ཁ་བྱང་གི་འགྲེལ། དེང་སྐབས་འཛམ་གླིང་ཁྱོན་ཡོངས་ཞི་བདེ་ལ་ཁ་ཕྱོགས་ཡོད་པས། མེ་མདའ་སོགས་ཀྱི་གནོད་འཚེ་ལ་འཛེམ་དགོས་མེད། ཚིག་མདའ་འཕེན་མཁན་ཇེ་མང་ཡིན་པའི་ཆ་ནས་བཏགས་པ་ཡིན།
སྤྱིར་བོད་ཀྱི་དབུ་ཁྲིད་ཁོང་གི་དགྲ་ལ་ཕྱི་ནང་གཉིས་ལས། ཕྱི་དགྲ་རྒྱ་ནག་གི་འགོ་གཙོ་རྣམས་ཀྱིས་༧གོང་ས་མཆོག་ལ་ཁ་བྲལ་བ་དང་ཏཱ་ལའི་རུ་ ཚོགས་ཟེར་ནས་ཁ་བཏང་བ་ནི་དམིགས་བསལ་ཞིག་ལ་ངོས་འཛིན་བྱས་ཆོག། བོད་ལྗོངས་ལྷ་སའི་ལས་བྱེད་ཁག་ཅིག་གིས་༧རྒྱལ་བ་རིན་པོ་ཆེ་ལ་མངོན་སུམ་འཛེམ་ མེད་ཀྱིས་ཁ་གཏང་བ་ནི་རྒྱ་ནག་གིས་གནོད་ཤུགས་ལ་ངོས་འཛིན་བྱེད་རྒྱུ་ཞིག་ཡོད་ མོད། རང་དབང་ལུང་བ་རྒྱ་གར་དང་ཨ་རི་ལྟ་བུའི་ནང་གི་བོད་མི་རེ་ཟུང་གིས་ཁ་གཏོང་བཞིན་པ་འདི་མ་གོ་ཁུལ་དང་མ་རིག་ཁུལ་བྱས་ནས་འདུག་སྲོལ་མེད། དེའི་ཕྱིར་ཕྲན་གྱིས་ད་ཐེངས་མདོར་བསྡུས་ཙམ་བརྗོད་འདོད་བྱུང་།
ཁ་སང་དེ་རིང་མི་བུ་སྐོར་ཞིག་གིས་༧གོང་ས་མཆོག་ལ་སྐྱོན་བརྗོད་ཐུབ་ན་དེ་ནི་བསམ་བློ་བ་དང་ཤེས་ཡོན་པར་བགྲང་གིན་འདུག གྲོས་ཚོགས་ནང་ནས་༧གོང་ས་མཆོག་གི་བཀའ་གསུང་ལ་རྟགས་གསལ་འདྲ་བོ་གཏོང་གི བཀའ་ཟེར་བ་འདི་ལ་མདོ་དང་རྒྱ་གཞུང་ན་གསུམ་གསུངས་ཡོད་པ་གོ་མ་མྱོང་བ་འདྲ། མི་མང་གིས་ཐག་བཅད་ཐུགས་ཡེ་ཤེས་དབྱིངས་དཔྱད་ཟེར་བ་ལ་མི་ལེགས་པའི་རྣམ་འགྱུར་ཤུགས་ཆེན་སྟོན་རྒྱུ་འདུག་པ་མ་ཟད། དེ་ནི་རང་བཙན་ཁ་ལ་ཁྱེར་ནས་༧གོང་ས་མཆོག་ལ་ཁ་གཏོང་རྣམས་ཀྱི་སེམས་གཏིང་གི་རྣག་ ཁྲག་ཅིག་ཏུ་གྱུར་འདུག ངས་མཐོང་ཚུལ་དུ་ཁ་ཤས་ཤིག་གིས་ྋགོང་ས་མཆོག་གི་འོད་སྟོང་ལྡན་པའི་བཞུད་ལམ་ནག་ གསུབ་གཏོང་གི་འདུག་པ་ལྟ་བུར་ཚོར། སྤྱིར་བསམ་ཚུལ་གང་བཤད་ཀྱང་རང་དབང་རེད། ལྷག་པར་ཏུ་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་ལ་མཚོན་ན་བསམ་ཚུལ་འདྲ་མིན་གྱི་ཁྲོད་ནས་རྩ་བའི་ཁྲིམས་གཞི་གཏན་འབེབས་བྱུང་ན་ཡག་པོ་ཡོད་ལ། དེ་ནི་མང་གཙོའི་འགྲོ་སྟངས་ཡང་དག་པ་རེད། སྤྱི་ཚོགས་ཁྲོད་ལམ་དབུ་མ་དང་བོད་རང་བཙན་གཉིས་ཤུགས་ཆེན་གླེང་གི་འདུག འགའ་རེས་ལམ་དབུ་མ་ནི་ྋགོང་ས་མཆོག་དང་བོད་གཞུང་གི་ལངས་ཕྱོགས་ཡིན་པས་དགེ་མཚན་ ཆེ་རབས་དང༌། འགའ་རེས་བོད་རང་བཙན་དགོས་པ་གཞིས་ལུས་བོད་མིའི་འབོད་ཚིག་གིས་གསལ་ཟེར། ངས་བལྟས་ན་བསམ་ཚུལ་འདི་གཉིས་གནས་སྐབས་དང་མཐར་ཐུག་གི་ དམིགས་ཡུལ་མི་འདྲ་བ་ཙམ་ལས་རྩ་དོན་ཐད་ནས་གཉིས་ཀ་དགོས་ཀྱིན་འདུག་སྙམ། བོད་རང་བཙན་གྱི་རྩོད་པ་ཁ་ལ་ཁྱེར་ནས་ྋགོང་ས་མཆོག་གི་རླབས་ཆེ་བའི་མཛད་འཕྲིན་ དང༌། འོད་སྟོང་འབར་བའི་བཞུད་ལམ་དེར་ནག་གསུབ་གཏོང་མཁན་འགའ་མིང་བཟུང་བྱེད་འདོད་ བྱུང་།
ལྷ་བཟང་ཚེ་རིང་གིས་༼ཐོག་དང་པོར་བཙན་བྱོལ་དུ་ཡོང་དུས་རང་ བཙན་བསམ་ནས་ཡོང་བ་རེད། དམིགས་ཡུལ་འདི་འགྱུར་བ་གཏོང་མཁན་ྋརྒྱལ་བ་རིན་པོ་ཆེ་རེད། འགྱུར་བ་བཏང་བ་འདི་ལ་ཡང་བསྐྱར་འགྱུར་བ་གཏོང་མཁན་ཡང་ྋརྒྱལ་བ་རིན་པོ་ཆེ་ཡིན་ དགོས་ཀྱི་ཡོད་པ་རེད། དེ་ཡིན་དུས་ང་རང་གི་བསམ་ཚུལ་ཡིན་ན་མཐའ་མ་ཐུག་ས་དེ་ྋརྒྱལ་བ་རིན་པོ་ཆེ་རེད་ བསམ་གྱི་ཡོད། དབང་ཚད་དང་འགན་གཉིས་ཀ་ྋརྒྱལ་བ་རིན་པོ་ཆེ་ལ་འདུག༽ ཅེས་བརྗོད་ཡོད། འདི་ལྟ་བུར་མཚོན་ན་རང་བཙན་ཟེར་བ་ཙམ་མ་ཡིན་པར། ༧གོང་ས་མཆོག་གིས་སྲིད་གཞུང་ཐད་སྒེར་གཅོད་བྱེད་ཀྱིན་ཡོད་པའི་བརྡ་འདྲ་བོ་ སྟོན་རྒྱུ་འདུག གདོང་ཐོག་བསྟན་པའི་རྒྱལ་མཚན་ཟེར་བ་ཞིག་གིས་ཀྱང༌། བང་ཆེན་ཚགས་པར་སྟེང་༼སྤྱི་ལོ ༡༩༨༠ གྱ་གྲངས་ནང་ནས་བཟུང་དབུ་མའི་ལམ་ཞེས་མིང་འདྲ་ཆགས་པོ་བཏགས་པ་དེ་རེད། དེ་ནི་དོན་མཐུན་གྱི་མིང་འབོད་ན་རྒྱལ་འཚོང་རང་ལུགས་ཞེས་སྲིད་དོན་མཁས་པ་ཚོས་ སྨད་ར་གཏོང་བའི་ལས་ཀ་ཞིག་རེད།༽ཅེས་བྲིས་འདུག ཕྲན་རྒྱ་གར་ཏུ་ཡོང་ནས་བཟུང་༧གོང་ས་མཆོག་ལ་སྲིད་ཕྱོགས་ནས་ཁ་གཏོང་མཁན་བོད་ མིའི་ནང་གཙོ་བོ་འཇམ་དབྱངས་ནོར་བུ་རེད། འཇམ་ནོར་གྱིས་ཁ་གཏོང་སྟངས་གོ་ན་ཧོར་འཐོར་བ་ཞིག་རེད་ལ། ཉེ་ཆར་བཏོན་པའི་དཔེ་དེབ་《བོད་ཀྱི་གནད་དོན》་ཞེས་པའི་ནང་དུ་༧གོང་ས་མཆོག་གིས་ ལམ་དབུ་མ་ཐུགས་རེ་བཟུང་པ་ནས་བོད་པ་ནང་ཁུལ་རྙོག་དྲ་དང་ཟིང་འཁྲུག་ཇེ་མང་དུ་ སོང་བ་རེད་ཟེར། འཇམ་ནོར་གྱིས་༧གོང་ས་མཆོག་ལ་སྐྱོན་བརྗོད་སྟངས་ངས་མ་གླེང་ཡང་སྤྱི་ཚོགས་ནང་ ཡོངས་གྲགས་རེད། དུས་བབ་དྲ་རྒྱ་དང་ཚགས་པར་སྟེང་ཁང་གསར་རྡོ་རྗེ་ཟེར་བ་ཞིག་གིས་《བསམ་ཚུལ་འབུར་ འཛོམས་དང་། འུར་རྒྱག་པ།》 གཞན་《༧རྒྱལ་བ་རིན་པོ་ཆེའི་སྲུང་མ་》ཞེས་པའི་རྩོམ་ཡིག་གཉིས་སྤེལ་བ་རེད། དེའི་ལན་དུ་བསྟན་འཛིན་ཕན་བདེ་ཟེར་བས་༧རྒྱལ་བ་རིན་པོ་ཆེའི་བཞུཌ་ཁྲི་ཞེས་པའི་ རྩོམ་ཡིག་ཅིག་བྲིས་འདུག རྩོམ་དེའི་མཇུག་གི་སྐད་ཆ་ རེ་རེ་ལ་གནས་ལུགས་དང་བདེན་པའི་ངར་ཤུགས་ལྡན་གི ཡང་འཇིགས་བྲལ་བསྟན་འཛིན་མིང་ཅན་དེས་《༧གོང་ས་མཆོག་རྒྱབ་ཤེད་དུ་འཁུར་ནས་མི་ རིགས་ས་ཁུངས་རང་སྐྱོང་གྱི་ལམ་དུ་འཁྲིད་པ་》 ཞེས་པའི་རྩོམ་ཡིག་ཅིག་སྤེལ་འདུག མི་འདི་ནི་ཧ་ཅང་གཟབ་དགོས་པའི་རིགས་རེད། ལན་རེ་དབུ་མའི་ལམ་གྱི་ལངས་ཕྱོགས་འཛིན་མཁན་ཡིན་ཟེར་ནས་ས་གནས་ཁག་ཏུ་ དབུ་མའི་ལམ་གྱི་ཟབ་སྦྱོང་སྤྲོད་ཀི་འགྲོ་གྱིན་འདུག སྐབས་རེ་དབུ་མའི་ལམ་དང་༧གོང་ས་མཆོག་ལ་ཁ་གཏོང་མཁན་དག་གི་ལག་རོགས་ཡོད་ན་མེད་ན་དེ་འདྲ་འཁྲབ་ཀྱིན་འདུག འདི་ལ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་མདོ་སྨད་ཚོགས་ཆེན་མཛད་སྒོའི་ཉིན། དེ་རིང་ཉིན་བཟང་སྐར་བཟང་འདིར་སྐད་ཆ་ངན་པ་བཤད་མི་འོས་ཀྱང་ངས་དཔེ་ཡ་མཚར་ཞིག་འཇོག་ན་འདོད། རང་ཉིད་དགའ་ས་བུ་མོ་གཞན་ཞིག་ལ་དགའ། ཆང་ས་མི་དགའ་ས་དེ་ལ་བརྒྱབ་ན་བརྟན་མོ་ཡོད་མ་རེད། དེང་སང་འགའ་རེའི་ཆབ་སྲིད་ཀྱི་ལངས་ཕྱོགས་དེ་འདྲ་ཆགས་འདུག་ཅེས་བཤད་པ་དོན་ལ་གནས་སོ། ད་ལྟ་རང་བཙན་ཁ་ལ་ཁྱེར་སྟེ་འུར་རྒྱག་མཁན་ཨམ་མདོ་བ་འགའ་རེ་ཡོད་ཀྱང་གནས་སྐབས་བཏང་སྙོམས་སུ་བཞག་ཡོད། བོད་ཀྱི་རྩ་དོན་དང་༧་སྐུ་མདུན་གྱི་དགོངས་གཞི་གང་ཡིན་ན། རང་བཙན་བརྩད་ན་ཆོག དབུ་མའི་ལམ་དུ་ཕེབས་ཀྱང་རུང་། རང་ཐག་རང་གཅོད་ཟེར་ན་འོས། བདེན་པའི་ཨུ་ཚུགས་གླེང་ཡང་ཆོག འདི་ཚོ་ལ་དགག་བྱ་ཅི་ཡང་མེད་ཀྱང་། བོད་ལ་སེམས་ཤུགས་ཆེ་མདོག་གིས་རང་བཙན་ཁ་ལ་ཁྱེར་ནས་ཐད་ཀར་ྋགོང་ས་མཆོག་ལ་ཁ་ གཏོང་བ་དང་། སྐུ་མདུན་ལ་ལོ་རྒྱུས་ཀྱི་ནག་ཉེས་འཛུགས་མཁན་ཚོ་ནམ་ཡང་ང་ཚོས་རྒྱ་ཡན་དུ་གཏོང་ཐབས་བྲལ། སྤྱི་འཐུས་ལྷ་མོ་སྐྱབས་ལྟ་བུའི་ནང་ཆོས་ཀྱི་ཞག་རྩི་ཡོད་མཁན་དང་། བསྟན་འཛིན་ཕན་བདེ་ལྟ་བུའི་དད་སྟོབས་ཅན་ཞིག་གིས་བྲིས་པའི་རྩོམ་ཡིག་ཀློག་དུས་རང་བཞིན་གྱི་སེམས་ལ་དགའ་སྣང་ཞིག་འོང་གི