འཇར་མན་ནང་གནས་བཞུགས་གནམ་མཁའ་བསྟན་འཛིན་ལགས་ཀྱིས་རྟ་བོ་བློ་བཟང་དཔལ་ལྡན་ལགས་སུ་ཁོང་གི་ལོ་རྒྱུས་དང་འབྲེལ་ཏེ་འཇར་མན་གྱི་བོད་པ་ཚོའི་གནས་སྟངས་དང་། ཁོང་འབྱུང་འགྱུར་ཕྱི་ལོ་ ༢༠༡༡ ལོའི་བཀའ་བློན་ཁྲི་པར་བཞེངས་འདོད་ཡོད་མེད་བཅས་ཀྱི་སྐོར་ལ་བཅར་འདྲི་ཞུས་ཡོད།
དྲི་བ། ཐོག་མར་སྐུ་ཉིད་ཀྱིས་སོ་སོ་ངོ་སྤྲོད་མདོར་ཙམ་གནང་རོགས་།
ལན། ང་རང་སྐྱེས་ས་བོད་ནང་ཡིན་ཞིང་། བོད་རྒྱ་ལག་ཏུ་ཤོར་དུས་ང་ཕལ་ཆེར་ལོ་བདུན་བརྒྱད་ཙམ་རེད། དེ་ནས་རྒྱ་གར་དུ་འབྱོར་རྗེས་ St Augustin ཟེར་བའི་དབྱིན་ཇིའི་སློབ་གྲྭ་ཞིག་དུ་ལོ་གཉིས་ཙམ་རིང་སློབ་སྦྱོང་བྱས་པ་ཡིན། དེའི་རྗེས་བོད་གཞུང་གིས་སིམ་ལ་སློབ་གྲྭར་བཏང་སོང་། ཕྱི་ལོ་ ༡༩༦༣ ལོར་ཕྱི་རྒྱལ་གྱི་རོགས་ཚོགས་ཤིག་གིས་ང་ཚོའི་སློབ་གྲྭ་ནས་བུ་དྲུག་དང་། མ་སུ་རི་སློབ་གྲྭ་ནས་བུ་མོ་དྲུག་དང་དེ་དག་གི་ཕ་ཚབ་མ་ཚབ། དེ་བཞིན་ཆོས་དགེ་གཅིག་བཅས་འཇར་མན་ལ་འཐེན་པ་རེད། ང་ཚོ་ཕྱི་རྒྱལ་དུ་བཏང་བ་དེ་ཐོག་མར་བོད་གཞུང་གིས་ཕར་འབྲེལ་བ་བྱས་ཏེ་ལམ་ཁ་བཙལ་བ་དེ་འདྲ་མ་རེད། སྐབས་དེར་བོད་རྒྱ་ལག་ཏུ་ཤོར་བ་ཡིན་སྟབས། དབྱིན་ཇི་དང་ཧྥ་རན་སི་སོགས་རྒྱལ་ཁབ་མང་པོ་ཞིག་གིས་ཆེད་དུ་བོད་པར་རོགས་སྐྱོར་བྱེད་དུ་བཏང་འདུག སྐབས་དེར་ང་རང་ལོ་ ༡༢ དང་ད་ལྟའི་ངའི་བཟའ་ཟླ་འདི་ལོ་ ༡༡ ཙམ་ཡིན་སྟབས་གསལ་བོ་ཞིག་ཤེས་ཀྱིན་མི་འདུག་མོད། སྐབས་དེར་དགེ་རྒན་དག་གིས། ཁྱོད་ཚོ་བོད་པ་ཞིག་ཡིན་པའི་ཆ་ནས་ཕྱི་རྒྱལ་དུ་ཕྱིན་ཡང་། སོ་སོའི་སྐད་ཡིག་རིག་གཞུང་མ་བརྗེད་པའི་ཐོག་ནས་སློབ་སྦྱོང་བྱ་དགོས་གསུངས་པ་ད་ལྟ་གསལ་བོར་དྲན་སོས་ཀྱིན་འདུག
དྲི་བ། ༧གོང་ས་མཆོག་ཐོར་མར་ ༡༩༧༣ ལོར་འཇར་མན་ནང་ཆིབས་སྒྱུར་བསྐྱངས་པ་རེད། སྐབས་དེར་འཇར་མན་གཞུང་ཕྱོགས་ནས་མགྲོན་འབོད་བྱས་པ་རེད་དམ། ཡང་ན་ཚོགས་པ་སྒྲིག་འཛུགས་དང་མི་སྒེར་བ་ཞིག་གིས་གདན་ཞུ་གནང་བ་རེད།
ལན། ༧གོང་ས་མཆོག་འཇར་མིན་ནང་ཐེངས་དང་པོ་ཕེབས་སྐབས་ང་རང་སློབ་ཕྲུག་ཡིན་སྟབས། གདན་ཞུ་གནང་མཁན་དང་གོ་སྒྲིག་བྱེད་མཁན་སུ་ཡིན་ཤེས་མ་སོང་། ཡིན་ནའང་གཙོ་འགན་བཞེས་མཁན་དེ་བྲག་གཡབ་སྐྱབས་མགོན་དང་རྒྱ་ནག་བླ་མ་སོགས་ཡིན་པ་འདྲ། ད་ལྟ་ཕྱིར་དྲན་བྱས་ན། སྐབས་དེར་གནས་སྟངས་ཧ་ཅང་སྐྱོ་བོ་ཞིག་གི་འོག་ནས་༧གོང་ས་མཆོག་ཞབས་སོར་བཀོད་པ་རེད། དཔེར་ན། སྐུའི་སྲུང་སྐྱོབ་དང་ཆིབས་འཁོར་སོགས་བོད་པ་རང་གིས་གྲ་སྒྲིག་བྱས་པ་རེད། དེ་ལ་གཞུང་གི་མཐུན་རྐྱེན་སྦྱོར་མཁན་སུ་གང་ཡོད་པ་མ་རེད། ད་ཆར་༧གོང་ས་མཆོག་གི་མཚན་སྙན་ཉིན་རེ་བཞིན་རྒྱས་ཀྱིན་ཡོད་སྟབས། རང་བཞིན་གྱིས་རྒྱལ་ཁབ་མང་པོ་ཞིག་གིས་༧གོང་ས་མཆོག་གི་ལྟ་སྟངས་ལ་འགྱུར་བ་འགྲོ་བཞིན་ཡོད། ལྷག་པར་དུ་ནོ་བྷེལ་ཞི་བདེ་གཟེངས་རྟགས་དང་ཨ་རིའི་གྲོས་ཚོགས་ཀྱི་གཟེངས་རྟགས་གཉིས་འབུལ་བཞེས་གནང་བ་ནས་བཟུང་། འཛམ་གླིང་རྒྱལ་ཁབ་ཁག་གི་གཞུང་དང་མང་ཚོགས་གཉིས་ངོས་ནས་ཧ་ཅང་ཚད་མཐོའི་གདེང་འཇོག་བྱེད་ཀྱིན་ཡོད། ༧གོང་ས་མཆོག་གང་དུ་ཕེབས་ཀྱང་རྒྱ་ནག་གུང་ཁྲན་གྱི་ངོ་རྒོལ་ཡོད་ཡོད་པ་རེད་ཀྱང་། འཇར་མན་མི་དམངས་ཁྲོད་༧གོང་ས་མཆོག་ལ་དད་གུས་བྱེད་མཁན་ཧ་ཅང་མང་པོ་ཡོད་སྟབས། གཞུང་གི་ངོས་ནས་ཀྱང་གང་ཐུབ་ཅི་ཐུབ་ཀྱིས་མཐུན་འགྱུར་རོགས་ཕན་གནང་གི་ཡོད།
དྲི་བ། སྐུ་ཉིད་ཀྱི་ངོ་སྤྲོད་ལོ་རྒྱུས་ཞིག་ཏུ་འཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པ་ཐོག་མར་འཛུགས་མཁན་གྱི་གྲས་ཡིན་སྐོར་བཀོད་འདུག ཚོགས་པ་འདི་དང་པོ་དགོས་པ་རྒྱུ་མཚན་གང་འདྲ་ཞིག་གི་འོག་ནས་བཙུགས་པ་རེད་དམ།
