མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་བོད་གཞུང་བསྡུ་གསོག་ལས་བསྐྱེད་པའི་བསམ་གཞིགས། ལྷ་སྡེ་གནམ་ལོ་ཡག

བོད་ཀྱི་དུས་བབ།
༢༠༡༠/༠༦/༠༩
Share on FacebookShare on TwitterShare on EmailShare on Whatsapp

                                                 ལྷ་སྡེ་གནམ་ལོ་ཡག

རྩོམ་འཁྱོག་འདི་བསྐྱར་སྤེལ་བྱེད་དོན་ནི་ཉེ་ཆར་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཨ་རི་ནས་རྒྱ་ཡིག་དྲ་རྒྱ་ཞིག་གི་བཅར་འདྲི་དང་ལེན་གནང་སྐབས། ༼བཙན་བྱོལ་བོད་གཞུང༽ཞེས་པའི་མིང་འདི་རྒྱ་གར་སོགས་ཀྱི་གསར་ལམ་དུ་ཤུགས་ཆེན་གྱིས་བསྒྲགས་པ་ཞིག་ལས་དོན་དངོས་སུ་ཕྱི་ལོགས་ཀྱི་བོད་མི་ཆིག་འབུམ་ལྔ་ཁྲིར་དོ་དམ་བྱེད་མཁན་གྱི༼ཡུལ་གྱར་སྐྱིད་སྡུག༽ཅིག་ཡིན་ཞེས་དང་། ཡང་། ༼ཉིད་དང་ཉིད་ཀྱི་གཞུང་གཉིས་བཙན་བྱོལ་དུ་ཡོད་དམ༽ཞེས་པའི་དྲིས་ལན་དུ་ཁ་གསལ་བོའི་ལམ་ནས་ངོས་རང་ལས་གཞུང་དེ་བཞིན་བཙན་བྱོལ་དུ་མེད་ཅེས་པར་བརྟེན་ནས་རྒྱ་ཡིག་གི་འཇིག་རྟེན་དུ་ཟིང་ཆ་གསར་བ་ཞིག་ལངས་ཡོད་ལ། དེའང་རྒྱལ་བ་རིན་པོ་ཆེ་ནས་ལག་ལེན་ནང་བརྗོད་གཞི་དེ་རིགས་འདེབས་དགོས་པའི་བསྐུལ་མ་གཏོང་བཞིན་པའི་ཁར་བོད་དོན་དེ་བཞིན་ཁྲིམས་འགལ་ཡིན་པའི་གླེང་ཕྱོགས་རིགས་ཐོན་བཞིན་པ་དང་། བཀའ་ཁྲི་མཆོག་གིས་ཀྱང་དེ་ལུགས་ཀྱི་དབུ་མའི་ལམ་ལ་འགྲེལ་གསར་ཞིག་སྤེལ་འདུག་ན། སྨྱུག་ཐོགས་པས་སྔར་བོད་གནས་ཉམས་ཞིབ་ཁང་དུ་ལས་ཀ་ལས་ཡུན་ཁྲོད་བཀའ་ཁྲི་ཟམ་གདོང་མཆོག་ལ་ནང་མོལ་དུ་ཕུལ་མྱོང་བའི་རྩོམ་འཁྱོག་འདིར་བཟོ་བཅོས་རོབ་ཙམ་བརྒྱབ་རྗེས་བསྐྱར་སྤེལ་བྱེད་དགོས་ཐུག་སོང་། ཚང་མས་མཉམ་རུབ་ཀྱིས་དབྱེ་ཞིབ་དང་དགག་བཞག་ཡོང་བར་དགའ་བསུ་ཡོད།
 ༼བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་ཏེ་ལོ ༣༦༠འཁོར་བའི་མཇུག་སྡོམ་མཛད་སྒོ་ཉིན་གཉིས་པ་བོད་གཞུང་ཟློས་གར་ཁང་དུ་ཚུགས་ཡོད་ལ། དེར་བཀའ་བློན་ཁྲི་བ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ད་ནས་བཟུང་བོད་གཞུང་དགའ་ལྡན་ཕོ་བྲང་ཞེས་པའི་མཚན་གནས་དེ་མུ་མཐུད་རྒྱུན་འཛིན་གནང་དགོས་མིན་ཐད་བོད་མི་དམངས་དང་གྲོས་ཚོགས་ཀྱིས་ཐུགས་བསམ་དང་བགྲོ་གླེང་བརྒྱུད་ཐག་གཅོད་གནང་རོགས༽<<བོད་ཀྱི་དུས་བབ ༥།༢༠།༠༣>>ཞེས་པའི་གསར་གནས་འདི་ཀློག་རྗེས། སྨྱུག་ཐོགས་པའི་སེམས་ནང་ལམ་སང་དོན་དག་གཞན་ཞིག་འཁོར་འོངས་པ་ནི། ཕྱི་ལོ ༡༩༥༩ལོའི་ཟླ ༣ཚེས ༢༧ཉིན། རྒྱ་དམར་སྲིད་བློན་ཀྲའོ་ཨེན་ལེས་མིང་རྟགས་བཀོད་པའི<<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ>>ཟེར་བའི་ནང༼ངོ་ལོག་གི་འཁྲུག་ཟིང་མཐར་ཕྱིན་རྩ་མེད་བཟོ་རྒྱུ་དང༌། མེས་རྒྱལ་ལ་ངོ་ལོག་དང་གོང་བུ་གཅིག་གྱུར་གཏོར་བཤིག་གཏོང་མཁན་བོད་ས་གནས་སྲིད་གཞུང་དེ་མེད་པ་བཟོ་རྒྱུ་བཅས་ཀྱི་ལས་འགན་བོད་དམག་ཁུལ་ཁང་གིས་འཁུར་དགོས་པ་དང༌། བོད་ས་གནས་སྲིད་གཞུང་གི་འགན་དབང་རྣམས་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གིས་ལག་ལེན་བསྟར་རྒྱུ ་་་་་་༽ <<གསར་བརྗེ་དྲན་ཐོ>>( ༡༩༥༩ནས་༡༩༨༩ ཤོག་ལྷེ་ ༢༠༩ ཕྱི་ལོ་ ༡༩༨༩ལོའི་ཟླ་ ༣ བོད་ལྗོངས་མི་དམངས་དཔེ་བསྐྲུན་ཁང་གིས་པར་བསྐྲུན་བྱས།)ཞེས་པ་འདི་ཡིན་ཞིང༌། རྒྱ་དམར་གཞུང་ལ་ཅིའི་ཕྱིར་སྐབས་དེར་བོད་ས་གནས་སྲིད་གཞུང་ (དོན་ལ་དགའ་ལྡན་ཕོ་བྲང་ཡིན།) གི་མཚན་གནས་བསྡུ་གསོག་རྒྱག་རྒྱུར་བྲེལ་འཚུབ་ལངས་པ་དང་ཏཱ་ལའི་བླ་མའི་མཚན་གནས་སྒང་ལག་པ་མ་བསྲིངས་པ་དང༌། ལོ་ངོ་བཞི་བཅུ་ཞེ་གྲངས་ཀྱི་རྗེས་སུ་མང་བཀུར་བཀའ་ཁྲིས་བོད་གཞུང་དགའ་ལྡན་ཕོ་བྲང་གི་མཚན་གནས་དེ་མུ་མཐུད་རྒྱུན་འཛིན་གནང་དགོས་མིན་ཐད་གླེང་སློང་གནང་བར་དེང་གི་བོད་རྒྱ་ཞི་མོལ་ཆིངས་ཡིག་གམ་གྲོས་མཐུན་རང་བཞིན་གྱི་ཡི་གེར་གཏན་ལམ་མ་འཁེལ་མཚམས་སུ་ཁེ་གྱོང་གང་ཞིག་ཡོད་མིན་ལས་འཕྲོས་པའི་དྲི་བ་ཁག་ཅིག་ལ་དཔྱད་བསྡུར་བྱེད་རྒྱུ་ཧ་ཅང་གི་གནད་འགག་ཅིག་ཏུ་འདོད། ཡིན་ནའང༌། ཀློག་མཁན་ལྷན་རྒྱས་ཀྱིས་ཐོག་མར་ཤེས་དགོས་པ་སྨྱུག་ཐོགས་པའི་རྒྱབ་ལྗོངས་ཏེ། ལྷ་མེད་སྨྲ་བའི་སློབ་གསོའི་འོག་འཚར་ལོངས་བྱུང་བས་ཆོས་ལུགས་སམ་གྲུབ་མཐའ་གང་ལའང་དམིགས་བསལ་གྱི་ཞེན་ཁོག་མེད་པ་དང༌། མི་ཚེའི་ངུ་སྐད་ཐོག་མ་མདོ་སྨད་ཀྱི་འབྲོག་སྡེ་ཞིག་ཏུ་གཏོར་ཡོད་པར་རྐྱེན་བྱས་སྐུ་དྲག་གི་རྒྱབ་ལྗོངས་མེད་ལ། བོད་ནང་གློག་བརྙན<<ཞིང་བྲན>>སོགས་ལ་བལྟ་མྱོང་སྟབས་ཞིང་བྲན་ལམ་ལུགས་ལ་བསྐྱར་ལོག་བྱེད་རྒྱུའི་འདུན་པ་ག་དུས་ཀྱང་ཡོད་མི་སྲིད་པ་དང༌། དེང་གི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལག་བསྟར་གནང་བཞིན་པའི་ཐད་འདེམས་དམངས་གཙོའི་ལམ་ལུགས་ལ་བརྒྱ་ཆའི་བརྒྱ་ཐམ་པའི་རྒྱབ་སྐྱོར་དང་མོས་འདུན་ཡོད་མཁན་གྲས་ཀྱི་གཅིག་ཀྱང་ཡིན་མོད། བོད་ཀྱི་ལོ་རྒྱུས་ཐོག་ཉམས་ཞིབ་ཐེབས་ཆག་ཅིག་བྱེད་ཀྱི་ཡོད་པའི་ཆ་ནས་གོང་སྨྲས་དྲི་བ་ཁག་ཅིག་ལ་དཔྱད་བསྡུར་གྱིས་ངོ་སྤྲོད་ཟུར་ཙམ་གྱི་ཚུལ་ལ་འཇུག་རྒྱུ་ལྡོག་ཏུ་མེད་པའི་འོས་འགན་ཞིག་ཏུ་བསམ་ནས་ངལ་བ་ལྷུར་ལེན་བྱས་པའི་བཟོ་ཡིན།
           ཚང་མས་མཁྱེན་ཆུབ་ལྟར། པེ་ཅིན་གྱིས་སྐབས་དེར་བྲེལ་འཚུབ་ཀྱིས་དགའ་ལྡན་ཕོ་བྲང་གི་མཚན་གནས་བསྡུ་གསོག་རྒྱག་པར་དམིགས་པའི<<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ>>ཟེར་བ་གཏོང་དོན་གཙོ་བོ་ཁྲིམས་མཐུན་གྱི་དབང་བསྒྱུར་ཡོང་ཐུབ་ལ་རྩོད་ལེན་བྱས་ཡོད་པ་དང༌། དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུ་བའི་དཀྱིལ་སྟོད་ཙམ་ལ<<གྲོས་མཐུན་དོན་ཚན་བཅུ་བདུན>>ཟེར་བའི་ནང་ཁ་གསལ་བཀོད་མེད་བཞིན་དུ༼བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང༽ཟེར་བ་འཛུགས་དོན་ཡང་དེར་ཐུག་ཡོད། ༼དང་པོ། ཏཱ་ལའི་བླ་མ་དང་བོད་གཞུང་གི་དབང་ཆ་ཇེ་ཆུང་དུ་གཏོང་ཐབས་སུ་བོད་མི་ནང་ཁུལ་སྲིད་དོན་དང་ལུང་ཚན་མི་མཐུན་པའི་འཐེན་འཁྱེར་བེད་སྤྱོད་བྱས་པར་མ་ཟད། བྱེད་ཐབས་དེ་དག་སྒྲིག་འཛུགས་ལྟ་བུར་བཟོས་ཡོད། གཉིས་པ། པེ་ཅིང་དབུས་གཞུང་གི་སྒྲིག་འཛུགས་སྡེ་ཚན་སྣ་ཚོགས་དང༌། དེ་དག་གི་སྟངས་འཛིན་འོག་སྡེ་ཚན་གསར་པ་དེ་དག་ལ་དོན་དམ་གྱི་དབང་ཆ་སྤྲད་དེ། བོད་ནང་ཡོད་བཞིན་པའི་བོད་གཞུང་གི་སྒྲིག་འཛུགས་སྡེ་ཚན་ཁག་དང་མཉམ་གཤིབ་ཏུ་བཙུགས་ཏེ་བོད་གཞུང་གི་དངོས་ཡོད་དབང་ཆ་རྣམས་ནུས་མེད་དུ་བཟོས། གསུམ་པ། སླར་བོད་མིའི་སྲིད་དོན་དང་ཆོས་ཕྱོགས་ཀྱི་སྒྲིག་འཛུགས་ཁག་གི་དབང་ཆ་ཇེ་ཆུང་དུ་གཏོང་ཐབས་སུ་སྤྱི་ཚོགས་དང་དཔལ་འབྱོར་གྱི་ལམ་ལུགས་ལ་བཅོས་བསྒྱུར་གྱི་ལམ་ནས་བོད་མིའི་སྤྱི་ཚོགས་ཀྱི་རྨང་གཞིར་འགྱུར་བ་གཏོང་ཐབས་བྱས༽<<བོད་ཀྱི་གནས་བབས>>( ཤོག་ལྷེ་ ༢༦༧)ཡོད་པ་ནང་བཞིན་སྔར་ཡོད་ཁྲིམས་མཐུན་གྱི་གཞུང་ཞིག་གི་ངོ་ཚབ་གཞུང་གཞན་ཞིག་གིས་བྱེད་པར་ག་ལེར་གོམ་པ་རིམ་བགྲོད་བྱས་ཡོད་ཅིང༌། དོན་ལ་ལོ་ངོ་སུམ་བརྒྱ་ལྷག་གི་རིང་བོད་མི་ཕལ་ཆེ་བས་ཆོས་སྲིད་གང་རུང་གི་ངོས་ནས་དགའ་ལྡན་ཕོ་བྲང་ལ་བརྩི་འཇོག་དང་མོས་པ་ཐོབ་ཡོད་པའི་རང་བྱུང་ཁྲིམས་མཐུན་གྱི་གནས་བབས་ལ་གཡོ་འགུལ་གཏོང་མ་ཐུབ་པའི་མཚོན་རྟགས་སུ་བལྟ་ཆོག་པར་མ་ཟད། བོད་ལ<<གྲོས་མཐུན་དོན་ཚན་བཅུ་བདུན>>ཟེར་བ་འཇོག་དགོས་བྱུང་པའི་དམིགས་བསལ་གྱི་ཐོབ་ཐང་ཡང་དགའ་ལྡན་ཕོ་བྲང་ལས་མ་བྱུང་པ་མེད་པས། རྒྱལ་བ་རིན་པོ་ཆེས་དབུ་ཁྲིད་པའི་དགའ་ལྡན་ཕོ་བྲང་ལྷ་ས་ནས་ལྷུན་རྩེ་རྫོང་དང༌། དེ་ནས་རྒྱ་གར་ནང་བཙན་བྱོལ་ལ་འབྱོར་ཐུབ་པ་བྱུང་པ་ནི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་དང༌། བོད་ཀྱི་རང་དབང་སླར་གསོའི་ལས་འགུལ་ཐད་ཀྱི་གོམ་སྟབས་གལ་ཆེ་ཤོས་དེ་རྒྱག་ཐུབ་ཡོད་པ་དང་བོད་མིའི་རང་དབང་སླར་གསོ་བྱེད་ཐུབ་རེག་བར་དུ་རང་བྱུང་ཁྲིམས་མཐུན་གྱི་ནུས་པ་ཞིག་འདོན་ཐུབ་ཀྱི་ཡོད་པར་བརྟེན་ནས་རྒྱ་དམར་གཞུང་གིས་བྲེལ་འཚུབ་ཀྱིས་ཕྱོགས་གཅིག་ཡིན་མིན་ལ་མ་འཛེམས་པར་དགའ་ལྡན་ཕོ་བྲང་གི་མཚན་གནས་བསྡུ་གསོག་རྒྱག་འཆར་བརྩམས་པ་ཞིག་ཡིན་ལ། ཁྲིམས་ལུགས་ཀྱི་སྒང་ནས་ཕྱོགས་གཅིག་ཁོ་ནའི་བྱ་སྤྱོད་ལ་ག་དུས་ཀྱང་ངོས་ལེན་མེད་པ་དང༌། ཁྲིམས་སྟེང་གི་ངོས་ལེན་ཞེས་པ་ཕྱོགས་གཉིས་ཀར་མོས་མཐུན་ཡོད་དགོས་ཀྱི་ཡོད་ནའང་ལོ་རྒྱུས་ལས་བསླབ་བྱ་ལེན་རྒྱུ་མེད་པ་ག་ལ་ཡིན།
གལ་ཏེ་རྒྱལ་བ་རིན་པོ་ཆེ་དང་གཞུང་གཉིས་བཙན་བྱོལ་ལ་མཉམ་འབྱོར་གནང་ཐུབ་མེད་ཚེ་དེང་གི༼བོད་རང་སྐྱོང་ལྗོངས་སྲིད་གཞུང༽ཟེར་བའང༼བོད་རང་སྐྱོང་ལྗོངས་དགའ་ལྡན་ཕོ་བྲང་དམངས་གཙོའི་སྲིད་གཞུང༽ཡིན་མི་སྲིད་པའང་མ་ཡིན། དེ་ནི་དབང་བསྒྱུར་ཁྲིམས་མཐུན་ལ་ལམ་ལྷོང་ཡོང་སླད་དགའ་ལྡན་ཕོ་བྲང་གི་ཁྲིམས་མཐུན་གནས་བབས་བེད་སྤྱོད་གཏོང་བའམ། ལོ་རྒྱུས་ཀྱི་བཤམས་སྟོན་ཁང་ནང་བསྡུ་གསོག་རྒྱག་རྒྱུ་ལས་ཐབས་ལམ་གང་ཡང་ལྷག་མེད་པའི་རྐྱེན་གྱིས་ཡིན་པ་ལས་གཞན་གང་ལའང་དམིགས་མེད་པ་ཤེས་དགོས། ཕྱོགས་མཚུངས་ཀྱི་དཔེ་མཚོན་མེད་པ་མིན་ཏེ་སྔར་མའོ་ཙེ་ཏུང་གིས་ནང་ཁུལ་དུ་རང་སྐྱོན་གཅིག་ངོས་ལེན་བྱེད་མྱོང་བ་ནི༼རྒྱ་ནག་མི་སེར་རྒྱལ་ཁབ༽ཀྱི་མཚན་གནས་རྒྱལ་ཁབ་གསར་པའི་སྒང་མུ་མཐུད་བེད་སྤྱོད་མ་བྱས་པ་དེ་ཡིན་ཞིང༌། གཙོ་བོ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སོགས་སུ་འཛུལ་ཞུགས་བྱེད་པར་དཀའ་ལས་འཕྲད་པ་དང་ཁྲིམས་མཐུན་གྱི་གནས་བབས་བེད་སྤྱོད་གཏོང་མ་ཐུབ་པའི་ཆ་དེ་བརྗོད་ཀྱི་ཡོད་པ་རེད། གཞན་རྒྱལ་བ་རིན་པོ་ཆེར་མནབ་བཟའ་གསར་རྙིང་བརྗེ་རྒྱུ་ཡོད་པ་དང་སྐབས་གླགས་བརྙེད་སླ་བ་སྟེ། ཡང་སྲིད་ཅིག་དངོས་དོན་གྱི་ལམ་འགོ་འཁྱོངས་རེག་བར་དུ་མ་མཐའ་ལོ་ངོ་ཉི་ཤུ་དགོས་པའི་ཁར་སྐབས་དེའི་རིང་གི་རྒྱལ་ཚབ་བམ་སྡེ་སྲིད་ལྷན་ཚོགས་གང་ཡིན་ནའང་གོ་སྐབས་བེད་སྤྱོད་ཀྱིས་དབང་རྩོད་མིང་རྩོད་ཁེ་རྩོད་ཀྱི་སྲོལ་རྒྱུན་ཡོད་པའི་མི་འདང་ས་མཐོང་ནས་མཚན་གནས་སྒང་ལག་པ་མ་བསྲིངས་པ་ཡིན་ཞིང༌། བལྟོས་འཇོག་གིས་སྒྲིག་འཛུགས་ཀྱི་ནུས་པ་མི་སྒེར་ཞིག་གི་ནུས་པ་ལས་མཐོ་བའམ་ཉམས་དཀའ་བའི་དངོས་དོན་ཡང་གནད་དོན་འདིའི་སྒང་ནས་མཐོང་ཐུབ་དགོས་པར་མ་ཟད། པེ་ཅིན་གཞུང་གིས་བོད་ཀྱི་རང་དབང་སླར་གསོ་ནར་འགྱངས་ཀྱིས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་མ་བཞུགས་པའི་ཕྱི་ཉིན་གོ་སྐབས་འདི་དག་བེད་སྤྱོད་གཏོང་རྒྱུ་ཡིན་པ་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཀྱི་སྒང་ནས་ར་འཕྲོད་གསལ་བོ་བྱུང་ཐུབ་ཡོད། སྟབས་འགྲིག་པ་ཞིག་ལ་དེང་གི་ཆར་བཙན་བྱོལ་སྤྱི་ཚོགས་ནང་ལག་བསྟར་བྱེད་ཀྱིན་པའི་བཀའ་ཁྲི་ཐད་འདེམས་ཀྱི་དམངས་གཙོའི་གོམ་བགྲོད་འདིས་མ་འོངས་བོད་ཀྱི་གཞི་རྩའི་ཐོབ་ཐང་སླར་གསོར་རྨང་གཞི་འདིང་ཐུབ་ཡོད་པར་མ་ཟད། རྒྱལ་བ་རིན་པོ་ཆེ་སྐུ་བཞུགས་རིང་ལག་ལེན་གྱིས་འཁོར་བསྐྱོད་དོན་འཁྱོངས་ཀྱི་ལམ་ནང་འཇུག་ཐུབ་པ་བྱུང་ཚེ་གོང་གསལ་གྱི་གནད་དོན་ཁག་རང་གིར་དུ་སེལ་ཐུབ་ཡོད་པ་དང༌། སྐུ་ཞབས་ཝང་ལི་ཞུང་གིས་གནད་དོན་འདིའི་ཐད་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཁག་ཅིག་གི་དྲིས་ལན་ནང་དུའང༌། ༼ངས་ཧ་ལམ་རག་བསྡུས་ཤིག་བཤད་པ་ཡིན་ན། ངས་ཕལ་ཆེར་འདི་ནི་ནུབ་ཕྱོགས་བཟོ་ལྟའི་དམངས་གཙོའི་ལམ་ལུགས་ཤིག་རེད་བསམ་གྱི་འདུག འདི་ལྟ་བུའི་འཐུས་ཚབ་ལམ་ལུགས་ཡིན་ནའང་འདྲ་ཐད་ཀར་དུ་འོས་འདེམས་བྱས་པ་ཡིན་ནའང་འདྲ། བཙན་བྱོལ་བོད་གཞུང་གི་ད་ལྟའི་བཀའ་བློན་ཁྲི་བའང་བོད་མི་ཚོས་ཐད་ཀར་འདེམས་ནས་ཐོན་པ་ཞིག་རེད། ངས་བལྟས་ན་ཤེས་བྱ་འདི་ནི་ཧ་ཅང་གི་དོན་སྙིང་ལྡན་པ་ཞིག་རེད། ལྷག་པར་དུ་ཏཱ་ལའི་བླ་མས་བོད་མི་ཚོས་ཁོང་ཁོ་ནར་རྒྱབ་བརྟེན་མི་བྱེད་པར་རང་ཉིད་ལ་རག་ལས་པའི་གནད་དོན་ཐག་གཅོད་བྱེད་པའི་འདུ་ཤེས་དེ་ནི་དེ་བས་མཆོག་ཏུ་གྱུར་པ་ཞིག་རེད། ཡང་ཅིག་བཤད་ན། ལམ་ལུགས་འདི་ཕྱི་ལོགས་སུ་ཡོད་པའི་བོད་མིའི་ཁྲོད་ཕལ་ཆེར་དཀའ་ངལ་ལ་འཕྲད་རྒྱུ་མ་རེད་ལ། དེས་ནུས་པའང་ཆེན་པོ་ཐོན་ངེས་རེད།་ ཡིན་ནའང༌། བོད་ནང་དུ་འདི་འདྲའི་ལམ་ལུགས་ཤིག་ལག་བསྟར་བྱས་པ་ཡིན་ན་མཇུག་འབྲས་ག་འདྲ་ཞིག་ཡིན་པར་ང་རང་ཅུང་ཐེ་ཚོམ་གྱི་གནས་སུ་ལྷུང་འདུག ་་་ ་་་༽ཅེས་བོད་རྒྱ་ཞི་མོལ་ཡོང་མིན་ལ་སྔར་གྱི༼བདག་དབང༽རྩོད་གཞི་དོར་རྗེས་ཡང་བསྐྱར༼ལམ་ལུགས༽ཀྱི་རྩོད་གཞིའི་སྒང་ལ་འབབ་རྒྱུ་ཡིན་པ་བཤད་ཡོད་པ་དང༌། གནད་དོན་འདི་དེང་གི་བོད་རྒྱའི་འབྲེལ་གཏུག་ཁྲོད་རྟོགས་ཐུབ་ཡོད་པའི་ཁར། སྔར་ལོ་པེ་ཅིན་གྱིས་རྦད་དེ་ཁ་གསལ་བོའི་ལམ་ནས་རྒྱལ་སྤྱིའི་སྒང་གསལ་འགྲེལ་བརྒྱབ་ཡོད།  སྤྱིར་རྒྱ་ནག་ཆེན་པོའི་བསམ་བློ་ཡོད་མཁན་གྱི་མི་སུ་ཞིག་ཀྱང་གྲངས་ཉུང་མི་རིགས་ལས་ཆེས་ཞེད་སྣང་སྐྱེས་ཡུལ་གཙོ་བོ་སྟེ། མི་རེ་ངོ་རེས་ཀྱིས༼རང་ཉིད་ལ་རེག་ལས་པའི་གནད་དོན་ཐག་གཅོད་བྱེད་པའི་འདུ་ཤེས༽བསྐྱེད་བསྲིངས་ཀྱིས་དོན་འཁྱོངས་བྱེད་ཐུབ་པ་བྱུང་བ་ཡིན་ན། ད་བཟོད་བོད་ཀྱིས་མཚོན་པའི་རང་དབང་སླར་གསོ་བྱེད་པར་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཡོད་པའི་མི་རིགས་ཁག་ལ་རང་དབང་སླར་གསོ་མི་བྱེད་རང་བྱེད་ཀྱི་ཉིན་མོ་ཞིག་སླེབས་རྒྱུ་ཡོད་པའང་ཤེས་ཀྱི་ཡོད་པས་ཡིན་པ་རེད།
 