འོན་ཀྱང་བོད་མི་འགའ་རེས་༧རྒྱལ་བ་རིན་པོ་ཆེ་ལ་ཚིག་མདའ་འཕེན་པ་རིག་དུས་རྨོངས་དད་དང་ དད་པ་དམ་ཚིག་གཙང་མ་གང་ཡིན་མི་ཤེས་པའི་ཚོར་འདུ་ཞིག་འགོག་མེད་དུ་སྐྱེས་སོང་། ངས་གོང་གི་ཁ་བྱང་ལ་རྒྱལ་བ་རིན་པོ་ཆེའི་དགྲ་བོ་ཟེར་བ་དེ་ཅུང་ཙམ་མི་འོས་པ་ ཞིག་རེད་བསམ་ཡང་། ངས་རྒྱུན་རིང་ལ་བསམ་གཞིག་བྱས་ཀྱང་ འདི་ལས་ལྷག་ཅིག་མ་རྙེད་པས་མི་འདོགས་ཐབས་མེད་དུ་གྱུར། འདིའི་སྟེང་ནས་ཕོག་ཐུགས་བྱུང་མཁན་ཡོད་ཚེ་དགོངས་དྭངས་ཞུ་འདོད་བྱུང་། མཇུག་ཏུ་གསལ་བཤད་ཅིག་ལ་གཞོན་ནུ་དང་བོད་རང་དབང་སློབ་ཕྲུག་ཚོགས་པ་ལྟ་བུས་བོད་ རང་བཙན་ཟེར་བ་ལ་དགག་རྒྱག་བྱེད་འདོད་མེད་ལ་བྱེད་ཀྱང་མི་འོས། རང་བཙན་ཁ་ལ་ཁྱེར་ནས་༧རྒྱལ་བ་རིན་པོ་ཆེ་ལ་ཁ་གཏོང་མཁན་དག་ལ་བྲིས་པ་ཡིན་པ་ ཀློག་པ་པོ་ཚོས་མཁྱེན་རྟོགས་ཡོང་བར་ཞུ།།
ཕྲན་གྱི་རྩོམ་རྙོག་ལ་ཁྱེད་ཅག་གིས་དོེན་མེད་སྐྱོན་བརྗོད་བྱས་པ་ལ་ཕྲན་གྱིས་སྐྱ་ཀ་དང་ཁྭ་ཏ་གཉིས་ཀྱི་བགྲོ་གླེང་ཞེས་པ་ཞིག་བྲིས་ཡོད་ལ། སང་ཉིན་ཕྲན་གྱི་ཟིན་བྲིས་སུ་གཟིགས་དང་གོ་རྒྱུ་ཅན་ཞིག་ཡིན། འོན་ཀྱང་རྩོམ་མ་ཀློག་པར་མཆན་འདེབས་མཁན་དག་ལ་ཕྲན་གྱིས་ལན་འདེབས་རྒྱུ་མིན་ལ། ཁོ་ཚོ་ལ་སྡུག་གྱོང་དང་ཞ་ར་ཞར་མོ་ཚོ་ལབ་འདོད་བྱུང་།
འགའ་ཞིག་གི་དྲ་རྒྱའི་ནང་གི་རྟགས་གསལ་ཡག་པོ་ཞེས་པོ་རེད་ཧཧཧཧཧཧཧཧཧ་གྲ་བ་ལགས་རིན་པོ་ཆེ་རྟགས་གསལ་གཏོང་ས་ནོར་བ་མིན་ནམ།
ཨ་རིགས་དགེ་མཐོང་ཟེར་བ་འདི་མི་གླེན་པ་ཞིག་ཡིན་ཚུལ་མང་པོ་བཤད་འདུག་འོན་ཀྱང་ངེས་ངོ་མི་ཤེས་གང་ལྟར་ཁོ་རང་གི་སྣང་བ་ལ་སྤྱི་ཚོགས་གི་ནང་གསར་དུ་ཅོང་ཙམ་མཐོང་བ་ཞིག་མིན་ནམ་མཉམ་ཡོད་པ་འདྲ།
གྲྭ་རྒོད་ལ་ཁྱེད་ཀྱི་བསམ་ཚུལ་དེ་ཟུར་ཁ་མང་ནས་གནལ་ལ་ཁེལ་ཡོད་པ་འདྲ།འོན་ཀྱང་བོད་མི་ཡོངས་ནས་ད་ལྟ་བསྒྲུབ་དགོས་པ་དེ་དང་བསྒྲུབ་ཐུབ་པ་གང་ཡོད་མེད་དེ་གཙོ་བོ་རེད་།རང་བཙན་ཟེར་ནས་དུས་རྒྱང་བྱས་པ་ཡིན་ན་བོད་ས་ཡོང་ཕལ་ཁྱེར་སྟོང་པ་ཆགས་སྲིད་པ་ལྟ་བུ་ཞིག་རེད་ཟེར་བ་ལྟ་བུ་ཞིག་གོ་སོང་དེ་ཚོ་ཡག་པོ་མཐོང་སོང་།།རིག་གནས་ལ་ཤུག་རྒྱག་རོགས།བོད་དོན་ངོ་མ་དེ་རེད།མི་རེ་ངོ་རེ་ནས་དོན་སྣང་བྱེད་རོགས།ཁྱབ་སྲིད་མི་ཤེས་ན་མ་བཤད་ཀྱང་ཆོག
ཨ་རིག་དགེ་མཐོང་དམག་དཔོན་བྱས་ན་ཡོང་ས་མ་རེད། དམག་དཔོན་ཞིག་ལ་དཔའ་དགོས་པ་མ་ཟད་གཡོ་དང་སྒྱུ། ཐབས་དང་བློ་གྲོས་ཡང་ཅུང་ཟད་འཛོམས་དགོས་པ་རེད། དེ་དག་མ་འཛོམས་ན་དམག་མི་མང་པོའི་ཚེ་སྲོག་གླེན་རྟགས་ཚ་བའི་དམག་ཇུས་གཅིག་གི་ནང་དུ་རྫོགས་སྲིད། དེ་བས་ཨ་རིག་དགེ་མཐོང་མདུན་མཆོང་དམག་མི་དཀྱུས་མ་ཞིག་བྱས་ན་ཡག་པོ་ཡོད་ས་རེད།
འདི་མཐོང་བ་དང་ཚོར་བ་གཞན་ཞིག་སྐྱེས་སོང་།བོད་མི་འགའ་རེ་ཡི་ཁྱབ་སྲིད་ཟེར་བ་དེ་དོན་ལ་རང་གི་འཚོལ་བའི་མཐུ་རྐྱེན་ཞིག་དུ་འགྱུར་བཞིན་འདུག
འགའ་ཞིག་གི་རང་བཙན་ཁ་ལ་ཁྱེར་ཏེ་༸གོང་ས་མཆོག་གི་བོད་ཀྱི་ལོ་རྒྱས་ཁུངས་ཐུབ་དུ་མ་རྩིས་པའི་ཉེས་པ་ཡོད་འདོག་བྱེད་མི་འགའ་རེ་འདུག