ལན། ཕྱི་ལོ་ ༡༩༧༩ ལོར་བོད་རིགས་ཚོགས་པ་འཛུགས་སྐབས་བོད་རིགས་ཉུང་ཤས་ཞིག་ལས་ཡོད་པ་མ་རེད། དཔེར་ན། གསུམ་བཅུའི་དུས་དྲན་ལྟ་བུ་ལ་ཡང་མི་ཁ་ཤས་ལས་ཡོང་མཁན་མེད། ཉམས་མྱོང་དེའི་ཐོག་ནས་འཇར་མན་མི་མང་ལ་འབྲེལ་བ་འཛུགས་དགོས་པའི་བསམ་ཚུལ་བྱུང་སོང་། དང་པོ་ང་ཚོས་བོད་ཀྱི་རིག་གཞུང་ཚོགས་པ་ཞིག་བཙུགས་པ་ཡིན། ང་ཚོའི་རེ་བར་བོད་པའི་ཆབ་སྲིད་ཐོག་ལ་རྒྱབ་སྐྱོར་རག་ན་བསམ་ཡོད་ཀྱང་། ནང་ཆོས་བརྒྱུད་དེ་བོད་ཀྱི་རིག་གཞུང་ལ་དོ་སྣང་བྱེད་པ་མ་གཏོགས། ཆབ་སྲིད་ཀྱི་སྒང་ལ་ང་ཚོའི་རེ་བ་བཞིན་རྒྱབ་སྐྱོར་རག་མ་སོང་། ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་དང་བསྟུན་ཏེ་དཔར་རིས་ཀྱི་འགྲེམས་སྟོན་ཞིག་བྱས་པ་ཡིན། སྐབས་དེར་ང་བོད་རིགས་ཚོགས་པའི་ཚོགས་གཙོ་ཡིན། པར་རིས་འགྲེམས་སྟོན་དེའི་ཐོག་མི་ ༨༠༠ ཡས་མས་ཤིག་འཛོམས་སོང་། ཁོང་ཚོས་བོད་པར་རོགས་རམ་བྱེད་འདོད་ཡོད་པའི་བསམ་པ་བསྟན་སོང་། འོན་ཀྱང་ང་ཚོར་ལམ་སེང་འཆར་གཞི་འདི་ཡིན་དང་། གྲ་སྒྲིག་དེ་ཡོད་ཟེར་བ་ཞིག་སྟོན་རྒྱུ་མེད་སྟབས། མི་དེ་དག་གི་ཁ་བྱང་ཐོ་འགོད་རེ་བྱས་ཏེ། རྗེས་ཕྱོགས་ཕར་འབྲེལ་བ་བྱ་རྒྱུ་བྱས་པ་ཡིན། ཟླ་གཅིག་ཙམ་གྱི་རྗེས་ང་ཚོས་ཚོགས་ཁང་ཆེན་པོ་ཞིག་གླས་ཏེ། ཁོང་ཚོ་བསྐྱར་དུ་སྐད་བཏང་སྟེ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་འཛུགས་རྒྱུའི་ཐག་གཅོད་བྱུང་བ་རེད། སྐབས་དེར་ཚོགས་མི་ ༢༠ ཙམ་མ་གཏོགས་མེད། དེང་སང་ཡར་རྒྱས་སུ་ཕྱིན་ཏེ་ཚོགས་མི་ ༢༠༠༠ ལྷག་ཡོད་ལ། འཇར་མན་གྱི་གྲོང་ཁྱེར་ཆེ་ཁག་ཚང་མར་ས་གནས་ཚོགས་ཆུང་བཙུགས་ཡོད། དཔལ་འབྱོར་དང་ནུས་ཤུགས་གང་ཐད་ནས་རང་སྐྱ་འཕེར་བ་ཆགས་ཡོད།
དྲི་བ། ༧གོང་ས་མཆོག་འཇར་མན་སྲིད་བློན་དང་མཇལ་འཕྲད་གནང་སྐབས། གཞུང་འཛིན་ཚོགས་པ་ཡེ་ཤུ་དམངས་གཙོའི་མཐུན་ཚོགས་ CDU རེད། ཡིན་ནའང་སྲིད་དོན་ཚོགས་པ་རང་གི་ངོས་ནས་བོད་དོན་ལ་རྒྱབ་སྐྱོར་གྱི་ལངས་ཕྱོགས་གསལ་བོར་སྟོན་མཁན་སྔོ་ལྗང་ཚོགས་པ་ green party གཅིག་པུ་རེད། ཁྱོད་ཀྱིས་འཇར་མན་གྱི་སྲིད་དོན་ཚོགས་པ་ཁག་གི་བར་དུ་བོད་དོན་རྒྱབ་སྐྱོར་བྱེད་ཕྱོགས་ལ་ཁྱད་པར་འདྲ་མཐོང་གིན་འདུག་གམ།
ལན། སྤྱིར་སྲིད་དོན་ཚོགས་པ་ཆེ་ཆུང་ལ་མ་ལྟོས་བར་སུ་ཞིག་ཡིན་ནའང་རྒྱབ་སྐྱོར་གཅིག་མཚུངས་གནང་གིན་ཡོད་པ་རེད། བོད་པའི་བདེན་དོན་འདི་རང་རྒྱལ་གཞན་ཕམ་གྱི་གནད་དོན་ཞིག་མིན་སྟབས། ༧རྒྱལ་བ་རིན་པོ་ཆེ་ཡིས་ལམ་སྟོན་གནང་བའི་ཡང་དག་པའི་གཉིས་ཕན་གྱི་ལམ་འདི་ལ་འཛམ་གླིང་གི་མི་སུ་འདྲ་ཞིག་ཡིན་ནའང་བློ་གཟུ་བོར་གནས་ཡོད་ན། རྒྱབ་སྐྱོར་མི་བྱ་ཐུ་མེད་ལྟ་བུ་ཞིག་རེད་བསམ་གྱི་འདུག དེར་བརྟེན། སྔོ་ལྗང་ཚོགས་པ་ཡིན་ནའང་འདྲ་ལ། སྤྱི་ཚོགས་རིང་ལུགས་ཚོགས་པ་ SPD ཡིན་ནའང་འདྲ། ཡེ་ཤུའི་དམངས་གཙོའི་མཐུན་ཚོགས་ཡིན་ནའང་འདྲ། ཚོགས་པ་ཚང་མའི་ནང་དུ་བོད་དོན་རྒྱབ་སྐྱོར་བྱེད་མཁན་ཡོད་པ་རེད། ཤུགས་ཆེ་ཆུང་ཕྲན་བུ་ཡོང་སྲིད་པ་རེད། དཔེར་ན། སྤྱི་ཚོགས་རིང་ལུགས་ཀྱི་ཚོགས་པ་ལྟ་བུར་མཚོན་ན། ལྟ་གྲུབ་ཀྱི་དབང་གིས་བོད་དོན་ལ་དེ་ཙམ་རྒྱབ་སྐྱོར་མེད་པའི་རྣམ་པ་ཡོད། སྔོ་ལྗང་ཚོགས་པས་བར་སྐབས་ཤིག་ནས་བོད་དོན་ལ་རྒྱབ་སྐྱོར་ཧ་ཅང་ཤུགས་ཆེན་པོ་བྱས་པ་རེད་དེ། ཕྱོགས་འགལ་ཚོགས་པ་ཡིན་པའི་དུས་སྐབས་སུ་ལས་ཀ་ག་རེ་ཡིན་ནའང་སྒྲུབ་སླ་བོ་ཡོད་ཀྱང་། གཞུང་འཛིན་ཚོགས་པ་ཆགས་སྐབས་འགན་ཞིག་འཁྱེར་ནས་ལས་ཀ་བྱ་དགོས་པ་དང་། རྒྱལ་སྤྱིའི་སྡིངས་ཆར་ལངས་དགོས་ཀྱིན་ཡོད་སྟབས། ཅུང་ཙམ་བསྟུན་མཁས་མི་བྱ་ཐབས་མེད་རེད་བསམ་གྱི་འདུག