ཡང་ཅིག་བཤད་ན། དགའ་ལྡན་ཕོ་བྲང་སྡེ་སྲིད་དང་བཀའ་ཤག བཙན་བྱོལ་དང་དམངས་གཙོ་ཟུང་འབྲེལ་བཅས་དུས་རིམ་གསུམ་བརྒྱུད་ཡོད་པ་དང༌། དེང་གི་ཆར་ལོ་རྒྱུས་སྒང་གི་ཁྲིམས་མཐུན་གནས་བབས་གྲ་མ་ཉམས་པར་མཐུད་འཛིན་བྱེད་ཐུབ་ཡོད་པས། བོད་ཀྱི་རང་དབང་སླར་གསོར་འདི་ལས་ཁྲིམས་མཐུན་གྱི་གནས་བབས་བཟང་པོ་ཞིག་བཀོལ་སྤྱོད་གཏོང་རྒྱུ་མེད་ལ། བཙན་བྱོལ་བོད་མིར་དགའ་ལྡན་ཕོ་བྲང་བཀོལ་སྤྱོད་ཀྱི་ཐོབ་ཐང་ཆ་ཚང་བ་ཞིག་བཙན་བྱོལ་རིང་ཡོད་པ་མ་གཏོགས་མཚན་གནས་རྒྱུན་འཛིན་བྱེད་མིན་གྱི་གནད་དོན་སོགས་གཞིས་བྱེས་མཉམ་འཛོམས་ཀྱིས་རང་དབང་གི་ལམ་ནས་ཐག་གཅོད་བྱེད་དགོས་པ་ཞིག་ཡིན་པ་ལོ་རྒྱུས་རང་ངོས་ནས་ཐག་བཅད་ཡོད་པར་འདོད། གལ་སྲིད་འགྱུར་བ་གཏོང་བའམ་རྦད་དེ་མེད་པ་བཟོ་བ་ལའང་བོད་དོན་ཐག་གཅོད་གཙང་མ་མེད་པའི་ཡར་སྔོན་བྱ་སྤྱོད་སྤེལ་བ་འདི་བཙོག་ས་ནས་བཤད་ན་རྐང་རྗེས་ལག་བསུབ་མིན་པའི་ངེས་པའང་མེད་པར་མ་ཟད། མ་འོངས་མི་རབས་ནས་མི་རབས་བར་རྒྱས་བོད་དེ་བཞིན་རྒྱ་ཁོངས་ཡིན་པའི་སྒྲུབ་བྱེད་ཀྱི་ལག་ཆར་འགྱུར་ཉེན་ཡོད་སྟབས། ཅིས་ཀྱང་གདེངས་ཚོད་མེད་པའི་རིགས་མཚམས་འཇོག་གིས་མ་འོངས་མི་རབས་ལ་རྩིས་སྤྲོད་གཙང་མ་ཞིག་ཡོང་དགོས་པའང་ས་རིས་ཐང་གསལ་ཡིན།
མ་གཞི་བོད་དོན་ཐག་གཅོད་ཐུབ་མིན་གཙོ་བོ་ཕན་ཚུན་ཧ་གོ་བའི་ལམ་ནས་ལས་ཀ་ལས་ཐུབ་མིན་ལ་རེག་ལས་ཡོད་པ་ལས་བོད་དོན་མ་སེལ་བའི་ཡར་སྔོན་བཙན་བྱོལ་གཞུང་གི་མཚན་གནས་བརྗེ་བོ་རྒྱག་དགོས་མིན་ལ་རེག་ལས་མེད། དཔེ་ཡི་ལམ་ནས་བརྗོད་ན། དེ་ནི་བྱ་མགྲིན་སྔོན་ཟླ་བར་འགྱུར་བའི་སྔ་ལྟོས་ཡིན་ཞེས་བཤད་ཆོག་པ་ཞིག་ཀྱང་ཡིན་ལས་ཆེ།  ཕྱོགས་གཞན་ཞིག་ནས་བཤད་ན། མིང་གསར་བ་ཞིག་ལ་བཙན་བྱོལ་གྱི་བོད་མི་ཙམ་མ་གཏོགས་ལོ་རྒྱུས་དང་ཕྱོགས་གང་ཅིའི་ཐད་ནས་རང་བྱུང་ཁྲིམས་མཐུན་གྱི་གནས་བབས་སམ་ངོས་ལེན་ཞིག་རེག་ཐབས་བྲལ་ཡོད་པའི་ཁར། དེང་སྐབས་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་ཚོགས་པ་སྐྱིད་སྡུག་ཁག་དང་མཚུངས་པར་བོད་དོན་སྒྲུབ་པའི་དམངས་གཙོ་དང་རང་དབང་གི་གཞུང་མང་བོ་ཞིག་གསར་འཛུགས་བྱེད་མི་སྲིད་པའང་མ་རེད། མི་རྣམས་སྐབས་དེར་སུས་བོད་དོན་ལ་ནུས་པ་ཐོན་ན་དེའི་རྗེས་སུ་མ་གཏོགས་འབྲངས་མི་སྲིད་ཅིང༌། དེ་ནི་ལོ་རྒྱུས་ཀྱི་གཟུངས་ཐག་བཅད་ནས་གསར་བ་ཞིག་གི་འགོ་བརྩམས་ཡོད་པས་ཡིན་ལ། དཔེ་མཚོན་ཡག་ཤོས་ཤིག་ལ་དེང་གི༼སྤྲུལ་སྐུའི་རྩོད་པ༽གཞིས་བྱེས་གཉིས་སུ་དར་ཁྱབ་ལ་འགྲོ་བཞིན་པའི་སྒང་ནས་རྟོགས་མི་ཐུབ་པ་མིན་པ་དང༌། དེང་ཕྱིན་མང་ཚོགས་ཀྱིས་སྤྲུལ་སྐུ་སུ་ཞིག་གིས་མང་ཚོགས་ལ་ཕན་ཐོགས་མིན་གཞིར་བཞག་གིས་ངོས་ལེན་ནམ་བསྐྱུར་འཇོག་བྱེད་དགོས་འབྱུང་ཉེན་ལ་ཐུག་ཡོད། འདིའི་རིགས་ལ་ལོ་རྒྱུས་ཀྱི་སྐྱོ་གར་དང་དུས་རབས་ཀྱི་འཕྱ་སྨོད་ཅེས་མི་འབོད་ཀ་མེད་ཆགས་ཟིན་པ་བསྐྱར་ཟློས་བྱེད་མ་དགོས་པར་སྣང༌།
 
དེང་གི་བར་མི་སུ་ཞིག་ལའང་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་ན་རིམ་གྱི་ཚབ་བྱེད་འདུན་བྱུང་མེད་པ་ནང་བཞིན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བའི་ཚབ་བྱེད་ཐུབ་མཁན་མེད་པ་དང་བྱེད་འདུན་ཡོད་མིའང་མེད་པར་བཤད་ཐུབ་ཀྱི་ཡོད་པ་རེད། ཡིན་ནའང༌། བསྐལ་བ་སྟོང་ལ་ཚེ་ཐུབ་ཡོད་པའི་སངས་རྒྱས་ཤིག་མི་ཡུལ་དུ་བྱུང་མྱོང་མེད་པ་ཇི་བཞིན༼སྐྱེ་རྒ་ན་འཆིའི༽འཁོར་བསྐྱོད་སུས་ཀྱང་ལྡོག་ཐབས་མེད་ན། རྒྱལ་བ་རིན་པོ་ཆེས་ནམ་རྒྱུན་གསུངས་ཀྱིན་པའི༼རེ་བ་ཡག་ས་བརྒྱབ་ནས་ཐབས་ཤེས་སྡུག་ས་ནས་འཐེན༽ཐབས་གཅིག་དེ་བཞིན་གཤམ་གྱི་དྲི་བ་བརྒྱུད་ནས་དབྱེ་ཞིབ་བྱེད་རྩིས་ཡིན་པས། བསམ་བློ་ངེས་པར་དུ་གཏོང་རན་འདུག་སྙམ་སྟེ།

༠ རྒྱལ་བ་རིན་པོ་ཆེ་དང་དགའ་ལྡན་ཕོ་བྲང་བར་གྱི་འབྲེལ་བ་ཅི། དགའ་ལྡན་ཕོ་བྲང་གི་མཚན་གནས་རྒྱུན་འཛིན་བྱེད་མི་དགོས་ན་རྒྱལ་བ་རིན་པོ་ཆེ་ཡི་བོད་དོན་མགྲིན་ཚབ་པའི་ཁྲིམས་མཐུན་གནས་བབས་ལ་འགྱུར་བ་ཐེབས་ཟིན་པ་མིན་ནམ།
༡ རྒྱལ་བ་རིན་པོ་ཆེས་བོད་དོན་ཐག་གཅོད་མ་ཡོང་བའི་ཡར་སྔོན་བཙན་བྱོལ་བོད་གཞུང་བཙན་བྱོལ་སྐྱིད་སྡུག་ལ་བསྒྱུར་འགོ་བཙུགས་པ་འདི་བཞིན་དམངས་གཙོའི་གསོལ་རས་དང་འགལ་གྱི་མེད་དམ།  
༢ དེང་གི་བྱེད་བབ་ལྟར་ན། གལ་ཏེ་བོད་ཀྱི་རང་དབང་སླར་གསོ་མ་གྲུབ་པར་རྒྱལ་བ་རིན་པོ་ཆེ་སྐུ་མ་བཞུགས་ཚེ། ཡང་སྲིད་ཁྲི་འདོན་གྱི་ཐོབ་ཐང་ཆ་ཚང་པེ་ཅིན་གཞུང་ལ་རེག་ཟིན་པ་མིན་ནམ།  དེ་ལྟ་མིན་ན་རྒྱལ་བ་སྐུ་ཕྲེང་བཅུ་བཞི་བ་ཆེན་མོས་བོད་དོན་རྒྱ་ནག་གི་ནང་སྲིད་ཡིན་པ་དང་བཙན་བྱོལ་སྐྱིད་སྡུག་ལས་བཙན་བྱོལ་བོད་གཞུང་མེད་ཅེས་གསུངས་ཟིན་པ་མ་ཡིན་ནམ།
༣  ཉེ་བའི་ལོ་རྒྱུས་སྒང་གི་སྐྱོ་གར་རམ་རང་བཙན་ཤོར་བྱེད་ཀྱི་ནང་རྐྱེན་ཏེ། གྲོང་དྲག་དམག་ཁང་འཐོར་ཞིག་དང་ལུང་ཤར་དོན་རྐྱེན། རྭ་སྟག་དོན་རྐྱེན་བཅས་ཀྱིས་མཚོན་པའི་ཕྱོགས་མཚུངས་དོན་རྐྱེན་དེང་ཕྱིན་མི་འབྱུང་བ་དང་བོད་མིའི་རང་དབང་སླར་གསོར་བགེགས་རྐྱེན་མི་བཟོ་བའི་ཁག་ཐེག་གང་དུ་ཡོད་དམ།
༤ གལ་ཏེ་འགན་འཁུར་བར་བློ་སྤོབས་ཀྱིས་མ་འདང་བའམ། ལོ་རྒྱུས་སྒང་གི་མཚན་མཐོང་ལ་གནོད་དོགས། ཡང་ན། ཀུན་སློང་མ་དག་པའི་མིས་ལོག་ལམ་དུ་ཁྲིད་ནས་ལམ་ལྷོང་བྱུང་མ་བཅུག་པར་ནར་འགྱངས་ཀྱིས་དགོས་ངེས་ཀྱི་དུས་ཚོད་ཤར་དུས་གཞུང་གི་ནུས་པ་ཁྱོན་ཡོངས་ནས་ཉམས་པའམ། མཐུད་འཛིན་ཐུབ་མིན་གྱི་འཇིག་ཉེན་ལ་འཕྲད་ན་ཅི་ཞིག་བྱའམ།
༥ རྒྱལ་བ་རིན་པོ་ཆེ་སྐུ་འཚོ་བཞུགས་རིང་དེང་གི་ཐད་འདེམས་བཀའ་ཁྲིའི་ལམ་ལུགས་འདི་བཞིན་ལག་ལེན་མཐིལ་ཕྱིན་གྱིས་འགན་འཁུར་དགོས་པ་ཐ་དག་ལ་འགན་འཁུར་ཐུབ་པའི་སྦྱོང་བརྡར་གཏིང་ཟབ་ཅིག་རེག་རྒྱུའི་མཚོན་པའི་གོང་གསལ་གྱི་དཀའ་ངལ་ཐ་དག་སེལ་ཐུབ་པའི་བླ་མེད་དགེ་མཚན་ལ་དམིགས་ནས་མི་རྣམས་ཀྱི་དད་པ་དག་སྣང་རྩིས་ལོག་རྒྱག་མཁན་ཁ་ཤས་ཀྱི་བེད་སྤྱོད་འོག་མ་ཤོར་བ་ཞིག་གནང་ཐུབ་ཐབས་ལ་ཐབས་ལམ་གང་ཞིག་བཙལ་ན་ལེགས་སམ། ཡང་ན། བསྐྱར་བསྐོར་དང་ཡང་བསྐོར་གྱིས་ས་རྒྱ་མ་ཆོད་པ་ཞིག་གི་གནས་བབས་སྒང་ནམ་ཡང་ལྷག་ཏུ་འཇུག་རྒྱུ་ཡིན་ནམ།
 
