ཕྱི་ཚེས་ ༧ ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་ཧྥུ་ཡིན་གྱིས་ཨོ་སུ་ལོར་ཡོད་པའི་ནོར་ཝེ་ཡི་རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་དུ་གཏམ་བཤད་ཅིག་གི་སྐབས། བོད་རྒྱ་ཞི་མོལ་གྱི་སྒོ་ནི་ག་དུས་ཡིན་ཡང་ཕྱེ་ཡོད་ལ། རྒྱ་ནག་གི་ཕྱོགས་ནས་ཞི་མོལ་དེ་མུ་མཐུད་རྒྱུར་ལྷག་བསམ་རྣམ་དག་ཡིན་ཅེས་བཤད་འདུག
ཅུང་རྒྱུན་ལྡན་མ་ཡིན་པ་ཞིག་ལ། ཁོ་མོའི་གཏམ་བཤད་ཀྱི་སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཀྱང་ཕེབས་ཡོད་པ་མ་ཟད། ཁོང་གཉིས་འཁྱུག་ཙམ་རིང་མཇལ་འཕྲད་ཀྱིས་བཀའ་མོལ་ཡང་གནང་ཡོད་པ་རེད།
ཧྥུ་ཡིན་གྱིས་གསུང་བཤད་སྐབས་ཀྱི་དྲི་བར་ལན་འདེབས་བྱས་དོན། བོད་རྒྱ་ཞི་མོལ་གྱི་སྒོ་མོ་ནི་ག་དུས་ཡིན་ཡང་ཕྱེ་ཡོད་པ་རེད། སྒོ་ཕྱེ་ནས་ལོ་མང་པོ་ཕྱིན་པ་རེད། དེའི་ཐད་དཀའ་རྙོག་ཀྱང་ཡོད་པ་རེད། ཡིན་ཡང་རྒྱ་ནག་གི་ཕྱོགས་ནས་ཞི་མོལ་མཇུག་སྐྱོང་རྒྱུར་ཁ་ཞེ་གཉིས་མེད་ཡིན་ཅེས་དང་།
བོད་ནི་མཐའ་འཁོབ་ཀྱི་ཡུལ་ཞིག་ཡིན་ལ། བོད་ནང་དཔལ་འབྱོར་འཛུགས་སྐྲུན་བྱེད་པ་ལ་ཐུན་མོང་མ་ཡིན་པའི་ལམ་ཁ་ཞིག་རྙེད་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་རེད། དེ་དང་མཉམ་དུ་བོད་ཀྱི་རིག་གཞུང་དང་ཆོས་ལུགས་ཀྱང་སྲུང་སྐྱོབ་བྱ་དགོས་པ་རེད། འདི་ནི་དཀའ་ཁག་གི་བརྒྱུད་རིམ་ཞིག་རེད་ཟེར།
གཞན་ཡང་མོས་བཤད་རྒྱུར། བོད་ཀྱི་རིག་གཞུང་ནི་ཧ་ཅང་ཐུན་མོང་མ་ཡིན་པ་དང་རིན་ཐང་ལྡན་པ་ཞིག་རེད། ཉེ་བའི་དུས་སུ་བོད་ནང་གི་འཛུགས་སྐྲུན་ཕྱོགས་ལ་རྒྱལ་ཡོངས་རིམ་པའི་ཚོགས་ཆེན་ཞིག་འཚོགས་པ་རེད། རྗེས་ཕྱོགས་བོད་ནང་དུ་མ་འཛུགས་ཕོན་ཆེན་པོ་དང་རོགས་རམ་ཕོན་ཆེན་པོ་ཡོང་གི་རེད། སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དུ་བོད་ཀྱི་ས་ཁུལ་གྱི་བརྒྱ་ཆ་ ༣༧ ནི་ད་སྔ་ནས་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་ས་ཁུལ་ལ་བསྒྱུར་ཡོད་པ་རེད། ང་རང་བོད་ལ་དགའ། ང་ནི་ས་ཆ་དེར་བརྩེ་དུང་ཆགས་ཡོད། ད་ལོར་ངས་རང་གི་དབྱར་ཁའི་གུང་གསེང་བོད་ནང་དུ་གཏོང་རྒྱུའི་འཆར་གཞི་བཏང་ཡོད་ཅེས་བཤད་ཡོད་པ་རེད།