འདི་ཚོ་ནི་ངོ་མ་བོད་ལ་གནོད་པ་ཚབ་ཆེན་བཟོ་བའི་མི་འདིའི་རིགས་དག་གི་བོད་ས་ཡོང་གི་རེ་འདོད་ངོ་མ་དེ་འགྲུབ་པ་ལ་དུས་རྒྱང་ཇི་ཙམ་བྱས་ཡོད་མེད་ཕལ་ཁྱེར་བོད་མི་ཡོང་གྱི་ད་ལྟའི་གནས་བབས་ལ་བསམ་བློ་གཏོང་མཁན་ཞིག་ཡིན་ན་མཁྱེན་གསལ་རེད་།བོད་མི་ཚོ་རྡོག་རྩ་གཅིག་བྱེད་རོགས།བོད་ལ་རང་དབང་ཐོབ་ཀྱང་ཁྱེད་ཅག་ལ་ལས་གནས་སྤྲོད་ཆོག་སྐྲག་སྣང་མ་བྱེད་རོགས་།མི་འགའ་ཞིག་གི་ཁ་ལ་ཆེད་བོད་དོན་དུས་རྒྱང་མ་བྱེད་རོགས།
༧གོང་ས་མཆོག་གི་ལངས་ཕྱོགས་དང་མི་མཐུན་ན་དགྲ་བོ་ཡིན་པའི་མ་ཁྱབ་ཐལ། འདོད་ན། ཁུར་ཤོག ཡོ་་་་་་ཅི་རེད་ཅི་རེད།
རྨོག་རུ་བསྟན་པ་ལགས་ཀྱི་མཉམ་དུ་ངས་ཡང་ཚར་ཞིག་རྒྱག་གིན་ད། ཚཚཚཚཚཚཚཚཨོ་ཧཧཧཧཧཧཧཧཧ
གྲོགས་པོ་དགེ་མཐོང་ལགས།ཁྱེད་ལ་ཀུ་རེ་ཞིག་རྩེད།
རྒྱལ་བ་རིན་པོ་ཆེ་ལ་དགྲ་ཡོད་པར་ཐལ།མེད་པར་ཐལ་ཁོང་སངས་རྒྱས་ཡིན་པའི་ཕྱིར། ཁྱབ་པར་ཐལ། སངས་རྒྱས་ཡིན་ན་དགྲ་ཐམས་ཅད་སྤངས་ཟིན་པས་ཁྱབ་པས་ཕྱིར།
མ་ཁྱབ་ན་ཁྱབ་པ༷ར་ཐལ། ཉོན་མོང་སྤངས་ཟིན་ན་ཉོན་མོངས་མེད་དགོས་པའི་ཕྱིར།
འཁོར་གསུམ།
གདན་ས་ཆེན་པོའི་ཨ་རིག་དགེ་བཤེས་ཚང་ལ་ཚ་ཚ་ཚ་ཚ
དཔེ་ཆ་དང་འགལ། ཆ་དཔེ་དང་འགལ། སྔ་མ་ཕྱི་མ་དང་འགལ། ཕྱི་མ་སྔ་མ་དང་འགལ། ཚིག་དོན་གཉིས་ཀ་དང་འགལ། སློབ་མ་བླ་མ་དང་འགལ།
དགོངས་དག་ཀུ་རེ་ཚུལ་དུ་ཡིན།
http://www.youtube.com/watch?v=3ZxsmHLcNvA&feature=PlayList&p=345A9AF32593F212&playnext_from=PL&playnext=6&index=87
འདི་ལ་གཟིགས་རོགས་ཞུ།
ཁུངས་ལྡན་གནས་ཚུལ་འཁོ་སྤྲོད་བྱས་པ་ལྟར་ན། ཟླ་འདིའི་ཚེས་༨ ཉིན་ཁམས་ཉག་རོང་གུ་རུ་དགོན་པའི་གྲྭ་རང་ལོ་ ༢༢ ལོན་པ་ཨ་པོ་བཀྲ་ཤིས་དང་། རང་ལོ་ ༡༩ ལོན་པའི་གྲྭ་ཚེ་རིང་རྒྱལ་མཚན། རང་ལོ་ ༢༢ ལོན་པའི་གྲྭ་ཚེ་རིང་དབང་ཕྱུག་གསུམ་དང་། གཞན་ཡང་ལོ་ང་སྡེ་ཤང་ནས་ཡིན་པ་བྱམས་འབྱོར་དགོན་པའི་གྲྭ་རིག་འཛིན་རྡོ་རྗེ་བཅས་དགེ་འདུན་པ་བཞིས་གོང་ཚེས་ཉིན་ཉག་རོང་རྫོང་ཐོག་ཏུ་འཕྲུལ་རྟ་ཞོན་ནས་བོད་ཀྱི་རྒྱལ་དར་འཕྱར་ཏེ་རྒྱལ་བ་རིན་པོ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག ཅེས་དང་། བོད་རང་བཙན་ཡིན། རྒྱལ་བ་རིན་པོ་མྱུར་དུ་བོད་ལ་གདན་འདྲེན་ཞུ་དགོས། དེ་བཞིན་བོད་དུ་གཏེར་ཁ་སྔོག་འདོན་མཚམས་འཇོག་བྱེད་དགོས་པ་སོགས་འབོད་ཚིག་བསྒྲགས་ཏེ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་ན་ཡང་། ཅུང་མ་འགོར་བར་ཉེན་རྟོག་པས་འཛིན་གྲབས་བྱས་པའི་ཚེ་དེར་ཡོད་ཀྱི་མི་མང་ལྔ་བརྒྱ་ཙམ་གྱིས་སྐད་འབོད་དང་ངོ་རྒོལ་བྱས་པར་བརྟེན་གྲྭ་གཞན་པ་གསུམ་འཛིན་བཟུང་བྱེད་ཤོར་མེད་ན་ཡང་། གྲྭ་ཨ་པོ་བཀྲ་ཤིས་པར་ལེན་མཁན་ཡིན་འདུག་པ་དང་། འཕྲུལ་རྟ་ལ་སྐྱོན་ཤོར་ནས་གྲྭ་ཨ་པོ་བཀྲ་ཤིས་ལགས་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག ད་སྐབས་གྲྭ་ཨ་པོ་བཀྲ་ཤིས་ས་གནས་གང་དུ་ཡོད་མེད་གསལ་བོ་ཤེས་ཀྱི་མེད་པ་རེད།།
འདི་ནི་དེ་རིང་བོད་ཀྱི་དུས་བབ་ཏུ་འཁོད་པའི་གསར་འགྱུར་རེད། ཚེ་སྲོག་གཏའ་མར་བཞག་ནས་གྲུབ་པའི་གསར་འགྱུར་རེད། འདི་ཚོ་༸རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་གཉིས་ཀའི་དགྲ་བོ་རེད་དམ།