མདོར་ན། བོད་ཀྱི་གཏམ་དཔེར། ༼ཕོ་ཕྱི་རབས་པས་ཕྱིར་ལ་བལྟོས། མཁར་སྐྱ་མོའི་མཁར་ཁ་རྗེས་ན་ཡོད༽ཅེས་པ་ནང་བཞིན་དེང་སྐབས་ཕྱོགས་གཅིག་ནས་བོད་རྒྱ་ཞི་མོལ་ཡོང་ཐབས་གང་དགེའི་ཐད་འབད་བརྩོན་གནང་དགོས་པར་མ་ཟད། ཞི་མོལ་གྱི་མ་རྩ་གང་ཡིན་པ་དང་གང་མིན་པར་ངོས་འཛིན་གསལ་ཐོན་གནང་རྒྱུའམ། ཁྲིམས་ཀྱི་འགྲོ་སྟངས་སྒང་གྱོང་གུད་མ་རེག་པ་ཞིག་གནང་གལ་ཧ་ཅང་གི་ཆེ། ཡིན་ནའང༌། དེང་གི་བོད་རྒྱ་ཞི་མོལ་ཆིངས་ཡིག་རང་བཞིན་གྱི་སྒང་ལ་གཏན་ལམ་འཁེལ་བར་འགོག་རྐྱེན་དུ་མི་འགྱུར་བ་གནང་གལ་མི་ཆེ་བ་མིན་མོད། དེའི་ཡར་སྔོན་རང་མགོ་རང་གིས་མི་རྨས་རྒྱུ་ཧ་ཅང་གི་དོན་སྙིང་ལྡན་པའི་བྱ་བཞག་ཅིག་ཡིན། ཕྱོགས་གཞན་ཞིག་ནས་གོང་གསལ་གནད་དོན་གཞན་ཁག་གམ། སྡུག་ས་ནས་རྒྱལ་བ་རིན་པོ་ཆེ་མ་བཞུགས་པའི་ཉིན་མོ་ནས་ཡོད་ཚད་ལ་བློ་གདེངས་ཡོད་པ་ཞིག་གནང་ཐུབ་མིན་བོད་མིའི་རང་དབང་སླར་གསོ་ཐུབ་མིན་དང་བོད་མི་སའི་གོ་ལའི་སྒང་མུ་མཐུད་རང་དབང་གིས་འཚོ་སྡོད་བྱེད་ཐུབ་མིན་ལ་ཐུག་ཡོད་པར་གོར་མ་ཆག་པས། མང་བཀུར་བཀའ་ཁྲི་ཐོག་མས་མ་འོངས་བཀའ་ཁྲི་རིམ་བྱོན་ལ་མིག་དཔེ་སྟོན་ཐུབ་པའམ་ལོ་རྒྱུས་ཀྱི་ཡང་དག་པའི་ལམ་ནང་འཇུག་ཐུབ་མིན་ལ་ཐད་ཀར་རེག་ལས་ཡོད་པ་དང༌། མི་རྣམས་ལ་དད་པ་དག་སྣང་བེད་སྤྱོད་ཀྱིས་གོང་གསལ་གནད་དོན་ཁག་སེལ་མི་ཐུབ་པར་གཏོང་མཁན་དག་གི་རྩིས་ལོག་འོག་མ་ཚུད་པ་གནང་རྒྱུ་དད་པ་དམ་ཚིག་གཙང་མིན་ལ་ཐད་ཀར་འབྲེལ་བ་ཆགས་ཡོད་པའི་དངོས་དོན་ངེས་དགོས་ཤིང༌། དེ་ལས་ལྡོག་ན། རི་བོང་དང་སྡོམ་པ་མཉམ་ཤོར་བྱུང་བའི་ཉིན་མོར་ད་གཟོད་ལོ་རྒྱུས་ཀྱི་ཉེས་ཅན་དངོས་གནས་པ་དེ་ཆགས་ཟིན་པའི་ལོ་རྒྱུས་ཀྱི་བཅད་ཁྲར་ལྡོག་ཐབས་ག་དུས་ཀྱང་ཡོད་པ་མ་རེད། འདི་ཤིན་ཏུ་གལ་ཆེ།
དེ་མཚུངས་ཀྱི་གནད་དོན་གཞན་ཞིག་ལྷག་གི་ཡོད་པ་ནི། བོད་མི་སའི་གོ་ལའི་སྒང་རང་དབང་གིས་འཚོ་སྡོད་ངེས་པར་དུ་བྱེད་འོས་པའི་དགོས་ངེས་རང་བཞིན་དང་འཚོ་སྡོད་བྱེད་མ་ཐུབ་པའི་ཕྱི་ཉིན་ནས་འགྲོ་བ་མིའི་རིགས་ལ་འབྱུང་ངེས་པའི་གྱོང་གུད་རང་བཞིན་མིག་མཐོང་ལག་ཟིན་གྱིས་ཞིབ་འགྲེལ་བསྐྱོན་མ་ཐུབ་པ་ཡིན་ན། བོད་མི་མུ་མཐུད་སའི་གོ་ལའི་སྒང་རང་དབང་གིས་འཚོ་སྡོད་བྱེད་དགོས་མིན་ལས་འཕྲོས་པའི་དྲི་བ་ཁག་བོད་རྒྱ་ཞི་མོལ་ཡིག་ཐོག་ཏུ་བཀོད་ཐུབ་མིན་ནམ། ཞི་མོལ་ཡིག་ཐོག་ཏུ་བཀོད་པར་རྒྱབ་བསྐྱོར་ག་ཚད་ཡོང་མིན་གྱི་བརྗོད་གཞི་གནད་འགག་ཅན་ཞིག་ཡིན་མོད།  དེང་སྐབས་ནང་ཆོས་ཁོ་ན་བོད་ལ་རང་དབང་རེག་དགོས་པའི་རྒྱུ་རྐྱེན་དུ་བགྲང་བཞིན་པའང་ཆ་ཚང་ཞིག་ཏུ་འགྲོ་ཐབས་མེད་པར་འདོད། དཔེར་ན། ཨེ་ཤི་ཡ་ཤར་ལྷོའི་ཆུ་བོའི་འབྱུང་ཁུངས་བོད་ཡིན་པ་ལྟར་དེ་ལ་ཆུ་ཆད་དང་ཆུ་སྐྱོན་བྱུང་ན་ཐད་ཀར་རྒྱ་དཀར་ནག་གཉིས་ཀྱིས་མཚོན་པའི་མི་འབོར་དུང་ཕྱུར་སུམ་ཅུའི་འཚོ་སྡོད་ལ་འབྲེལ་བ་ཆགས་ཡོད་པ་ལྟ་བུའི་མཚོན་པའི་རྒྱུ་རྐྱེན་སྣ་ཚོགས་ཡོད་པར་ཐེ་ཚོམ་མེད་པ་ཞིག་ཡིན།
༼བརྒྱ་བཤད་ཚིག་གི་རྩ་བ། སྟོང་དཀྲུགས་འོ་མའི་མར་ལོ༽ནི་བོད་ཀྱི་གནད་དོན་སེལ་ཐུབ་པའི་མ་རྩ་གཙོ་བོ་བོད་འབངས་ཀྱི་སྙིང་སྟོབས་ལ་ཐུག་ཡོད་པའི་ཁར།  བོད་དོན་མ་སེལ་བར་དུ་བཙན་བྱོལ་གཞུང་གནས་ཐུབ་མིན་ལའང་ཐུག་ཡོད།  ཕྱི་མ་དེ་བཞིན་དོན་འཁྱོངས་ཡོང་མིན་ཕྱི་རྐྱེན་ནང་རྐྱེན་མང་བོ་ཐུག་ཡོད་ནའང་། གཙོ་བོའི་ནང་གི་གཙོ་བོ་ནི་རྒྱལ་བ་རིན་པོ་ཆེ་མཆོག་གི་བཞེངས་ཕྱོགས་ལ་ཐུག་ཡོད། འདི་ནི་གོང་སྨྲས་གནད་དོན་ཁག་ལས་བརྒལ་བའི་གནད་དོན་ལྟེ་བ་དེ་ཡིན་པས། ངག་སྒྲོས་ཙམ་མ་ཡིན་པར་ཁ་ཡོད་ལག་ཡོད་ཀྱི་ལམ་ནས་བོད་དོན་གཙང་སེལ་མ་གྲུབ་བར་དུ་བཙན་བྱོལ་བོད་གཞུང་ལ་བསྡུ་གསོག་རྒྱག་རྒྱུའི་བཞེངས་ཕྱོགས་དེར་འགྱུར་བ་གཏོང་བའི་ལས་འགུལ་ལམ། ཞུ་བ་ཅི་རིགས་བྱེད་ཐུབ་མིན་ནི་མི་རིགས་ཤིག་གི་ཤི་གསོན་ལ་ཐད་ཀར་འབྲེལ་ཡོད། དཔེར་ན། ད་རེས་རྒྱལ་བ་རིན་པོ་ཆེ་ཨ་རིར་ཆིབས་བསྒྱུར་གནང་སྐབས་རྒྱ་མིའི་ངོས་ནས་གོང་བཀོད་དོན་དག་འདི་རིགས་སྒང་སྔ་རྗེས་གཅིག་ལྕོགས་དང་འཐབ་ཇུས་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་ནས་རྒྱལ་རིན་པོ་ཆེ་བོད་དོན་སེལ་བར་བྲེལ་འཚབ་ཡོད་པའི་སེམས་ཁམས་བེད་སྤྱོད་ཀྱིས་དེང་གི་ཆར་བོད་དོན་སེལ་ཐབས་མེད་པ་ལྟ་བུ་བརྗོད་བཞིན་དུ་མ་འོངས་བོད་དོན་ལས་འགུལ་གྱི་ཁྲིམས་མཐུན་རང་བཞིན་ལ་གཡོ་འགུལ་ཡོང་ཐབས་ཀྱི་ཚིག་མང་བོ་རྒྱལ་བ་རིན་པོ་ཆེའི་གསུང་ལས་ལེན་གང་ཐུབ་ལ་འབད་ཡོད་པ་ལྟ་བུ་ཡིན།  རྒྱ་ནག་གི་ཁྲིམས་དོན་མཁས་པ་ཞིག་གི་སྐད་ཆ་ལྟར་བཤད་ན། ༼བྱེད་བབས་དེ་དག་ནི་འཐབ་ཇུས་རང་བཞིན་གྱི་ཚུར་རྒོལ་ཞིག་པས། བོད་མིས་ཁྱོན་ཡོངས་ནས་གཟབ་གཟབ་བྱེད་རན་འདུག ༽  གོང་བཀོད་དོན་དག་ཁག་གླེང་སློང་གི་ཚུལ་དུ་མཇུག་འཕྲོས་སུ་བཀོད་པར་ཀློག་མཁན་ལྷན་རྒྱས་ཀྱིས་མནོ་བསམ་དང་དཔྱད་བསྡུར་གཟབ་བཞེས་གནང་བར་རེ་བ་རྒྱག་གི་ཡིན།
 
ཕྱི་ལོ ༢༠༠༣ལོའི་ཟླ ༥ཚེས ༢༣ཉིན་གངས་སྐྱིད་དུ་རྩོམ་མཇུག་བསྡུས།
ཕྱི་ལོ ༢༠༡༠ལོའི་ཟླ ༦ཚེས ༨ཉིན་མཚོ་གླིང་ནས་བཟོ་བཅོས་ཕྲན་བུ་བརྒྱབ།

འབྲེལ་ཡོད་གསར་འགྱུར།

ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

ཆུ་ཚོད་ ༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

ཆུ་ཚོད་ ༡༠ སྔོན་ལ།
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩

མཆན། 14

  1. རས་པ། says:
    ལོ་ 15 སྔོན།

    དྲ་གྲོགས་རྣམ་པ་ལྷན་རྒྱས་ལགས་རྩོམ་པ་པོ་ལྷ་སྡེ་གནམ་ལོ་ཡག་ལགས་ཀྱིས་“ཨ་རི་ནས་རྒྱ་ཡིག་དྲ་རྒྱ་ཞིག་གི་བཅར་འདྲི་དང་ལེན་གནང་སྐབས་”ཞེས་གསལ་བའི་དྲ་རྒྱ་ནི་《多维新闻》ཞེས་པ་འདི་ལགས་ཤིང་། ༧གོང་ས་མཆོག་ལ་བཀའ་འདྲི་གནང་བའི་གསུང་མོལ་ལྷ་སྡེ་གནམ་ལོ་ཡག་ལགས་ནས་དྲངས་གནང་བ་ནི་http://video.dwnews.com/dl/interview/འདི་ནས་གཟིགས་ཐུབ་ལགས།

    Reply
  2. ཀླུ་མཁར་བྱམས། says:
    ལོ་ 15 སྔོན།

    དགའ་ལྡན་ཕོ་བྲང་བ་ཚང་གིས་ལོ་རྒྱས་ཀྱི་ཕམ་ཁ་ཁུར་ནས་ལྔ་ལམ་དུ་བཞུད་སོང་བ་རེད། དེ་རིང་ང་ཚོར་བོད་རང་བཙན་ཐོབ་མིན་ནི་ལོ་རྒྱུས་ངོས་ཀྱི་འགྲེལ་བཤད་ཀྱག་ཀྱོག་ཚོར་ལག་པ་འཆང་རྒྱུ་ཁོ་ན་ཙམ་མ་ཡིན་པར། གཙོ་བོ་མི་རབས་གསར་པའི་སེམས་ཁོངས་ན་ཁོ་ཐག་ཆོད་པའི་དམ་བཅའ་བརྟན་པོ་ཞིག་དགོས་པ་འདི་རེད། ཡིན་ནའང། ཡོད་མེད་དང་། མེད་ཐལ་ལ་སྒྱུར་མཁན་སྲིད་དོན་པ་ཚོའི་སྐད་ཆར་ཉན་ནས་ཉན་ཚོད་ཅིག་མེད་ལ། བྲིས་ནས་བྲིས་ཚོད་ཅིག་ཀྱང་མེད། དེར་བརྟེན། ང་ཚོས་བོད་སྡེ་བ་གཞུང་ཤོར་སོང་བ་མ་ཟད། བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་ཕྱི་ཤུན་བརྗེ་བའི་དབང་དུ་བཏང་ཡང་བོད་དོན་འཐབ་རྩོད་མུ་མཐུད་གནས་རྒྱུ་སྐོར་ལ་ཆོད་སེམས་བརྟན་པོ་ཞིག་དགོས་པ་ནི་སྐབས་ཐོག་གི་བརྗོད་གཞི་རེད་སེམས།

    Reply
  3. ནད་པ says:
    ལོ་ 15 སྔོན།

    གུས་པར་བཀུར་བའི་མི་ཆུང་ལགས། སྲོང་བཙན་སྒམ་པོའི་དུས་སྐབས་མཉམ་པའི་རྒྱ་གར་གྱི་རྒྱལ་པོ་ཧརྴའི་སྐབས་རྒྱ་ནག་གི་བཙུན་པ་ཝུན་རྒྱ་གར་དུ་གོང་མའི་སྐྱེས་འབུལ་མཁན་དེས་བལ་དུ་སོང་ནས་བོད་རྒྱལ་སྲོད་བཙན་སྒམ་པོར་སྐྱབས་བཅོལ་ནས་བོད་དམག་ཆིག་སྟོང་དང་གོར་ཁའི་རྟ་དམག་དབུན་སྟོང་ཙམ་ལྷོ་རྒྱ་གར་དུ་དཔུང་འཇུག་བྱས་ཏེ་ཆམ་ལ་ཕབ་པ་མ་ཟད་ཆུ་བོ་གངས་ག་ཐུག་གི་བར་བཟུང་།

    སྐབས་དེ་དུས་བལ་ཡུལ་ཡང་བལ་ཡུལ་ཡང་བོད་ཀྱི་མངའ་འོག་ཏུ་བཅུགས་ཡོད་ལ་དེ་བཞིན་ནུབ་ལ་དྭགས་སོགས་ཀུན་དང་། བྱང་དུ་སོགས་པོ་དང་ཤིང་ཅང་ཁ་ཆེ་སོགས་མངའ་འོག་ཏུ་བཀོད། ཤར་དུ་རྒྱ་ནག་གི་ས་ཁྱོན་ཕྱེད་ལ་ཐུག་པའི་བར་བཟུང་ཡོད་ལ་ཡུལ་ནན་སོགས་ཀུན་བོད་ཀྱི་མངའ་འོག་ཏུ་བསྡུས་ཡོད།

    བོད་རྒྱལ་ཁྲི་རལ་པའི་དུས་སྐབས་སུ་ཕྱོགས་གཉིས་ཀྱི་རྡོ་རིང་བཙུགས་ནས་རྒྱ་རྒྱ་ཡུལ་སྐྱིད་། བོད་བོད་ཡུལ་ན་སྐྱིད་ཅེས་བཀོད་ནས་གོང་མའི་རྒྱལ་ས་དང་། བོད་ཀྱི་རྒྱལ་ས། རྒྱའི་ས་མཚམས་རྨེ་རུ་བྱ་བར་དྲན་རྟེན་རླདོ་རིང་བསླངས་ཡོད།

    དེ་ནི་བོད་བཙན་པའི་རྒྱལ་ཁབ་ཀྱི་གཟི་བརྗིད་གཅིག་དང་བོད་མི་རིགས་འདི་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་སྟོབས་ཆེན་གྱི་རྒྒཡལ་ཁབ་དང་མི་རིགས་གཅིག་ཡིན་པའི་ལོ་རྒྱུས་བདེན་དཔང་རེད།

    ཡིན་ནའང་ད་ཆ་བོད་རྭད་པའི་དུས་ཤིག་ཡིན་པར་སོང་ཕྱི་རྒྱལ་གྱི་རྒྱལ་ཁབ་སུ་གཅིག་གི་བོད་ཀྱི་ཆེད་དུ་རང་ཉིད་ལ་ཕེ་ཕན་མེད་བཞིན་དུ་བོད་རང་བཙན་ཡིན་པའི་བརྒྱབ་སྐྱོར་བྱེད་མཁན་མེད། དེ་ནི་རྒྱ་ནག་འདི་འཛམ་གླིང་ནང་དཔལ་འབྱོར་དང་། དམག་དོན། ཚོང་དོན། མི་འབོར་སོགས་ཕྱོགས་གང་སར་སྟོབས་ཤུགས་རྒྱས་པའི་དུས་སྐབས་གཅིག་ཡིན་པའི་རྐྱེན་གྱིས་རེད།

    རྒྱལ་ཁབ་དང་མི་རིགས་སུ་ཞིག་ཡིན་ནའང་རང་ཉིད་ལ་སྟོབས་ཤུགས་ལྡང་ངེས་ཤིག་ཡོད་ཚེ་འདས་པའི་ལོ་རྒྱུས་དང་། བདེན་པ། དྲང་བདེན། གྲོས་ཆིངས་ཟེར་བ་དེ་ཚོར་ཆ་འཇོག་རྩ་བ་ནས་བྱེད་ཀྱི་མ་རེད།

    དོན་དངོས་ཐོག་རང་ཉིད་ཀྱི་སྟོབས་ཤུགས་རང་ལ་ཐུག་ཐུག་ཡོད་པ་དེ་རེད། གྲོས་འདུན་དོན་ཚན་བཅུ་དབུན་ལ་ལ་མིང་བྟརགས་མ་བཀོད་ཀ་མེད་ལ་ཐུག་ཡོད་ལ་ཆིངས་ཡིག་དེར་རྒྱ་མིས་བརྩི་མེད་རྡོག་རོལ་དུ་བཏང་བ་དེ་རང་ཉིད་ཀྱི་དཔའ་དང་དཔུང་ལ་ལྡེང་ཚོད་གཅིག་ཡོད་པའི་འི་རྐྱེན་གྱིས་རེད།

    Reply
  4. ཉི་ཟླའི་མགྲོན་བདག says:
    ལོ་ 15 སྔོན།

    བརྗོད་གཞི་ཡག་པོ་འདུག་མུ་མཐུད་དུ་འབྲི་རོགས་ཞུ།

    Reply
  5. གནས་ཚང་། says:
    ལོ་ 15 སྔོན།

    སིམ་ལའི་ཆིངས་ཡིག་གི་ཟུར་ཆིངས།

    ༼༑ དབྱིན་བོད་གཉིས་ནང་མཐུན་ཟུར་བཞག་ཆིངས་ཡིག
    སྒེ་རེག་སྦི་རི་ཀྲན་དང༌། བོད་གཞུང་གི་བཀས་མངགས་ངོས་སྐུ་ཚབ་རྣམས་ནས་ད་ལམ་གཤམ་གསལ་གྱི་ཚིག་འབྲུ་ཡིག་ཐོག་བཀོད་དོན། ཆིངས་ཡིག་ཟུར་དུ་ཡོད་པ་དེ་བཞིན་དབྱིན་གཞུང་དང༌། བོད་གཞུང་ནས་བརྩི་འཇོག་བྱེད་རྒྱུ་ངོས་རྣམས་ངེས་ཡོད། རྒྱ་ནག་གཞུང་ནས་ཆིངས་ཡིག་དེར་རྟགས་འཛུགས་མ་བྱས་པར་ཆིངས་ཡིག་དེའི་ནང་རྒྱ་གཞུང་ལ་ཐོབ་དབང་གང་ཡོད་རུང་ཆ་གནས་མི་བྱེད་པ་བཅས་ཤོག་ལྷེ་འདི་བཞིན་ལ་ངོས་རྣམས་ནས་དབྱིན་བོད་ཡི་གེ་འདྲ་མཉམ་རེའི་ཐོག་ཐམ་ག་དང༌། མིང་རྟགས་བརྒྱབ་ཡོད། སིམ་ལར་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བཅུ་བཞི་ཟླ་བ་འཇུ་ལའི་ཏ་རིག་གསུམ། བོད་ལུགས་ཤིང་རྟགས་ཟླ་ ༥ཚེས་ ༡༠ལ།༽ དེ་ནས་ཚང་མ་ལོས་ག་ལེར་ལོ་རྒྱུས་སློབ་སྦྱོང་དང་གང་དྲན་བཤད་རུང་མིན། དཔེ་དེབ་མ་ཀློག་ན་དཔྱད་པ་གཏོང་རྐྱང་ཡིན་མིན་ལ་ངེས་ཤེས་བརྙེད་པར་སྨོན་ལམ་རྒྱག་གི་ཡིན།

    Reply
  6. མི་ཆུང་། says:
    ལོ་ 15 སྔོན།

    ད་དུང་ནད་པར་བརྗོད་རྒྱུར།
    སྤྱི་ལོ་༡༩༥༩ དང་དེའི་གོང་༡༩༥༡ ཡན་གྱི་ལོ་རྒྱུས་ནང་རྙོག་མ་མེད་ཅིང་ཁམས་དང་ཞིག་ཡིན་ན་འགྲིགས། འོན་ཀྱང་དེ་ལྟར་བྱུང་མེད། སྤྱི་ལོ་༡༩༧༠ ནང་ནས་བོད་པ་རང་ཉིད་ཀྱིས་བོད་འདི་མན་ཇུ་དང་། གོ་མིང་ཏང་ལ་བརྩིས་སྤྲད་ཚར་ཡོད།

    Reply
  7. མི་ཆུང་། says:
    ལོ་ 15 སྔོན།

    ནད་པ་ལགས། འདས་པའི་ལོ་རྒྱུས་ཁྲོད་བརྗོད་ན། ཏག་ཏག་མི་འཚམས། འདས་པའི་ལོ་རྒྱུས་ལ་མཚམས་དང་ཚིགས་ཤིག་ངེས་པར་དགོས། གོང་དུ་ཁོ་བོས་བརྗོད་པ་རྣམས་ནི་བོད་ཀྱི་ལོ་རྒྱུས་ནང་ཡོངས་གྲགས་ཀྱི་གནས་ཚུལ་ཞིག་རེད།

    སྤྱི་ལོ་༡༩༡༣ ལོར་རྒྱལ་དབང་བཅུ་གསུམ་པའི་སྐབས་ཆུ་གླང་རྩ་ཚིག་ཅེས། ང་ཚོས་རང་བཙན་གྱི་སྒྲུབ་བྱེད་དུ་རློམ་བཞིན་པ་དེའི་མཇུག་ཐོག་རང་དུ། སིམ་ལའི་ཆིངས་ཡིག་དེ་བཞག་པ་རེད། གང་ལྟར་ཡང་དབྱིན་གཞུང་གི་ཐབས་ཇུས་དང་རྒྱ་གཞུང་གིས་ཨུ་བཙུགས་འོག བོད་དེ་མིང་ཙམ་གྱི་རྒྱ་ནག་གི་ཆ་ཤས་སུ་གཏན་འབེབས་བྱས་ཡོད། འདི་ཚོར་ནོར་སོང་འཁྲུལ་སོང་བརྗོད་ས་མེད།

    ཁྱེད་ཀྱིས་བརྗོད་ན། བོད་ཆོལ་གསུམ་ཡོངས་སུ་རྫོགས་པ་རང་བཙན་ཞེས་པའི་དུས་ཚོད་དང་་། རྒྱ་ཁྱོན། གང་འདྲ་ཞིག་ལ་བརྩི་གི་ཡོད། ད་དུང་བོད་ཚིག་ཐོག་དང་རྒྱ་ཡིག་ཐོག་བརྗོད་པ་བཞིན། དེ་བས་དེང་རྒྱལ་སྤྱིའི་ནང་ཡིག་ཐོག་ཏུ་ཡོད་དགོས་ན། རྒྱལ་ཁབ་སུ་ཞིག་གིས་བོད་རང་བཙན་ཡིན་པ་ཁུངས་སྐྱེལ་བྱས་ཡོད་དམ། ལན་ཞིག་གནོངས།

    Reply
  8. ནད་པ says:
    ལོ་ 15 སྔོན།

    མི་ཆུང་ལགས། འདས་པའི་ལོ་རྒྱུས་ཁྲོད་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་མིན་པ་དེ་རྒྱ་གར་དང་། རྒྱ་ནག ཨུ་རུ་སུ། བལ་ཡུལ། དབྱིན་ཇི། ཨ་རི། ཕྷ་རན་སི་སོགས་ད་ཆ་འཛམ་གླིང་རྒྱལ་སྤྱིས་ཤེས་ཀྱི་ཡོད་པརེད།

    འདས་པའི་ལོ་རྒྱུས་གང་ཡིན་ལ་མ་བལྟོས་པར་དོན་དངོས་ཐོག་རྒྱལ་ཁབ་དང་མི་རིགས་སོ་སོའི་སྤྱི་ཡོངས་ཀྱི་སྟོབས་ཤུགས་རང་ལ་ཐུག་ཡོད། ཆབ་སྲིད་ཀྱི་སྟོབས་ཤུགས། དམག་དོན་གྱི་སྟོབས་ཤུགས། དཔལ་འབྱོར་གྱི་སྟོབས་ཤུགས། མི་འབོར་གྱི་སྟོབས་ཤུགས། ཤེས་ཡོན་གྱི་སྟོབས་ཤུགས་སོགས་ལ་ཐུག་ཡོད།

    ཕྱོགས་ཡོངས་ནས་སྟོབས་ཤུགས་ཤིག་མ་འཛོམས་པར་གནས་སྐབས་རིང་ཕམ་ཁ་འཁུར་ནས་སྡོད་དུ་ལས་གཞན་མེད། ཡིནའང་གཅིག་རང་ཡོད་པ་དེ་འདས་པའི་ལོ་རྒྱུས་དང་མྱོང་བ་ལ་གཞིགས་ཏེ་ད་ལྟ་ཕམ་ཁའི་ཁྲོད་ནས་རྒྱལ་ཁ་ཞིག་ལེན་ཐུབ་རྒྱུར་འབད་བརྩོན་རྒྱུན་འཁྱོངས་བྱེད་རྒྱུ་དེ་ཡིན།

    ཡིན་ནའང་དངོས་པོའི་ཆོས་རྣམས་ཐམས་ཅད་ལ་དར་རྒུད་ཡོད་སྟབས། ཐོག་མར་དར་བ་དང་། དེ་ནས་རྒྱས་པ། མཐར་ཉམས་པ་བཅས་ནི་ཆོས་དང་། རིག་གཞུང་། དཔལ་འབྱོར། རྒྱལ་ཁབ། ཆབ་སྲིད་བཅས་ཚང་མའི་གཟིས་ལུགས་ཤིག་ཡིནསྟབས་ང་ཚོ་ཉམས་རྒུད་དུ་སོང་བའི་གཞི་ལས་མཐར་རྒྱལ་བ་ཡང་ཆོས་ཉིད་ཅིག་ཡིན།

    Reply
  9. མི་ཆུང་། says:
    ལོ་ 15 སྔོན།

    བཙན་བྱོལ་བོད་གཞུང་དང་བོད་རྒྱལ་ཁབ། བོད་གཞུང་དགའ་ལྡན་ཕོ་བྲང་། ཞེས་པ་ཞིག་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱླལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་གནས་རྒྱུ་གཉིས་ཡོང་ཐབས་མེད་པ་གཅིག་རེད།

    ཡང་བོད་གཞུང་དང་བོད་གཞུང་དགའ་ལྡན་ཕོ་བྲང་ཞེས་པ་བློས་གཏོང་དགོས། ཡང་ན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱླལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་འདུག་རྒྱུ་དེ་བློས་གཏོང་དགོས།

    ཕལ་ཆེར་སྔ་མ་བློས་མ་བཏང་ཐབས་མེད་རེད། རྒྱུ་མཚན་ནིི། སྤྱི་ལོ་༡༧༢༨ ལོ་ནས་དེ་སྐབས་ཀྱི་སྲིད་ཐོག་གི་དབང་ཚད་ཤུགས་ཆེ་ཡོད་པ། མི་དབང་ཕོ་ལྷ་བར་གྲགས་པ་དེས། ངར་ལུམ་སྦྱར་གསུམ་ལ་ཁྲིམས་ཐག་གཅོད་ཆེད། ཤར་ཕྱོགས་རྒྱ་ནས་ཞིབ་དཔྱོད་པ་གདན་དྲངས་པ་ནས། ཁྲིམས་ལུགས་ཀྱི་དབང་ཚད་ཡུག་གཅིག་ཤོར་བ་རེད།

    དེ་རྗེས་སྤྱི་ལོ་༡༩༡༣ ལོའི་སིམ་ལའི་ཆིངས་ཡིག་གི་འབྲུ་དོན། མིང་ཙམ་གྱི་བོད་རྒྱ་ནག་གི་ཆ་ཤས་ཞེས་པ་སོགས་ཀྱི་ལོ་རྒྱུས་ལས་ཐབས་ཤེས་མེད་པར་གྱུར་ཡོད།

    Reply
  10. སྟག་སྨྱོན། says:
    ལོ་ 15 སྔོན།

    ད་བར་བཙན་བྱོལ་བོད་གཞུང་གིས་རྒྱ་ནག་གཞུང་ལ་བཏང་བའི་གཞུང་འབྲེལ་ཡིག་ཆ་ཚང་མ་ནུས་མེད་དུ་གྱུར་བ་ཡོངས་ཁྱབ་གསལ་བསྒྲགས་མ་གནང་བ་ཡིན་ན། བོད་དོན་ཞིག་རྩོད་རྒྱུ་མེད་པ་བཟོས་ཚར་བ་འདྲ་བོ་མཐོང་གི་འདུག

    Reply
  11. བསང་ཆུ་འབྲུག་བྷེ། says:
    ལོ་ 15 སྔོན།

    གྲོགས་པོ། དུས་འདིར་ཁ་ཚ་དགོས་གཏུགས་ཀྱི་རྩོམ་ཡིག་གླེང་གཞི་ཅན་ཞིག་སྤེལ་འདུག་པའི་དགའ་བསུ་ཞུ། མུ་མཐུད་དུ་སྨྱུ་གུའི་སོག་སྒྲ་མི་འཇགས་པར་རྩོམ་ཡིག་གང་མང་སྤེལ་ཐུབ་པའི་རེ་བ་ཡོད།

    Reply
  12. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ནད་པ་ལགས་ཀྱིས་གསུངས་པ་ལ་རྒྱབ་སྐྱོར་ཡོད།

    Reply
  13. ནད་པ says:
    ལོ་ 15 སྔོན།

    ཕྱི་ལོ་ ༡༩༥༩། ༠༣། ༡༧ ཉིན་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸ གོང་ས་མཆོག་དང་། བཙན་བྱོལ་བོད་གཞུང་། བོད་མི་གང་ཙམ་བཅས་རྒྱ་གར་དུ་གནས་སྐབས་བཙན་བྱོལ་དུ་མ་ཕེབས་ཀ་མེད་ཐུག་ཡོད།

    འདས་པའི་མི་ལོ་ལྔ་བཅུའི་ནང་༸ གོང་ས་མཆོག་གི་དབུ་འཁྲིད་འོག་བཙན་བྱོལ་གཞུང་དང་གཞི་བྱེས་བོད་མི་ཡོངས་ཀྱིས་སྐྱིད་ན་མཉམ་སྐྱིད་དང་སྡུག་ན་མཉམ་སྡུག་བྱས་ཏེ་དཀའ་སྡུག་དང་འགག་འཕྲང་དུ་མར་ངལ་བ་ཁྱད་དུ་བསད་ནས་ད་ཆ་ཆོལ་གསུམ་བོད་རིགས་ཡོངས་རྫོགས་ཆིག་ཏུ་བསྒྲིལ་བའི་གོང་བུའི་ནུས་པ་མངོན་གསལ་དོད་པོར་འབུར་དུ་ཐོན་བཞིན་ཡོད།

    ཆིག་བསྒྲིལ་གོང་བུའི་ནུས་པ་གཅིག་ཏུ་བསྒྲིལ་མཚམས་སུ་གང་མགྱོགས་ཅི་མགྱོགས་སུ་༸ གོང་ས་མཆོག་དང་བཙན་བྱོལ་བོད་མི་རྣམས་རང་ཡུལ་སྐྱིད་པའི་བོད་ལྗོངས་སུ་ཕྱིར་ལོག་མ་བྱེད་ཀ་མེད་ཐུག་ཡོད།

    བོད་དུ་ཕྱིར་ལོག་བྱེད་རྒྱུར་རྒྱ་ནག་ནག་དང་ལྷན་དུ་ཞི་མོལ་ཡག་པོ་ཞིག་མ་བྱུང་ན་དེ་བས་བོད་དུ་ལོག་རྒྱུ་དེར་དཀའ་ཚེགས་ཆེན་པོ་ཞིག་འཕྲད་ངེས་ཡིན། རྒྱ་བོད་ཞི་མོལ་དེ་ཡང་རྒྱ་ནག་དབུས་གཞུང་དང་བཙན་བྱོལ་བོད་གཞུང་ཟེར་བ་དེ་གཉིས་ཕྱོགས་གཉིས་གྲོས་མཐུན་མིང་བརྟགས་བཀོད་ནས་ཕྱིར་ལོག་བྱེད་ཐུབ་པ་དེ་འདྲ་རྩ་བ་ནས་ཡོང་ཐབས་བྲལ་བ་ཞིག་རེད།

    དེ་འདྲ་སོང་ཙང་བོད་རྒྱ་ཞི་མོལ་གྱི་གནད་དོན་མ་འགྲིག་པའི་སྔ་རོལ་དུ་བཙན་བྱོལ་བོད་གཞུང་ཟེར་བ་དེ་ངེས་པར་དུ་ཡང་སྒོ་མ་བརྒྱབ་ན་རྒྱ་བོད་ཞི་འགྲིག་ཡོང་ཐབས་རྩ་བ་ནས་མེད་པ་ལྟ་བུ་རེད།

    དེ་འདྲ་སོང་ཙང་མཁྱེན་རླབས་མཚངས་མེད་བོད་ཀྱི་དབུ་ཁྲིད་༸ གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། གཞི་བྱེས་བོད་མི་ཡོངས་ཀྱི་མང་བཀུར་དཔལ་ལྡན་མི་དབང་བཀའ་ཁྲི་ཟམ་དོང་རིན་པོ་ཆེ་རྣམ་གཉིས་ཀྱིས་བཀའ་གསལ་དེ་རིགས་གནང་འགོ་འཚུགས་ཡོད།

    ༸ གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་འཚོ་བཞུགས་སྐབས་འདིར་བོད་དུ་ཕྱིར་ཕེབས་གནང་མ་ཐུབ་པའི་དབང་དུ་བཏང་ཚེ་བཙན་བྱོལ་བོད་གཞུང་ཟེར་བ་དེ་ངེས་པར་གནས་དགོས་ལ་བོད་མི་རིགས་ཀྱི་ཆེད་དུ་གཞུང་དེ་མང་གཙོའ་ངོ་བོར་ཅིས་ཀྱང་མུ་མཐུད་རྒྱུན་འཛིན་བྱེད་རྒྱུ་དེ་བས་རྩ་དོན་ཆེན་པོ་ཞིག་རེད།

    ༸ གོང་ས་མཆོག་མཆོག་དང་བཙན་བྱོལ་དུ་བོད་པའི་བོད་མི་དག་ལ་མིང་དོན་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་གཅིག་གི་འོག་ཆིག་བསྒྲིལ་ཏུ་ཡོང་རྒྱུར་རྒྱ་ནག་དབུས་གཞུང་གིས་ཁྲིམས་ལྟར་ངོས་ལེན་བྱུང་ཚེ་ངེས་པར་དུ་ཡང་ང་ཚོས་བཙན་བྱོལ་བོད་གཞུང་ཟེར་བ་དེ་བཙན་བྱོལ་སྐྱིད་སྡུག་ལྟ་བུར་མིང་བསྒྱུར་བྱེད་ཆོག་ལ་ཐ་ན་སྒོ་ཡང་བརྒྱབ་ནས་གཙང་སེལ་ཐོག་བོད་དུ་གཞི་བྱེས་མཉམ་འཛོམས་ཀྱི་རེ་བའི་བཀྲིས་ཀྱི་བཀའ་དྲིན་ཞབས་སོར་འཁོད་དགོས།

    Reply
  14. གནམ་ལྕགས། says:
    ལོ་ 15 སྔོན།

    ལྷ་སྡེ་གནམ་ལོ་ཡག་ལ་བཀྲིས་བདེ་ལེགས་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese