་་་་་་་་་ རྒྱལ་རོང་གི་ ༡༧༧༥ དང་ ༢༠༠༨ ལོའི་ལོ་རྒྱུས་ཀྱི་སྒུལ་ཤུགས།
རང་བྱུང་གནོད་འཚེའི་སྐོར་གྱི་གསར་འགྱུར་སྤེལ་སྐབས་ཆེས་ཆ་རྐྱེན་ཐོག་མ་ནི་ས་ཁུལ་དེའི་མིང་མ་ནོར་བར་འདོན་རྒྱུ་དེ་ཡིན་པར་འདོད་ལ། དམིགས་བསལ་ས་འགུལ་བྱུང་བའི་སྐབས་ཆུ་ལོག་དང་རླུང་འཚུབ་ཀྱི་འཇིགས་པ་དང་མི་འདྲ་བར་ས་ཁུལ་ལྟེ་བ་ངོས་འཛིན་བྱེད་ཐུབ་པས་སོ།།
ནེའུ་ཡོག་དུས་བབ་དང་ BBC དང་། CNN སོགས་ཀྱིས་དང་ཐོག་ཉེ་ལམ་བྱུང་བའི་སྐྱེ་རྒུ་མདོའི་གོད་ཆག་གི་སྐོར་ལ་གསར་འགྱུར་འགོད་སྐབས། “རྒྱ་ནག་གི་ནུབ་རྒྱུད་”དུ་ཞེས་བཀོད་ཡོད། རྗེས་སུ་བོད་ཀྱི་གྲྭ་བ་བརྒྱ་ཕྲག་མང་པོ་མྱུར་སྐྱོབ་དང་རོགས་རམ་བྱེད་པའི་ལས་ལ་ཞུགས་དུས་གྲོང་རྡུལ་དེའི་བོད་མིང་དང་ས་ཁུལ་དེའི་བོད་པའི་ངོ་རྟགས་ཀྱང་གཞི་ནས་ཕྱིར་ཐོན་པ་རེད།
བོད་པ་དང་འབྲེལ་བའི་གནད་དོན་མང་པོ་ཞིག་རྗེད་སླ་བའི་ནད་ཚ་ཞིག་གང་སར་ཁྱབ་ཡོད་པ་དང་། འདི་ནི་བོད་པའི་གྲོང་དང་གྲོང་ཁྱེར། གལ་ཆེའི་ས་ཁུལ་ཡོད་ཚད་ལ་མིང་བསྐྱར་འདོགས་བྱེད་པ་དང་། ཡི་གེའི་དག་ཆ་ཕེན་ཡེན་དུ་སྒྱུར་བའི་རྒྱ་ནག་གི་སྲིད་བྱུས་ལས་བྱུང་བའི་མཇུག་འབྲས་ཤིག་ཡིན་པ་སྨྲོས་མེད་ཡིན་ཞིང་། ཡུན་གྱིས་བོད་པའི་ལོ་རྒྱུས་དང་རིག་གཞུང་གི་ངོ་རྟགས་ཡོད་ཚད་བོད་ཀྱི་ས་ཁུལ་ནས་རྩ་མེད་བཟོ་ཕྱིར་རྒྱ་ནག་གཞུང་གིས་ཆར་གཞི་ལྡན་པའི་ངང་བོད་པ་རྣམས་གནས་སྤོར་དུ་འཇུག་པ་དང་ས་ཁྲ་ཡང་བསྐྱར་བཟོ་བྱས་ཏེ་ས་ཁུལ་དེ་དག་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་མངོན་དུ་འཇུག་གི་ཡོད་མ་ཟད། ལེན་རེར་བོད་པ་འདུས་སྡོད་ཀྱི་ས་ཁུལ་འདི་དག་མི་མེད་བྱང་ཐང་ཡིན་པ་དང་ད་ལྟ་རྒྱ་ནག་གཞུང་གིས་གཞི་ནས་འཛུགས་སྐྲུན་བྱེད་ཀྱིན་ཡོད་པའི་ཚུལ་སྟོན་བཞིན་ཡོད།
༢༠༠༨ ས་འགུལ་གོད་ཆག་ཆེན་པོ་དེར་ཡང་ནད་ཚ་འདིའི་ཤུགས་རྐྱེན་ཐེབས་ཡོད་ལ། མི་ཚང་མས་དེ་ལ་སི་ཁྲོན་གྱི་ས་འགུལ་ཆེ་མོ་ཞེས་བོས་པ་མ་ཟད་བོད་པ་ཁ་ཤས་ཀྱིས་ཀྱང་དེ་ལྟ་འབོད་བཞིན་འདུག སི་ཁྲོན་དུ་ཡོད་པའི་རྒྱ་ནག་གི་གྲོང་ཁྱེར་དུ་ཅིང་ཡན་ཞེས་པར་རྒྱ་ནག་དང་ནུབ་ཕྱོགས་པའི་གསར་འགོད་པ་རྣམས་ཀྱི་དོ་སྣང་ཆེ་ཆེར་ཐོབ་ཡོད་པ་དང་དེ་ནི་ས་ཁུལ་དེ་རུ་མིའི་ཚེ་སྲོག་མང་ཤོས་ཤོར་བས་རེད་མོད། འོན་ཀྱང་། ཤེས་དགོས་པ་ཞིག་ནི་ས་འགུལ་ཀྱི་ནུས་པ་གཅིག་པས་མི་མང་ཁྲི་ཕྲག་གི་ཚེ་སྲོག་ཕྲོགས་པ་མིན་ལ། སྤོས་ཚད་མ་ལོངས་པའི་ཁང་པ་རྣམས་ཀྱིས་བློ་ཡུལ་ལས་འདས་པའི་མི་གྲངས་དེ་འདྲ་བ་ཞིག་རྐྱེན་ལམ་དུ་བཏང་བ་རེད། ས་འགུལ་དེའི་ཤུགས་ཆེ་ཤོས་ནུབ་རྒྱུད་དུ་ཆགས་པའི་བོད་ཀྱི་ས་ཁུལ་ལ་ཐེབས་ཡོད།