དབུ་མའི་ལམ་ནི་བོད་ཀྱི་སྲིད་དོན་གྱི་ལམ་ལུགས་ཤིག་རེད། དེ་ཡིས་ཕན་མི་ཕན་དཔྱོད་པ་ནི་བོད་ཆེན་པོའི་དོན་ཞིག་ཡིན་པ་ལས་མི་སྒེར་ཞིག་གི་དོན་ལར་ནས་མ་རེད། དེའི་ཕྱིར་དབུ་མའི་ལམ་ལ་སྐྱོན་བཏོན་ན་གོང་ས་མཆོག་ལ་སྐུར་བ་བཏབ་པ་ཞིག་དང་།དབུ་མའི་ལམ་ལ་རྒྱབ་སྐྱོར་བྱས་ན་གོང་ས་མཆོག་ཐུགས་དགྱེས་འགྲོ་བ་ཞིག་ཨེ་ཡིན་ནམ་སྙམ། ཁོང་གི་བཀའ་གསུང་དུ་འང་ཏྰ་ལའི་བླ་མ་ཡོད་ན་བོད་གཞུང་ཡོད་པ་ཞིག་དང་། ཏྰ་ལའི་བླ་མ་མེད་ན་བོད་གཞུང་མེད་འགྲོ་བ་ཞིག་མིན་པའི་རྡོ་རྗེ་གསང་ཚིག་རེ་ཡོད་འདུག
ཨ་རིག་དགེ་མཐོང་ལགས། འདིས་ག་རེ་ཟེར་གྱི་འདུག ཁྱོད་ལྟ་བུའི་བསམ་ཚུལ་བརྗོད་ཀྱི་ཨེ་འདུག འདི་བོད་ནང་གི་སྐད་ཆ་རེད། རྟོག་གེ་བ་ཁྱོད་ལས་ཁོང་ཚོ་༸རྒྱལ་བ་རིན་པོ་ཆེ་ལ་ཁྱོད་རང་ལས་དད་པ་ཆེ་བ་ཡོད་རྒྱུ་རེད་བསམ་གྱི་འདུག
ལན་སྒུག་གི་ཡིན། ཨ་རིག་དགེ་མཐོང་མིང་ཅན་ལགས། ཁྱོད་རང་གིས་བྲིས་པ་དེ་ཐེངས་གསུམ་བཀླགས་པ་ཡིན། མི་མང་པོ་ཞིག་གིས་མིང་ནས་བོས་འདུག ཡིན་ནའང་རེ་འགའི་མིང་ནས་འབོད་ཕོད་མི་འདུག ཁག་མེད་ཁྱོད་རང་སྡོད་སའི་ཁང་པ་ནས་ཕུད་ཡོང་། ཧཧཧཧཧཧ། ད་བར་ང་ཚོས་དྲ་གྲོགས་ཨ་རིག་དགེ་མཐོང་འདི་གླེན་པ་དྲང་པོ་ཞིག་ལ་བརྩིས་པ་རེད། ཕྱོགས་ཞེན་གྱི་རྩར་སླེབས་དུས་བཞག་ཡོད་ཟེར་ནས་རང་གནོང་ངོས་ལེན་གྱིས་བསྡད་འདུག་ཨང་།
གཤམ་ལ། གུས་མོའི་མཆན་སྔོན་མ་དེ་བསྐྱར་འགོད་བྱས་ཡོད།
ཨ་རིག་དགེ་མཐོང་ཟེར་བ་འདིས། ཁྱོད་རང་གིས་༸རྒྱལ་བ་རིན་པོ་ཆེ་ཁ་ལ་འཁྱེར་ནས་ལྷག་བསམ་ཡོད་མདོག་བྱེད་ཀྱི་འདུག ཧཧཧཧཧ།
སྙིང་རྗེ། ཁྱོད་རང་གིས་ཆབ་སྲིད་ཀྱི་གནད་འགག་གང་ཡང་ཤེས་ཀྱི་མི་འདུག
དེ་ལས་ལྷག་བསམ་ཡིན་ན། ཁྱོད་ཀྱིས་དངོས་ཡོད་གནས་སྟངས་གཅིག་དྲྭ་རྒྱའི་ཐོག་བཏོན་དང་།
རྩོམ་ཡིག་འདི་ཀློག་སྐབས་སྤྱི་ཚོགས་མི་བདེ་བ་བཟོ་མཁན་ཁྱོད་རང་ཡིན་པ་དེ་ར་འཕྲོད་ཀྱི་འདུག
༸གོང་ས་མཆོག་གིས་བཀའ་སློབ་གཅིག་ལུང་དྲངས་ན། ༸གོང་ས་མཆོག་གིས་ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༡ ཚེས་ ༢ ཉིན་གསུང་དོན། འདྲ་ཆགས་པོ་དང་སོ་སོའི་སེམས་ཀྱི་གཏིང་ལ་ཡོད་ཀྱང་མེད་ཀྱང་ཁའི་ཚིག་སྐམ་པ་ཞིག་ལ་འཇུས་ཏེ་ཕན་ཚུན་གཅིག་གིས་གཅིག་ལ་ཚིག་རྩོད་ལྟ་བུ་བྱས་ན་ཕན་ཐོགས་ཁྱོན་ནས་མེད། ང་ཚོ་ཚང་མ་སྤྱི་པའི་དོན་དག་ལ་ཁུར་གཅིག་པ་ཞིག་སླེབས་ཡོད་པ་རེད། ཁུར་མཉམ་ལེན་གྱི་ཐོག་ནས་དམིགས་ཡུལ་འདི་བཞག་ནས་གང་དགའ་ཅི་ལེགས་ཞེས་ལབ་རྒྱུ་རེད་མ་གཏོགས་མི་གཅིག་གིས་ཁ་བདེ་པོ་ལྟ་བུ་བྱས་ཏེ་ཁོས་སྐད་ཆ་ཡག་པོ་བཤད་སོང་ཟེར་རྒྱུ་ལྟ་བུ་དང༌། ཡང་ན་ཁོས་སྐད་ཆ་བཤད་ནས་རྒྱལ་ཁ་ལྟ་བུ་ཞིག་ཐོབ་སོང་ཞེས་པའི་སྐད་ཆ་འདི་མ་རེད། ང་ཚོ་སྤྱི་པའི་དོན་དག་བསྒྲུབ་རྒྱུར་གང་དགའ་ཅི་ལེགས་ལེགས་སྤེལ་ཉེས་འགོག་ག་རེ་བྱེད་དགོས་ཀྱི་འདུག ཚང་མ་ཁུར་མཉམ་ལེན་གྱི་ཐོག་ནས་བསམ་བློ་གཏོང་རྒྱུ་དེ་རེད། མི་དང་མ་སོང་ནའང༌། མི་ནད་པ་ཛ་དྲག་ལ་ཐུག་ཡོད་པ་རེད། ངོས་ཀྱིས་ནམ་རྒྱུན་རྩེད་མོ་རྩེ་ནས་ཤོད་ཀྱི་ཡོད། ཚེས་གྲངས་བཟང་ངན་བརྩི་རྒྱུ་དང་གཅིག མཛད་སྒོ་ཚོགས་ཞེས་པ་དེ་ཚོའི་གྲས་དེ་མིའི་མི་ཚེ་གཅིག་ལ་གལ་ཆེ་ཤོས་དེ་སྐྱེས་པའི་ཉིན་མོ་དང་ཤི་བའི་ཉིན་མོ་རེད། དེར་མཛད་སྒོ་ཚོགས་རྒྱུ་ཡོད་པ་མ་རེད། རྩིས་བཤག་རྒྱུ་མེད་པ་རེད། སྐྱིད་པོ་ཡོད་པའི་སྐབས་ལ་ཚེས་གྲངས་བཟང་ངན་བལྟས། མཛད་སྒོ་ཚོགས་ནས་འདྲ་ཆགས་པོ་ཞིག་བྱ་རྒྱུ་ཡོད་པ་རེད། འགག་ལ་ཐུག་པའི་སྐབས་ང་ཚོ་ནོར་གླིང་ནས་བྲོས་ཡོང་དུས་ཚེས་གྲངས་ལྟ་རྒྱུ་དང་མཛད་སྒོ་ཚོགས་རྒྱུ་མི་འདུག