གཏམ་བཤད་དེའི་རྗེས་སུ་ཁོ་མོ་འཁྱུག་ཙམ་རིང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་དང་ནོར་ཝེ་བོད་རིགས་ཚོགས་པའི་ཆུང་བདག་ཀོ་རན་ལགས་གཉིས་ལ་ཐུག་འཕྲད་བྱས་ཡོད་པ་རེད།
ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་ཁོང་གཉིས་ཀྱི་མཇལ་འཕྲད་སྐོར་ལ་བཤད་དོན། མོ་རང་དངོས་གནས་ལྷག་བསམ་ཡོད་པ་ལྟར་སྣང་། མོ་རང་གིས་གང་བཤད་པ་དེ་སེམས་གཏིང་གི་སྐད་ཆ་ཡིན་ཚེ། རྒྱ་ནག་གི་མགོ་ཁྲིད་ཚོའི་ཕྱོགས་ནས་བོད་དོན་འདི་ཞི་མོལ་གྱི་ལམ་ནས་ཐག་གཅོད་བྱ་ཕྱོགས་ཀྱི་བསམ་བློའི་ལངས་ཕྱོགས་ལ་འགྱུར་བ་ཐེབས་པ་ཞིག་ཡིན་ཡང་སྲིད་པ་རེད་ཅེས་དང་།
གཞན་ཡང་ཁོང་གིས་ནོར་ཝེ་རླུང་འཕྲིན་ཁང་ལ་བཤད་དོན། ཧྥུ་ཡིན་ལགས་ནི་བོད་དོན་ཐོག་བསམ་བློ་གཏོང་མཁན་དང་ལྷག་བསམ་ཡོད་མཁན་ཞིག་ཏུ་མཐོང་སོང་། དེ་བཞིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཁོང་གིས་༧གོང་ས་མཆོག་ལ་སྐྱོན་བརྗོད་དང་ཁོང་ཉིད་ཁ་བྲལ་བ་ཞིག་ཡིན་སྐོར་སོགས་བཤད་གི་མི་འདུག་ཅེས་བསྟན་ཡོད་པ་རེད།
ཧྥུ་ཡིན་ནི་སོག་རིགས་བུད་མེད་ཅིག་ཡིན་ལ། ལོ་འདིའི་ཕྱི་ཟླ་དང་པོའི་ནང་དུ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པར་བསྐོས་པ་རེད། སྔོན་ཆད་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་ཨེ་ཤ་ཡའི་ལས་དོན་སྡེ་ཚན་གྱི་སྤྱི་ཁྱབ་འགན་འཛིན་དང་། ཨོ་སི་ཊོ་ལི་ཡ་དང་ཧྥི་ལི་ཕིན། དབྱིན་ཡུལ་བཅས་སུ་རྒྱ་ནག་གི་གཞུང་ཚབ་པ་ཡང་བྱས་མྱོང་ཡོད་པ་རེད།
པར་དབང་། ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་ཡིན།
གསར་འགྱུར་སྤེལ་མཁན། ལུང་རིགས་རྒྱལ།
གནས་ཚུལ་འདིའི་ཁྲོད་ཀྱི་གནད་དོན་ངོ་མ་ཞིག་ཕྱིར་བུད་ཡོད་པ་ནི། ཚོགས་གཙོ་ཁོ་མོ་མཐོང་ནས་ཡོལ་མ་སོང་བ་དང་། ཁོ་མོས་ཚོགས་མཐོང་ནས་བྲོས་མ་སོང་བར་དངོས་སུ་ཐུག་འཕྲན་བྱས་པ་དེ་གནད་དོན་གཅིག་རེད།
གཉིས་ནི། སྐད་ཆ་བཤད་པ་ཁ་འཆམ་སོང་བ་དེ་གཉིས་རེད། ཕྱི་སྲིད་མོས་ཁ་ཕར་བསློགས་རྗེས་ག་རེ་བཤད་རྩིས་ཡོད་སུས་ཚོད་ཐིག ཨ་ལེ་ལྟ་རྒྱུ་རེད་་་་་་་་་་་་་་་་
ཚོགས་གཙོ་མཆོག་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། རྗེས་ཕྱོགས་ཚོགས་གཙོ་གཉིས་དང་བཀའ་བློན་ཟུར་སུ་ཡིན་ཡང་རྒྱ་གཞུང་གི་མཐོ་རིམ་མི་སྣ་མ་ཟད་རྒྱ་རིགས་དཀྱུས་མ་ཚོ་ལ་ཡང་འབྲེལ་བ་ཡག་པོ་བྱེད་དགོས།
འདི་ལ་རན་དང་རན་འོས་དང་མ་འོས་ཀྱི་རྣམ་རྟོག་འོག་མ་སོང་པར་གོ་སྐབས་གང་ཡོད་ཀྱི་བོད་དོན་འགྲེལ་བཤད་རྒྱག་རྒྱུ་གལ་ཆེ།
མཇལ་འཕྲད་བྱུང་བ་འདི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ལོས་ཡིན། ཚོགས་གཙོ་མཆིག་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་མ་འོངས་པར་ཡང་དེ་ལྟའི་གོ་སྐབས་ཡོང་ཐབས་ལ་འབད་བརྩོན་གནང་རོགས།
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་བཤད་བཏང་ལ་བལྟས་ན་ཡང་བཙན་བྱོལ་བོད་གཞུང་ཡང་བསྐྱར་གླིང་སྐོར་ལ་འཁྲིད་རྒྱུ་དང་དམིགས་གསལ་སྐུ་ཚབ་རྣམས་ལ་གསོལ་སྟོན་ཟབ་རྒྱས་ཞིག་གྲ་བསྒྲིགས་བྱ་བཞིན་ཡོད་པ་མངོན་གྱི་འདུག འོན་ཀྱང་བཙན་བྱོལ་སྲིད་གཞུང་གི་ཆབ་སྲིད་པ་རྣམས་ཀྱི་དེ་སྔོན་རྒྱ་མའི་མཐོང་མྱོང་མེད་པ་དང་ལྔ་བཅུ་ལྔ་དགུ་ནས་བདུན་བཅུ་དོན་གྲངས་བར་ལ་གཞི་ལུས་བོད་མའི་རྣམས་ལ་མནར་གཅོད་བཏང་བའི་ལོ་རྒྱུས་རབ་དང་རིམ་པ་ཐོས་པའི་རྐྱེན་གྱི་སེམས་ནང་རྒྱ་མའི་ཕྱི་ཚུལ་གྱི་རྣམ་པ་མཆེ་བ་བརྩེགས་པ་སྣ་སྙེར་བ་བཞིན་མི་སྡུག་པ་ཞིག་ཡོད་པའི་འཚོར་སྣང་ཡོང་གི་ཡོད་བཟོ་འདུག དོན་དངོས་ནི་ཕྱི་ཡི་རྣམས་པ་དེ་ལྟར་མ་ཡིན་པ་མཐོང་དུས་རྣམ་འགྱུར་ཡག་པོ་ཡོད་པའི་འཚོར་སྣང་ ཞིག་བྱུང་བ་ ཡིན་སྲིད། དེ་ལྟར་མ་ཡིན་ན་བཙན་བྱོལ་གྱི་ཆབ་སྲིད་པ་རྣམས་ཀྱི་ཀླད་པའི་ནད་ཆུ་ལས་མེད་པ་ཡིན། དེ་ན་རྒྱ་མའི་ཆབ་སྲིད་ཕྱིའི་རྣམ་འགྱུར་ནས་མངོན་དཔོག་བྱ་ནུས་བྲལ་བས་ང་ཚོའི་ཆབ་སྲིད་པ་རྣམས་ནས་བབ་ལྷིང་བརྟན་གསུམ་གནང་རོགས་ཞུ་རྒྱུ་ཡིན།
འདི་ཡང་རྒྱ་གཞུང་གིས་ཕྱི་ཕྱོགས་ལ་སྟོན་རྒྱུའི་གདོང་འབག་ཅིག་ལས་དོན་དམ་
གྱི་སྐད་ཆ་ཞིག་ཡིན་མི་སྲིད།
བཀུར་འོས་ཚོགས་གཙོ་ལགས། དོགས་ཟོན་མཛོད། དོགས་ཟོན་མཛོད། རྒྱའི་བཤད་སྟངས་ལ་ཡིད་ཆེས་བྱེད་རྒྱུ་དཀའ་མོ་ཡིན། ཁོ་བ་ཚོས་ཁ་ནས་བཤད་རྒྱུ་དང་ཡིག་ཐོག་ལ་འགོད་རྒྱུ་མི་གཅིག ཁོ་བ་ཚོས་ནང་ཁུལ་དུ་བཤད་རྒྱུ་དང་ཕྱི་ཕྱོགས་ལ་བཤད་རྒྱུ་མི་གཅིག གནད་དོན་གཅིག་བོད་དབྱིན་རྒྱ་གསུམ་གྱི་ནང་ལ་འབྲི་སྟངས་ཡང་མི་གཅིག ཡང་གཅིག་བཤད་ན་བོད་རྒྱའི་བར་གྱི་གནད་དོན་ནི་ཧྥུ་ཡིན་གྱི་རྒྱབ་ལྗོངས་དང་འབྲེལ་བ་གཏན་ནས་ཡོད་མི་སྲིད། དམར་ཕྱོགས་ཀྱི་ཆབ་སྲིད་ཀྱི་སྒྲོམ་གཞི་དེའི་ནང་མི་བཟང་པོ་ཡོང་སའི་ལམ་ཁ་གཏན་ནས་མེད། ཆབ་སྲིད་ཀྱི་སྒྲོམ་གཞི་དེའི་འོག་ནས་ཡོང་གིན་པའི་མི་དེ་ཚོ་ལ་བདེན་པ་དང་དྲང་པོའི་ལམ་ལ་ཞུགས་སའི་བར་སྟོང་ཞིག་གཏན་ནས་མེད། དེ་ནི་མཐོ་རིམ་མི་སྣའི་མི་གཞི་བཟང་ངན་དང་འབྲེལ་བ་ཡོད་པ་ཞིག་མ་ཡིན་པར་དེ་ལས་ལྡོག་སྟེ་ཆབ་སྲིད་ཀྱི་སྒྲོམ་གཞི་དེ་ལ་བརྟེན་ནས་ཡིན།
སྤྱི་འཐུས་ཚོགས་གཙོ་མཆོག་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་མཇལ་འཕྲད་བྱུང་བ་དགའ་བསུ་ཡོད། ཡིན་ནའང་སྤྱི་འཐུས་ཚོགས་གཙོ་མཆོག་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་ཐུག་འཕྲད་བྱས་པ་དེ་རྣམ་པ་དང་ངོ་བོ་ག་འདྲ་ཞིག་གི་ཐོག་ནས་ཐུག་ཡོད་ན། ངའི་ཚོར་སྣང་ལ་ཚོགས་གཙོ་མཆོག་རྒྱ་ནག་གི་ཕྱི་སྲིད་བློན་གཞོན་པས་གསལ་འགོད་གསལ་བསྒྲགས་བྱས་སར་ཟུར་ཉན་འདྲ་པོ་འགྲོ་ས་རག་ཏེ་ཐུག་པ་མིན་འགྲོ་བསམ་གྱི་འདུག