དོན་དངོས་སུ་ས་འགུལ་དེ་ལྟེ་བ་རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་ལུང་དགུ་རྫོང་དུ་ཐེབས་ཡོད་པ་དང་ས་གནས་དེའི་མཐའ་འཁོར་དུ་ཡོད་པའི་འབྲུག་ཆུ་རྫོང་དང་རོང་བྲག་རྫོང་སོགས་ལ་ཡང་གནོད་སྐྱོན་ཐེབས་ཡོད། རྔ་བ་ཁུལ་གྱི་མངའ་འོག་ཏུ་ཡོད་པའི་གཟི་ཚ་སྡེ་དགུར་རྒྱ་ནག་གཞུང་གིས་ཆེད་དུ་བཙུགས་པའི་དོམ་ཁྲའི་གླིང་ཀ་ལ་ཡང་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད། གཟི་ཚ་སྡེ་དགུ་རུ་གནས་སྡོད་བྱེད་མཁན་ནི་བོད་པ་ཡིན་ལ། འདི་ནི་རྒྱ་ནག་ནང་དུ་ཡོད་པའི་རི་དྭགས་མང་ཆེ་བ་གོང་ཀྲོའུ་དང་ས་ཆ་གཞན་གྱི་ཕྱི་རྒྱལ་གྱི་ཤའི་ཁྲོམ་རར་བོར་བརླག་ཏུ་སོང་ཚར་བའི་སྐབས་འདིར་རང་སྲུང་གི་ནུས་པ་ཞན་པ་དང་གྲངས་འབོར་འཕེལ་བ་དལ་ཞིང་ལུས་གཟུགས་འཁོབས་པའི་དོམ་ཁྲ་རྣམས་ད་ལྟ་བར་དུ་གནས་ཐུབ་པའི་རྒྱུ་མཚན་ཞིག་ཏུ་བགྲངས་ཏེ་ངའི་བྱིས་པ་རྣམས་ལ་འགྲེལ་བཤད་རྒྱག་གི་ཡོད།
རྒྱ་ནག་གཞུང་གི་བགོ་བཤའ་བརྒྱབ་སྟེ་དབང་སྒྱུར་བའི་སྲིད་བྱུས་ལག་ལེན་མ་བྱས་པའི་སྔོན་དུ། རྔ་བ་རང་སྐྱོང་ཁུལ་དང་དེའི་ལྷོ་ཁུལ་དུ་ཆགས་ཤིང་ད་ལྟ་དཀར་མཛེས་རང་སྐྱོང་ཁུལ་གྱི་འོག་ཏུ་ཡོད་པའི་ས་ཁུལ་རྣམས་ནི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་དང་རིག་གཞུང་ལྡན་པའི་བོད་རྒྱལ་རོང་བའི་ས་ཆ་ཡིན། མཁས་དབང་བསམ་བསྟན་ཀརྨས་ས་ཁུལ་འདིེར་རྒྱལ་རོང་ཞེས་མིང་ཐོགས་པ་ནི་རྒྱལ་མོ་ཚ་བ་རོང་ནས་བྱུང་བར་གསུངས་འདུག་པ་དང་། དེ་ཡང་ས་ཁུལ་དེའི་ཆུ་བོ་ཆེ་མོ་རྒྱལ་མོ་དངུལ་ཆུ་དང་འབྲེལ་བ་ཡོད་པ་ཞིག་ཡིན་འདུག ད་ལྟ་ས་ཁུལ་འདི་སི་ཁྲོན་ཞིང་ཆེན་དུ་བཅུག་ཡོད་ཀྱང་ཆུ་བོས་ཁེངས་པའི་གྲོང་རོང་དང་རི་རྒྱུད་མཐོ་པོས་སི་ཁྲོན་གྱི་ས་ཁུལ་གཞན་པ་རྣམས་ལས་ཡོངས་སུ་ལོགས་པར་བཀར་ཡོད། བསམ་བསྟན་ལགས་ཀྱིས་གསུང་རྒྱུར། “བོད་ཀྱི་ཐ་སྙད་དུ་ས་ཁུལ་འདིར་རོང་ཞེས་འབོད་ལ། འདི་ནི་བོད་ཀྱི་རོང་ཆེན་བཞིའི་ནང་ནས་གཅིག་ཡིན། རོང་ཆེན་བཞི་ནི། ཀོང་པོ་རོང་དང་། ཨ་བྲག་རོང་། ཚ་བ་རོང་། རྒྱལ་མོ་རོང་བཅས་ཡིན།” བསམ་བསྟན་ལགས་ཀྱིས་རྒྱལ་རོང་ཨ་མདོ་དང་ཁམས་གཉིས་ཀྱི་གང་ལ་གཏོགས་པར་རྩོད་གཞི་ཡོད་པར་གསུངས།