དྲི་བ། ཨ་རི་ལྟ་བུར་མཚོན་ན་ལོ་རེའི་རྒྱལ་ཁབ་ཀྱི་སྔོན་རྩིས་གཏན་འབེབས་སྐབས། འཆར་ཅན་གྱིས་བོད་བཙན་བྱོལ་གཞུང་ལ་རོགས་དངུལ་ཟུར་འཇོག་བྱེད་ཀྱིན་ཡོད། འཇར་མན་གཞུང་ལ་དེ་འདྲའི་ལམ་སྲོལ་ཡོད་དམ་མེད་དང་། ལོ་ཉི་ཤུ་སུམ་ཅུའི་ནང་བོད་དོན་སེལ་མ་ཐུབ་པ་དང་། ༧གོང་ས་མཆོག་སྐུ་བཞུགས་མིན་གྱི་གནས་ཚུལ་བྱུང་སླབས་ཕྱི་རྒྱལ་རོགས་ཚོགས་ལ་འགྱུར་བ་འགྲོ་རྒྱུའི་ཉེན་ཁ་འདྲ་མཐོང་གིན་འདུག་གམ།
ལན། ང་རང་གིས་ཤེས་ཚོད་ལྟར་ན། འཇར་མན་གཞུང་རང་ལ་ཕལ་ཆེར་དེ་འདྲའི་ལམ་སྲོལ་ཡོད་པ་མ་རེད་སྙམ། ཡིན་ནའང་གཞུང་དང་འབྲེལ་བ་ཡོད་པའི་ཚོགས་པ་ཆེ་ཁག་ཁ་ཤས་ཀྱིས་རོགས་སྐྱོར་ཕོན་ཆེན་གནང་གི་ཡོད། དཔེར་ན། འཛམ་གླིང་གང་སར་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ཚང་མ་མཉམ་དུ་ལོ་རེ་བཞིན་སྐོང་ཚོགས་གནང་གིན་ཡོད་པ་དེར་འགྲོ་སོང་ཧ་ཅང་ཆེན་པོ་རེད། དེ་ཆ་ཚང་འཇར་མན་གྱི་ཚོགས་པ་ཞིག་གིས་གཏོང་གིན་ཡོད་པ་རེད། འོན་ཀྱང་རོགས་ཚོགས་དེ་དག་ལ་ཡིད་རྟོན་ཡོད་མེད་ཐད། ངས་གོང་དུ་བཤད་པ་བཞིན། རྒྱ་ནག་འདི་ཉི་མ་རེ་རེ་བཞིན་སྟོབས་ཤུགས་ཇེ་ཆེ་དང་། རྒྱལ་ཁབ་ཁག་ལ་གལ་འགངས་ཆེ་རུ་འགྲོ་བཞིན་ཡོད་ལ། རྒྱ་ནག་གཞུང་གིས་ཀྱང་སྤོབས་པ་དེའི་ཐོག་ནས་རྒྱལ་ཁབ་ཁག་ལ་མངོན་སུམ་འཛེམས་མེད་ཀྱིས་གནོན་ཤུགས་སྤྲོད་བཞིན་ཡོད་སྟབས། འབྱུང་འགྱུར་བཙན་བྱོལ་བོད་གཞུང་གི་རོགས་དངུལ་ཐད་ཤུགས་རྐྱེན་ཏན་ཏན་ཡོང་གི་རེད་སྙམ། ང་རང་ཉིད་ལ་མཚོན་ན། འབྱུང་འགྱུར་ལོ་ཉི་ཤུ་སུམ་ཅུའི་ནང་བོད་དོན་ལ་འགྱུར་བ་ཞིག་ཐེབས་པར་ཡིད་ཆེས་བྱེད་ཀྱིན་ཡོད། གལ་སྲིད་དུས་ཡུན་དེའི་ནང་འགྱུར་བ་མ་ཕྱིན་པ་ཡིན་ན། དེའི་རྗེས་ལ་ཧ་ཅང་ཁག་པོ་ཆགས་ཡོད། གང་ཡིན་ཟེར་ན་ ༡༩༩༦ ལོ་ནས་ང་རང་བོད་ནང་ལོ་ལྟར་འགྲོ་བཞིན་ཡོད། བོད་ནང་གི་གནས་སྟངས་གང་འཚམ་མཐོང་ཐོས་བྱུང་ཡོད། དཔེར་ན། ལོ་རེ་རེ་བཞིན་རྒྱ་རིགས་འབོར་ཆེན་བོད་ནང་དུ་གནས་སྤོར་བྱེད་བཞིན་ཡོད་སྟབས། བོད་པའི་ངོ་རྟགས་ལོ་རེ་བཞིན་ཆུང་དུ་འགྲོ་བཞིན་འདུག ད་དུང་རེ་བ་ཕྲན་ཙམ་ཡོད་པ་ནི། འཛམ་གླིང་གི་རྒྱལ་ཁབ་གཞན་གྱི་ལོ་རྒྱུས་དང་འཕེལ་རིམ་ལ་བལྟས་ན། དུས་ཚོད་ཞིག་གི་སྔ་ཕྱི་རེད་མ་གཏོགས་རྒྱ་ནག་དམངས་གཙོ་ཅན་དུ་འགྱུར་རྒྱུ་ཡིན་པ་གཏན་འཁེལ་བ་རེད། རྒྱ་ནག་དམངས་གཙོར་འགྱུར་བ་ཡིན་ན་བོད་རྒྱའི་དཀའ་རྙོག་འདི་སེལ་རྒྱུར་ཉེ་བ་ཆགས་པ་རེད། ཡིན་ནའང་དུས་ཚོད་འདི་ནམ་ཞིག་ལ་ཤར་བ་སུས་ཀྱང་ཚོད་དཔག་དཀའ་བ་ཞིག་རེད། དུས་ཚོད་དེ་འདྲ་ཞིག་མ་སླེབས་བར་བོད་པའི་ངོ་བོ་སྲུང་ཐུབ་དང་མི་ཐུབ་དེ་བོད་པ་སོ་སོར་རག་ལས་ཡོད། བོད་པའི་ངོ་བོ་བརླག་ཚར་བ་ཡིན་ན། རྒྱ་ནག་དམངས་གཙོར་འགྱུར་ཀྱང་ང་ཚོར་ཅི་ཡང་ལྷག་ཡོད་པ་མ་རེད།
དྲི་བ། གལ་སྲིད་རྒྱ་ནག་དམངས་གཙོར་གྱུར་ཅིང་བོད་རྒྱའི་གནད་དོན་སེལ་རྒྱུར་ཉེ་བའི་དུས་ཞིག་བྱུང་ན། རྒྱལ་སྤྱིའི་སྟེང་ནས་བོད་རང་བཙན་དང་རང་སྲིད་རང་སྐྱོང་གཉིས་ལས་གང་ལ་རྒྱབ་སྐྱོར་ཐོབ་སྲིད་དམ།
