག་གི་སྨྱསློབ་སྐུལ་རབ་བྱེད་ཡདེ་དག་རང་གི་ཤེས་འཇོན་གཉིས་ལྡན་གྱི་རྒྱལ་དམངས་གསོ་སྐྱོང་བྱེད་པའི་བསླབ་དེབ་ཏུ་མ་བསྒྱུར་བར་རམ། ྋགོང་ས་མཆོག་གི་བཀའ་སློབ་ཁག་ང་ཚོའི་སྤྱི་ཚོགས་ཁོངས་མི་ཕལ་ཆེར་ཆེ་ཆུང་རབ་འབྲིང་ཐམས་ཅད་ཀྱི་མ་བཀླགས་ཚད་མེད་དུ་མ་ཆགས་དེ་སྲིད་དུ་ང་ཚོ་ཀྲུང་གོ་ལྟ་བུར་གནས་ངེས་རེད། ད་ལྟ་ང་ཚོ་རྒྱལ་བ་རིན་པོ་ཆེའི་མི་ཡིན་ཡང༌། ང་ཚོས་ཁོང་ངོ་མི་ཤེས་པའི་ཚོད་རེད། དེ་ནི་ང་ཚོས་ྋགོང་ས་མཆོག་ལ་དད་པ་ཙམ་བྱེད་པ་ལས་ཁོང་གི་དགོངས་དོན་ལ་སློབ་སྦྱོང་མི་བྱེད་པ་དེ་རེད། གོ་ཐོས་སུ་ཨ་རིའི་ཧ་ཝར་ཌི་གཙུག་ལག་སློབ་གྲྭ་ཆེན་མོ་རུ་ྋགོང་ས་མཆོག་གི་སྟོང་ལོ་གསར་བའི་ཀུན་སྤྱོད་ཅེས་པ་སློབ་དེབ་ཏུ་བཞག་ནས་སྦྱོང་གིན་འདུག་ཟེར། འདི་ལྟར་བསམ་ན་མ་འོངས་པར་ྋགོང་ས་མཆོག་གི་མི་ངོ་མ་ཁོང་ཚོ་ཆགས་རྒྱུ་ཡིན་པ་འདྲ། ཁོང་ཚོས་ྋགོང་ས་མཆོག་གི་སློབ་སྐུལ་རབ་བྱེད་དེ་དག་སློབ་དེབ་བྱས་ཏེ་མ་འོངས་པར་གོང་གི་གཏམ་རྒྱུད་ཁྲོད་ཀྱི་འཇར་པན་ལྟ་བུ་ཞིག་ཡོང་རྒྱུ་གཏན་འཁེལ་རེད། སྐབས་དེ་དུས་ང་ཚོ་ཚད་གང་དུ་ལྷུང་རྒྱུ་རེད། ང་ཚོས་རྒྱལ་ཁབ་རང་སྐྱོང་ངམ་རང་བཙན་གྱི་ལས་དོན་ཇི་ལྟར་བསྒྲུབ་རྒྱུ་རེད།
འདི་ལྟར་མི་བུ་རེ་རེའི་རང་བཙན་ནམ་སྒེར་ཚུགས་ཀྱི་གནད་དོན་གླེང་ཡོང་དུས། ངས་ད་དུང་ཟླ་འདིའི་རེས་གཟའ་སྤེན་པ་གཉིས་པའི་དུས་ཚོད་སྤྱད་ནས་བལྟས་པའི་དགྱ་ནག་གི་གློག་བརྙན་༼ཧོང་ཞིས་ཀོན་༽ཞེས་པ་དེ་དྲན་ཡོང༌། གློག་བརྙན་དེའི་ནང་གི་མི་སྣ་ཉི་ཟླ་ཚོགས་པའི་ཚོགས་གཙོ་ཁྲིན་ལོང་ཕ་བུ་གཉིས་གཙོ་བྱས་པའི་དཔའ་རྟུལ་དེ་དག་གི་སྒེར་ཚུགས་ཀྱི་རྣམ་འགྱུར་མཐོང་བ་ནི། ངས་ཆེད་དུ་མི་བུའི་སྒེར་ཚུགས་ཀྱི་འདྲ་གཟུགས་ཤིག་ལ་བལྟས་པ་དང་ཅི་ཁྱད། དེ་བས། མི་བུའི་སྒེར་ཚུགས་སེམས་ན་སྣོག་གིན་པའི་དུས་ཚོད་འདི་འདྲ་ཞིག་ལ་གློག་བརྙན་དེ་འདྲ་ཞིག་ལ་བལྟས་པ་ནི། ངས་རང་གི་སེམས་ཀྱི་དོན་དག་དེའི་འགྲེལ་བཤད་ཅིག་ལ་བལྟས་པ་དང་ཨ་ན་མ་ན་ཡིན། ངོ་མ། དཔའ་རྟུལ་དེ་དག་གི་སྒེར་ཚུགས་ཀྱིས་ངའི་ཡིད་སེམས་ཡོངས་སུ་འཕྲོག་སོང༌།
དེས་ན་ད་ནི་ང་ཚོས་མ་འོངས་པར་རྒྱལ་ཁབ་རང་བཙན་ནམ་སྒེར་ཚུགས་བྱེད་པའི་ཆེས་ཐོག་མའི་ཆ་རྐྱེན་དུ་གྱུར་བའི་མི་རང་བཙན་ནམ་མི་བུ་རེ་རེའི་སྒེར་ཚུགས་ཀྱི་འདུ་ཤེས་དེ་ཡར་སློང་ཆེད་ྋགོང་ས་མཆོག་གི་སློབ་སྐུལ་རབ་བྱེད་ཁག་ལ་སློབ་སྦྱོང་བྱས་ཏེ། བོད་མི་རེ་རེའམ། བོད་ཀྱི་ཆབ་དཔལ་རིག་གསུམ་མམ། བོད་རྒྱལ་ཁབ་ཀྱི་འབྱུང་འགྱུར་ལ་རྒྱང་ལྟ་བྱས་ན་རེད།
རེད་རེད་ངོ་མ་ཡགས་པོ་འདུག མིའི་བསམ་བློ་བཅིངས་གྲོལ་མ་ཐུབ་ན་ཕྱི་བཅིངས་གྲོལ་ཐོབ་རུང་དོན་སྙིང་མེད་པ་འབར་མ་དང་བལ་ཡུལ་ལྟ་བུ་རེད། ཕག་ལ་གསེར་ཁང་ཕུབ་པའི་དཔེ་རེད། ཕྱི་ནང་གཉིས་ཀར་བཅིངས་གྲོལ་མེད་པ་བོད་ལྟ་བུ་རེད། ཕྱི་ནང་གཉིས་ཀར་བཅིངས་གྲོལ་ཐུབ་པ་ཨ་རི་ལྟ་བུ་རེད། ངེད་ཅག་གི་མི་དག་གིས་ནམ་རྒྱུན་ཨང་གཉིས་པ་ཞིག་ལས་ཅི་ཡང་གདམ་མི་སྲིད་པ་རེད། དེ་ནི་རང་ཉིད་ལ་ཡིད་མ་ཆེ་བ་རེད། རང་གི་བསམ་བློ་དང་རང་གི་རྐང་བར་ཡིད་མ་ཆེ་བ་རེད། དམངས་གཙོ་དང་བསམ་བློ་ཅི་ལྟར་གླེང་རུང་དེ་དག་གི་གཞུང་ལ་སློབ་པའི་བསླབ་དེབ་དང་དགེ་རྒན། ཡང་ན་བཤད་པ་ཙམ་ལས་སེམས་ནས་སྦྱོང་བ་ཡོད་པ་མ་རེད། འུ་ཅག་གིས་ནམ་རྒྱུན་ནང་ཆོས་ཁོ་ན་ལས་གཞན་ལ་སྦྱོང་བ་མི་བྱེད་པ་དང་། ནང་ཆོས་ལས་རིག་པའི་གཞུང་གཞན་སྦྱོང་མཁན་ལ་དམའ་འབེབ་མཐོང་ཆུང་བྱེད་དྲག་པས་རང་ཅག་ལ་བསམ་བློའི་བཅིངས་གྲོལ་ཡོད་པ་མ་རེད། ནང་ཆོས་ནི་སྐྱོན་ཅན་ཞིག་མ་ཡིན་པར་སྦྱོང་མཁན་དག་སྐྱོན་ཅན་དུ་སོང་ཡོད་པ་རེད། ནང་ཆོས་ལས་གཞན་མི་སྦྱངསཔ་དང་རིག་པ་གང་གི་ནང་ལ་ཡང་ནང་ཆོས་ཀྱི་བསམ་བློ་དྲུད་འོང་བ་དེ་ནི་རིག་པའི་གཞུང་ལུགས་གཞན་རང་གི་མི་ཤེས་པ་འགེབས་པའི་སླད་དུ་ཡིན་ཞིང་། རང་གིས་ནང་ཆོས་ཤེས་པ་དེ་ཡང་སྒྲོག་སྦྱོང་ཙམ་དང་ཕ་རོལ་བོ་ལ་ངོམ་སྤྱད་ཙམ་ལས་ཅི་ཡང་ཤེས་ཡོད་པ་མ་རེད། བྱེའུ་ཡི་མ་དེས་བྱེའུ་ཕྲུག་གི་སླད་དུ་རྒུམ་བུ་ཁ་རུ་བཟུང་ནས་འོང་བ་ལྟ་བུ་རེད། དྲོ་བ་རང་གིས་མྱངས་མེད་པར་གཞན་ལ་བཤད་པ་རེད། དེ་དག་གི་ཤེས་ཡོན་ནི་གཞན་གྱི་གཞུང་ལུགས་ཀྱི་གནས་སྤོར་བ་ཙམ་ལས་མ་རེད། དེ་དང་དེ་ལ་སོགས་པའི་མཁས་མིང་འཛིན་པའི་མི་དག་གིས་བསམ་བློ་བཅིངས་གྲོལ་བཏང་མེད་པའི་ཁར། བསམ་བློ་བཅིངས་གྲོལ་བཏང་ཡོད་པའི་མི་དག་ལ་ཁ་བརྡུང་གཏོང་བ་རེད། སྤྲེའུས་མི་ལ་རྔ་མ་མེད་ཅེས་བཞད་གད་བྱེད་པ་དང་མཚུངས།
གོ་རྒྱུ་ཅན་གྱི་གཏམ་གླེང་རང་རེད་འདུག་
ང་ཚོའི་སྤྱི་ཚོགས་ཀྱི་ཁོངས་མི་ཕལ་ཆེ་བ་ལས་གནས་ཅི་འདྲ་ཞིག་གི་སྟེང་ལ་བུད་ཀྱང་གཞན་བརྟེན་གྱི་འདུ་ཤེས་ཤུགས་ཆེ་བ་ལས། རང་ཚུགས་ཐུབ་པའི་ལས་ཀ་ཞིག་གཏན་ནས་སྒྲུབ་ཐུབ་ཀྱིན་མི་འདུག་། ཅེས་གསུངས་པ་ཤིན་ཏུ་བདེན་པ་མཐོང་།
ངས་ང་རང་གིས་ཕྱིར་མིག་གཅིག་བལྟ་དུས་རང་ཚུགས་ཐུབ་པའི་ལས་ཀ་སྙེ་གཅིག་བསྒྲུབས་མི་འདུག་པས་ང་མི་ཐབས་ཆག་ཅི་འདྲ་ཞིག་རེད་ཨང་།
བྱེད་དགོས་བྱེད་དགོས་བསམ་ནས་ལོ་དགུ་་སོང་ ཟེར་བའི་དཔེ་བཞིན་རེད་།