ས་ཡོམ་གོད་ཆག་བྱུང་བའི་རྗེས་སུ་བདག་གིས་རྒྱལ་རོང་ཁུལ་དུ་ཡོད་པའི་མི་རྣམས་ལ་མྱ་ངན་ཞུ་ཡིག་ལྟ་བུའི་ཡི་གེ་ཞིག་འབྲི་བར་བརྩམས་མོད། འོན་ཀྱང་། ༣་༡༤ རྒྱ་ནག་གི་དྲག་སྣོན་དང་པེ་ཅིན་ཨོ་ལེམ་ཕིག་རྩེད་འགྲེན་སོགས་ཀྱིས་བདག་གི་བརྗོད་གཞི་གཞན་དུ་འཕྲོ་བར་བྱས་པ་མ་ཟད། བོད་ཀྱི་ས་ཁུལ་འདིའི་སྐོར་བདག་གིས་དེ་ཙམ་མ་ཤེས་པས་ལས་དོན་ཆེ་ཆེར་མ་འགྲུབ། བདུན་ཕྲག་འགའི་སྔོན་དུ་བདག་གིས་ ༡༩༩༨ ལོར་རྒྱལ་རོང་གི་སྐོར་ལ་བྲིས་པའི་རྩོམ་ཡིག་ཐུང་ཐུང་ཞིག་རག་སོང་། འདི་ནི་སྔ་མོ་ནས་བརྗེད་ཟིན་པའི་རྩོམ་ཡིག་ཅིག་རེད། གང་ལྟར་ཇི་འདྲའི་དམག་འཁྲུག་ཅིག ཁ་ཤས་ཀྱིས་འདི་ལ་བོད་ཀྱི་ཐེར་མོ་ཕེ་ལེ་དམག་འཁྲུག་ཅེས་འབོད་སྲིད། གང་ལ་ཞེས་ན། ཀི་རེ་སི་རུ་ཐེར་མོ་ཕེ་ལེ་དམག་འཁྲུག་བྱུང་སྐབས་སི་པ་ཐའི་མི་རྣམས་ཀྱིས་ཕེར་ཤ་ཡའི་ཁ་ཆེ་བཙན་འཛུལ་བ་རྣམས་ལ་གདོང་ལེན་བྱེད་བཞིན་ཡོད་ཀྱང་ཀི་རེ་སི་བ་གཞན་ཚོས་རམ་འདེགས་གང་བྱེད་ཀྱིན་མེད། ང་ཚོས་རྒྱལ་རོང་གི་ཆོས་སྲིད་ཀྱི་གནས་སྟངས་དང་རྡོ་ལས་གྲུབ་བའི་མཁར་རྫོང་དག་གི་གལ་ཆེའི་རང་བཞིན། རང་སྲུང་བྱེད་པའི་རྩིག་བཟོའི་སྒྱུ་རྩལ་སོགས་ལ་ཞིབ་ཏུ་བསམས་ཚེ། རྒྱ་རོང་ནི་ ༡༥༦༥ ལོར་མལ་ཏའི་Malta དམག་དཔོན་སན་ཊ་ཇོན་St.John གྱིས་དཔའ་ངར་ལྡན་པའི་ངང་རང་གི་རྒྱལ་ཁབ་ཨོ་ཊོ་མན་བཙན་རྒྱལ་རིང་ལུགས་ Ottoman Empire ཀྱི་དོ་ཟླ་བྲལ་བའི་དམག་སྟོབས་ལས་བསྐྱབས་པའི་བརྟུལ་ཕོད་ཀྱི་བྱས་རྗེས་ལ་བསྡུར་ཆོག
དུས་རབས་ཅོ་བརྒྱད་པའི་ནང་དུ་ཨེ་ཤ་ཡའི་གླིང་དུ་མན་ཇུ་བའི་སྟོབས་ཤུགས་ཆེ་རུ་འགྲོ་བཞིན་པའི་སྐབས་དེར། རྒྱ་ནག་གང་མ་ཆིན་རྒྱལ་པོའི་དམག་མིས་བོད་ཤར་ཕྱོགས་རྒྱལ་རོང་ཡུལ་དུ་ཡུན་རིང་བའི་དམག་འཁྲུག་ཐེངས་གཉིས་བརྒྱབ་ཡོད་པ་དང་། དམག་འཁྲུག་འདི་གཉིས་ཀྱིས་གོང་མ་ཆྭེན་ལོན་གྱི་སྐབས་སུ་བསྒྲུབས་པའི་ལས་འགུལ་གཞན་ཚང་མ་ལ་གནོད་སྐྱོན་ཚབས་ཆེན་བཟོས་ཡོད། དམག་འཁྲུག་འདི་གཉིས་ནི་བོད་ཀྱི་རྒྱལ་ཕྲན་ཆུང་ཆུང་རབ་བརྟན་དང་བཙན་ལྷ་གཉིས་ལ་བརྒྱབ་ཡོད་ཀྱང་། སྐབས་དེར་རྒྱ་ནག་གོང་མའི་མཛོད་ལས་སྐབས་དེའི་རྒྱ་ནག་གི་སྒོར་མོ་ཏྲེལ་ས་ཡ་ ༦༡ འདོན་དགོས་བྱུང་ཡོད་པ་དང་། དེ་ནི་ ༡༧༦༠ ནང་དུ་བྷར་མ་དང་དམག་འཁྲུག་བྱུང་བའི་འགྲོ་གྲོན་ཏྲེལ་ས་ཡ་ ༩ སོང་བ་ལས་ལྡབ་འགྱུར་གྱིས་མང་པོ་རེད། ༡༧༨༨ ནས་ ༡༧༩༢ བར་གོར་ཁ་དང་དམག་འཁྲུག་བྱས་པར་ཏྲེལ་ས་ཡ་གསུམ་ལྷག་སོང་ཡོད་ཀྱང་སྐབས་དེར་དམག་འཁྲུག་དངོས་བོད་པ་རྣམས་ཀྱིས་བརྒྱབ་ཡོད་པ་རེད། རྒྱལ་རོང་ལས་ས་འཁོབས་ལྡབ་བཅུས་ཆེ་བའི་ཨེ་ལེ་Ili དང་ཛུན་ག་རེ་ཡ་ Zungaria གཉིས་དབང་དུ་སྡུད་བར་ ༡༧༥༥ ནས ༡༧༦༠ བར་ལོ་ལྔའི་རིང་དུ་དམག་འཁྲུག་བརྒྱབ་ཡོད་ཀྱང་། འགྲོ་གྲོན་ཏྲེལ་ས་ཡ་ ༢༣ ལས་སོང་མེད་པ་རེད། དེ་ནི་རགས་རྩིས་བྱས་ན་རྒྱལ་རོང་ལ་དམག་གཉིས་བརྒྱབ་པའི་འགྲོ་གྲོན་གྱི་གསུམ་ཆ་གཅིག་ཡིན། རྒྱལ་རོང་དུ་གནས་པའི་བོད་པ་རྣམས་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་དང་འགྲན་ཟླ་བྲལ་བའི་དམག་ཐབས་ལ་སྣུབ་པར་མི་ནུས་ཤིང་རྡོ་ལས་གྲུབ་པའི་རྫོང་མཁར་འདི་དག་གིས་རམ་འདེགས་ཆེ་ཆེར་བྱས་ཡོད།
གཟི་བརྗིད་ལྡན་པའི་མཁར་རྫོང་འདི་དག་གི་ཞིག་རོ་རྣམས་པར་དུ་མཐོང་བ་ཙམ་གྱིས་ཀྱང་རྒྱལ་རོང་བ་རྣམས་ཀྱིས་རྒྱ་ནག་བཙན་རྒྱལ་རིང་ལུགས་པ་ཡུན་རིང་འགོག་རྒོལ་བྱེད་པར་ཐབས་དང་སྟོབས་ཤུགས། བློ་གྲོས་གང་མང་སྤྱད་པ་མངོན་པས་ཡ་མཚན་པ་ཞིག་རེད། རྡོ་མཁར་འདི་དག་ལ་ཟུར་བཞི་དང་ཟུར་དྲུག ཟུར་བརྒྱད། སྐར་མའི་དབྱིབས་སུ་གྲུབ་པ་སོགས་དབྱིབས་འདྲ་མིན་ཡོད་ལ། ངས་སྔོན་ཆད་རྩོམ་ཞིག་བཀླགས་པའི་ནང་དུ་དབྱིབས་ཁྱད་པར་བ་འདི་དག་ས་ཡོམ་གྱིས་འཇིག་མི་ཐུབ་པ་བཤད་འདུག འདིར་ང་ཚོས་ངེས་པར་དུ་དྲན་དགོས་པ་ཞིག་ནི་མཁར་རྫོང་འདི་དག་བཟོ་སྐྲུན་བྱེད་པར་ཨར་འདམ་བེད་སྤྱོད་བྱས་མེད་པ་དེ་ཡིན། མཁར་རྫོང་འདི་དག་ནི་རྡོ་སྐམ་པོ་རྐྱང་རྐྱང་གིས་གྲུབ་པ་ཤར་སྟག་ཡིན་མོད། ཡ་མཚན་སྐྱེས་དགོས་པའི་རྩིག་བཟོའི་རིགས་ཤིག་ཀྱང་ཡིན། མི་ཞིག་གིས་མཁར་རྫོང་འདི་དག་གི་ཞིག་རོ་མཐོང་དུས་གནའ་བོ་བོད་ཀྱི་རྩིག་བཟོའི་ལག་རྩལ་ལ་ཡིད་སྨོན་མི་འཆོར་བ་མི་སྲིད་པ་ལྟ་བུ་ཞིག་ཏུ་སྣང་། ཕོ་བྲང་པོ་ཏྰ་ལ་དང་། རྒྱང་རྩེ་སྐུ་འབུམ། ཐང་སྟོང་རྒྱལ་པོའི་ལྕགས་ཟམ་སོགས་ནི་དེ་བས་ཀྱང་སྨྲོས་ག་ལ་དགོས།
བོད་ཀྱི་རིག་གཞུང་དུ་ནང་ཆོས་ལས་རྩ་ཆེ་པོ་ཞིག་མེད་པར་འདོད་པའི་བླ་མ་དང་ཆོས་པ་ཡིན་པར་རློམ་པ་དེ་ཚོར་ཉིན་ཞིག་མར་པ་བས་མི་ལ་རས་པར་གསེར་མཁར་དགུ་ཐོག་སྡུག་སྦྱང་གི་ཆེད་དུ་བཟོ་རུ་བཅུག་པ་ལྟར་བོད་དུ་རྡོ་མཁར་འདི་དག་སླར་གསོ་བྱེད་ཆེད་རྡོ་ཁུར་དུ་འཇུག་དགོས་ཀྱི་འདུག