བྲོས་ཡོང་རྒྱུ་རེད། དེར་བརྟེན་ང་ཚོ་བོད་མི་རིགས་ད་ལྟ་དེ་འདྲ་ཞིག་གིས་མཚམས་ལ་སླེབས་པ་ཡོད་པ་རེད་མ་གཏོགས་འདྲ་ཆགས་པོ་བྱས་ཏེ་སྡོད་རྒྱུའི་དུས་ཚོད་མ་རེད། ང་ཚོ་འཆི་གསོན་སྒང་ལ་སླེབས་ཡོད། དེ་འདྲ་ཡིན་དུས་དོན་དག་ངོ་མའི་སྟེང་གང་དགའ་ཅི་ལེགས་ཀྱི་བསམ་བློ་གཏོང་རྒྱུ་རེད་མ་གཏོགས་འདྲ་ཆགས་པོ་དང་སྤམ་པོ་བྱ་རྒྱུའི་སྐད་ཆ་ཞིག་མ་རེད། འདི་ཁྱེད་རང་ཚོའི་སེམས་ཞོག ཅེས་གསུངས་ཡོད་པ་རེད། འདིའི་གོ་དོན་དེ་ཁྱོད་རང་གིས་ཧ་གོ་གི་འདུག་གམ།
འདིར་དངོས་སུ་བཏོན་པའི་མི་འདི་རྣམས་སུ་ཡིན་ཀྱང་རུང་། བོད་སྤྱི་པའི་དོན་ལ་བཀའ་མོལ་གནང་བསྡད་མཁན་རྐྱང་རེད་བཞག ཁོང་ཚོས་གླེང་པ་དེ་༸གོང་ས་མཆོག་ལ་ཁ་བཏང་ལུགས་ཞིབ་ཕྲ་ཞིག་ངོ་སྤྲོད་བྱེད་རོགས། ཚིག་རེ་རེ་བཞིན་ངོ་སྤྲོད་བྱེད་རོགས། དེ་མིན་སྤྱི་སྦོམ་གྱི་ཚིག་སྤྱད་དེ་སྤྱི་དོན་ལ་སྐད་ཆ་ཤོད་མཁན་དག་ནག་པོ་བཟོ་བ་འདི་མི་ཡག་པོ་ཞིག་གིས་བྱེད་སྟངས་མ་རེད།
འདི་འདྲའི་ཁུངས་ལུངས་ཞིབ་ཚགས་མེད་པར་གང་དྲན་དུ་སྤེལ་བའི་གཏམ་ཡན་ཞིག་ལ་བོད་ཀྱི་དུས་བབ་ནས་བདག་པོ་རྒྱག་ཤེས་པ་དེ་ལ་ང་ཚོ་ཡ་མཚན་སྐྱེས་སོང་།
གུས་མོའི་བསླབ་བྱ་ཞུ་རྒྱུ་ཞིག་ལ། ཨ་རིག་ཁྱོད་ག་རེ་བྱེད་ཀྱི་ཡོད་ན་དེ་ལ་འབད་བརྩོན་བྱོས། སྟག་འཆོང་སར་ཝ་མ་འཆོངས། ཝ་སྐེ་ཚིགས་བུད་ཀྱི་རེད།
༼གསུམ་བཅུའི་དུས་དྲན་གྱི་སྔ་གཞུག་ནས་རྒྱ་ནག་གཞུང་ལ་ཞི་རྒོལ་བྱེད་མཁན་དང་ཡར་ལངས་བྱེད་མཁན་ཕལ་ཆེ་བ་ནི་སློབ་ཕྲུག་དག་ཡིན་ལ། ཁོང་ཚོས་ ༢༠༠༨ ལོའི་ཞི་རྒོལ་ཆེན་མོར་རྗེས་དྲན་བྱས་པ་དང་། ཁོང་ཚོའི་འབོད་སྒྲ་ནི་སྔར་བཞིན་བོད་རང་བཙན་དང་། ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ། མི་རིགས་འདྲ་མཉམ་དགོས་པ་བཅས་རེད། རྒྱ་ནག་གི་སྐར་ལྔའི་དར་དམར་གྱི་རྒྱལ་དར་མེར་བསྲེག་མཁན་ཡང་བྱིས་པ་འདི་དག་རེད། བོད་རང་གི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་མཁན་ཡང་བྱིས་པ་ཚོ་ཡིན། ཁོང་ཚོ་ནི་སོ་སོའི་མི་རིགས་ཀྱི་འདས་པ་དང་མ་འོངས་པ། ད་ལྟ་བཅས་ཀྱི་བདག་པོ་ཡིན་ལ། ཁོང་ཚོས་དེར་ངོས་ལེན་དང་འགན་ལེན་གཉིས་ཀ་བྱེད་ཀྱིན་འདུག ༽
འདི་ནི་ཐེངས་འདིའི་དུས་བབ་རྩོམ་སྒྲིག་པའི་གཏམ་ལས་དྲངས།
དགེ་མཐོང་ལགས།
བྱིས་པ་འདི་ཚོས་བོད་རང་བཙན་རྩོད་ཀྱི་འདུག རྒྱལ་དར་མེར་བསྲེགས་བཏང་ཡོད་འདུག འདིས་ག་རེ་སྟོན་གྱི་འདུག འདི་ཚོ་༸རྒྱལ་བ་རིན་པོ་ཆེ་དང་རྒྱ་ནག་གཞུང་གཉིས་ཀའི་དགྲ་རེད་དམ།
རང་གི་རྩ་བའི་བླ་མ་ལ་ཁ་གཏོང་མཁན་དག་ལ་རྒྱབ་སྐྱོར་བྱེད་མཁན་དག་ལ་ནམ་ཡང་ཕྲན་གྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ངེས་ཡིན། མདོར་བསྡུས་ནས་བྲིས་ན་དོལ་རྒྱལ་བ་ཚོ་དང་གཅིག་པ་གཅིག་རྐྱང་གིས་འདི་ཤེས་འཛིན་ངེས་ཡིན། དོལ་རྒྱལ་བ་ཚོས་ཀྱང་༧གོང་ས་མཆོག་གི་བཀའ་གསུང་ལ་མ་ཉན་པ་དང་། ༧གོང་ས་མཆོག་ལ་ཁ་བཏང་བའམ་ངོ་རྒོལ་བྱས་པ་ལས་ཅི་ཡང་བྱས་མེད་དོ།། ཁྱེད་ཅག་དོལ་རྒྱལ་བ་འདྲ་བའི་དྲ་འབུ་སྐོར་ཅིག་ད་ཐེངས་ཕྲན་གྱིས་རྩོམ་རྙོག་འདི་བྲིས་པ་ལ་བརྟེན་ནས་ཧ་གོ་སོང་བ་དགའ་ཡོད། ཁྱེད་ཅག་རྩོམ་མ་ཀློག་ནས་མཆན་འབྲི་མཁན་དག་གི་བསམ་ཚུལ་རེ་རེའི་རྒྱབ་ལྗོངས་དང་འབྲེལ་བའི་རྩོམ་ཡིག་ཅིག་ཕྲན་གྱིས་འབྲི་ངེས་ཡིན་པ་མ་ཟད་དེབ་ཅིག་འདོན་ཨེ་ཐུབ་ལྟ་ངེས་ཡིན། ཞ་ར་ཞར་མོ་ཚོ། ༧རྒྱལ་རིན་པོ་ཆེ་ལ་ཁ་བཏང་མཁན་དག་གི་རྒྱུགས་ཁྱི་ཚོ། ངའི་རྩོམ་མ་ཀློག་ནས་མི་ཤེས་ཤེས་མདོག་བྱེད་མཁན་ཚོ། རང་ཉིད་ཀྱི་ནོར་འཁྲུལ་ངོས་ལེན་མ་བྱས་ན་ངས་འདི་དག་བྲིས་ནས་ཁྱབ་བསྒྲགས་བྱེད་ངེས་ཡིན། སྐབས་དེར་འགྱོད་པ་སྐྱེས་ན་འཕྱི་ཚར་བ་ཡིན་པ་ཤེས་རྟོགས་ཡོང་བར་ཞུ། མདོ་སྨད་པ་དད་པ་དམ་ཚིག་གཙང་བའི་ཨ་རིག་དགེ་མཐོང་འབོད་པས་བྲིས་པའོ།།
མིག་མེད་པའི་མཆན་འདེབས་པ་དག་ལ་སྡུག་གྱོང་ཞེས་པའི་མིང་ཚིག་དེ་བེད་སྤྱོད་གཏོང་གི་ཡིན། འདི་དག་ལ་དགོངས་སེལ་དང་སྡུག་གྱོང་ཞེས་པའི་གསལ་བཤད་ཅིག་སང་ཉིན་ཕྲན་གྱི་ཟིན་བྲིས་ནང་དུ་འགོད་རྒྱུ་ཡིན།
མ་གཞི་༧གོང་ས་་མཆོག་གི་མཚན་ཐོག་ནས་རྩོད་རྒྱག་པའམ་བགྲོ་གླེང་བྱེད་ཀྱིན་པ་ནི་ཡག་པོ་མི་འདུག་གསུངས་མཁན་དག་གི་སྐད་ཆ་ལ་བདེན་པ་འདུག
རི་བོང་གིས་བཤད་པ་ལྟར་ཁང་གསར་ལ་ཅུང་ཙམ་ཐལ་ཆ་ཆེ་སོང་སྙམ། འོན་ཀྱང་ཁྱེད་ཀྱིས་བསམ་ཚུལ་འབུར་འཛོམས་ཟེར་བའི་དོན་ལ་གཞིགས་རོགས་གནང་།
དགོངས་དག། དེ་ནི་ཞེས་པ་དེ་མིན་ཞེས་སུ་ནོར་བཅོས་ཡོང་བ་ཞུ།
ཨ་དགེ་ལགས། ཁྱེད་རང་གཙོས་རྩོམ་པ་པོ་ཚོར་རེ་སྐུལ་ཞིག་ཡོད་པ་ནི་རྒྱ་གཞུང་གིས་༸གོང་ས་མཆོག་དང་། བཙན་བྱོལ་བོད་གཞུང་། གཞན་ཡང་༸གོང་ས་མཆོག་གི་སྤྲུལ་སྐུ་སོགས་ཀྱི་སྐོར་ལ་བསམ་ཡུལ་ལས་བསྐོར་བའི་འཁྱོག་བཤད་དང་། མཚན་སྨོད་བྱེད་བཞིན་འདུག འདིའི་སྐོར་ལ་རྩོམ་ཡིག་མ་སྐུལ་དང་བླངས་ངང་འབྲི་ཐུབ་པའི་རེ་བ་ཞུ་རྒྱྲུ་ཡིན།
དེ་ནི་ནང་བཀྲ་མ་ཤིས་ན། ཕྱི་དོན་མི་འགྲུབ་རྒན་ལྷ་མོ་ལགས་ཀྱི་དགོངས་པ་ཡིན་པ་གང་ཞིག གཏམ་དཔེ་ལའང་། ཕྱི་ལ་བསྐོར་ན་ཞ་ཉེ་མགོ ནང་དུ་བསྐོར་ན་ཁྱོ་ལོག་མགོ་ཞེས་པ་ཞིག་ཀྱང་ཡོད་པས་དགོངས་འཇགས་འཚལ།
རིག་འབྱུང་ལགས་ཀྱིས་གསུངས་པར་ལྟར་འདི་དམག་འཁྲུག་ཡིན་པའི་དབང་དུ་བཏང་ན། དམག་དཔོན་དགེ་མཐོང་ལགས་ཅུང་གླེན་རྟགས་ཚ་བོ་ཡིན་པས་མ་ཚད། དམག་མིའི་གྲངས་ཀ་ཡང་དེ་ཙམ་མི་མང་། དམག་མི་ཡོད་པ་དེ་ཚོ་ཡང་དམག་དཔོན་ལགས་ལ་བློ་གཅིག་སེམས་གཅིག་རེད་མི་འདུག དེ་བས་དམག་དཔོན་ཁོང་སྔོན་དུ་མ་མཆོང་རང་མཆོང་ཆགས་པར་འདྲ། དེ་དང་བསྡུར་ན་དམག་དཔོན་ཁང་གསར་ལགས་ཅུང་སྤྱང་གྲུང་དོད་པོ་འདུག་པས་མ་ཚད་དམག་མི་དེ་ཚོ་ཡང་དམག་དཔོན་ལགས་ཀྱི་ཅི་གསུང་བཀའ་དང་། ཅི་སྒྲུབ་མཛད་པ་མཐོང་བཞིན་འདུག་པས། ཁོང་ངལ་གསོ་ནས་ལྷོད་པོར་སྡོད་ཆོག
ཉེན་ཁ་ནི་གཉིས་ཀར་ཡོད་པར་མཉམ་པ་ཡིན་ཏེ་དམག་དཔོན་དགེ་མཐོང་ལགས་དམག་ཤོར་ན་རང་གི་སྲོག་དམག་ཐོག་ཏུ་ཤོར་རྒྱུ་རེད་ལ། ཁང་གསར་ལགས་དམག་ཤོར་ན་རང་ཉིད་གསོན་པོ་ལོག་ཐུབ་རུང་དམག་མི་ཡོད་ཚད་རྩ་མེད་འགྲོ་རྒྱུ་རེད། དེ་བས་རྒྱལ་ཁབ་ཅིག་ལ་མཚོན་ན་དམག་མི་མེད་པའི་དམག་དཔོན་ཞིག་གིས་ཕན་ཐོགས་མེད་ལ་དགྲ་བོ་ལ་ལྟག་རྒྱབ་བསྟན་ནས་ལོག་ཕེབས་མཁན་ཞིག་ཡིན་ན་དམར་གསོད་གཏང་རྒྱུ་རེད། བཛ་སྭ་ཏོ། ཀུ་རེ་ཡིན། ཀུ་རེ་ཡིན།
ཨ་རིག་དགེ་མཐོང་ལགས།