ལན། དྲི་བ་འདི་གལ་ཆེན་པོ་ཞིག་རེད། འདས་བའི་ལོ་ངོ་བཅུ་ཕྲག་ཁ་ཤས་ནས་རྒྱ་ནག་གི་དཔལ་འབྱོར་དང་དམག་དོན་སོགས་ཡར་རྒྱས་སུ་ཕྱིན་པ་དང་བསྟུན་ཏེ། ཁོ་ཚོས་མི་རིགས་རིང་ལུགས་ཀྱི་ལྟ་བ་དེ་དར་སྤེལ་གཏོང་བཞིན་ཡོད་སྟབས། མི་རིགས་རིང་ལུགས་དང་རྒྱ་རྒྱུད་རིང་ལུགས་ཀྱི་ལྟ་བ་དེ་རྒྱུད་ལ་འཇགས་པ་ཡིན་ན། རྒྱ་ནག་དམངས་གཙོར་འགྱུར་ཀྱང་དུས་ཡུན་གང་འཚམ་ཞིག་ལ་ལྟ་བ་དེ་ཡལ་མདོག་ཁ་བོ་མ་རེད། འདུ་ཤེས་དེའི་འོག་ནས་བོད་པར་རང་བཙན་སྤྲོད་པའི་བློས་གཏོང་ཞིག་ནམ་ཡང་ཡོང་གི་མ་རེད། འོན་ཀྱང་། དམངས་གཙོར་འགྱུར་ན་དབུ་མའི་ལམ་ཡིན་ན་འདྲ་ལ། ཚད་མཐོའི་རང་སྐྱོང་ཡིན་ནའང་འདྲ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཡིན་ནའང་འདྲ། གང་ལྟར་ཕན་ཚུན་སྦྱང་བཤད་དང་གོ་བསྡུར་བྱས་ན། དཀའ་རྙོག་སེལ་ཐུབ་པ་རེད་བསམ་གྱི་འདུག གནད་དོན་གཅིག་དེ་རང་བཙན་གཙང་མའི་མངོན་འདོད་མ་འགྲུབ་པ་ཡིན་ན། ང་ཚོར་གྱོང་ཆེན་པོ་ཞིག་རག་གིན་འདུག་གམ་ཞེས་བའི་དྲི་བ་འདི་རེད། སྤྱིར་བོད་པ་མི་རེ་ངོ་རེའི་སེམས་པའི་ནང་རང་བཙན་མི་འདོད་མཁན་གཅིག་ཀྱང་ཡོད་རྒྱུ་མ་རེད། གལ་སྲིད་རང་བཙན་གཙང་མ་མ་ཐོབ་པ་ཡིན་ན། ང་ཚོའི་སྐད་དང་ཡི་གེ་ཆོས་དང་རིག་གཞུང་རྒྱུན་འཛིན་དང་། མི་རིགས་འཚོ་གནས་མི་ཐུབ་པའི་གནད་འགག་ཆགས་འདུག་གམ། དེར་བསམ་བློ་ཞིབ་ཚགས་གཏོང་དགོས། དཔེར་ན། ང་རང་ཚོ་གནས་སྡོད་བྱེད་སའི་འཇར་མན་ལུང་པ་འདི་ལྟ་བུར་མཚོན་ན་ཡང་། སྔོན་ཆད་ང་ཚོའི་མི་རིགས་དང་ང་ཚོའི་སྐད་ཡིག་ཅེས་ཧ་ཅང་མཁྲེགས་འཛིན་བྱེད་སའི་ཡུལ་ལུང་ཞིག་རེད། དུས་རབས་ཉེར་གཅིག་པའི་ནང་དུ་སྔོན་ཆད་འཁོན་འཛིན་བྱས་ཏེ། མི་ས་ཡ་མང་པོའི་སྲོག་ཤོར་རེས་བྱེད་སའི་ཧྥ་རན་སི་དང་ཨི་ཊ་ལེ། དབྱིན་ཇི་སོགས་དེང་སང་རིག་གཞུང་གཅིག་དང་། ལམ་ལུགས་སྲོལ་གཅིག རྒྱལ་ཁབ་གཅིག་ལྟ་བུའི་སློབ་གསོ་གཏོང་གིན་འདུག དེའི་རྒྱུ་མཚན་འཛམ་གླིང་འདི་གཅིག་ལ་གཅིག་བརྟེན་ལྟ་བུ་ཆགས་ཏེ། སྔོན་མའི་ལུགས་སྲོལ་དེས་ཁུངས་འཁྱོལ་གྱིན་མེད་པ་ཧ་གོ་བ་རེད། དེ་བཞིན། ཡུ་རོབ་མནའ་འབྲེལ་ཀྱང་དེ་ལྟར་བཙུགས་པ་ཞིག་རེད། དེང་སྐབས་ཨེ་ཤ་ཡའི་ནང་དུའང་དེ་ལྟར་བཟོ་རྒྱུར་གླེང་སློང་བྱེད་ཀྱིན་ཡོད་པ་རེད།
དྲི་བ། སྐུ་ཉིད་ཡུ་རོབ་གླིང་ལ་སླེབས་ཏེ་ལོ་ ༥༠ ལྷག་འགྲོ་བཞིན་ཡོད་ཀྱང་། ཁྱིམ་ཚང་གི་ལུགས་སྲོལ་དང་བཅའ་དངོས་སོགས་གང་ལ་བལྟས་ཀྱང་བོད་ནང་གི་ཁྱིམ་ཚང་ཞིག་ལ་སླེབས་པ་ལྟ་བུའི་ཚོར་བ་སྟེར་གྱིན་འདུག འོན་ཀྱང་། ཉེ་བའི་ལོ་བདུན་བརྒྱད་ནང་འདིར་འབྱོར་ཞིང་། ཕ་མ་གཉིས་ཀ་བོད་པ་ཡིན་པའི་བྱིས་པར་བོད་ཡིག་བོད་སྐད་བསླབ་རྒྱུ་ཕར་ཞོག ཐ་ན་མིང་ཡང་དབྱིན་སྐད་ཀྱིས་བཏགས་ཡོད་པ་རེ་ཟུང་མཐོང་སོང་། དེ་དག་ཐད་སྐུ་ཉིད་ལ་གཟིགས་ཚུལ་གང་འདྲ་ཡོད་དམ།
ལན། ངས་ད་ལྟའི་བར་དེ་འདྲ་ཞིག་མཐོང་མ་བྱུང་མོད། གལ་སྲིད་དེ་འདྲ་ཡོད་ན། དེ་ངས་ཅབ་ཆུང་ཞེ་དྲག་ཅིག་ལ་མཐོང་གིན་ཡོད། སོ་སོའི་རིག་གཞུང་དང་ཆབ་སྲིད་ལོ་རྒྱུས་སོགས་ལ་གོ་རྟོགས་ཅི་ཡང་མེད་པའི་རྟགས་རེད། ཁྱོད་རང་བོད་པ་ཞིག་ལ་སྐྱེས་ཚར་བའི་རྗེས་ལ་བོད་པ་བྱ་འདོད་ཡོད་ན་འདྲ། མེད་ན་འདྲ། རང་ཉིད་མ་ཤི་བར་དུ་བོད་པ་ཅེས་བའི་ཐ་སྙད་དེ་ལ་འགྱུར་བ་ཐེབས་རྒྱུ་ཡོད་པ་མ་རེད། ང་རང་ལོ་བཅུ་གཉིས་སྟེང་ནས་འདིར་སླེབས་ཀྱང་། སོ་སོའི་སྐད་དང་ཡི་གེ་རང་སྐྱ་འཕེར་བ་ཞིག་ཤེས་པ་འདི་ལ་ང་རང་གིས་སྤོབས་པ་བྱེད་ཀྱིན་ཡོད། སྤྱིར་ནུབ་ཕྱོགས་རྒྱལ་ཁབ་ཅིག་ལ་སླེབས་ཚར་བའི་རྗེས་ལ་བུ་ཕྲུག་ལ་བོད་སྐད་བོད་ཡིག་བསླབས་ཏེ་ཚད་ངེས་ཅན་ཞིག་བཟོ་རྒྱུ་ཟེར་ན་ཁག་པོ་རེད། ཡིན་ནའང་ཕ་མས་འབད་བརྩོན་ངེས་པར་དུ་བྱ་དགོས་པ་ཞིག་རེད། ངའི་བུ་མོ་ཆུང་བས་བོད་སྐད་དེ་ཙམ་ཡག་པོ་ཤེས་ཀྱི་མི་འདུག་སྟབས། ངས་ཆེད་དུ་བོད་ནང་ཁྲིད་པ་ཡིན། སོ་སོའི་ལུང་པ་དང་སོ་སོའི་ཕ་ཡུལ་དངོས་སུ་མིག་གིས་མཐོང་བ་དེས་སོ་སོའི་རིག་གཞུང་དང་ཁ་ཐག་ཉེ་རུ་འགྲོ་རྒྱུར་བག་ཆགས་གཏིང་ཟབ་མོ་ཞིག་འཇོག་ཐུབ་ཀྱིན་ཡོད། དེ་མ་གཏོགས་སྒྲུང་ནང་བཞིན་ཕ་མའི་ངག་ལས་ཐོས་པ་དང་དེབ་ཀློག་པ་ཙམ་གྱིས་དེ་ཙམ་ཕན་ཐོགས་ཡོང་གི་མ་རེད།