མཁས་པ་བདེ་ཧེར་ནས་ J. Dehergne དང་ལུའོ་ཤོ་ཧྥུ་ Luo Shufu ཧ་མེལ A.W. Hummel སོགས་ཀྱིས་བརྗོད་པར་གཞིགས་ན། “གལ་སྲིད་མན་ཇུ་དམག་དཔོན་ཨ་ཁུའེ་ A-kui ཡིས་ཕོར་ཆུ་དགེལ་ནས་ཡིན་པའི་ཧྥེ་ལེ་སི་ཌ་རོ་ཆ་ Felix da Rocha ཡིས་བཟོ་བཀོད་བྱས་པའི་མེ་སྒྱོགས་བེད་སྤྱོད་བྱས་མེད་ཚེ་རྡོ་ཡི་མཁར་རྫོང་འདི་དག་ལ་གཏོར་སྐྱོན་ཐེབས་མེད་ཀྱང་སྲིད།” ཅེས་བཤད། རོ་ཆ་༼༡༧༡༣ ནས ༡༧༨༡ ༽ནི་ཡེ་ཤུའི་ཆོས་སྤེལ་མཁན་ཞིག་ཡིན་པ་དང་རྒྱ་ནག་གོང་མའི་ཁྲིམས་ཁང་དུ་བརྟན་འཇགས་ལས་བྱེད་དུ་ཉར་ཡོད་པ་ཞིག་རེད། ཁོང་གིས་མེ་སྒྱོགས་བཟོ་བཀོད་བྱས་པ་མ་ཟད། རྒྱ་ནག་གོང་མའི་ཉམས་ཞིབ་པ་ཡང་བྱས་འདུག མེ་སྒྱོགས་འདི་དག་ནི་ ༡༧༧༤ ལོར་རྒྱ་སྐད་དུ་གསེར་གྱི་ཆུ་བོ་ཆེན་པོ་ཞེས་པའི་རབ་བརྟན་ཁུལ་དུ་བཙན་འཛུལ་བྱེད་སྐབས་ཐོག་དང་བོར་བེད་སྤྱོད་བྱས་འདུག
ལྷ་སར་ཡོད་པའི་དགའ་ལྡན་ཕོ་བྲང་གཞུང་གིས་མན་ཇུའི་བཙན་འཛུལ་འདི་ཕྱིའི་རྒྱལ་ཁབ་ཅིག་གིས་རང་ཁུལ་དུ་བཙན་འཛུལ་བྱེད་བཞིན་པ་ཞིག་ཏུ་རྩི་བ་ཕར་ཞོག འདི་ནི་བོན་ཆོས་བྱེད་ཅིང་ཆོས་ལུགས་གྲུབ་མཐའི་འགལ་ཟླར་གྱུར་བའི་རྒྱལ་རོང་བ་རྣམས་ཕམ་པར་རྒྱག་པའི་གོ་སྐབས་ཤིག་ཏུ་བསམས་པ་རེད། པེ་ཅིན་དུ་གོང་མའི་དབུ་བླ་བྱས་ནས་ཡོད་པའི་དགེ་ལུགས་པའི་བླ་མ་ཅང་སྐྱ་རོལ་པའི་རྡོ་རྗེ་ཡིས་རྒྱལ་རོང་དུ་ཡོད་པའི་བོན་པོ་རྣམས་འདུལ་ཕྱིར་དང་ཐུགས་རྗེས་ཆེན་པོའི་སྤྲུལ་བ་རྒྱ་ནག་གོང་མའི་རྒྱལ་ཁར་དམིགས་ཏེ་རྫུན་འཕྲུལ་གྱི་ཆོ་ག་ཡང་བྱས་པ་རེད། ༡༧༧༥ ལོར་རབ་བརྟན་རྒྱལ་བོའི་བཙན་རྫོང་མཐའ་མ་དེ་ཡེ་ཤུའི་ཆོས་པའི་མེ་སྒྱོགས་ཀྱི་འོག་ཏུ་གཏོར་སྐྱོན་ཐེབས་པ་ཡིན། ཡང་གཅིག་བཤད་ན། དགེ་ལུགས་པའི་ཆོ་འཕྲུལ་འོག་ཏུ་ཞིག་པ་ཡིན་ཞེས་བཤད་ཀྱང་ཆོག ལོ་དེའི་ནང་དུ་རྒྱ་ནག་གོང་མའི་དམག་གིས་རབ་བརྟན་རྒྱལ་བོའི་ཕོ་བྲང་དུ་ཡོད་པའི་བོན་གྱི་དགོན་པ་གཡུང་དྲུང་ལྷ་བརྟེན་ཡང་ཞིག་སྟེ་དགེ་ལུགས་དགོན་པ་ཞིག་བཞུངས་པ་རེད།
རྒྱལ་རོང་དུ་ཐེངས་གཉིས་ལ་དམག་བཅོས་བཤམ་པ་དེས་རྒྱ་ནག་གོང་མའི་མཛོད་ལ་གྱོང་གུད་ཚབས་ཕོགས་པ་དང་། དེའི་རྗེས་ཀྱི་ལོ་ངོ་ལྔ་བཅུའི་ནང་དུ་རྒྱ་ནག་རྒྱལ་ཡོངས་ཀྱི་འགྲོ་གྲོན་མ་དངུལ་ལ་དོ་ཕོགས་ཆེ་པོ་བྱུང་བར་སོང་། ཆིན་རྒྱལ་རབས་ལ་རྒྱལ་རབས་སྔོན་མ་རྣམས་ཀྱི་སྟོབས་འབྱོར་དེ་ལྟ་བུ་ཞིག་ནམ་ཡང་རྒྱས་ཐུབ་མེད།
རྩོམ་ཡིག་དེ་དོ་སྣང་ཆེན་པོས་བཀློགས་པ་ཡིན་མོད་མགོ་མཇུག་ཅུང་མ་མཚམས་པར་ལྟ་བུ་ཞིག་གིས་དེ་ཙམ་བློ་ངོར་མ་ཆུབ་ཐལ།