དེ་ཙམ་གྱིས་འཇིགས་པོ་ཞིག་བཤད་དགོས་དོན་མི་འདུག དམངས་གཙོ་སྤྱི་ཚོགས་ནང་ལ་བསམ་ཚུལ་མི་མཐུན་པ་ཡོང་དགོས་པ་དང་། ཡོང་ཆོག་པ་ཞིག་ཡིན་དུས་ཡོང་སྟངས་དེ་འདྲ་ཞིག་ཡིན་རྒྱུ་རེད་སྙམ། གཞན་ཅང་མི་ཤེས་《བོད་ཀྱི་གནད་དོན》དང་།《བསམ་ཚུལ་འབུར་ འཛོམས་དང་། འུར་རྒྱག་པ།》 《༧རྒྱལ་བ་རིན་པོ་ཆེའི་སྲུང་མ་》སོགས་ཀྱི་ནང་དུ་༸གོང་ས་མཆོག་ལ་སྐྱོན་བརྗོད་བྱས་པ་ཞིག་ཚོར་མ་སོང་། དེ་དག་ནི་༸གོང་ས་མཆོག་ལ་སྤྱན་འབུལ་ཞུས་ནའང་མི་མཉེས་རྣམ་འགྱུར་ཙམ་ཡང་གནང་གི་མ་རེད་ལ། འུ་ཚང་གི་སྤྱི་ཚོགས་འདིའི་ནང་ལ་འདི་འདྲའི་ཤེས་ཡོན་ཅན་དང་། འགན་ཁུར་ཅན་མེད་དུ་མི་རུང་བ་རེད་སྙམ། རང་ཉིད་ཀྱི་བསམ་ཚུལ་དང་མ་མཐུན་པ་རྒྱུ་མཚན་དུ་བྱས་ནས་ནག་པོ་ནག་རྐྱང་བཟོ་རྒྱུའི་ལས་འཆར་སྤེལ་ན་དེའང་ཡང་དག་པ་ཞིག་ཨེ་ཡིན་ནམ། ཚང་མའི་བོད་མི་རིགས་ཀྱི་དོན་དུ་སྐད་ཆ་བཤད་ཀྱིན་ཡོད་པས་གཅིག་གིས་གཅིག་གི་བསམ་ཚུལ་ལ་གུས་བརྩི་ཞུ་རྒྱུ་ནི་གལ་ཆེན་རེད་སྙམ་མོ། །
དེ་རིང་སང་ཉིན་། དུས་བབ་སྒང་ལ་དམག་འཐབ་ཆུང་ཆུང་ཞིག་རྒྱག་གི་འདུག གཞན། ང་ལ་བསམ་ཚུལ་ཞུ་འདོད་ཀྱི་ཡི་ག་དེ་མི་འདུག
ངའི་མཐོང་ཚུལ་ལ། ཨ་རིག་དགེ་མཐོང་དམག་དཔོན་ཞིག་རེད། ཁང་གསར་རྡོ་རྗེ་ཡང་དམག་དཔོན་ཞིག་རེད།
གཡུལ་སའི་ངོས་སུ། ཁང་གསར་རྡོ་རྗེས་རང་གི་དམག་མི་རྣམས་སྔོན་ལ་བཏང་ནས་འཛིང་བཅུག་གི་འདུག ཁོང་ཅུང་ཙམ་ཐབས་ཇུས་མཁས་བ་ཡིན་པའི་ཁུལ་རེད། ཨ་རིག་དགེ་མཐོང་དམག་མི་རྣམས་ཀྱི་སྔོན་ལ་བུད་ནས་འཐབ་འཛིང་བྱེད་ཀྱི་འདུག
སྔ་མ་དེ་རྒྱབ་ལ་ཡིབ་མཁན་དེ་རེད་། ཕྱི་མ་དེ་སྔོན་ལ་འབུད་མཁན་དེ་རེད།
ཁྱད་པར་དེ་འདྲ་ཞིག་མཐོང་། གནས་སྐབས་རིང་བདེ་མོ་བྱོས།
མང་པོ་ཞིག་གིས་ནི་ཁ་བྱང་ལ་བལྟས་ཏེ་མཆན་བཏབ་བཞིན་པ་གསལ་བོ་རེད་འདུག
མདང་དགོང་༧གོང་ས་མཆོག་གིས་ལུང་འདི་དྲངས་གནང་སོང་།
དགེ་སློང་དག་གི་མཁས་རྣམས་ཀྱིས།
སྲེག་གཅད་རྡར་བའི་གསེར་བཞིན་དུ།
ལེགས་པ་ལྟ་ལ་ང་ཡི་བཀའ།
བླངས་བ་བྱ་བའི་གུས་ཞུ་མིན། ཞེས་སྟོན་པ་བཀའ་དྲིན་ཅན་གྱིས་གསུངས་ཡོད་ཀྱང།
བཀའ་ཁྲི་ཧམ་འགྲེལ་ཅན་གྱིས་མངའ་འོག་ཏུ།
དབུ་མའི་ལམ་ལ་སྲེག་རྡར་བྱེད་ས་མེད།
སྤྱི་འཐུས་རྨོངས་དད་ཅན་གྱི་གྲོས་ཚོགས་ནང་།
རང་བཙན་གཙང་མའི་སྐད་ཆ་བཤད་ས་མེད།
རྒྱ་ནག་དམག་ཤུགས་ཆེ་བའི་རྩ་ཁྲིམས་འོག
ཁ་བ་རི་པའི་ཁེ་དབང་གླེང་ས་མེད།
རི་སྤྱང་སྔོན་མོའི་ཚང་གི་སྒོ་རྩ་ན།
གཡང་དཀར་ལུག་གིས་རི་རྩྭ་ཟ་ས་མེད།
རྨོངས་དད་མུན་ནག་ཅན་གྱི་སྤྱི་ཚོགས་ནང་།
རྟོག་གེ་རིག་པ་སྨྲ་བ་ཡིད་རེ་སྐྱོ།
ལྷ་ཆོས་མཆོག་འཛིན་ཅན་གྱི་སྤྱི་ཚོགས་ནང་།
གངས་རིའི་ཕ་ཆོས་འཛིན་མཁན་སེམས་རེ་སྐྱོ།
་་་་་་་་་་་་་་ཞེས་ནོར་བཅོས་
གཏམ་དྲང་པོ་བཤད་མཁན་དགྲ་ལ་བརྩིས།
ལས་དྲང་པོ་བྱེད་མཁན་བདུད་དུ་བརྩིས།
སེམས་ལྷག་བསམ་ཡོད་མཁན་ཆང་བཟི་བརྩིས།
བོད་རང་བཙན་འདོད་མཁན་དམ་ཉམ་བརྩིས།
གཏམ་ཁ་ཐུག་བཤད་པའི་མདའ་མོ་དེའི།
ཕོ་གཡོ་རྒྱུ་ཅན་ཚོའི་སྙིང་ལ་ཕོག
བསམ་བཞིན་དུ་འཕེན་པར་མ་རེད་སྟེ།
ཕོག་འགྲོ་ལེ་དྲང་མདའི་ལས་དབང་རེད།
རྨོངས་དད་མུན་ནག་ཅན་གྱི་སྤྱི་ཚོགས་ནང་།
རྟོག་གེ་རིག་པ་སྨྲ་བ་ཡིད་རེ་སྐྱོ།
ལྷ་ཆོས་མཆོག་འཛིན་ཅན་གྱི་སྤྱི་ཚོགས་ནང་།
གངས་རི་ཕ་ཆོས་འཛིན་མཁན་སེམས་རེ་སྐྱོ།