མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གོ་དོན་མ་ལོན་པའི་ཀ་རྩོམ། ཟླ་བ་ཚེ་རིང་།

བོད་ཀྱི་དུས་བབ།
༢༠༡༠/༠༥/༡༠
Share on FacebookShare on TwitterShare on EmailShare on Whatsapp

གོ་དོན་མ་ལོན་པའི་ཀ་རྩོམ། ཟླ་བ་ཚེ་རིང་། ༼ ཧྥ་རན་སི ༽

ཉིན་འགའི་སྔོན་གྲོགས་པོ་ཞིག་གི་བུའི་སྐྱེས་སྐར་ཕ་རི་སིའི་ཉེ་འཁོར་གྱི་གླིང་ག་ཞིག་ནང་བཏང་སོང་། དེར་རྒན་ཆབ་བྲག་ལྷ་མོ་སྐྱབས་ལགས་དང་མཉམ་དུ་ཕྱིན་པ་ཡིན། ལམ་བར་ནས་ཁོང་གིས་ང་ལ་སྤྱི་ཚོགས་མེ་ལོང་འདོན་ཐེངས་ཤིག་གནང་སོང་། ནམ་རྒྱུན་དུས་བབ་དང་ཁ་བརྡ་གཙོས་པའི་བོད་ཕྱི་ནང་གི་བོད་ཡིག་དྲ་རྒྱ་ཁག་ལ་ཁོམ་སྐབས་དང་བསྟུན་ནས་འཛུལ་གི་ཡོད་ནའང་། དངོས་སུ་བོད་ཡིག་ཚགས་པར་ཞིག་ཐོབ་པ་ནི་ལོ་སར་རྗེས་ནས་ཐེངས་དང་པོ་ཡིན། ཚགས་པར་འདོན་ཐེངས་གསར་པ་འདི་བཀླགས་རྗེས་སེམས་ནང་མ་སྐྱིད་པ་ཞིག་བྱུང་ལ། དེ་བཞིན་བསམ་བློ་གཏོང་ཚོད་མི་ཐིག་པའི་ཚོར་བ་ཞིག་ཀྱང་བྱུང་།

ཚགས་པར་དེའི་མཇུག་ཤོག་གི་ཟུར་ཁ་ཞིག་ན་༼ཀ་ཕྲེང་དུ་བསྡེབས་པའི་རང་བྱུང་སེམས་ཀྱི་རི་མོ།༽ཞེས་པའི་ཀ་རྩོམ་འདི་འདུག འདིའི་རྩོམ་པ་པོ་ནི་ནོར་གླིང་ངེས་སྟོན་པ་བཀའ་ཟུར་སྐལ་བཟང་ཡེ་ཤེས་མཆོག་རེད། ཀ་རྩོམ་འདི་ངས་ཡང་ནས་བསྐྱར་དུ་བཀླགས་པ་ཡིན།  རང་ཉིད་ལ་དོགས་པ་དང་བཅས་ཡང་བསྐྱར་ཨུ་ཚུགས་བརྒྱབས་ནས་བཀླགས་པ་ཡིན། འོན་ཀྱང་ངས་ཀ་རྩོམ་འདི་ལ་གོ་བ་ཞིག་ལོན་མ་སོང་། གསལ་བཤད་སུམ་ཅུ་ལ་ཚིག་གྲོགས་བཙལ་ནས་ཚིགས་བཅད་དུ་བསྡེབས་པ་ཙམ་ལས་ངེས་གཏན་གྱི་གོ་དོན་ཞིག་ལོན་མ་སོང་། མ་གཞི་ཀ་རྩོམ་འདིའི་སྤྱི་ཁོག་གི་བརྗོད་དོན་གང་ཡིན་པའི་ཕྱོགས་དེ་ཡང་བརྙེད་མ་སོང་། དྲ་གྲོགས་ཚོས་ཀ་རྩོམ་འདི་སྔ་ས་ནས་མཐོང་སྟེ་བཀླགས་ཚར་ཡོད་སྲིད་ལ། རེ་འགས་ད་དུང་བཀླག་མེད་པའམ། འདི་འདྲའི་ཀ་རྩོམ་ཞིག་ཡོད་པ་ཡིད་ལའང་འཁོར་མེད་སྲིད། འོན་ཀྱང་འདི་ཏག་ཏག་ཉིས་སྟོང་བཅུ་ལོའི་ཕྱི་ཟླ་བཞི་བའི་སྤྱི་ཚོགས་མེ་ལོང་འདོན་ཐེངས་སམ་སྤྱིའི་འདོན་ཐེངས་བརྒྱ་དང་བཞི་བའི་མཇུག་ཤོག་ནང་བཀོད་དེ་སྤྱི་ཚོགས་ལ་བཀྲམས་ཡོད།

བཀའ་ཟུར་སྐལ་བཟང་ཡེ་ཤེས་མཆོག་ནི་བོད་མི་མང་སྤྱི་ཟུར་དང་། བཀའ་ཟུར། བཀའ་བློན་ཁྲི་ཟུར། དེ་ཙམ་དུ་མ་ཟད་ནོར་གླིང་གསར་འཛུགས་གནང་ནས་བོད་པའི་སྤྱི་ཚོགས་སྟེང་གཞུང་སྒེར་གཉིས་ལ་ཕྱག་རྗེས་དང་བཀའ་དྲིན་ཅན་ཞིག་ཡིན་ལ། ང་རང་སྒེར་ལ་མཚོན་ནའང་སེམས་ནང་གུས་བརྩི་ཆེ་བའི་རྒན་རབས་པ་ཞིག་ཀྱང་ཡིན། ངས་གསལ་བོར་བཤད་འདོད་པ་ནི་ཀ་རྩོམ་འདི་ཁོང་གི་ཕྱག་རྗེས་འདི་དག་དང་འབྲེལ་བ་གང་ཡང་མེད། ཡིན་ཡང་། ཁོང་ནི་རང་རེའི་རིག་གཞུང་གི་འབྱུང་ཁུངས་གྲྭ་ས་ནས་གཞུང་ལུགས་ཁག་ལ་གསན་བསམ་བཞེས་གནང་མྱོང་མཁན་ཞིག་དང་། ལྷག་པར་དུ་སྐབས་དང་པོའི་བཙན་བྱོལ་བོད་མིའི་དགེ་རྒན་འོས་སྦྱོང་གནང་མཁན། དེ་བཞིན་མ་སུ་རི་དང་མན་པར་གཞིས་ཆགས་གཉིས་ནང་དུས་ཡུན་ལོ་ལྔའི་རིང་བོད་དགེ་གནང་མྱོང་མཁན། ཝ་ར་ན་སིའི་ཨ་ཙརྱ་ཕྱག་འཁྱེར་བཞེས་མཁན་བཅས་བོད་ཀྱི་ཤེས་ཡོན་ཅན་ཞིག་གི་ངོས་ནས་ཀ་རྩོམ་འདིའི་སྐོར་མ་གླེང་ཐབས་མེད་ཆགས།

ད་དུང་ཕྱོགས་གཞན་སྟེ། འདས་པའི་ལོ་ཤས་ནས་རྩོམ་པ་པོའི་མཐུན་ཚོགས་ཀྱིས་ཚོགས་མི་ཁག་ལ་དག་ཐེར་གནང་ནས་སྤུས་ཀ་ཇེ་བཟང་དུ་བཏང་ཡོད། སྐབས་དེ་ཙམ་དུ་༼ བོད་ཀྱི་རིག་གཞུང་གི་ཕྱུག་ཚད། ༽ཅེས་པའི་དེབ་འབྲི་མཁན་དོར་ཞི་རྒྱ་མཚོ་ཡང་ཚོགས་མིའི་ཁྲོད་ནས་ཕྱིར་འབུད་བཏང་ཡོད། ཕྱག་ལས་གནང་སྟངས་འདི་ལ་མང་པོ་ཞིག་གིས་རྒྱབ་སྐྱོར་དང་རྗེས་སུ་ཡི་རངས་ཞུས་ཡོད། དོན་དངོས་སུ་ཡང་དེ་ལྟར་ཆགས་ཡོད། ངའི་ཤེས་ཚད་ཀྱིས་མ་འདང་བ་ཡིན་ནམ། གང་ལྟར་ཀྱང་། ༼ ཀ་ཕྲེང་དུ་བསྡེབས་པའི་རང་བྱུང་སེམས་ཀྱི་རི་མོ། ༽དང་༼ བོད་ཀྱི་རིག་གཞུང་གི་ཕྱུག་ཚད།༽གཉིས་ལ་ལེགས་ཉེས་ཀྱི་ཁྱད་པར་གང་ཡང་མ་མཐོང་། དེ་ལས་ཀྱང་འདི་གཉིས་ལ་གོ་དོན་མི་ལོན་པའི་ཐོག་མིང་ཚིག་སྤྱོད་སྟངས་སོགས་ནས་ཆ་འདྲ་ས་ཤིན་ཏུ་མང་། དེ་ལྟར་ཀྱང་སྤྱི་ཚོགས་མེ་ལོང་གི་སློབ་སྟོན་པ་ཆབ་བྲག་ལྷ་མོ་སྐྱབས་དང་ཀུན་ཐར་དོན་གྲུབ། སྤྱི་ཁྱབ་རྩོམ་སྒྲིག་པ་གངས་དཀར་རྒྱལ་སྲས། ལག་བསྟར་རྩོམ་སྒྲིག་པ་ཨ་འཇམ་དབྱངས་ཚུལ་ཁྲིམས། རྩོམ་སྒྲིག་ལས་རོགས་བསྟན་འཛིན་ཆོས་དབྱིངས་བཅས་ཀྱིས་ཀ་རྩོམ་འདི་ལ་ཁྱད་འཕགས་ཀྱི་གོ་དོན་ཞིག་ལོན་པའམ། ཡང་ན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཁྱབ་ཁོངས་རྩོམ་པ་པོ་དང་བརྩམས་ཆོས་ལ་ཡང་བསྐྱར་ཁ་ཕྱོགས་སམ་དག་ཐེར་གསར་པ་ཞིག་གནང་འཆར་ཡིན་ནམ། དེ་མིན་ན་བཀའ་ཟུར་སྐལ་བཟང་ཡེ་ཤེས་མཆོག་མཐུན་ཚོགས་ཀྱི་སྤྱི་ཁྱབ་སློབ་སྟོན་པ་ཡིན་པར་དམིགས་བསལ་ཕུལ་བ་ཡིན། གང་ལྟར་ལེགས་ཉེས་ཀྱི་ཆ་འདྲ་བའི་ཀ་རྩོམ་ཞིག་དང་དེབ་གཉིས་ཀྱི་གཅིག་ཚོགས་མིའི་ནང་ནས་ཕྱིར་འབུད་བཏང་ཞིང་། གཅིག་ཤོས་ཚོགས་པའི་གཞུང་འབྲེལ་ཚགས་པར་སྟེང་བཀོད་ཡོད།