མཁྱེན་དཔྱོད་ཡངས་པའི་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་འཇམ་དབྱངས་ནོར་བུ་ལགས་ཀྱིས་གཙོས། བཀུར་འོས་རིགས་མཐུན་དྲ་གྲོགས་རྣམས་ལ་བོད་ཀྱི་ལོ་རྒྱུས་ཕྱོགས་སུ་དོགས་འདྲི་ཁ་ཤས་ཞུ་རྒྱུ་ཡོད་ལགས་ན།
དོན་ལ་བབ་ཅིང་ཕྲན་གྱི་དོགས་འདྲི་དང་འབྲེལ་བའི་དྲིས་ལན་མདོར་བསྡུས་རེ་དུས་ཚོད་ཀྱིས་ལྕོགས་སོང་ན་གནང་སྐྱོང་ཡོང་བར་ཞུ་རྒྱུ་དང་། སྤྱིར་ན། སྐུ་ཞབས་འཇམ་དབྱངས་ནོར་བུ་ལགས་ཀྱིས་བོད་ཀྱི་ལོ་རྒྱུས་བྱེ་བྲག་པ་ཞིག་གི་སྒུལ་ཤུགས་དང་གནས་བབ་གླེང་དུས། དེ་འབྲེལ་གྱི་དོགས་འདྲི་དང་བསམ་ཚུལ་འདོན་དགོས་པ་སྐབས་སུ་བབས་པ་རེད་མོད། འོན་ཀྱང་། ཐེངས་འདིའི་ཆེད་རྩོམ་གྱི་ཁ་བྱང་གིས་དྲན་སྐུལ་བཏང་སྟེ་བོད་ཀྱི་ལོ་རྒྱུས་སྐོར་ལ་དོགས་འདྲི་འགའ་ཤས་རང་ཤུགས་ཀྱིས་ཤོར་སོང་།
༡ 》 བོད་མི་རིགས་ལ་ལོ་རྒྱུས་ཀྱི་རྣམ་གཞག་སྟོན་པའི་གཞུང་ཞིག་ཡོད་ན་དཔེར་མཚོན་དང་། གལ་སྲིད་མེད་པ་ཡིན་ན་དེའི་རྒྱུ་རྐྱེན་གང་ཡིན་ནམ།
༢ 》 བོད་ཀྱི་ལོ་རྒྱུས་ཀྱི་གོ་དོན་དང་ངོ་བོ་དེ་ཚད་ཐིག་གང་གིས་སྒོ་ནས་འཇོག་རྒྱུ་ཡིན་ནམ།
༣ 》 འདས་པའི་བོད་ཀྱི་ལོ་རྒྱུས་ལ་ཤུགས་རྐྱེན་ཆེ་ཤོས་དང་ཁ་ཕྱོགས་གང་ཞིག་ལ་བསྒྱུར་ཡོད་པའི་རྒྱབ་ལྗོངས།
༤ 》 བྱུང་ཟིན་བོད་ཀྱི་ལོ་རྒྱུས་ཀྱིས་བདེན་དོན་རྒྱུན་འཁྱོངས་བྱ་རྒྱུར་གཙོར་འདོན་བྱས་ཡོད་པའམ། ཡང་ན་དགོས་མཁོ་གཙོ་བོར་བཟུང་ཡོད་པ་རེད།
༥ 》 བོད་ཀྱི་ལོ་རྒྱུས་ལ་རྩ་བའི་ཁྱད་ཆོས་གང་ཞིག་ཡོད་པ་དང་འཛམ་གླིང་སྤྱི་ཡོངས་ཀྱི་ལོ་རྒྱུས་ལྟ་སྟངས་ཀྱིས་གཞལ་ན། བོད་ཀྱི་ལོ་རྒྱུས་ཀྱི་གོམ་སྟབས་ག་འདྲ་ཞིག་སྤོས་ཡོད་དམ།
༦ 》 མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱིས་མཛད་གནང་བའི་ལོ་རྒྱུས་དེབ་ཐེར་དཀར་བོས་བོད་ཀྱི་ལོ་རྒྱུས་གནམ་ལས་ས་ལ་ཕབ་པ་རེད་ཅེས་པའི་བརྗོད་ཚུལ་གྱི་རྒྱབ་ལྗོངས་གང་ཡིན་ནམ།
༧ 》 བོད་ཀྱི་ལོ་རྒྱུས་འབྲི་ཐབས་ལ་དེང་དུས་ཚན་རིག་གི་ཞིབ་དཔྱོད་བྱེད་སྟངས་དང་འཚམ་པའི་གསར་གཏོད་ཅིག་བྱེད་དགོས་མིན་དང་། གལ་ཏེ་དགོས་པའི་དབང་དུ་བཏང་ན། ཐབས་སྒོ་གང་ཞིག་འབྱེད་རྒྱུ་ཡིན་ནམ།
༨ 》 སྤྱིར་ན། བོད་ཀྱི་ལོ་རྒྱུས་ཉམས་ཞིབ་པ་བོད་མི་ལས་ཕྱི་གླིང་བས་ཞིབ་འཇུག་ཟབ་པ་མ་ཟད་མང་བའི་རྒྱུ་མཚན་ཅི་ཡིན་ནམ།
༩ 》 བོད་ཀྱི་ལོ་རྒྱུས་ཀྱིི་རྨང་གཞི་བརྟན་པོ་ཞིག་འཇོག་ཐབས་སུ་སློབ་རིམ་ཇི་ལྟར་བརྒྱུད་དགོས་པ་རེད།
༡༠ 》 བོད་ཀྱི་ལོ་རྒྱུས་ལ་ཚན་ཁག་དབྱེ་ན་ཅི་ཙམ་གྱིས་ནང་དུ་འདུ་ཐུབ་པ་བྱེད་དགོས་ཀྱི་འདུག
༡༡ 》 བོད་ཀྱི་ལོ་རྒྱུས་ཚད་ཐུབ་ཁུངས་ལྡན་ཞིག་འབྲི་དགོས་ན། ཆ་རྐྱེན་དང་དཔྱད་ཐབས་གང་ཞིག་ཚང་དགོས་པ་རེད་དམ།
༡༢ 》 ད་ལྟའི་བར་བོད་ཀྱི་ལོ་རྒྱུས་ཀྱིས་བསྐྱེད་པའི་བླང་བྱ་གཙོ་བོ་དང་གང་ཞིག་ལ་ཕྱོགས་སྟོན་ནན་མོ་བྱས་ཡོད།
༡༣ 》 བོད་ཀྱི་ལོ་རྒྱུས་ཞིབ་འཇུག་སྡེ་ཚན་ཞིག་གསར་འཛུགས་བྱ་དགོས་ན། མཐུན་རྐྱེན་དང་དུས་ཚོད། གོ་སྒྲིག་སུ་ཞིག་གིས་བྱེད་དགོས་པ་མཐོང་གི་ཡོད་དམ།
༡༤ 》 བོད་ཀྱི་ལོ་རྒྱུས་ལ་དཔྱད་ཞིབ་བྱེད་སྤྱད་ཀྱི་རྒྱུ་ཆ་གལ་འགངས་ཆེ་བ་གང་དག་འཛིན་རྒྱུ་ཡོད་དམ།
༡༥ 》 བོད་ཀྱི་ལོ་རྒྱུས་ཀྱི་གྲུབ་འབྲས་དེ་སྤྱི་ཡོངས་སུ་ཁྱབ་ཡོད་དམ། ཡང་ན། སྒེར་པ་ཅན་དུ་གྱུར་ཡོད་པ་ཞིག་རེད།
གྲོགས་པོ་དག་སྒྱུར་པ་པོ་མ་རེད་ཡ། སྒྱུར་བ་པོ་རེད།
འབའ་སྲས་ལགས་ཀྱིས་ནོར་བཅོས་གནང་བར་ཐུགས་རྗེ་ཆེ། མུ་མཐུད་དུ་འདི་ལྟར་གནང་རོགས། འདིས་དྲ་གྲོགས་མང་པོ་ཞིག་ལ་ཕན་ངེས། སྐུ་ཉིད་ཀྱིས་ཀྱང་ཡིག་སྐད་ཀྱི་གོ་སར་ཡུལ་སྐད་མ་བྲིས་ན་ལེགས། འཇམ་དབྱངས་ནོར་བུའི་རྩོམ་ཡིག་འདིའི་ཐད་དགོངས་ཚུལ་ཡོད་ན་སྤེལ་རོགས་ཞུ།
གནམ་ལྕགས་ལགས། བསྒྱུར་མཁན་ཟེར་ནི་མ་རེད། དངོས་པོ་བདག་ཡིན་པས་སྒྱུར་མཁན་ཞེས་དུས་ད་ལྟ་བ་འབྲི་དགོས།
སྤང་མདའ་སྟོབས་རྒྱས་ལགས། ༡ བཅུ་ལྔ་ཟེར་ནི་མ་རེད། བཅོ་ལྔ་ཟེར་དགོས། ༢ གྲ་སྒྲིགས་ཟེར་ནི་མ་རེད། གྲ་སྒྲིག་ཟེར་དགོས། ༣ གསལ་སྒྲགས་ཟེར་ནི་མརེད། གསལ་བསྒྲགས་ཟེར་དགོས། ཡིག་སྐྱོན་དང་དུས་གསུམ་ལ་གཟབ་གལ་ཆེ།
སྣང་རྒྱལ་ཤེར་དགེ་ལགས། ༡ བསྒྱུར་པ་པོ་ཟེར་ནི་མ་རེད། སྒྱུར་པ་པོ་ཟེར་དགོས། ༢ བཅོས་ཐུབ་ན་ཟེར་ནི་མ་རེད། བཅོ་ཐུབ་ན་ཟེར་དགོས། ༣ ངོ་བསྲུང་ཟེར་ནི་མ་རེད། ངོ་སྲུང་ཟེར་དགོས། དུས་གསུམ་གྱི་རྣམ་བཞག་ལ་འབད་དགོས།
“ཕྱག་ལས་”བཟང་པོ་ཅིག་ཡིན་པས། ལ་བཅོས་རོགས།
བོད་པས་བོད་སྐོར་བྲིས་པའི་རྩོམ་ཡིག་ཅིག ཨིན་སྐད་ནང་ལ་མ་མཏོགས་མེད་པ་ལ། བོད་པ་གཞན་ཅིག་གིས། བོད་སྐད་ལ་བསྒྱུར་བ་ནི། ཕྱར་བ་གྲུ་འདེགས་ཀྱིས་བཟང་པོ་ཞིག་ཡིན་པས། རྗེས་སུ་ཡི་རང་ཞུ་འོས་སོ།
རྩོམ་ཡིག་འདི་བསྒྱུར་མཁན་ལ་ཐུགས་རྗེ་བླ་མེད་ཞུ།