གལ་སྲིད་དེ་ལྟར་ཡིན་ན་ཅུང་མ་འགྲིག་པ་རེད། ང་ཚོའི་ཆེས་མཐོའི་འགོ་ཁ྄ིད་གཅིག་གི་གོ་སྐབས་དེ་འདྲ་ཟིན་ཏེ་རྒྱ་ནག་གི་དཔོན་རིགས་ཐུག་རྒྱུའི་གོ་སྐབས་ཚོལ་བསྡད་པ་ཡིན་ན། ང་ཚོར་བདེན་པ་མེད་པ་འདྲ་པོ་དང་བྱབ་ཆུང་གི་ལས་ཀ་ཞིག་མ་རེད་དམ། སྤྱིར་རྒྱལ་ཁབ་གི་དཔོན་རིགས་ཐུག་འཕྲད་བྱེད་སྟངས་རྣམ་པ་མི་འདྲ་བ་མང་པོ་ཡོད་ཅིང༌། དེ་ཡང་ཡོངས་གྲགས་དང་ཡོངས་གྲགས་མིན་པ་རིགས་གཉིས་ཡོད་ལ། འཆར་གཞི་མེད་པར་གོ་སྐབས་ཟིན་ཏེ་ཚོགས་འདུ་དང་གསར་འགོད་གསལ་བསྒྲགས་སོགས་ཀྱི་ཟུར་ཉན་དང་ལམ་དུ་འགྲོ་ཞོར་ལ་ཐུག་འཕྲད་བྱས་པ་དེ་འོས་འཚམས་ཤིག་རྩ་བ་ནས་མཐོང་གི་མི་འདུག ང་ཚོ་འདི་ལྟར་གོ་སྐབས་ཚོལ་དགོས་དུས་བདེན་པའི་འཐབ་རྩོད་དང་དྲང་བདེན་ལ་ས་སོ་རང་ཉིད་ནས་བརྩི་མེད་བཏང་བ་དང་གཅིག་མཚུངས་མ་ཡིན་ནམ། ལྷག་པར་དཔར་འདི་ལ་བལྟ་དུས་ཚོགས་འཙོ་མཆོག་འཚོགས་འདུ་ཞིག་གི་རྒྱབ་ཏུ་བཞུགས་ཡོད་པ་འདྲ་པོ་འདུག
བོད་རྒྱའི་ཞི་མོལ་སྐབས་ཐ་མ་དེ་དང་། ཚོགས་གཙོ་མཆོག་དང་ཧྥུ་ཡིན་ལགས་གཉིས་ཀྱི་མཇལ་གཉིས་ཕྲད་གཉིས་དོན་ཕན་གང་ཆེ་བ་འདུག་སོམས་དགོས་འདུག
ཚོགས་གཙོ་མཆོག་གིས་བཤད་སྟངས་ལ་བལྟས་ན། ཡང་རྣམ་འགྱུར་བཟང་མིན་གྱི་སྐད་ཆེ་རྙིང་པ་དེ་རེད། སྐད་ཆ་འདིའི་རིགས་བོད་གཞུང་གིས་ཐེངས་མང་བོར་བཤད་པ་རེད་ལ། སྐུ་ཚབ་ཚོས་དེ་བས་ཀྱང་མང་བོ་བཤད་པ་རེད། རྣམ་འགྱུར་བཟང་བས་ཅི་ཕན། རྒྱ་དཀར་ནག་གཉིས་ཀྱི་སྲིད་འཛིན་དང་ཨ་རིའི་སྲིད་འཛིན་སོགས་མཇལ་འཕྲད་སྐབས་ཀྱང་རྣམ་འགྱུར་བཟང་ཐག་ཆོད་ཡོད་པ་རེད། ཡིན་ནའང་། གནད་དོན་གཙོ་བོ་གཏིང་ན་ཡོད། དེ་ཐུགས་ནས་མ་གཉེས་པ་གནང་རོགས།
ད་ལྟའི་བོད་མི་མང་སྤྱི་འཐུས་ཚོགས་གཙོའི་ལམ་དེ་ནོར་མེད་ས་ཞིག་ལ་བསླེབས་འདུག མ་འོངས་པར་ཡང་དེ་ལྟར་གནང་དགོས་ངེས་འདུག
ང་ཚོའི་འགོ་ཁྲིད་གཞན་ཚོས་ཀྱང་དེ་ལྟའི་གོ་སྐབས་འཚོལ་དགོས་འདུག
རྒྱ་ནག་ཕྱི་སྲིད་བློན་ཆེན་མཆོག་དང་བོད་མི་དམངས་སྤྱིའཐུས་ཀྱི་ཙོགས་གཙོ་རྣམཝ་གཉིས་མཇལ་འཕྲད་གནང་ཐུབ་པ་དེ་དོན་སྙིང་ལྡན་པའི་ཕྱོགས་གཉིས་ཀའི་རྩ་དོན་ཞིག་རེད།
ངས་སེམས་གཏིང་ནས་སྔ་ཕྱི་མ་གཏོགས་རྒྱ་བོད་གཉིས་ཀྱི་གནད་དོན་དེར་གྲུབ་འབྲས་ཤིག་ཐོན་གྱི་ཡོད་པར་ཡིད་ཆེས་བྱེད། གང་ཡིནཟེར་ན་མཁྱེན་རླབས་མཚངས་ཟླ་མ་མཆིས་པའི་བོད་ཀྱི་དབུ་འཁྲིད་༸ གོང་ས་ཡིད་བཞིན་ནོར་བུ་མཆོག་དང་།
བཙན་བྱོལ་བོད་གཞུང་གཉིས་ཀྱིས་རྒྱ་ནག་སྟོབས་ཆེན་གྱི་རྒྱལ་ཁབ་དེ་ཁ་བྲལ་དུ་གཏོང་རྒྱུའི་མདུན་པ་མེད་ལ་ད་དུང་རྒྱ་ནག་གི་མི་དམངས་དུང་ཕྱུར་བཅུ་གསུམ་ལ་ལྷག་བསམ་རྣམ་དག་གིས་རྒྱ་བོད་མཉམ་གནས་ཐོག་ཞབས་འདེགས་ཞུ་རྒྱུའི་རེ་བ་གནང་བཞིན་ཡོད།
དེ་འདྲ་སོང་ཙང་རྒྱ་ནག་དབུས་གཞུང་གིས་སྔ་ཕྱི་མ་གཏོགས་བོད་ཀྱི་གནད་དོན་དེར་ལག་པ་ཞིག་མ་འཆང་ན་མཐར་རྒྱ་བོད་ཕྱོགས་ཀར་གནོད་སྐྱོན་ཚབས་ཆེ་ཕོག་ངེས་ལས་གཞན་མེད།
བོད་རྒྱ་གཉིས་ཞི་མོལ་བྱུང་ན་དེས་རྒྱ་བོད་གཅིག་ཏུ་བསྒྲིལ་བའི་སྟོབས་ཆེན་མེས་རྒྱལ་རྒྱལ་ངེས་ཡིན་ལ་བོད་མི་རིགས་རྣམས་ཀྱང་རྒྱལ་ངེས་ཡིན། དེ་ནི་ཕན་ཚུན་ཕྱོགས་གཉིས་ཀའི་ཐུན་མོང་གི་ཁེ་ཕན་ཞིག་ཡིན་པ་ལས་གྱོང་གུན་ཞིག་གཏན་ནས་མིན།
མོས་སྐད་ཆ་ཡག་པོ་ཞིག་བཤད་འདུག་ཀྱང་། གྲངས་ཉུང་མི་རིགས་སོག་པོ་ཞིག་ཡིན་སྟབས་རེ་བ་ཡོད་ཀྱི་མ་རེད། མོ་གུང་ཁྲན་ཡིན་ཡང་། སེམས་ནང་དུ་༧གོང་ས་མཆོག་ལ་ཏན་ཏན་དད་པ་ཡོད་ཀྱི་རེད་ད། ཧེཧེ་ཧེ།
འདི་ནི་སྤེན་པ་ཚེ་རིང་གི་ད་བར་དུ་བོད་པའི་སྤྱི་ཚོགས་ནང་ཕྱག་ལས་གནང་ཚད་ནང་
ནས་ཕུལ་དུ་བྱུང་བ་དེ་ཡིན་ལ་མ་འོངས་པ་ལོ་རྒྱུས་ཀྱི་སྟེང་དུ་བཞག་དགོས་ངེས་ཤིག་ཀྱང་ཆགས་འདུག་
ད་ནི་བོད་གཞུང་གིས་ཀྱང་གོ་སྐབས་འདི་ལྟ་བུ་མང་དུ་རགས་ཐབས་གནང་དགོས་རྒྱུ་དེ་
གལ་ཆེ་མངོན།
འདི་རྟེན་འབྲེལ་ཞུ་དགོས་ས་ཞིག་རེད། ད་མུ་མཐུད་ནས་འདི་གོ་སྐབས་རེ་ཨེ་རེག་དམ་འཛིན་བྱེད་དགོས་འདུག་ཡ།