གཤམ་ལ་ངས་གོ་དོན་མ་ལོན་པའི་ཀ་རྩོམ་འདི་ཚགས་པར་སྟེང་ཇི་ལྟར་བཀོད་ཡོད་པ་ལྟར་འདིར་བསྐྱར་འགོད་བྱ་རྒྱུ་ཡིན། ཀློག་མཁན་ཚོས་འདིའི་གོ་དོན་ལ་འགྲེལ་བ་གནང་བའམ། ཡང་ན་དགོངས་ཚུལ་ལྷུག་པོ་ཡོང་བའི་རེ་འདུན་ཞུ།

ཀ་ཕྲེང་དུ་བསྡེབས་པའི་རང་བྱུང་སེམས་ཀྱི་རི་མོ།
ནོར་གླིང་ངེས་སྟོན་པ་བཀའ་ཟུར་སྐལ་བཟང་ཡེ་ཤེས།

ཀ་བ་རིང་པོ་བཙུགས་པའི་ཀ་ཕན་ལ།། ག་ལེར་བསྟན་པའི་བསྟན་དོན་ག་ལ་པས།།
ཅ་ག་བྱས་པའི་ནོར་གྱི་ཅ་ལག་མཛོད།། ཇ་རོར་ཉིད་ཁུ་ཕྱུང་རེའི་ཇ་མ་ལྟར།།
ཏ་ལའི་འདབ་མ་ཡངས་པའི་ཏ་ལ་ལ།། ད་ལོའི་ལོ་ཐོག་ལེགས་པའི་དར་ལྕེ་འདི།།
པ་ཊ་ལེགས་པའི་ཤིང་གི་པ་ཊ་དེར།། བ་ལང་བདག་པོ་དགྱེས་པའི་བ་དན་ལྟར།།
ཙ་རིའི་གནས་ཆེན་ལས་བྱུང་ཙ་རིའི་ཤིང་།། ཛ་དྲག་གདུང་བ་སེལ་བར་ད་ཡན་དུ།།
ཞྭ་ལྟར་འཁྱིལ་བའི་གདུགས་མཛེས་ཞྭ་སེར་ལ།། འ་འུར་ང་རོ་འབྱིན་པ་འ་ཅག་གི།
རྭ་ཅན་མགོ་བོ་ཟིང་བའི་རྭ་རྩེ་ལ།། ཤ་བའི་རྒྱན་བཟང་མཛེས་པ་ཤ་སྟག་གིས།།
ཧ་ཅང་སྙིང་བོ་མེད་པའི་ཧ་ལོ་ལྟར།། གང་དྲན་གང་བྲིས་སུག་རིས་གང་བྱུང་འདི།།
ཁ་བཏགས་དར་དཀར་བརྐྱངས་པའི་ཁ་རིས་ཀྱིས།། ང་ལ་ཤིས་པའི་དགེ་མཚན་ང་ཡིས་བཟུང་།།
ཆ་ཤས་ཙམ་ཡང་མི་གཏོང་ཆ་ལུགས་འདི།། ཉ་ཤ་སྐམ་པོར་རེ་བའི་ཉ་ཕྱིས་ལགས།།
ཐ་མལ་འབྲས་བུས་སྟོང་པ་ཐ་མས་དབེན།། ན་བཟང་བུ་མོས་སྒྲོན་པའི་ན་མོའི་རྒྱན།།
མ་ལུས་ཡོངས་ཀྱིས་བཀུར་བའི་མ་ཟླུམ་འཚེར།། ཚ་ཟེར་འཇོམས་པའི་གྲིབ་བསིལ་ཚ་གདུང་གི།
ཝ་ལེར་ཐོན་པའི་གྲིབ་བསིལ་ཝ་ལྟར་འཁྱུག། ཟ་འོག་གོས་བཟང་ཀླུབ་པའི་ཟ་བྱེད་ཀྱིས།།
ཡ་བཤའ་ཤོར་བའི་ཚུལ་འདི་ཡ་མ་རླ།། ལ་འུར་སྒྲོག་པའི་ཁ་དཀར་ལ་བའི་དར།།
ས་ལ་མྱུར་སྟབས་རྒྱུ་བ་ས་ཡི་རྒྱན།། ཨ་ཙི་ཀུ་རེ་ཞུས་པར་ཨ་དོན་དབེན།།
གང་དག་བཤད་གད་ཤོར་ལ་གང་དགའ་མཛོད།།

འབྲེལ་ཡོད་གསར་འགྱུར།

བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

སྐར་མ ༩ སྔོན་ལ།
The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༣ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

ཆུ་ཚོད་ ༢༣ སྔོན་ལ།
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས། ༢༠༢༥།༥།༧
Mobile App

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧

མཆན། 36

  1. ཁ་བའི་མེ་ཏོག། says:
    ལོ་ 15 སྔོན།

    དུས་བབས་བྱེའུ་ཚང་ལ་ཞུ་རྒྱུ་ནི། ད་ཁྱོད་ཚོའི་བྱེའུ་ཚང་གིས་ཕྱོགས་ཞེན་དང་ལུང་མཚན་གྱི་རྫུན་གཏམ་དག་ག་དུས་མཚམས་བཞག་གོ།

    Reply
  2. གནས་ཚང་། says:
    ལོ་ 15 སྔོན།

    ཀ་རྩོམ་སྐུ་ངོའི་ཡིན་པ་བདེན་ན།
    ཁ་བཤད་ཙམ་ལས་གོ་རྒྱུ་མི་འདུག
    ག་ལེར་བསམ་ན་འདི་དང་དེ་འདྲའི།
    ང་ངོ་ཤེས་མཁན་ཡོད་ཚོད་མི་འདུག

    Reply
  3. འཁྲུངས་སྐར། says:
    ལོ་ 15 སྔོན།

    ཀ་བ་འདྲ་བའི་དམ་ཆོས་སྙིང་བཅང་ཏེ།
    ཁ་བའི་ལྗོངས་གི་ལས་དབང་འཚོལ་དགོས་འདུག
    ག་བར་ཕྱིན་ཀྱང་གཞན་ཡུལ་མི་སྐྱིད་འདུག
    ང་ཚོ་རང་དགའ་བྱེད་ནས་བསྡོད་ཐུབ་བམ།

    Reply
  4. བྱམས་རྒྱལ། says:
    ལོ་ 15 སྔོན།

    ཀ་ནས་ཨ་བར་བཤད་པའི་སྐད་ཆ་ལ་།
    ཁ་དོག་མ་འདྲེས་དོན་ཞིག་གསུངས་རོགས་མཛོད་།
    ག་ས་ག་ལ་བསྐུར་འོས་སྐུ་ངོ་ལ།
    ང་དང་ང་འདྲ་རྣམས་ཀྱི་རེ་ཞུ་ཡིན་།

    Reply
  5. མི་ཉག་བཙན་པོ། says:
    ལོ་ 15 སྔོན།

    བོད་མི་རིགས་རང་རྩ་དོན་ལ་ཕན་པའི་ཀ་བརྡ་རེ་ཡོད་ན་ཤོད་དང་།
    ཀ་རྩོམ་ཐུང་ངུ་ཞིག་ལ་རྩོད་པས་རྩོད་འབྲས་གང་ཡང་མེད་།
    དྲ་གྲོགས་ཚོས་འབྱུང་འགྱུར་གྱི་བཀའ་ཁྲི་སྐོར་སྐད་ཆ་རེ་ཤོད་དང་།