མཁས་དབང་འཇམ་ནོར་ལགས་ཀྱིས་འདི་ལྟར། རྒྱ་ནག་གིས་བོད་ཀྱི་ལོ་རྒྱུས་དེ་རྫུན་བཟོ་དང་། ནག་སྲུབ་གཏོང་བ། མིང་ཚིག་གསར་འདོགས་སོགས་ལ་ཐད་ཀར་དགག་ལན་འཇམ་དཔལ་དཔའ་བོའི་རལ་གྲི་བཞིན་རྣོ་བའི་ཤེས་རབ་ཀྱིས་བརྩད་ནས་ཕྱུངས་པའི་རེ་བ་མུ་མཐུད་ནས་ཞུ་རྒྱུ་མ་ཟད། མགོ་སེར་བོད་ཀྱི་སྐོར་ལ་མི་ཤེས་ཤེས་མདོག་བྱེད་མཁན་རྣམས་ལའང་འགྲམ་ལྕག་ཚ་ཡེ་རེ་བ་རེ་གཞུ་རྒྱུའང་མི་བརྗེད་པར་མཁྱེན།
ཤིན་ཏུ་ལེགས། བསྒྱུར་པ་པོས་གནས་ཚད་ཀྱི་དབང་གིས་ཡིག་སྐྱོན་མང་ཙམ་འདུག་པར་མ་ཟད་ས་མིང་དང་མི་མིང་ཡང་འགའ་ཞིག་ནོར་འདུག་པས་བཅོས་ཐུབ་ན་དེ་བས་ལེགས། རྒྱལ་རོང་དང་མན་ཇུའི་བར་གྱི་དམག་འཁྲུག་གི་ལོ་རྒྱུས་གང་མང་ཞིག་ད་དུང་རྒྱལ་རོང་གི་མི་ཚོའི་ངག་རྒྱུན་དུ་ཡོད་པ་དེ་དག་བསྡུ་རུབ་བྱེད་ཐུབ་ན་དགེ་ཕན་ཆེ་བར་མཐོང་། འདིའི་སྐོར་ཐུབ་མཁན་ཆོས་ཀྱི་ཉི་མས་མཛད་པའི་ལྕང་སྐྱ་རོལ་པའི་རྡོ་རྗེའི་རྣམ་ཐར་དུ་གང་འཚམས་གསལ་འདུག་ཅིང་། དེ་དག་མཐོང་ན་སྐབས་དེའི་བླ་མ་འགའ་ཞིག་གིས་མན་ཇུའི་ངོ་བསྲུང་ཆེད་ངོ་གནོང་དགོས་པའི་བྱ་བ་ཅི་དང་ཅི་ཞིག་བྱས་ཡོད་པའང་ཤེས་ཐུབ།
དགོང་མོ་རྒྱ་གར་གྱི་ཆུ་ཚོད་བདུན་པའི་ཐོག་ངེས་ཕེབས་ཡོང་བས་གསལ་སྒྲགས་སོ།
མཁྱེན་རྒྱ་ཡངས་པའི་དྲྭ་གྲོགས་རྣམས་ལ་ཞུ་དོན།
རྒྱ་ཕྱི་གང་སར་བཞུགས་པའི་རང་རིགས་སྤུན་ཟླ་རྣམ་པ་དང་ལྷག་པར་དུ་ན་གཞོན་རྣམས་ལ་དམིགས་ཏེ་གདན་ས་ཁག་གི་མཁན་པོ་དང་དགེ་ཆེ་སོགས་གནད་ཡོད་མི་སྣ་ཁག་ཅིག་གདན་ཞུ་བྱས་ཏེ་ས་ག་ཟླ་བའི་ཚེས་བཅུ་བཞི་དང་བཅུ་ལྔ་གཉིས་ལ་དགོངས་དྲོ་ཕྱག་ཚོད་བདུན་པ་ནས་བཅུ་དང་སྐར་བཅུ་ལྔ་བར། སྟོན་པ་བཅོམ་ལྡན་འདས་ཀྱི་མཛད་པ་བཅུ་གཉིས་བསྐྱངས་པའི་ཚུལ་དང་། དུས་རབས་ཉེར་གཅིག་པའི་ནང་ལ་ནང་པའི་ལྟ་གྲུབ་ཀྱིས་སྤྱི་ཚོགས་སྣེ་འཁྲིད་ཇི་ལྟར་བྱེད་ཐུབ་བམ་
ཞིག་པའི་བགྲོ་གླེང་བཅས་ budhist chat གསུམ་པ་ནང་གྲ་སྒྲིགས་ཞུ་ཡོད་པའི་རྒྱ་ཕྱི་གང་སར་བཞུགས་པའི་རང་རིགས་སྤུན་ཟླ་རྣམ་པ་དང་ལྷག་པར་དུ་ན་གཞོན་གང་མང་ཡོང་བའི་རེ་སྐུལ་ཞུ།
མཛད་རིམ།
ཕྱག་ཚོད་༧ནས་༨་༣༠བར་སྟོན་པ་བཅོམ་ལྡན་འདས་ཀྱི་མཛད་པའི་བཅུ་གཉིས་སྐོར་བཤད་པ་དངགཙོ་སྐྱོང་གནང་མཁན་དགེ་ཆེ་
འཇམ་དབྱང་རྒྱལ་མཚན་མཆོག་ནས་གནང་རྒྱུ།
༨ནས་༤༥བར་་གསེང་༨་༤༥ནས་༡༠་༡༥བར་བགྲོ་གླེང་གཙོ་སྐྱོང་བ་རིན་ཆེན་བློ་གསལ་དར་རྒྱས་མཆོག་ནས་གནང་རྒྱུ་བཅས་མཛད་རིམ་གནས་བསྡུས་སོ།
གསལ་སྒྲགས་འདི་བཞིན་འབྲེལ་ཡོད་མི་སྣ་གང་མང་ལ་གསལ་བརྡ་གནང་རོགས།