དྲི་བ། བོད་དོན་ལ་ལས་ཀ་བྱ་རྒྱུ་ཡིན་ཟེར་མཁན་དང་བོད་པར་རོགས་སྐྱོར་བྱ་རྒྱུ་ཡིན་ཟེར་མཁན་མང་ཆེ་ཤོས་བཙན་བྱོལ་སྤྱི་ཚོགས་ཀྱི་གཡས་གཡོན་ཞིག་ལ་འཁོར་ནས་བསྡད་ཡོད་པ་རེད། སྐུ་ཉིད་ཆེད་དུ་བོད་ནང་བསྐྱོད་དེ་སློབ་གྲྭ་རྒྱག་རྒྱུའི་དགོངས་ཚུལ་ཇི་ལྟར་བྱུང་ངམ།
ལན། སྐབས་ཞིག་ལ་འཇར་མན་གྱི་བརྙན་འཕྲིན་དང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བོད་པའི་བྱིས་པ་ཚོ་ཧི་མ་ལ་ཡའི་རི་བོ་བརྒྱུད་དེ། རྒྱ་གར་ལ་ཤེས་ཡོན་སློབ་སྦྱོང་གི་ཆེད་དུ་འགྲོ་བཞིན་པ་དང་། ཁ་ཤས་ལམ་བར་ནས་རྐང་ལག་འཁྱགས་ཞུད་ཐེབས་པ་དང་། ཁ་ཤས་འདས་གྲོངས་སུ་སོང་བའི་གནས་ཚུལ་ཡང་གོ་རྒྱུ་འདུག དེ་འདྲ་གོ་སྐབས་གལ་སྲིད་བོད་ནང་རང་ལ་ཤེས་ཡོན་སློབ་སྦྱོང་བྱེད་སའི་ཆ་རྐྱེན་ཞིག་བསྐྲུན་ཐུབ་པ་ཡིན་ན། བྱིས་བ་དེ་དག་གིས་སྲོག་འབེན་ལ་བཙུགས་ནས་དཀའ་སྡུག་དེ་འདྲ་མྱོང་དགོས་རྒྱུ་མ་རེད་བསམ་སོང་ལ། ལྷག་པར་དུ་འདི་ལྟར་བོད་པ་ཚང་མས་ཕ་ཡུལ་བཞག་སྟེ་ཡུལ་ལུང་གཞན་དུ་ཕྱིན་པ་ཡིན་ན། ང་ཚོས་བཤད་བསྡད་པའི་མི་རིགས་འདིའི་མ་འོངས་པ་དང་མདུན་ལམ་ཟེར་བ་དེ་ཚད་གང་ལ་སླེབས་སོང་། དེ་གཅིག་རེད། གཉིས་པ། ང་ལ་ཕ་ཡུལ་བྲག་མགོ་ནས་ཡིན་པའི་སུད་སིར་སྡོད་མཁན་གྲོགས་པོ་ཞིག་ཡོད། ཁོས་རྟག་པར་བོད་ནང་དུ་སློབ་སྦྱོང་བྱེད་སའི་མཐུན་རྐྱེན་ཧ་ཅང་ཞན་པོ་འདུག ཐེངས་གཅིག་ང་ཚོ་ངེས་པར་དུ་མཉམ་དུ་འགྲོ་དགོས་ཀྱི་འདུག་ཟེར། རྗེས་སུ་ང་ཚོ་བོད་ཀྱི་ས་ཁུལ་མང་པོར་ལྟ་རུ་ཕྱིན་ལ་ཡིན་ལ། ས་ཁུལ་ཁ་ཤས་སུ་ལོ་ཆུང་ཚོར་སློབ་སྦྱོང་བྱེད་སའི་མཐུན་རྐྱེན་དངོས་གནས་སྐྱོ་བོ་འདུག དེ་ནས་སློབ་གྲྭ་འཛུགས་ཐུབ་ན་སྙམ་པའི་བསམ་བློ་འཁོར་བྱུང་། དེ་ནས་དང་པོ་ཁམས་ཁུལ་དུ་སློབ་གྲྭ་ཞིག་བརྒྱབས་པ་ཡིན། ༢༠༠༠ ལོ་ཡས་མས་ནས་ཨ་མདོའི་ཁུལ་དུ་ཡང་སློབ་གྲྭ་ཞིག་བརྒྱབས་ཡོད། ད་ལྟའི་བར་ལས་དོན་ཧ་ཅང་ཡག་པོ་སྒྲུབ་ཀྱིན་འདུག་ལ། ཨ་མདོའི་ཁུལ་དུ་ས་གནས་ལས་བྱེད་ཚོས་ཀྱང་མཐུན་འགྱུར་ཧ་ཅང་ཡག་པོ་གནང་བྱུང་།
དྲི་བ། འབྱུང་འགྱུར་གྱི་བཀའ་བློན་ཁྲི་བའི་འོས་གཞི་ཁག་འདྲ་མིན་བཏོན་པའི་ནང་སྐུ་ཉིད་ཀྱང་སླེབས་འདུག་སྟབས། གལ་སྲིད་སྐུ་ཉིད་ལ་འོས་ཐོབ་པ་ཡིན་ན་ཕྱག་ལས་གང་འདྲ་གནང་འཆར་ཡོད་དམ།
ལན། སྤྱིར་འོས་གཞིར་ལངས་པ་དེར་ངས་མཐའ་གཅིག་དུ་འོས་ཐོབ་པའི་རེ་བ་གང་ཡང་བྱེད་ཀྱི་མེད། རྒྱུ་མཚན་གང་ཡིན་ཞེ་ན། ང་ཚོའི་གཞུང་འདི་དམངས་གཙོའི་གཞུང་གསར་བ་ཞིག་ཡིན་དུས་འོས་བསྡུའི་ལས་གཞི་འདི་ལ་ཚང་མ་མཉམ་རུབ་བྱས་ན། འོས་བསྡུ་ཚགས་ཚུད་པོ་དང་སྤུས་དག་པོ་ཡོང་བར་དགེ་མཚན་ཡོད་པ་རེད། ཀུན་སློང་འདི་འདྲ་ཞིག་གི་ཐོག་ནས་ཆ་ཤས་བླངས་པ་ཡིན། ཡིན་ནའང་གལ་སྲིད་ང་ལ་འོས་ཐོབ་པ་འདྲ་བྱུང་ན། ང་རང་ཡང་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཞིག་ནས་འཚར་ལོངས་བྱུང་ཞིང་། དུས་རབས་ཉེར་གཅིག་ནང་གི་ཤེས་ཡོན་སློབ་སྦྱོང་ཆ་ཚང་གི་གོ་སྐབས་རག་པའི་མི་ཞིག་ཡིན་སྟབས། ངས་དམངས་གཙོའི་འགྲོ་སྟངས་དང་རྒྱལ་སྤྱིའི་འབྲེལ་ལམ་ཡིན་ན་འདྲ། བོད་ནང་གི་གནས་སྟངས་སོགས་གང་ལ་གང་འཚམ་རྒྱུས་མངའ་ཡོད་པ་རེད། མི་སུ་འདྲ་ཞིག་ཡིན་ནའང་དང་པོ་སྒྲིག་འཛུགས་གསར་བ་ཞིག་གི་ནང་ལས་ཀ་བྱེད་དུས་དཀའ་ངལ་ཏན་ཏན་འཕྲད་ངེས་རེད། དཀའ་ངལ་གང་ཞིག་ཡིན་རུང་གདོང་ལེན་བྱས་ན་སེལ་རྒྱུ་ཡོད་པ་ཞིག་རེད། སྤྱི་འཐུས་ལྟ་བུར་མཚོན་ན། ཡང་ཐོག་མར་སླེབས་སྐབས་མཉམ་མྱོང་ཡོད་པ་མ་རེད། དེར་མ་ཟད་ང་ཚོས་འདི་གའི་ཚོགས་པ་སྒྲིག་འཛུགས་ཁག་ནང་དུའང་དཀའ་ངལ་མང་པོར་གདོང་ལེན་བྱས་ཤིང་། མཉམ་མྱོང་བསགས་ཏེ་ཡོང་བ་རེད། དེ་བཞིན། བོད་ནང་གི་ང་ཚོའི་སློབ་གྲྭ་དག་ལའང་དཀའ་ངལ་མང་པོར་འཕྲད་ཅིང་། དེ་དག་ལ་ཐབས་བྱུས་སྣ་ཚོགས་ཀྱི་ཐོག་ནས་གདོང་ལེན་བྱས་ཏེ། མེད་པ་ནས་ཡོད་པ་དང་། ཡོད་པ་ནས་ཡར་རྒྱས་ཀྱི་ལམ་ཏུ་སྐྱོད་བཞིན་པ་རེད། དུས་ཚོད་དེ་ཧ་ཅང་གི་གལ་འགངས་ཆེན་པོ་རེད་མ་གཏོགས། དཀའ་ངལ་ག་རེ་ཡིན་ཡང་གདོང་ལེན་བྱ་རྒྱུ་ཡོད་པ་ཞིག་རེད། གལ་སྲིད་ང་ཚོར་དེང་དུས་ཀྱི་གཞུང་ཞིག་དགོས་ཀྱི་ཡོད་ན། ངས་སོ་སོས་སྦྱང་བའི་ཡོན་ཏན་དང་མཉམ་མྱོང་གི་སྒང་ནས་རང་གི་མི་རིགས་འདི་ལ་སྲི་ཞུ་མི་ཉུང་བ་ཞིག་སྒྲུབ་ཐུབ་པའི་གདེང་སྤོབས་ཡོད།
དྲི་བ། བོད་རྒྱའི་བར་འབྲེལ་མོལ་ཐེངས་དགུ་ཙམ་བྱུང་ཡང་གྲུབ་འབྲས་དམིགས་བསལ་སྟོན་རྒྱུ་མེད་ལ། བོད་གཞུང་གིས་སྤྲད་པའི་བསམ་འཆར་ཡིག་ཆར་ཡང་རྒྱ་གཞུང་གིས་ངོས་ལེན་བྱས་མེད་སྟབས། མི་དམངས་ཁྲོད་གཞུང་གི་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་པའི་བསམ་ཚུལ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་དེར་སྐུ་ཉིད་ལ་དགོངས་ཚུལ་གང་འདྲ་ཡོད་དམ།
ལན། ཕྱི་ལོ་ ༡༩༧༩ ལོ་ནས་རྩིས་བ་ཡིན་ན་ཕལ་ཆེར་བོད་རྒྱའི་བར་སྐུ་ཚབ་ཐེངས་ཉི་ཤུ་ལྷག་ཕྱིན་ཡོད། འབྲེལ་མོལ་ལ་གྲུབ་འབྲས་མེད་པ་དང་། གཞུང་གི་སྲིད་བྱུས་ཐོག་ལ་ལྟ་སྟངས་ཡོད་མཁན་རིགས་ལའང་ཁག་ཡོད་པ་མ་རེད། རང་བཙན་གཙང་མ་དགོས་ཟེར་མཁན་ཁག་ཅིག་ཡོད་པ་རེད། ད་ལྟའི་རྒྱལ་སྤྱིའི་གནས་བབ་ལ་བལྟས་བ་ཡིན་ན། ང་རང་ཚོར་འདོད་པ་ཡོད་ནའང་འདྲ་ལ། མེད་ནའང་འདྲ། རྒྱ་ནག་འདི་དཔལ་འབྱོར་དང་། དམག་དོན། ཁྲོམ་ར་སོགས་གང་ཅིའི་ཐད་རྒྱལ་ཁབ་ཚང་མས་བསྟུན་མཁས་བྱེད་ཡུལ་ཞིག་ཆགས་ཡོད་སྟབས། དེ་དང་འབྲེལ་ལམ་ཡག་པོ་ཡོང་བར་དོ་ཕོག་བྱུང་སའི་གནད་དོན་རིགས་ལ་རྒྱལ་ཁབ་སུ་འདྲ་ཞིག་ཡིན་ཡང་ལག་པ་འཆང་འདོད་པ་ཡོད་པ་མ་རེད། ཡིན་ནའང་གནས་སྟངས་འདི་འདྲ་ཞིག་གི་འོག་ནས་བོད་པའི་གནད་དོན་རྒྱལ་སྤྱིའི་སྡིངས་ཆར་སླེབས་དོན་གང་ལ་ཐུག་པ་རེད། དེར་ང་ཚོས་བསམ་བློ་གཏིང་ཟབ་གཏོང་དགོས། སྤྱིར་ནུབ་ཕྱོགས་རྒྱལ་ཁབ་དེ་ཚོས་དམངས་གཙོ་དང་མི་རིགས་འདྲ་མཉམ། འགྲོ་བ་མིའི་ཐོབ་ཐང་སོགས་ཁོ་ཚོའི་ལོ་རྒྱུས་དང་རིག་གཞུང་ལས་བྱུང་ཚུལ་བཤད་ཀྱིན་ཡོད་ཅིང་། དེ་ལ་ཁོང་ཚོས་སྤོབས་པ་ཆེན་པོ་བྱེད་ཀྱིན་ཡོད། དེ་སྤོབས་པ་བྱེད་ཆོག་པ་ཞིག་ཀྱང་རེད། དེར་བརྟེན། ༧རྒྱལ་བ་རིན་པོ་ཆེས་ཡང་དག་པའི་ལམ་སྟོན་གནང་གྲུབ་པའི་དབུ་མའི་ལམ་འདི་ལྟ་བུ་ཞིག་གི་ཕུགས་རྒྱང་དང་དགེ་མཚན་ལ་རྒྱབ་སྐྱོར་མ་བྱས་ན། ཁོ་ཚོས་གླེང་བཞིན་པའི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཟེར་བ་དེ་དག་གི་རིན་ཐང་ཡང་དོན་གྱིས་བརླག་འགྲོ་བཞིན་ཡོད་པ་རེད། རང་བཙན་གཙང་མ་ལབ་པ་ཡིན་ན་རྒྱབ་སྐྱོར་ག་ཚོད་ཅིག་རག་གི་རེད། སྤྱིར་རང་བཙན་གཙང་མ་ཟེར་བ་ཡང་སྙིང་གང་འདྲ་ཞིག་ལ་ངོས་འཛིན་བྱེད་རྒྱུ་ཡིན། ༡༩༥༡ ལོ་ནས་བོད་ས་ཕལ་ཆེ་བ་ཤོར་ཡོད་པ་རེད། ཕྱི་ལོ་ ༡༩༥༡ བར་གྱི་བོད་ཀྱི་ས་ཁོངས་འདི་གཞིར་རྩར་བཟུང་སྟེ་རང་བཙན་རྩོད་དགོས་ཀྱི་ཡོད་པ་རེད་དེ། དེས་བོད་ཀྱི་ས་ཁོངས་སུམ་ཆ་གཅིག་ཙམ་མ་གཏོགས་ཟིན་ཡོད་པ་མ་རེད། དེར་བརྟེན། བོད་ཀྱི་ས་ཁུལ་ཡོངས་རྫོགས་གཅིག་གྱུར་གྱི་རང་བཙན་གཙང་མ་ཟེར་བ་ཞིག་ཧ་ཅང་ཁག་པོ་རེད། དེ་ལས་དབུ་མའི་ལམ་ཞེས་པ་འདི་མངོན་འགྱུར་བྱུང་བ་ཡིན་ན། ང་ཚོར་ཕན་མ་གཏོགས་གྱོང་རག་ཡོད་པ་མ་རེད་དྲན་ཡོད། སྤྱིར་རང་གི་མི་རིགས་དང་རང་གི་རྒྱལ་ཁབ་ཟེར་བ་འདི་ཚོ་ལོ་བརྒྱ་ཕྲག་གཅིག་གི་གོང་དུ་ཧ་ཅང་གལ་ཆེན་པོར་རྩི་ཞིང་། དེའི་ཆེད་དུ་ཕན་ཚུན་འཐབ་འཁྲུག་ཀྱང་མང་པོ་བྱུང་བ་རེད། ཡུ་རོབ་ལྟ་བུར་མཚོན་ན། དེང་སང་ཐ་སྙད་དེ་རིགས་རྩ་ཆེན་དུ་རྩི་བ་མ་རེད། དུས་ཚོད་ཀྱི་སྔ་ཕྱི་ཞིག་རེད་མ་གཏོགས་ཨེ་ཤ་ཡ་གླིང་དུའང་གནས་སྟངས་དེ་ཡོང་གི་རེད། སྐབས་དེར་ང་ཚོའི་བོད་ཀྱང་གནས་སྟངས་དེར་གཡོལ་ཐབས་ཡོད་པ་མ་རེད། མདོར་བསྡུས་ཏེ་བཤད་ན་ང་རང་གིས་མཐའ་གཅིག་ཏུ་དབུ་མའི་ལམ་ལ་རྒྱབ་སྐྱོར་ཞུ་བཞིན་ཡོད།
དྲི་བ། ད་ལྟའི་གཞུང་གི་འཆར་འགོད་ཁག་ཏུ་བོད་དོན་བདེན་མཐའ་མ་གསལ་བར་བཙན་བྱོལ་གཞུང་བརྟན་པོར་གནས་རྒྱུར་གཞིས་ཆགས་ཁག་སྲ་བརྟན་དུ་གཏོང་དགོས་སྐོར་བཀོད་ཡོད་སྟབས། བོད་མི་ཕྱི་རྒྱལ་ཁག་ཏུ་འགྲོ་བཞིན་པའི་ཐད་དགོངས་ཚུལ་གང་འདྲ་ཡོད་དམ།
ལན། དེ་ལ་དགེ་སྐྱོན་གཉིས་ཀ་ཡོད་རྒྱུ་རེད། ཡིན་ནའང་ཕྱོགས་གཅིག་ནས་བསམ་བློ་བཏང་བ་ཡིན་ན་རྒྱ་གར་དུ་བུ་ཕྲུག་ཚོ་སློབ་གྲྭ་ཞིབ་འཇུག་སློབ་མ་ཐོན་མཁན་ནང་དུ་ཡང་མཐར་ཐུག་ན་བལ་གོས་ཀྱི་ཚོང་ལས་ཙམ་ལ་བརྟེན་མཁན་མང་པོ་ཡོད། དེ་བས་ཁོ་ཚོ་ནུབ་ཕྱོགས་རྒྱལ་ཁབ་ཅིག་ཏུ་ཕྱིན་པ་ཡིན་ན། མ་མཐར་ཡང་སོ་སོའི་འཚོ་བ་ཡག་པོ་ཆགས་པ་མ་ཟད། ནང་མི་དང་སྤུན་མཆེད་ལའང་དཔལ་འབྱོར་གྱི་ཕན་ཐོགས་གང་འཚམ་ཐུབ་ཀྱིན་ཡོད། དེ་ནས་ཕུགས་རྒྱང་རིང་པོར་བསམ་བློ་བཏང་ན། ཁོ་ཚོའི་བུ་ཕྲུག་ལ་སློབ་སྦྱོང་གི་གོ་སྐབས་ཡག་ཐག་ཆོད་རག་སྟེ། མི་རིགས་གཞན་པ་དང་དཔུང་བ་མཉམ་གཤིབ་ཀྱིས་རྒྱལ་སྤྱིའི་ལས་རིགས་འདྲ་མིན་ནང་ཞུགས་ཐུབ་མཁན་གྱི་མི་རབས་ཞིག་ཆགས་ཀྱི་ཡོད་པ་རེད། ཁོང་ཅག་བོད་སྐད་ཐད་རྒྱ་གར་ནང་བསྡད་པ་ལས་སྐྱོ་ཙམ་ཡིན་སྲིད་ཀྱང་། སོ་སོའི་ངོ་བོ་མ་བརླག་པར་སྲུང་འཛིན་བྱ་ཐུབ་པ་ཡིན་ན། རྒྱ་གར་ནང་དུ་བསྡད་པ་ལས་ཕྱི་རྒྱལ་ཁག་ཏུ་ལས་ཀ་མང་ཙམ་བྱེད་པའི་ནུས་བ་དང་གོ་སྐབས་གཉིས་ཀ་ཡོད། ངས་བོད་པ་ཚང་མ་ཕྱི་རྒྱལ་དུ་ཕྱིན་རྗེས་སྤྱི་བའི་རྩ་དོན་བོར་ཏེ། རང་ཉིད་ཀྱི་འཚོ་བ་གཅིག་པུར་མགོ་འཁོར་ནས་བསྡད་ཡོད་པ་རེད་ནམ་ཡང་བསམ་གྱི་མེད།
གོང་དུ་མི་ཁ་ཤས་ཀྱིས་ཆོ་མེད་པའི་ལུང་ཚན་གྱི་སྐོར་ནས་རྩོད་གླེང་འདྲ་བྱེད་ཀྱི་འདུག འདིའི་སྐོར་ཡིན་ཅིག་ནམ་མཁའ་བསྟན་འཛིན་ལ་གྱོད་འདྲི་བྱེད་དགོས་དོན་ག་རེ་ཡིན་ནམ། ང་ཚོའི་ཕ་ཡུལ་ནས་ཀྱང་མགོ་ལོག་རྟའུ་ཟེར་གྱི་ཡོད། ག་རེ་རེད། འདི་ཁམས་ཡིན་ན་ཁྱོད་ཚོ་ལ་ཡོང་རྒྱུ་ག་རེ་འདུག འདི་མགོ་ལོག་ཡིན་ན་ཁྱོད་ཚོ་ལ་གནོད་རྒྱུ་ག་རེ་འདུག་ཨ། འདི་འདྲའི་སྐོར་ནས་རྒྱུན་དུ་བསམ་བློ་གཏོང་མཁན་གྱི་རིགས་ནི་བོད་མི་རིགས་ཀྱི་ཞབས་འདྲེན་རེད། གོང་ས་མཆོག་གི་ཐུགས་དགོངས་དཀྲུགས་མཁན་གྱི་དམ་ཉམས་རེད། མི་རིགས་ནང་ཁུལ་གྱི་རྙོག་དྲ་ཞིག་ལ་ཐུག་དུས་སྔོན་ལ་ཐོན་མཁན་འདི་དག་ནི་ཤིན་ཏུ་ནས་མ་རུང་ངོ་།།
ད་སྐབས་ཀྱི་བོད་པའི་གནས་ཚུལ་ལ་ལྟོས་དང་། དགྱ་ནག་གིས་སྡུག་པོ་བཏང་བའི་སྒང་ལ། ད་དུང་རང་བྱུང་གིས་ང་ཚོར་སྡུག་པོ་གཏོང་གི་འདུག་ལ། གཞིས་བཞུགས་སྤུན་ཟླ་དག་གིས་རང་གིས་འཇོན་ཚོད་ཀྱིས་རང་གི་མི་རིགས་རང་གིས་སྐྱོབས་པའི་ལས་འགུལ་མ་མཐོང་ངམ། འདི་འདྲ་བས་སེམས་རྩ་སྒུལ་མ་ཐུབ་པའི་མི་རིགས་ཀྱི་ཞབས་འདྲེན་འདི་འདྲ་བཙན་བྱོལ་དུ་མང་བོ་འདུག འདི་ཚོས་སྐད་ཆ་བཤད་སྐབས་དང་གླེང་མོལ་བྱེད་སྐབས་གཟབ་ཙམ་གནང་ཐུབ་ན་ཤིན་ཏུ་ལེགས།
བོད་ལྗོངས་ཡུལ་དུ་དར་ཁྱབ་ཡོད་པའི་ཁམས་རྟ་འུ་ནས་ཡིན་པ་རེད་མ་གཏོགས་མགོ་ལོག་རྟ་འུ་ཟེར་བ་དེ་གང་ཤེས། དགོངས་འགལ་མེད་པ་ཞུ།
ནམ་མཁའ་བསྟན་འཛིན་དྲི་བ་ཞིག་འདྲི་ན་འདོན་རྟ་འུ་བློ་བཟང་དཔལ་ལྟན་ཟེར་བ་འདི་ཁམས་རྟ་འུ་རེད་དམ་མགོ་ལོག་རྟ་འུ་རེད་འདིའི་སྐོར་ལ་གསལ་བྱེད་ཐུང་ཐུང་ཞིག་བྱེད་རོགས ། གླུ་མ་ཚེ་སྐྱེད་དེ་ཚོའི་པར་ལ་འཚང་དོན་ཅི་ཡིན་ན ། ་རྒན་ཀུན་དགའ་ཚེ་བརྟན་གྱི་གཡས་ཕྱོགས་སུ་ཕོ་གསར་རོག་སྟུག་པ་བོ་དེ་སུ་རེད །
གུས་པའི་བསམ་འཚུལ་ལྟར་ན་ཐེངས་དེའི་བཀའ་བློན་ཁྲི་པར་ཤེས་འཇོན་གཉིས་ལྡན་གྱི་བུད་མེད་ཞིག་སླེབས་ཐུབ་ན་ཡག་པོ་འདུག
དེ་ལྟར་མ་བྱུང་ན་ང་ཚོའི་བོད་ཀྱི་བུད་མེད་ཚོ་མི་རབས་ནས་མི་རབས་རྒྱུད་དེ་ཤིང་བཟང་ལྤགས་པའི་འོག་ཏུ་རུལ་འགྲོ་གིན་འདུག་གོ།
མོ་ཁྱོ་ཀ་དེ་ཚོ་་་་་་
རྟ་བོ་ལས་རྟའུ་དག་པར་ངེས།
ངྷ་ས་ན་གངས་ལྷ་མོ་སོགས་བཀའ་ཁྲི་ལ་ལངས་ཡོད་པ་དེ་ཨ་དགེ་ཁྱོད་མི་དགའ་དོན་ཅི་ཡིན་ནམ། ཡིན་གཅིག་ཕ་ཡུལ་གཅིག་པ་ཞིག་དགོས་པ་འདུག་གམ། འདུག་ན་སློང་སྦྱོང་སྤྲོད་ཡ། གཞན་ཕྱོགས་ཞེན་སྤང་ན་བཟང་ངོ་།
བརྩེ་ལྡན་གྱི་ཀློག་མཁན་རྣམ་པ་ལགས། ཁོ་བོས་བཅར་འདྲི་འདི་ཟླ་སྔོན་མའི་ཟླ་མཇུག་ཞིག་ལ་བྱས་བ་ཡིན་ལ། སྐབས་དེར་དྲ་ཐོག་བགྲོ་གླེང་གཙོ་བོ་འབྱུང་འགྱུར་གྱི་བཀའ་ཁྲིའི་སྐོར་ཡིན་སྟབས་འོས་གཞིར་ལངས་བཞིན་པའི་མི་རེ་རེ་ཡི་ཆབ་སྲིད་ཀྱི་ལངས་ཕྱོགས་སོགས་གསལ་རྟོགས་ཡོང་ན་ཚང་མར་ཕན་ཐོག་ཅུང་ཡོད་པར་སྙམ་ནས་ཆེད་བཅར་བྱས་ཏེ་བཅར་འདྲི་འདི་བྱས་བ་ཡིན་མོད། ཁོ་བོར་ལས་བྲེལ་གྱིས་དག་བཅོས་ཡག་པོ་ཞིག་བྱེད་ལོངས་མ་བྱུང་སྟབས་མཐར་རྩོམ་སྒྲིག་པར་འགན་དབང་འདི་སྤྲད་པ་ཡིན་མོད། དྲི་བ་ཁ་ཤས་དང་ལན་ཅུང་ཙམ་འཕྲི་བསྡུ་བྱེད་རྒྱུ་མང་དྲག་པ་དང་ཡིག་ནོར་ཁ་ཤས་མཐོང་རྒྱུ་འདུག་པས་དགོངས་འཇགས་འཚལ།
རྩོམ་སྒྲིག་པ་ལགས་ཞུ་རྒྱུ་གོང་གི་༼རྟ་བོ་༽ཞེས་བ་དེ་ནོར་བ་རེད་་་་་་་་༼རྟའུ༽ཞེས་འབྲི་དགོས།
ནུབ་ཀྱི་ཕྱོགས་སུ་ཁ་ཕྱོགས་ཀྱང་། །
ཡོང་སའི་ཤར་ཕྱོགས་མ་བརྗེད་པར། །
རང་གི་ཕ་ཡུལ་སྙིང་དབུས་སུ། །
བཅངས་པ་རྟ་བོའི་ཚིག་ལས་ཤེས། །
འོ། ད་འདི་གང་གི་སྐད་ཡིན་ནམ། འདི་འདྲ་ཞིག་འབྲེ་ན་གོ་ཡར་ཁག་པོ་རེད།
ཨ་རིག་དགེ་མཐོང་འདིས་ཡི་གེ་ལ་དག་མེད་ཁར་ཨ་རིག་རང་གི་སྐད་འདྲ་ཞིག་བརྒྱབས་ནས་མང་ཆེ་བ་མི་གོ་ཀི དཀྱིལ་ཀྱི་ཇོ་ལགས་དེ་དབྱངས་རྩོམ་མཁན་རྒན་ཀུན་དགའ་ཚེ་བརྟན་དང་གཞན་བུ་མོ་ཡག་མ་དེ་གླུ་མ་ཚེ་སྐྱིད་རེད་ཡ།
ངའི་སྐད་ཆ་འདི་ལྟར་བཤད་ན་ཁྱོད་སྤོ་ལངས་མི་ཉན་ཨེ་གོ
དྲ་གྲོགས་ནམ་མཁའ་བསྟན་འཛིན་འདི་དོ་ཚིགས་ཟིག་ནས་རིག་རྒྱུ་གོ་རྒྱུ་ཅང་མེད་མོད། དེ་རིང་དཱ་ངོ་བཙོག་འདིས་བཅར་འདྲི་ཞིག་ཁྱེར་ནས་ཐོན་ནོ་ཁུ། ཡུམ་དུམ་པཱ་འགྲིག་གི འོན་ཀྱང་ས་ཡོམ་བརྒྱབས་ནས་སུ་སུའི་གས་ཀས་བར་ནས་ཐོན་ནོ་འདྲ་བོ་འདུག བཅར་འདྲི་ཡག་པོ་བྱས་འདུག དཀྱིལ་གྱི་འདྲ་པར་འདིའི་ནང་གི་རྒད་གཅིག་དབྱངས་རྩོམ་མཁན་གྲགས་ཅན་ཀུན་དགའ་ཚེ་བརྟན་ཡིན་ས་རེད། དེའི་བར་གྱི་བུ་མོ་དེ་བཀའ་ཁྲི་ལ་འོས་ཤིང་འཚམས་པ་ཞིག་རེད། དཔེར་ན། ངྷ་ས་ན་གངས་ལྷ་མོ་སོགས་བཀའ་ཁྲི་ལ་ལངས་ཡོད་པ་དང་འདྲ་གི