    Reply
  6. མི་ཉག་བཙན་པོ། says:
    ལོ་ 15 སྔོན།

    ཀ་ཡེ་གྲོགས་པོ་རྩོད་ལ་དགའ་བ་དེ།
    ཁ་ལ་ཟས་ཞིམ་ཐོབ་པའི་འབྲས་རྟགས་ངེས།
    ག་ནས་བལྟས་ཀྱང་གཞན་སྐྱོན་མཐོང་བ་དེ།
    ང་ཞེན་ཆེ་བས་ཁོག་པ་རུལ་བ་ངེས།

    Reply
  7. ཨ་འདུས་མིག་ཆུ། says:
    ལོ་ 15 སྔོན།

    ཀ་ཁ་སེམས་ལ་ཡོད་པ་ཞིག་ཡིན་ན།།
    ཁ་དོན་མཚུངས་པའི་མི་ཞིག་རེད་བསམ་ཡོད།།
    ག་ན་བལྟས་ཀྱང་དེང་སང་བཀའ་ཟུར་ཁྲོད།།
    ང་ཚོའི་བོད་ཡིག་འབྲི་མཁན་འདི་བ་ཙམ།།

    Reply
  8. ཨ ༚ བཙན་པོ། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོ། ངའི་ནང་ལ་ཅིག་ཤོག་དང་། ངས་རྩོམ་ཡིག་འདི་དང་འབྲེལ་བའི་༈ <<གོ་དོན་མ་ལོན་པའི་ཀ་རྩོམ་>>ལས་འཕྲོས་པའི་གཏམ་ཞེས་པ་ཞིག་འབྲི་ཁུལ་བྱས་ཡོད། ནང་དོན་དང་ཚིག་སྦྱོར། དག་ཆ་སོགས་གང་ཅིའི་ཐད་ནས་ཕུན་སུམ་ཚོགས་པ་ཞིག་མིན་མོད། སེམས་ཀྱི་ན་ཚ་ཞིག་ཕྱིར་བཏོན་པ་ཡིན་པས་སྐྱིད་པོ་ཞིག་རེད།
    ངའི་དྲ་བྱང་https://tibettimes.net/wordpress/blogs.php?id=305ཡིན།

    Reply
  9. བྱམས་རྒྱལ། says:
    ལོ་ 15 སྔོན།

    ཀ་ཡེ་སྐལ་ལྡན་གྲོགས་པོ་གྲོགས་མོ་ཚོ།
    ཁ་ཞེ་གཉིས་མེད་བོད་ཀྱི་དོན་ལ་སོམས།
    ག་ནས་བལྟས་ཀྱང་ཕ་ཡུལ་ཡིད་ལ་འཁོར་།
    ང་ཁྱོད་དོར་ནས་སྤྱི་དོན་སྒྲུབ་ན་སེམས།

    Reply
  10. མི་ཉག་སྐལ་བཟང་། says:
    ལོ་ 15 སྔོན།

    ཀ་ཡེ་རིགས་མཐུན་གྲོགས་པོ་ཚོར།། ཁ་ལ་ཡོད་ཀྱང་དོན་ལ་མེད།། ག་ན་འགྲོ་ཡང་རྩོད་ཅིང་འཐབ།། ང་ཚོ་ཁྱོད་ཚོ་དགྲ་རུ་འཛིན།།

    Reply
  11. དཀྱིལ་གནས།། says:
    ལོ་ 15 སྔོན།

    ཀ་ཡེ་གསོན་རོགས་ཆོལ་གསུམ་སྤུན་ཟླ་རྣམས།
    ཁ་བཤད་དོན་ལ་གནས་ནས་ལས་དོན་བྱོས།
    ག་འགྲོ་ས་ལ་གཞན་སྐྱོན་འཚོལ་མི་རུང་།
    ང་ཚོ་རྩ་ཆེན་ཕ་ཡུལ་དོར་མི་རུང་།

    Reply
  12. བྱམས་རྒྱལ། says:
    ལོ་ 15 སྔོན།

    ཀ་རྩོམ་གོ་རིམ་ལྟར་དུ་མེད་ཀྱང་རུང་།
    ཁ་བ་རི་པའི་སྐལ་ལྡན་གསར་བུ་ལ།
    ག་བདེ་གོ་བདེ་ལམ་སྟོན་བཀའ་སློབ་སོགས།
    ང་དང་ང་འདྲ་རྣམས་ལ་གསུངས་ན་མཛེས།

    Reply
  13. ཟ་ལེ་རྒྱལ། says:
    ལོ་ 15 སྔོན།

    ཀ་རྩོམ་གོ་རིམ་ལྟར་དུ་བསྒྲིགས་ཀྱང་།།
    ཁ་བ་ཅན་གྱི་བཀའ་ཟུར་དེ་ལ།།
    ག་འདྲའི་ཀ་རྩོམ་འབྲི་རྩལ་ཡོད་མེད།།
    ང་ལས་ལྷག་ཅིག་མེད་པ་ཤེས་སོང་།།

    Reply
  14. མིའུ་ཕྲུག says:
    ལོ་ 15 སྔོན།

    སྤུན་གྲོགས་ཟླ་བ་ལགས། ཁྱེད་ཀྱིས་གསུངས་པ་ཤིན་ཏུ་བདེན། སྐུ་ངོ་རང་ཉིད་ཀྱིས་ཀྱང་ཀ་རྩོམ་འདི་ལ་ནང་དོན་ཅི་ཡང་གོ་བ་ལེན་རྒྱུ་མེད་པར་ཞལ་གྱིས་བཞེས་འདུག དཔེར་ན་སྐུ་ངོ་རང་ཉིད་ཀྱིས། ཨ་ཙི་ཀུ་རེ་ཞུས་པར་ཨ་དོན་དབེན།།
    གསུངས་པ་ལྟར་རོ།

    Reply
  15. མི་ཉག་སྐལ་བཟང་། says:
    ལོ་ 15 སྔོན།

    ཆབ་བྲག་ལྷ་མོ་དང་ལྷན་དུ་ཕྱིན་པ་ཡིན་ན་དེ་མ་ཐག་ཁོང་ལ་བཀའ་འདྲི་ཙམ་ཡང་མ་ཞུ་པར་ཅི་ཡིན་ནམ།

    Reply
  16. karma dorje says:
    ལོ་ 15 སྔོན།

    པ་ཊ་ལེགས་པའི་ཤིང་གི་པ་ཊ་དེར།།
    ༼ཕ་ཡིག་ལས་བྲིས་པའི་རྐང་བ་ཆད་འདུག ༽
    “ཕ་བཟང་བུ་ཡི་ཀ་རྩོམ་བཟང་པོ་འདི། །”
    བ་ལང་བདག་པོ་དགྱེས་པའི་བ་དན་ལྟར།།
    མ་ལུས་ཡོངས་ཀྱིས་བཀུར་བའི་མ་ཟླུམ་འཚེར།།
    ཡང་།
    ཀ་རྩོམ་ཡིན་ཕྱིར་ཀ་མད་སྒྲིགས། །
    ཆད་པ་མ་ཕྱིས་ཁ་སྐོངས་ལ། །
    རྩ་ཆད་སོང་ན་གོང་གསལ་ལྟར། །
    གསར་བསྣོན་བགྱིས་ན་མི་འཐུས་ཅི། །

    Reply
  17. མཐུ་སྟོབས། says:
    ལོ་ 15 སྔོན།

    ཟླ་བ་ཚེ་རིང་ལགས།

    དོགས་པ་བྱ་རྒྱུ་གལ་ཆེ་ལ། དོགས་པ་སེལ་རྒྱུ་དེ་བས་ཀྱང་གལ་ཆེ། སུ་འདྲ་ཞིག་ཡིན་རུང་ནོར་བ་འདུག་ན་ཐད་ཀར་བཏོན་དགོས་ལ། དེ་ནི་༸གོང་ས་མཆོག་གིས་བོད་མི་ཚོར་མ་རྩོད་གསོལ་རྩལ་གནང་བའི་མང་གཙོའི་དོན་གནད་གལ་ཆེ་ཞིག་ཡིན། ཁྱེད་རང་ལ་སེམས་དབུས་ནས་མངགས་བརྗོད་དང་ཡིད་རངས་ཡོད།

    Reply
  18. ཟླ་བ་ཚེ་རིང་། says:
    ལོ་ 15 སྔོན།

    དྲ་གྲོགས་གང་མང་ཞིག་གིས་དགོངས་ཚུལ་གནང་ནས་ད་ལྟ་ཀ་རྩོམ་འདིའི་གོ་རིམ་འཁྲིག་ཡོད་པའི་བརྡར་ཤ་ཆོད་སོང་། དེ་དག་ལ་ཐུགས་རྗེ་ཞུས་བ་ཡིན།

    བཀུར་འོས་ཆོས་ཚང་བཀྲིས་ལགས་ཀྱི་དགོངས་ཚུལ་ལ་གསལ་བཤད་ཅིག་ཞུ་བསམ་པ་བྱུང་། ཞི་རྒོལ་ཆེན་མོ་དང་། གྲོས་ཚོགས་གླེང་རྙོག ཡུལ་ཤུལ་ས་འགུལ་བཅས་ལ་དམིགས་པའི་རྩོམ་ཐུང་དང་ཟིན་བྲིས་གང་ཡང་སྤེལ་མེད། འདི་དག་གི་སྐོར་ལ་རྩོམ་ཡིག་སྤེལ་མཁན་ཧ་ལས་པའི་མང་པོ་རེད་ལ། དེ་དག་གི་བར་གསེང་དུ་འཚང་ནས་དམིགས་བསལ་བ་ཞིག་བཤད་རྒྱུ་ཡང་ཅང་མི་འདུག རྩ་བའི་འདི་དག་གལ་ཆེན་པོ་ཡིན་ནའང་ངས་གླེང་བའི་དོན་དག་རིགས་ཀྱང་མི་ཆེ་ན་མི་ཆུང་བར་འདོད་ཡོད།

    དྲང་བོ་བཤད་ན་མི་དགའ། རྒྱུག་པ་འཁྱེར་ན་ཁྱི་མི་དགའ། གཏམ་དཔེ་འདིའི་བསླབ་བྱ་མ་ཤེས་པ་མིན། དེ་བཞིན་ཐག་ཉེ་རིང་ནས་རང་ལ་སེམས་ཁུར་གནང་མཁན་གྱི་གྲོགས་པོ་གྲོགས་མོ་ཚོས་ཀྱང་རྩོམ་ཡིག་དང་ཟིན་བྲིས་སྤེལ་སྐབས་ཐད་ཀར་ཚོགས་སྡེ་དང་མི་སྒེར་གྱི་མིང་འདོན་པ་མི་ལེགས་པའི་དགོངས་ཚུལ་གཅིག་མིན་གཉིས་མིན་དུ་གནང་མྱོང་ཡོད། མི་སྒེར་རང་གི་སྤྱི་ཚོགས་འབྲེལ་ལམ་ལའང་བར་ཐག་དང་གོ་ལོག་བྱུང་དང་འབྱུང་གི་ཡོད་པའང་ཤེས་ཀི་ཡོད། ལྷག་པར་དུ་༼ ཏྰ་ལའི་བླ་མའི་ཡིག་ནོར། ༽ཞེས་པ་བྲིས་རྗེས་དངོས་ཤུགས་གང་རུང་དང་གཞུང་སྒེར་གཉིས་ཐད་ནས་གནོན་ཤུགས་གང་མང་སླེབས་མྱོང་། གནོན་ཤུགས་དེ་དག་གླེང་དགོས་བྱུང་ན་ང་ཚོའི་སྤྱི་ཚོགས་ནང་བཀུར་གཟོ་ཆེ་བའི་བླ་དཔོན་གང་མང་ཞིག་གི་མཚན་གནས་རྗེས་འབྲེལ་གྱི་སྣང་བརྙན་ལའང་དོ་ཕག་འབྱུང་སྲིད་པས་ངས་དེ་ལ་འགན་ཞིག་འཁུར་ཁུལ་གྱིས་དེ་སྐོར་འདི་ནས་མི་གླེང་། དེ་རིང་སྐུ་ཉིད་ལ་མཚོན་ནའང་རྩོམ་རྙིང་དེ་དག་གདོང་ལ་འཁྱེར་ནས་ནག་ཉེས་འཛུགས་བཞིན་དང་གནོན་ཤུགས་སྤྲོད་བཞིན་པ་འདི་རེད།

    སྨྱུག་མིང་འོག་བཀབ་ནས་དོན་དག་གླེང་བའམ། དངོས་མིང་བཀོད་ནས་སྤྱི་བམ་ཙམ་དང་། རྒྱུགས་པ་ལེབ་རྡུང་ལྟ་བའི་དོན་དག་གླེང་སྟངས་ལ་ངས་སྨྲ་བརྗོད་རང་དབང་གི་ཆེ་མཐོང་འདི་འབུལ་མི་ཐུབ། དགོས་གལ་ཡོད་པའམ་དངོས་ཡོད་ཡིན་ཚེ་ནོར་འཁྲུལ་ཤོར་མཁན་གྱི་ཚོགས་སྡེ་དང་མི་སྒེར་གྱི་མིང་གིས་བོས་ནས་སྐད་ཆ་བཤད་རྒྱུ་ནི་ཞེད་སྣང་འཚེར་སྣང་གིས་རྩ་འགོག་ཐུབ་པ་ཞིག་ཀྱང་མ་རེད། འདི་ངེས་ཤེས་ཤིག་གི་སྟེང་ནས་ཡིན་སྲིད་ལ། དྲིན་ཅན་ཕ་མས་གནང་བའི་རང་ཉིད་མི་སྒེར་གྱི་གཤིས་ཀའི་སྒང་ནས་ཀྱང་ཡིན་སྲིད། གང་ལྟར་༼ ཏྰ་ལའི་བླ་མའི་ཡིག་ནོར། ༽ཡིན་ན་རེད། དེ་རིང་གི་རྩོམ་ཐུང་འདི་ཡིན་ནའང་རེད། དེ་མིན་གང་ཡིན་ཡང་། རང་ངོས་ནས་དངོས་སུ་གང་མཐོང་ཞིང་མྱངས་པ་དེ་གསལ་བོ་བྱས་ནས་བྲིས་ཡོད་པ་ལས། དོན་མེད་སྐུ་མདུན་དང་སྐུ་སྒེར་ཡིག་ཚང་ལ་བསྐུར་འདེབས་བྱས་མེད་བསམ་ཡོད་ལ། སྤྱི་ཚོགས་སྟེང་བོད་མི་ཚོས་བཀུར་གཟོ་ཆེ་བའི་བཀའ་ཟུར་མཆོག་ལའང་ཟུར་མདའ་འཕངས་མེད། ཀ་རྩོམ་འདིའི་གོ་རིམ་སྒྲིག་ཀྱང་རྩོམ་ཡིག་ཡག་པོ་ཞིག་ཡིན་མིན་ང་ཙམ་མིན་པར་དྲ་གྲོགས་འགས་ཀྱང་གསུངས་པ་དེ་ག་རང་རེད། བསམ་བཞིན་ནག་ཉེས་བཀེལ་ནས་གནོན་ཤུགས་སྤྲོད་བསམ་ན་གང་དགའ་ཇི་དགེ་གནང་རོགས། ང་རང་ལ་ནི་ཁྱད་པར་གང་ཡང་མི་འདུག

    ཡིག་ནོར་དང་གཏེགས་ཡོད་ཚེ་གུ་ཡངས་གནང་རོགས།

    Reply
  19. གསར་བརྗེ་སྐྱབས། says:
    ལོ་ 15 སྔོན།

    ངས་ཀ་རྩོམ་འདི་ཚགས་ཤོག་སྟེང་དང་པོར་མཐོང་རྗེས་རང་ཉིད་ཀྱི་ཤེས་ཚད་ལ་ཐེ་ཚོམ་སྐྱེས་པ་ལས་རྩོམ་པ་པོར་དོགས་པ་བྱེད་ནུས་མེད་པར་གྱུར་ཡང་། དེ་རིང་འདིའི་ཐད་མཆན་གང་མང་ཞིག་ཡོད་པ་མཐོང་རྗེས་ངའི་སེམས་པར། རྩོམ་ཡིག་དང་། རྩོམ་པ་པོ། རྩོམ་པ་པོ་མཐུན་ཚོགས། རྩོམ་སྒྲིག་པ་བཅས་ལ་ང་རང་གི་ཤེས་ཚད་ལ་ཐེ་ཚོམ་སྐྱེས་པ་ལས་ལྷག་པའི་ཐེ་ཚོམ་ཆེན་པོ་ཞིག་བྱུང་། རྩོམ་ཡིག་འབྲི་བ་ནི་ཡི་གེ་སྒྲིག་སྦྱོར་གྱི་རྩེད་མོ་ཅིག་ཡིན་ནམ། རྩོམ་པ་པོར་རྒྱུ་དབང་སྙན་གྲགས་ཡོད་ཚེ་ཇི་ལྟར་བྲིས་ཀྱང་རྩོམ་ཡིག་ཡིན་དགོས་སམ། རྩོམ་པ་པོ་མཐུན་ཚོགས་ཀྱིས་རྩོམ་རིགས་ལ་འགན་འཁུར་བའི་གོ་རིམ་ཁྲོད་ཀ་རྩོམ་ཁྱིའི་རྔ་མར་བཏགས་ཀྱང་འགྲིག་པ་འདི་འདྲ་བྱུང་པར་རྩོམ་རིགས་ཚོགས་སྡེ་གཞན་དང་། བོད་ཕྱིའི་རྩོམ་རིགས་ལོ་རྒྱུས་ལ་འགྲེལ་བཤད་ཇི་ལྟར་བྱེད་རྒྱུ་ཡིན་ནམ། རྩོམ་སྒྲིག་པས་རྩོམ་གྱི་དོན་གནད་ཕར་ཞོགས་ཐ་ན་གོ་རིམ་སོགས་ལ་ཞུ་དག་ཙམ་བྱས་མེད་ན་རྩོམ་སྒྲིག་པ་ཚོས་ག་རེ་བྱེད་དགོས་སམ།

    Reply
  20. ཀླུ་མཁར་བྱམས། says:
    ལོ་ 15 སྔོན།

    ཟླ་ཚེས་ལགས་ཀྱིས་སྐུ་ངོ་རྣམ་པའི་བྲིས་པའི་ཀ་རྩོམ་གོ་གི་མེད་ཚོད་རེད། ང་སྐུ་ངོ་ཚོའི་གྲིབ་འོག་ནས་ལོ་འདི་ཙམ་ཞིག་བསྡད་ཀྱང་། ངས་སྐུ་ངོ་ཚོའི་ཀ་རྩོམ་ཕར་ཞོག སྤྱིར་སྐུ་ངོ་ཟེར་བ་འདི་མ་གཞི་ནས་གོ་ཐུབ་ཀྱི་མི་འདུག

    Reply
  21. མཚོ་ཚང་བཀྲིས། says:
    ལོ་ 15 སྔོན།

    ཟླ་བ་ཚེ་རིང༌ཁྱེད་རང་ལ་ས་བྱི་ཞི་རྒོལ་ཆེན་མོར་གདུང་སེམས་མཉམ་སྐྱེ་དང་སྐྱིད་སྡུག་མཉམ་མྱོང་གི་དཔྱད་རྩོམ་མི་འདུག་ལ། སྤྱི་འཐུས་ཀླད་མེད་ཚོས་ཕྱི་ནང་མགོ་མཇུག་སློག་སྐབས་ཀྱང་ཟུར་ཟའི་དཔྱད་རྩོམ་མི་འདུག ད་ལོ་བོད་མདོ་ཁམས་སྐྱེ་རྒུ་མདོར་ས་འགུལ་བྱུང་ནས་སྤུན་ཟླ་ཁྲི་སྟོང་མང་པོར་རྐྱེན་ངན་བར་ཆད་འཕྲད་སྐབས་ཀྱང་མྱ་ངན་གྱི་རྩོམ་དེ་བས་མི་འདུག འོན་ཀྱད་ཁྱེད་རང་ལ་ཡོད་པ་ནི་ལོ་ཤས་གོང་༸རྒྱ་བ་རིན་པོ་ཆེ་དང་སྐུ་སྒེར་ཡིག་ཚང་ལ་བཀུར་འདེབས་ཀྱི་རྩོམ། ད་རེས་ཡང་བསྐྱར་སྐྱབས་བཅོལ་བོད་མི་སྟོང་ཕྲག་མང་པོས་བཀུར་གཟོ་བྱེད་སའི་མི་ཞིག་ལ་ཟུར་མདའ་འཕེན་རྒྱུའི་རྩོམ་ཙམ་མོ། དུག་མདའ་ནང་ལ་འཁོར་བ་ངོ་མ་ཡ་མཚན་ནམ་ལྟས་ངན་རང་རེད།

    Reply
  22. ཀླུ་མཁར་བྱམས། says:
    ལོ་ 15 སྔོན།

    ཟླ་ཚེས་ལགས་ཀྱིས་སྐུ་ངོ་རྣམ་པའི་བྲིས་པའི་ཀ་རྩོམ་གོ་གི་མེད་ཚོད་རེད། ང་སྐུ་ངོ་ཚོའི་གྲིབ་འོག་ནས་ལོ་འདི་ཙམ་ཞིག་བསྡད་ཀྱང་། ངས་སྐུ་ངོ་ཚོའི་ཀ་རྩོམ་ཕར་ཞོག སྤྱིར་སྐུ་ངོ་ཟེར་བ་འདི་མ་གཞི་ནས་གོ་ཐུབ་ཀྱི་མི་འདུག

    Reply
  23. བདེ་ཆེན་སྒྲོལ་མ། says:
    ལོ་ 15 སྔོན།

    མ་གཞི་ནས་ཀ་རྩོམ་འདི་ལ་ཅིག་འགྲིག་མེད་ནོ་ཁོ་ཐག་རེད།

    Reply
  24. ཟླ་བ་གཞོན་ནུ། says:
    ལོ་ 15 སྔོན།

    ཀ་རྩོམ་འདི་གོ་རིམ་འགྲིག་པར་བཞག་ཀྱང་ནང་དོན་དང་སྡེབ་སྦྱོར་གྱི་ཆ་ལ་བཙན་ཚུགས་ཆེ་བར་འདོད།

    ང་རང་གིས་རྟག་པར་ཀ་རྩོམ་དང་མིང་སྦྱོར་སྒྲ་རྒྱན༼དགེ་རབ་ཀྱི་ཚིག༽སོགས་འབྲི་བ་ནི། རྣོ་སྐུད་སྟེང་གོམ་པ་བགྲོད་པའི་རྩེད་སྟོན་པ་ལྟར་འདོད་ཡོད། ཇི་ལྟར་རྩེད་སྟོན་པ་ཁོང་མ་ཡོ་མ་གསེག་མ་ལྷུང་བར་རྣོ་སྐུད་ཀྱི་སྟེང་མགོ་ནས་མཇུག་བར་དུ་འགྲོ་ཐུབ་ན་ཁོང་གི་ནུས་རྩལ་དང་གཟུགས་པོའི་ཡང་ཆའི་ཁྱད་ཆོས་བཟང་བོ་ཡིན་པ་སྟོན་ཐུབ་པར་མ་ཟད། གཅིག་ནས་དཀའ་ཚེགས་ཆེ་ལ་གཉིས་ནས་བསྒྲུབ་ཐུབ་ན་ནུས་ཚད་སྟོན་ཤུགས་ཆེ་བ་བཞིན། ཀ་རྩོམ་སོགས་ཀྱང་ཚིག་རྐང་གི་གོ་རིམ་སོགས་ཐོག་མ་ནས་ངེས་ཚར་བས་དེ་དང་སྦྲགས་ཏེ་རང་གི་གང་བརྗོད་འདོད་ཀྱི་དོན་དེ་སྙན་རྩོམ་སོགས་སུ་དོན་དང་ལྡན་པ་ཞིག ལྷོད་ཆགས་པོ་དང༌། བཅོས་མ་མིན་པའི་སྣང་བ་རེ་འཆར་དུ་འཇུག་ཐུབ་ན་རྩོམ་པ་པོའི་རྩོམ་གྱི་འཇུག་པ་ཡངས་པ་སྟོན་ཐུབ་པ་ཞིག་ཏུ་འདོད།
    དེ་མ་ཐུབ་ན་ཏ་སློབ་དཔོན་དབྱུག་པ་ཅན་གྱིས་གསུངས་པ་བཞིན། ༼སྦྱོར་པོ་བ་གླང་ཉིད་བརྗོད་བྱེད༎ ༽ཅེས་པ་ལྟར་རོ༎

    Reply
  25. ཟླ་བ་ཚེ་རིང་། says:
    ལོ་ 15 སྔོན།

    འོག་གི་འདི་ཚགས་པར་སྟེང་ཇི་ལྟར་བཀོད་པ་ལྟར་ཡིན།

    ཀ་བ་རིང་པོ་བཙུགས་པའི་ཀ་ཕན་ལ།།
    ག་ལེར་བསྟན་པའི་བསྟན་དོན་ག་ལ་པས།།
    ཅ་ག་བྱས་པའི་ནོར་གྱི་ཅ་ལག་མཛོད།།
    ཇ་རོར་ཉིད་ཁུ་ཕྱུང་རེའི་ཇ་མ་ལྟར།།
    ཏ་ལའི་འདབ་མ་ཡངས་པའི་ཏ་ལ་ལ།།
    ད་ལོའི་ལོ་ཐོག་ལེགས་པའི་དར་ལྕེ་འདི།།
    པ་ཊ་ལེགས་པའི་ཤིང་གི་པ་ཊ་དེར།།
    བ་ལང་བདག་པོ་དགྱེས་པའི་བ་དན་ལྟར།།
    ཙ་རིའི་གནས་ཆེན་ལས་བྱུང་ཙ་རིའི་ཤིང་།།
    ཛ་དྲག་གདུང་བ་སེལ་བར་ད་ཡན་དུ།།
    ཞྭ་ལྟར་འཁྱིལ་བའི་གདུགས་མཛེས་ཞྭ་སེར་ལ།།
    འ་འུར་ང་རོ་འབྱིན་པ་འ་ཅག་གི།
    རྭ་ཅན་མགོ་བོ་ཟིང་བའི་རྭ་རྩེ་ལ།།
    ཤ་བའི་རྒྱན་བཟང་མཛེས་པ་ཤ་སྟག་གིས།།
    ཧ་ཅང་སྙིང་བོ་མེད་པའི་ཧ་ལོ་ལྟར།།
    དྲན་གང་བྲིས་སུག་རིས་གང་བྱུང་འདི།།
    ཁ་བཏགས་དར་དཀར་བརྐྱངས་པའི་ཁ་རིས་ཀྱིས།།
    ང་ལ་ཤིས་པའི་དགེ་མཚན་ང་ཡིས་བཟུང་།།
    ཆ་ཤས་ཙམ་ཡང་མི་གཏོང་ཆ་ལུགས་འདི།།
    ཉ་ཤ་སྐམ་པོར་རེ་བའི་ཉ་ཕྱིས་ལགས།།
    ཐ་མལ་འབྲས་བུས་སྟོང་པ་ཐ་མས་དབེན།།
    ན་བཟང་བུ་མོས་སྒྲོན་པའི་ན་མོའི་རྒྱན།།
    མ་ལུས་ཡོངས་ཀྱིས་བཀུར་བའི་མ་ཟླུམ་འཚེར།།
    ཚ་ཟེར་འཇོམས་པའི་གྲིབ་བསིལ་ཚ་གདུང་གི།
    ཝ་ལེར་ཐོན་པའི་གྲིབ་བསིལ་ཝ་ལྟར་འཁྱུག།
    ཟ་འོག་གོས་བཟང་ཀླུབ་པའི་ཟ་བྱེད་ཀྱིས།།
    ཡ་བཤའ་ཤོར་བའི་ཚུལ་འདི་ཡ་མ་རླ།།
    ལ་འུར་སྒྲོག་པའི་ཁ་དཀར་ལ་བའི་དར།།
    ས་ལ་མྱུར་སྟབས་རྒྱུ་བ་ས་ཡི་རྒྱན།།
    ཙི་ཀུ་རེ་ཞུས་པར་ཨ་དོན་དབེན།།
    གང་དག་བཤད་གད་ཤོར་ལ་གང་དགའ་མཛོད།།
    ཁང་གསར་ལགས་དང་ལུང་རིགས་གཉིས་ཀྱི་གསུང་སྟངས་ལ་ལྟོས་ན་བཀའ་ཟུར་མཆོག་གི་མ་རྩོམ་འདི་ལྟར་ཡིན་སྲིད་ལ། རྩོམ་སྒྲིག་པས་གསར་ཤོག་སྟེང་འགོད་སྐབས་གཏེགས་ནོར་བྱུང་བ་ཡིན་སྲིད། དཔེ་མཚོན་གཤམ་གྱི་འདི་ཡིན།
    ཀ་བ་རིང་པོ་བཙུགས་པའི་ཀ་ཕན་ལ།། ཁ་བཏགས་དར་དཀར་བརྐྱངས་པའི་ཁ་རིས་ཀྱིས།།
    ག་ལེར་བསྟན་པའི་བསྟན་དོན་ག་ལ་པས།། ང་ལ་ཤིས་པའི་དགེ་མཚན་ང་ཡིས་བཟུང་།།

    ཅ་ག་བྱས་པའི་ནོར་གྱི་ཅ་ལག་མཛོད།། ཆ་ཤས་ཙམ་ཡང་མི་གཏོང་ཆ་ལུགས་འདི།།
    ཇ་རོར་ཉིད་ཁུ་ཕྱུང་རེའི་ཇ་མ་ལྟར།། ཉ་ཤ་སྐམ་པོར་རེ་བའི་ཉ་ཕྱིས་ལགས།།

    ཏ་ལའི་འདབ་མ་ཡངས་པའི་ཏ་ལ་ལ།། ཐ་མལ་འབྲས་བུས་སྟོང་པ་ཐ་མས་དབེན།།
    ད་ལོའི་ལོ་ཐོག་ལེགས་པའི་དར་ལྕེ་འདི།། ན་བཟང་བུ་མོས་སྒྲོན་པའི་ན་མོའི་རྒྱན།།

    པ་ཊ་ལེགས་པའི་ཤིང་གི་པ་ཊ་དེར།། xxxxxxxxxxx
    བ་ལང་བདག་པོ་དགྱེས་པའི་བ་དན་ལྟར།། མ་ལུས་ཡོངས་ཀྱིས་བཀུར་བའི་མ་ཟླུམ་འཚེར།།

    ཙ་རིའི་གནས་ཆེན་ལས་བྱུང་ཙ་རིའི་ཤིང་།། ཚ་ཟེར་འཇོམས་པའི་གྲིབ་བསིལ་ཚ་གདུང་གི།
    ཛ་དྲག་གདུང་བ་སེལ་བར་ད་ཡན་དུ།། ཝ་ལེར་ཐོན་པའི་གྲིབ་བསིལ་ཝ་ལྟར་འཁྱུག།

    ཞྭ་ལྟར་འཁྱིལ་བའི་གདུགས་མཛེས་ཞྭ་སེར་ལ།། ཟ་འོག་གོས་བཟང་ཀླུབ་པའི་ཟ་བྱེད་ཀྱིས།།
    འ་འུར་ང་རོ་འབྱིན་པ་འ་ཅག་གི། ཡ་བཤའ་ཤོར་བའི་ཚུལ་འདི་ཡ་མ་རླ།།

    རྭ་ཅན་མགོ་བོ་ཟིང་བའི་རྭ་རྩེ་ལ།། ལ་འུར་སྒྲོག་པའི་ཁ་དཀར་ལ་བའི་དར།།
    ཤ་བའི་རྒྱན་བཟང་མཛེས་པ་ཤ་སྟག་གིས།། ས་ལ་མྱུར་སྟབས་རྒྱུ་བ་ས་ཡི་རྒྱན།།

    ཧ་ཅང་སྙིང་བོ་མེད་པའི་ཧ་ལོ་ལྟར།། ཨ་ཙི་ཀུ་རེ་ཞུས་པར་ཨ་དོན་དབེན།།
    གང་དྲན་གང་བྲིས་སུག་རིས་གང་བྱུང་འདི།། གང་དག་བཤད་གད་ཤོར་ལ་གང་དགའ་མཛོད།།
    དེ་ལྟར་ཀྱང་ཀ་སྡེ་དང་ཅ་སྡེ་སོགས་རེ་འགའ་ལ་གོ་དོན་ཞིག་ལོན་ནའང་། གཞན་འགའ་ལ་ད་དུང་གོ་བ་ལོན་ཁག་སེ་འདུག་ཐོག རྩོམ་ཡིག་སྤྱི་ཁོག་གི་བརྗོད་བྱ་ནི་དེ་བས་ཀྱང་འདི་རེད་ཟེར་བ་མི་འདུག་སྙམ། དགོངས་འཆར་གནང་རོགས།

    Reply
  26. བསྟན་འཛིན་ཚེ་དཔག says:
    ལོ་ 15 སྔོན།

    ཀ་རྩོམ་འདི་ནི། འབྲི་མཁན་གྱིས་མ་འགྲིག་པ་གང་ཡང་མ་རེད། འགོད་མཁན་ཚགས་པར་གྱི་རྩོམ་སྒྲིག་པས་འགོད་ནོར་དེ་ལྟར་བྱས་པ་ཞིག་ཡིན་འདུག འགོད་ནོར་དེ་ཡང༌། ཤོག་ངོས་གཅིག་དུམ་བུ་གཉིས་སུ་བྱས་པའི་གཡས་ནས་མགོ་བཙུགས་ཏེ་གཡོན་དུ་བཀོད་ཡོད་པ་ཞིག གཡས་ཀྱི་ཡིག་ཕྲེང་གི་མཇུག་དེ་གཡོན་གྱི་ཡིག་ཕྲེང་ལ་མཐུད་ནས་གློག་ཀླད་ནང་བཀོད་པས་མ་འགྲིག་པ་ཡིན་རྒྱུ་རེད་དྲན། ཟླ་འདིའི་སྤྱི་ཚོགས་མེ་ལོང་འདོན་ཐེངས་ནང༌། ཀ་རྩོམ་དེ་འགོད་ནོར་བྱས་འདུག་པར་དགོངས་དག་ཞུ་ཡུལ་ན་བཞུགས་པའི་རྩོམ་པ་པོ་དང་ཀློག་མཁན་ཡོངས་ལ་དགོངས་དག་ཟེར་བ་ཞིག་བཀོད་འདུག་པ་མཐོང་སོང༌། སྤྱི་ཚོགས་མེ་ལོང་སྟེང་བསྐྱར་འགོད་བྱས་ཏེ་ཡོད་པ་ནི། ད་ལྟ་ལུང་རིགས་ལགས་ཀྱིས་བསྐྱར་འགོད་བྱས་འདུག་པ་འདི་ལྟར་འདུག་གོ།

    Reply
  27. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ཀ་བ་རིང་པོ་བཙུགས་པའི་ཀ་ཕན་ལ།།
    ཁ་བཏགས་དར་དཀར་བརྐྱངས་པའི་ཁ་རིས་ཀྱིས།།
    ག་ལེར་བསྟན་པའི་བསྟན་དོན་ག་ལ་པས།།
    ང་ལ་ཤིས་པའི་དགེ་མཚན་ང་ཡིས་བཟུང་།།

    ཅ་ག་བྱས་པའི་ནོར་གྱི་ཅ་ལག་མཛོད།།
    ཆ་ཤས་ཙམ་ཡང་མི་གཏོང་ཆ་ལུགས་འདི།།
    ཇ་རོར་ཉིད་ཁུ་ཕྱུང་རེའི་ཇ་མ་ལྟར།།
    ཉ་ཤ་སྐམ་པོར་རེ་བའི་ཉ་ཕྱིས་ལགས།།

    ཏ་ལའི་འདབ་མ་ཡངས་པའི་ཏ་ལ་ལ།།
    ཐ་མལ་འབྲས་བུས་སྟོང་པ་ཐ་མས་དབེན།།
    ད་ལོའི་ལོ་ཐོག་ལེགས་པའི་དར་ལྕེ་འདི།།
    ན་བཟང་བུ་མོས་སྒྲོན་པའི་ན་མོའི་རྒྱན།།

    པ་ཊ་ལེགས་པའི་ཤིང་གི་པ་ཊ་དེར།།
    ༼ཕ་ཡིག་ལས་བྲིས་པའི་རྐང་བ་ཆད་འདུག༽
    བ་ལང་བདག་པོ་དགྱེས་པའི་བ་དན་ལྟར།།
    མ་ལུས་ཡོངས་ཀྱིས་བཀུར་བའི་མ་ཟླུམ་འཚེར།།

    ཙ་རིའི་གནས་ཆེན་ལས་བྱུང་ཙ་རིའི་ཤིང་།།
    ཚ་ཟེར་འཇོམས་པའི་གྲིབ་བསིལ་ཚ་གདུང་གི།
    ཛ་དྲག་གདུང་བ་སེལ་བར་ད་ཡན་དུ།།
    ཝ་ལེར་ཐོན་པའི་གྲིབ་བསིལ་ཝ་ལྟར་འཁྱུག།

    ཞྭ་ལྟར་འཁྱིལ་བའི་གདུགས་མཛེས་ཞྭ་སེར་ལ།།
    ཟ་འོག་གོས་བཟང་ཀླུབ་པའི་ཟ་བྱེད་ཀྱིས།།
    འ་འུར་ང་རོ་འབྱིན་པ་འ་ཅག་གི།
    ཡ་བཤའ་ཤོར་བའི་ཚུལ་འདི་ཡ་མ་རླ།།

    རྭ་ཅན་མགོ་བོ་ཟིང་བའི་རྭ་རྩེ་ལ།།
    ལ་འུར་སྒྲོག་པའི་ཁ་དཀར་ལ་བའི་དར།།
    ཤ་བའི་རྒྱན་བཟང་མཛེས་པ་ཤ་སྟག་གིས།།
    ས་ལ་མྱུར་སྟབས་རྒྱུ་བ་ས་ཡི་རྒྱན།།
    ཧ་ཅང་སྙིང་བོ་མེད་པའི་ཧ་ལོ་ལྟར།།
    ཨ་ཙི་ཀུ་རེ་ཞུས་པར་ཨ་དོན་དབེན།།
    གང་དྲན་གང་བྲིས་སུག་རིས་གང་བྱུང་འདི།།
    གང་དག་བཤད་གད་ཤོར་ལ་གང་དགའ་མཛོད།།

    ད་གོ་རྒྱུ་འདྲ་འདུག་གམ། སྤྱི་ཚོགས་མེ་ལོང་རྩོམ་སྒྲིག་པའི་ཇུས་འགོད་སྐབས་ནོར་འཁྲུལ་ཤོར་བ་ཡིན་པར་སྣང་།

    Reply
  28. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ཁང་གསར་ལགས་ཀྱིས་བཤད་པ་འདི་བདེན་པར་སྣང་། དེའི་ཁུངས་གསལ་ཤོས་དེ་ཙ་སྡེ་ནས་ཤེས་ཐུབ་གི། ༼ཙ་རིའི་གནས་ཆེན་ལས་བྱུང་ཙ་རིའི་ཤིང་།།
    ཚ་ཟེར་འཇོམས་པའི་གྲིབ་བསིལ་ཚ་གདུང་གི།
    ཛ་དྲག་གདུང་བ་སེལ་བར་ད་ཡན་དུ།།
    ཝ་ལེར་ཐོན་པའི་གྲིབ་བསིལ་ཝ་ལྟར་འཁྱུག།༽ཅེས་པ་ནས་གསལ་བོར་གྱུར་འདུག

    Reply
  29. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    སྙན་རྩོམ་འདིར་བལྟས་པ་ཙམ་གྱིས། སྒྲིག་སྟངས་འཁྲུག་པ་ཤེས་ཐུབ། དེ་ཡང་རྩོམ་སྒྲིག་པའི་སྐྱོན་དུ་ངེས། དོན་ངོ་མར་འདི་ལྟར་ཡིན་ས་རེད།
    ཀ་བ་རིང་པོ་བཙུགས་པའི་ཀ་ཕན་ལ།། ཁ་བཏགས་དར་དཀར་བརྐྱངས་པའི་ཁ་རིས་ཀྱིས།། ག་ལེར་བསྟན་པའི་བསྟན་དོན་ག་ལ་པས། །ང་ལ་ཤིས་པའི་དགེ་མཚན་ང་ཡིས་བཟུང་།།
    ཅ་ག་བྱས་པའི་ནོར་གྱི་ཅ་ལག་མཛོད།། ཆ་ཤས་ཙམ་ཡང་མི་གཏོང་ཆ་ལུགས་འདི།། ཇ་རོར་ཉིང་ཁུ་ཕྱུང་རེའི་ཇ་མ་ལྟར།། ཉ་ཤ་སྐམ་པོར་རེ་བའི་ཉ་ཕྱིས་ལགས།།
    ཏ་ལའི་འདབ་མ་ཡངས་པའི་ཏ་ལ་ལ།། ཐ་མལ་འབྲས་བུས་སྟོང་པ་ཐ་མས་དབེན།། ད་ལོའི་ལོ་ཐོག་ལེགས་པའི་དར་ལྕེ་འདི།། ན་བཟང་བུ་མོས་སྒྲོན་པའི་ན་མོའི་རྒྱན།།

    ཞེས་བསྒྲིགས་དགོས་སྙམ། མ་དཔེ་མ་མཐོང་སྟབས་ཚགས་ཤོག་ནང་ཡང་སྙིང་ཇི་ལྟར་བཀོད་ཡོད་མེད་མ་ཤེས། གོང་དུ་བཀོད་པ་དེ་ལ་བལྟས་ན། ཡིག་ནོར་དང་ཆད་ལྷག་མང་ཙམ་འདུག་སྙམ།

    Reply
  30. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ཁོང་གིས་རྟགས་འཇུག་གི། ཀ་ཅ་ཏ་པ་ཙ་རྣམས་ཕོ། ཁ་ཆ་ཐ་ཕ་ཚ་མ་ནིང་ཞེས་པ་ལྟར་སྒྲིག་ནས་བྲིས་པ་རེད།

    Reply
  31. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ཁོང་གིས་ང་ཚོར་སྐུ་རྩེད་གནང་བ་རེད། སྙན་ངག་འབྲི་མཁན་གཞན་པ་དག་ལའང་གོ་བརྡ་ཞིག་སྤྲད་པ་རེད། དཔེར་ན། ཁོང་གིས་ང་ཚོར་སྙན་ངག་འདི་ལ་གོ་རྒྱུ་འདྲ་འདུག་གམ། མི་འདུག་ན་ཁྱོད་ཚོས་དེང་སྐབས་ཤོག་ངོས་དང་དྲ་ངོས་ན་ཀློག་བཞིན་པའི་སྙན་ངག་ཐམས་ཅད་འདི་འདྲ་བ་རྐྱང་རེད་ཅེས་གསུངས་པ་ཡིན་སྲིད།

    དེ་བཞིན་དུ། འདི་ནི་ཀ་རྩོམ་ངོ་མ་ཞིག་ཀྱང་མ་རེད། མགོ་རྔ་དང་ནང་དོན་མེད་པའམ། ཧ་ཅང་གོ་དཀའ་བའི་ཚུལ་དུ་བྲིས་པ་འདི་ནི་རྐང་བཙུགས་ནས་བྲིས་པ་རེད་མ་གཏོགས། ཁོང་གི་ཤེས་ཡོན་གྱི་ཚད་གཞི་ནི་འདི་ལྟ་བུ་ཞིག་ག་ལ་ཡིན། ལྷག་པར་དུ་ཁོང་ནི་སྲོལ་རྒྱུན་སྙན་ངག་ལ་ཧ་ཅང་དགའ་མཁན་ཞིག་ཀྱང་ཡིན། མ་མཐའ་ཡང་། རྩོམ་གྱི་སྤྱི་ཁོག་གི་ནང་དོན་དེ་གསལ་བོར་སྟོན་མི་ཐུབ་མཁན་ཞིག་མིན་པ་ཚང་མས་ཤེས་གི་རེད།

    དེས་ན། ཚིགས་བཅད་དུ་བྲིས་པའི་རྩོམ་འདིས་དོན་ངོ་མར་སུ་ཞིག་ལ་ཤགས་རྒྱག་གི་ཡོད་པ་རེད་དམ།

    Reply
  32. ཟླ་བ་ཚེ་རིང་། says:
    ལོ་ 15 སྔོན།

    བློ་བཟང་རྒྱལ་ཀུན་གྱི་ཡབ་གཅིག་བུ།།
    མཁས་གྲུབ་དམ་པ་ཡོངས་ཀྱི་སྙན་བརྒྱུད་ཅན།།
    རྒྱ་མཚོ་ལྟ་བུའི་ཟབ་ཡངས་ཐུགས་མངའ་བ།།
    ལྰ་མོ་ཡོངས་འཛིན་ཀུན་གྱི་གཙུག་གི་རྒྱན།།
    གོང་གི་ཚིགས་བཅད་འདི་ང་རང་ལོ་བཅོ་ལྔ་བཅུ་དྲུག་ཙམ་ལ་རང་གི་རྩ་བའི་བླ་མ་ལྰ་མོ་ཡོངས་འཛིན་མཆོག་ལ་བསྟོད་པ་ཞིག་འབྲི་འདོད་ཀྱིས་ཀུན་ནས་བསླངས་ཏེ་བྲིས་པ་ཡིན། རང་གི་ཚིགས་བཅད་ཐེངས་དང་པོ་དེ་ཡིན་སྟབས་ད་དུང་དྲན་ལམ་ན་གསལ་བོ་འདུག ངས་བསྟོད་ཚིག་འདི་འབྲི་སྐབས་ཞལ་འདོན་དང་བསྟོན་ཚོགས་ལས་མིང་ཚིག་གང་ཡག་དང་གང་སྙན་དག་བཙལ་ནས་ཡོང་བ་ཡིན། བྲིས་ནས་བསུབ། བསུབ་ནས་ཡང་བསྐྱར་བྲིས། ཐ་མ་དེར་རང་གི་བརྩོན་པ་ལྟར་ཁོང་གི་མཚན་བློ་བཟང་མཁས་གྲུབ་རྒྱ་མཚོ་ཞེས་པ་དེ་ཚིགས་བཅད་འདིའི་ནང་ཡོངས་སུ་སླེབས་པ་ཞིག་བཟོ་ཐུབ་སོང་། སྐབས་དུ་དུས་ཡིན་ན་འདྲ། དུས་ད་ལྟ་ཡིན་ནའང་འདྲ། ཚིགས་བཅད་འདིའི་ནང་ངས་གཞན་ལ་གོ་བ་ལོན་པའི་དོན་དག་གང་རུང་བཤད་མེད་པ་དེ་གསལ་བོ་ཡིན། གོང་གི་ཀ་རྩོམ་འདི་ཡང་དེ་ལས་གཞན་དུ་འདའ་མེད་པ་དྲ་གྲོགས་ཚོའི་དགོངས་ཚུལ་ལས་ཤེས་ཐུབ།

    དོར་ཞི་རྒྱ་མཚོའི་༼ བོད་ཀྱི་རིག་གཞུང་གི་ཕྱུག་ཚད། ༽ནོར་གླིང་ནས་ཁྱིའི་རྔ་མར་བཏགས་པ་རེད། ད་བྱས་དུས་ང་ཚོས་དོ་སྣང་མ་བྱུང་བ་རེད་མ་གཏོགས་བཙན་བྱོལ་ནང་ཁྱིའི་རྔ་མ་ལ་འདོགས་འོས་པའི་རྩོམ་ཡིག་དང་བརྩམས་ཆོས་གང་མང་ཞིག་ཡོད་ས་རེད། དེ་དག་རེ་རེ་བཞིན་ཁྱི་རྔ་ལ་འདོགས་དགོས་མེད་ནའང་རླབས་ཆེན་ལྟ་བུར་བརྩི་ནས་མཐོ་སར་འཇོག་དོན་མི་འདུག་སྙམ།

    གོ་དོན་གང་ཡང་མེད་པའི་ཀ་རྩོམ་འདི་སྤྱི་ཚོགས་མེ་ལོང་སྟེང་བཀོད་པ་རེད། འདི་འགོད་དགོས་པའི་རྒྱུ་མཚན་ངས་ཤེས་མ་སོང་། སྤྱི་ཚོགས་མེ་ལོང་ཡར་རྒྱས་ལ་འགྲོ་མི་ཐུབ་ནའང་འདི་ལྟར་དམའ་འབེབ་དོན་མི་འདུག་འདོད། རྩོམ་སྒྲིག་པ་ཚོས་རྒྱ་ཆེའི་རྩོམ་པ་པོ་རྣམས་ཀྱི་མཚན་མཐོང་ལ་འགན་ཞིག་མི་འཁུར་ནའང་། མཐུན་ཚོགས་དང་ཚགས་ཤོག་གི་མཚན་མཐོང་ལ་འགན་ཞིག་འཁུར་དགོས་པར་འདོད་ལ། ནང་དགོས་སུ་རང་གི་ལས་གནས་ལའང་དོན་དམ་གྱི་འགན་ཞིག་འཁུར་དགོས་པར་འདོད། འདི་ངས་རྩོམ་ཐུང་འདི་འབྲི་སྐབས་བསམ་བློ་གཏོང་ཚོད་མི་ཐུག་པའི་ཚོར་བ་ཡོང་གཞི་དེ་ཡིན།

    སྤྱི་ཚོགས་ཀྱི་སྣང་ཚུལ་སྐྱོ་བོ་ཟེར་ན་འདི་འདྲ་ཞིག་ལ་གོ་དགོས་པ་མིན་འགྲོ།

    Reply
  33. གནམ་ལྕགས། says:
    ལོ་ 15 སྔོན།

    མ་གཞི་《བོད་ཀྱི་རིག་གཞུང་གི་ཕྱུག་ཚད》འབྲི་མཁན་དོར་ཤུལ་རྒྱ་མཚོ་ཞུ་བ་དེ་ཡང་ནོར་གླིང་ནས་འཚར་ལོངས་བྱུང་བ་ཞིག་མ་རེད་དམ་ཨ། དངོས་ཟླ་བ་ཚེ་རིང་ལ་ཁག་མི་འདུག ཧྤ་རན་སི་ན་འདྲི་སའི་མཁས་དབང་དང་བལྟ་སའི་ཚིག་མཛོད་སོགས་མེད་པར་གོ་བ་མི་ལོན་པར་ཆ་ཞོགས། ངས་རྡ་ས་ནས་ཀྱང་མཁས་དབང་ཚོར་དྲིས། ཚིག་མཛོད་དག་བཀླགས། གཞོན་པ་དག་དང་གླེང་ཡང་ད་དུང་གོ་དོན་རྙེད་ཁག་པོ་འདུག

    Reply
  34. ཤ་ཀླན་འཇམ་དབྱངས་གྲགས་པ། says:
    ལོ་ 15 སྔོན།

    ༼ཨ་ཙི་ཀུ་རེ་ཞུས་པར་ཨ་དོན་དབེན།།
    གང་དག་བཤད་གད་ཤོར་ལ་གང་དགའ་མཛོད།།༽ཅེས་པ་འདིས་ཀ་རྩོམ་འདི་ཡོངས་སུ་འགྲེལ་ཟིན་འདུག ནམ་རྒྱུན་ང་ཚོའི་མཁས་དབང་ཚོས་༼དོན་དབེན་༽དང་༼བཞད་གད་ཀྱི་རྒྱུར་འགྱུར་སྲིད༽ཅེས་པ་སོགས་ཁེངས་སྐྱུང་གི་ཚུལ་དུ་གསུང་སྲོལ་ཡོད་ཀྱང་། ཀ་རྩོམ་འདིས་རྩོམ་པ་པོས་དེ་ལྟར་མིན་པར་དངོས་སུ་གསུངས་པ་ཡིན་ས་རེད། ཀུ་རེ་ཡིན།

    Reply
  35. མགོ་རུལ། says:
    ལོ་ 15 སྔོན།

    མྱི་ལྡང་། ཀ་རྩོམ་འདི་ནི་ཆེས་གནའ་བོའི་བོད་ཀྱི་གཏེར་ཡིག་དེ་དག་གི་གྲས་ཀྱི་གཅིག་རེད། ངས་འདི་གཞི་ལ་བཞག་ནས་བོད་ཀྱི་འདས་མ་ད་གསུམ་གྱི་སྐོར་ལ་པོད་རྒན་འཇིགས་སུ་རུང་བ་ཞིག་འབྲི་ཐུབ་ན་ཡང་ལོ་ཤས་རིང་མི་ཁོམ་གི་ཡ། ཀ་རྩོམ་འདི་ནི་ཤོག་སེར་བཞིན། །བརྗོད་དོན་ཁྲི་ཕྲག་ཁོག་ཏུ་ཉར། །ཀ་རྩོམ་གཏེར་གྱི་ཤོག་སེར་མཁན། །གཏེར་སྟོན་སྐལ་བཟང་གླིང་པའོ།།

    Reply
  36. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཉེ་འཁོར་འདི་བོད་ཀྱི་རིག་གཞུང་གི་ཕྱོགས་ནས་དོན་དག་མང་པོ་འབུད་ས་ཞིག་རེད་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese