དང་པོ། འདབ་གཤོག་གཉིས་ལྡན་གྱི་བྱུང་རིམ།
འདབ་ཆགས་རྣམས་རང་གི་གཤོག་ཟུང་ལ་བརྟེན་ནས་དམའ་ས་ནས་མཐོ་ས་དང་།མཐོ་ས་ནས་དམའ་ས་སོགས་སུ་འཕུར་པའི་བློ་སྤོབས་ཀྱིས་འདོད་དོན་བདེ་བླག་ངང་འགྲུབ་པའི་ངང་ཚུལ་བཞིན། རང་རེ་འགྲོ་བ་མི་རྣམས་ཀྱིས་ཀྱང་འདོད་པའི་དོན་གང་བདེ་བླག་ངང་འགྲུབ་པར་བྱེད་པ་ལ་ཤེས་ཡོན་རེས་འགའ་བས་མི་ཆོག་པར་ཤེས་བྱའི་རྣམས་གང་མང་ལ་བརྟེན་དགོས་ཤིང་། དེའི་སྟབས་ཀྱིས་འདབ་གཤོག་གཉིས་ལྡན་ཞེས་པའི་དཔེ་འདི་ མངོན་མཐོ་ངེས་ལེགས་སོགས་སྲིད་ཞིའི་བྱ་བཞག་སྣ་མང་གི་དོན་ལ་མཚུངས་སྦྱོར་བྱེད་སྲོལ་བྱུང་ཞིང་། དེ་ཡང་ཇི་སྐད་དུ་དཔལ་ལྡན་ཟླ་བ་གྲགས་པས། ཀུན་རྫོབ་དེ་ཉིད་གཤོག་ཡངས་དཀར་པོ་རྒྱས་གྱུར་བ།། ངང་བའི་རྒྱལ་བོ་དེ་ནི་སྐྱེ་བོའི་ངང་བ་ཡིས།། མདུན་དུ་བདར་ནས་དགེ་བའི་རླུང་གི་ཤུགས་སྟོབས་ཀྱིས།། རྒྱལ་བའི་ཡོན་ཏན་རྒྱ་མཚོའི་པ་རོལ་མཆོག་ཏུ་འགྲོ།། ཞེས་བདེན་པ་གཉིས་ཟུང་དུ་སྦྲེལ་བའི་ཡོན་ཏན་རབ་ཏུ་འབར་བར་འགྱུར་བ་ངང་བའི་རྒྱལ་བོའི་གཤོག་ཡངས་གཉིས་པོར་སྦྱར་བ་དང་། པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས།ཇི་སྐད་དུ།ཐབས་དང་ཤེས་རབ་ཟུང་དུ་འཇུག་པ་ཡི།། གཤོག་ཡངས་དཀར་པོ་བསྐྱོད་པའི་རྒྱལ་བའི་སྲས།། ངང་བའི་རྒྱལ་བོ་རྣམས་དང་ལྷན་ཅིག་ཏུ།། སྤྱོད་པ་རྒྱ་མཚོའི་ཕ་རོལ་ཕྱིན་པར་ཤོག། ཅེས་ཐབས་ཤེས་གཉིས་ལ་སྦྱར་ཏེ་གསུངས་པ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ ༡༩༦༢ ཟླ་ ༣ ཚེས་ ༡༢ ཉིན་རྒྱ་གར་ལྷོ་ཕྱོགས་ཀ་ལག་ཤ་ར་ཏ་སློབ་གྲྭར་ཡོད་པའི་བོད་རིགས་དགེ་སློབ་ཁག་ཅིག་ལ་ལེགས་བྱང་གི་རང་བཞིན་ལྡན་པའི་གནའ་དེང་གི་ཤེས་ཡོན་ཟུང་དུ་སྦྲེལ་དགོས་པའི་བཀའ་སློབ་སྟོན་གནང་སྐབས་འདབ་གཤོག་གཉིས་ལྡན་ཞེས་པའི་དཔེ་འདི་ཐོག་མར་སྤྱད་གནང་ཡོད།དེ་ཡང་མགོན་པོ་གང་གིས། དེ་ཡང་ཕྱོགས་གཅིག་ནས་བོད་ཀྱི་རིག་གཞུང་དང་། རྣམ་འགྱུར་གོམས་གཤིས་མ་བརླག་པ་དམ་པོར་བཟུང་དགོས་པ་དང་། གཉིས་ནས་དེང་དུས་དང་འཚམས་པའི་ཕྱི་རྒྱལ་གྱི་ཤེས་རིག་གི་གནད་ཀུན་རྟོགས་པར་བྱས་ཏེ་སྙིང་པོ་འདབ་ཆགས་གཤོག་སྒྲོ་ཟུང་ལྡན་ལྟ་བུ་ཞིག་དགོས་པ་ཡིན། ཞེས་གསུངས་པ་ནས་བཟུང་འདབ་གཤོག་གཉིས་ལྡན་ཞེས་པའི་ཐ་སྙད་འདི་ བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གསར་དུ་བྱུང་བའི་ཐ་སྙད་རེ་སྙེག་བྱེད་ས་ཞིག་ཏུ་གྱུར་ཡོད་ལ། འདབ་གཤོག་གཉིས་ལྡན་ཞེས་པ་ནི་གནད་བསྡུས་རང་བཞིན་ལྡན་པའི་ཤེས་ཡོན་སྲིད་ཇུས་ཀྱི་སྡོམ་ཚིག་ཅིག་ཡིན་ཞེས་ཀྱང་བཤད་ཆོག།དེའི་ཕྱིར། བཙན་བྱོལ་ནང་ཤེས་ཡོན་སློབ་གསོ་དང་འབྲེལ་བའི་བཀའ་སློབ་གནང་མཁན་ཕལ་མོ་འདབ་གཤོག་ཟུང་ལྡན་དགོས་པའི་བསླབ་བྱ་དང་རེ་སྐུལ་གནང་མུས་སུ་གྱུར་ཡོད།
གཉིས་པ། འདབ་གཤོག་གཉིས་ལྡན་ངོས་འཛིན།
སྤྱིར་བཏང་འདབ་གཤོག་གཉིས་ལྡན་ཞེས་པ་དཔལ་ལྡན་ཟླ་བ་གྲགས་པ་དང་བློ་བཟང་དཔལ་ལྡན་ཡེ་ཤེས་སོགས་ཀྱིས་བདེན་པ་གཉིས་དང་ཐབས་ཤེས་གཉིས་སོགས་ལ་སྦྱར་ནས་གསུངས་པ་བཞིན་ཞི་ལྷག་གཉིས་དང་། ཆོས་སྲིད་གཉིས་སོགས་དོན་སྣ་ཚོགས་ལ་སྦྱར་ཆོག་ཀྱང་། སྐབས་དོན་༸གོང་ས་མཆོག་གིས་ཐུགས་རེ་གནང་བཞིན་པའི་འདབ་གཤོག་གཉིས་ལྡན་ཞེས་དཔེ་འདིའི་དོན་ནི་རང་མི་རིགས་ཀྱི་ཁྱད་ཆོས་དང་ངོ་བོ་མཚོན་པའི་ཆོས་དང་རིག་གཞུང་དང་། ལེགས་བྱང་གི་རང་བཞིན་ལྡན་པའི་དེང་རབས་ཀྱི་རིག་གསར་གཉིས་གཙོ་བོར་གྱུར་བའི་འདབ་གཤོག་གཉིས་ལྡན་གྱི་རིགས་གཅིག་རྐང་འཛིན་སོགས་ལ་གོ་དགོས་ཀྱང་རང་རེའི་སྤྱི་ཚོགས་ནང་དོན་འདིའི་ཐད་ལ་འདོད་ཚུལ་གཅིག་མཚུངས་མེད་པར་འགྲེལ་སྟངས་ཁ་ཤས་འདུག་སྟེ། འགའ་རེས་འདབ་གཤོག་གཉིས་འཇོག་སྐབས་བོད་རང་གི་སྐད་ཡིག་དེ་འདབ་གཤོག་གཅིག་དང་ཕྱིའི་སྐད་ཡིག་གང་རུང་ཞིག་འདབ་གཤོག་གཅིག་ཏུ་བགྲང་སྟེ་སྐད་ཡིག་མི་འདྲ་བ་གཉིས་ཤེས་མཁན་ལ་འདབ་གཤོག་གཉིས་ལྡན་ཞེས་འདོད། འགའ་ཞིག་གིས་བོད་ཀྱི་རིག་གཞུང་ལ་གནའ་རབས་རིག་གཞུང་དང་དབྱིན་ཇིའི་སྐད་ཡིག་དེང་རབས་རིག་གནས་སུ་བཏགས་ཏེ་དེ་གཉིས་ཀ་ཤེས་མཁན་ལ་འདབ་གཤོག་གཉིས་ལྡན་ཞེས་འདོད། ཡང་འགའ་ཤས་ཀྱིས་བོད་ཀྱི་རིག་གཞུང་དང་དེང་གི་འཛམ་གླིང་གི་སྤྱི་སྲོལ་ཤེས་བྱ་ཤེས་མཁན་ལ་འདབ་གཤོག་གཉིས་ལྡན་ཞེས་འདོད་པ་བཅས་འདབ་གཤོག་གཉིས་ལྡན་ལ་གོ་བ་ལེན་སྟངས་མི་འདྲ་བ་ཁ་ཤས་ཡོད། བཤད་ཚུལ་ཕྱི་མ་མ་གཏོགས་དང་པོ་གཉིས་འཐད་པར་མ་མཐོང་ཞིང་། བཤད་ཚུལ་འདི་གསུམ་གྱི་སྟེང་ནས་འདབ་གཤོག་གཉིས་ལྡན་ཞེས་པའི་དཔེ་མཚུངས་ཀྱི་དོན་གྱི་འདབ་གཉིས་པོ་ང་ཚོའི་སྤྱི་ཚོགས་ནང་གཅིག་གྱུར་གྱིས་ངོས་ཟིན་ཡང་དག་ཅིག་བྱུང་མེད་པ་གསལ་བོ་རེད། སྤྱིར་བཏང་སྐད་ཡིག་གཉིས་ཤེས་མཁན་ལ་འདབ་གཤོག་གཉིས་ལྡན་ཞེས་ལྟོས་འཇོག་གིས་བཏགས་ཆོག་ཀྱང་། སྐད་ཡིག་གཉིས་ཤེས་པ་ཙམ་གྱིས་གནའ་རབས་དང་དེང་རབས་ཤེས་ཡོན་པར་ངོས་འཛིན་བྱས་ཏེ་འདབ་གཤོག་གཉིས་ལྡན་ཞེས་འབོད་པ་ནི་རིགས་པའི་གཏད་སོ་གང་ཡང་མེད་པའི་གཏམ་དུ་མཐོང་ཞིང་། དེ་ཡང་བོད་ཀྱི་སྐད་ཡིག་ཤེས་པ་ཙམ་གྱིས་གནའ་རབས་ཤེས་ཡོན་པར་ངོས་འཛིན་བྱེད་མི་ཐུབ་པ་བཞིན་དབྱིན་ཡིག་ལྟ་བུའི་སྐད་ཡིག་གཉིས་པ་ཞིག་ཤེས་པ་ཙམ་གྱིས་དེང་རབས་ཤེས་ཡོན་པར་ངོས་འཛིན་ནམ་ཡང་བྱེད་མི་ཐུབ། འོ་ན་འདབ་གཤོག་གཉིས་ལྡན་གྱི་ཤེས་ཡོན་པ་ཟེར་བ་གང་འདྲ་ཞིག་ལ་གོ་དགོས་ཞེ་ན། ༸གོང་ས་མཆོག་གིས་ལོ་ངོ་ལྔ་བཅུའི་རིང་ཤེས་ཡོན་སློབ་གསོའི་ཐོག་གནང་བའི་བཀའ་སློབ་ཁག་ལ་གཞིགས་ཚེ་འདབ་གཤོག་གཉིས་ལྡན་ནི་སྐད་ཡིག་གཉིས་ཤེས་པ་ཙམ་ལ་མི་བྱེད་པར་བོད་ཀྱི་སྲོལ་རྒྱུན་རིག་གཞུང་གི་རིན་ཐང་དུ་གཙི་བའི་གཞན་ཕན་ལྷག་བསམ་ལ་བྱང་ཆུབ་པའི་ཐོག་དེང་གི་ལེགས་བྱང་གི་རང་བཞིན་ལྡན་པའི་རིག་གསར་ཚན་རིག་དང་འཛམ་གླིང་སྤྱི་སྲོལ་ཏུ་གྱུར་བའི་དགོས་མཁོའི་ཤེས་བྱ་རྣམས་ཤེས་མཁན་ལ་ཆོས་སྲིད་གཉིས་ལྡན་ནམ་འདབ་གཤོག་གཉིས་ལྡན་ཞེས་འབོད་ཆོག་པར་སྙམ།
༸གོང་ས་མཆོག་གིས་ཆེས་ཐོག་མའི་ཐུགས་རེ་ནི་ཕྱི་ནང་གི་སྐད་གཉིས་བརྒྱུད་དེ་ཕྱི་ནང་གི་ཆེས་དགོས་མཁོའི་ཤེས་བྱ་རྣམས་ཤེས་ཐུབ་བྱ་རྒྱུ་དེ་ཡིན་ཞིང་། དེ་ཡང་ཕྱི་ལོ་༡༩༦༠་ཟླ་༣་ཚེས་༣་ཉིན་མ་སུ་རིར་བོད་ཕྲུག་སློབ་གྲྭ་དང་པོ་གསར་འཛུགས་སྒོ་འབྱེད་མཛད་སྒོའི་ཐོག་གསུངས་དོན། ད་ཕྱིན་ཆད་ང་ཚོས་སྔར་བཞིན་ཕྱི་རྒྱལ་ལ་འབྲེལ་བ་མ་བྱས་པར་རང་ཉིད་གཅིག་པུར་སྡོད་ཐུབ་ཐབས་གཏན་ནས་མེད་པས།ང་ཚོའི་ཁྱིམ་མཚེས་རྒྱ་གར་གྱི་སྐད་ཡིག་དང་།འཛམ་གླིང་དུ་ཁྱབ་རྒྱ་ཆེ་ཤོས་དབྱིན་ཇིའི་སྐད་ཡིགའཛམ་གླིང་གི་ཆབ་སྲིད་དཔལ་འབྱོར་སྐོར།ཚན་རིག་ལ་སོགས་པའི་དེང་དུས་ཀྱི་ཤེས་བྱའི་རྣམ་གྲངས་གཙོ་ཆེ་བ་ཚང་མ་སློབ་སྦྱོང་བྱེད་དགོས་ཤིང་། དེ་དང་ཆབས་གཅིག་ང་ཚོ་བོད་མི་རིགས་རང་ཉིད་ཀྱི་ཡི་གེ་དང་།ནང་ཆོས་གཙོ་བོར་གྱུར་པའི་རིག་གཞུང་གི་རྣམ་གྲངས་མང་དག་ཡོད་པ་རྣམས་ཀྱང་ངེས་པར་དུ་སློབ་སྦྱོང་བྱས་ཏེ་དོན་སྙིང་ང་ཚོའི་བོད་ཕྲུག་ན་གཞོན་མི་རབས་གསར་བ་འདི་དག་ཆོས་སྲིད་གཉིས་ལྡན་གྱི་ཤེས་ཡོན་ཅན་ཤ་སྟག་ཡོང་ཐབས་འབད་བརྩོན་བྱེད་དགོས། ཞེས་བཀའ་སྩལ་གནང་ཡོད་པས་གནའ་བོའི་བོད་ཀྱི་ཆོས་སྲིད་གཉིས་ལྡན་ཞེས་པའི་ཐ་སྙད་དེ་རིམ་གྱིས་འདབ་གཤོག་གཉིས་ལྡན་གྱི་མིང་ཚིག་ཏུ་གྱུར་ཡོད་པར་སྙམ།གཞན་ཡང་བཙན་བྱོལ་དུ་སླེབས་ནས་མི་ལོ་ཉི་ཤུ་འཁོར་བའི་དུས་ཚིགས་ཏེ་ཕྱི་ལོ་༡༩༧༩་ཟླ་༡༠་ཚེས་༢༢་ཉིན་རྡ་ས་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་བཅུ་དགུ་འཁོར་བའི་དུས་དྲན་མཛད་སྒོའི་ཐོག་སྩལ་བའི་བཀའ་སློབ་ནང་། ད་ཆ་ང་རང་ཚོའི་འདས་པའི་ཉམས་མྱོང་གི་གནས་ཚུལ་དེ་ཚོ་གཞི་ལ་བཞག་པའི་ཐོག་ནས།མ་འངོས་པ་ལ་ཕྱོགས་གཅིག་ནས་བོད་པའི་ཕྲུག་གུ་རྣམས་དངོས་གནས་དྲང་གནས་གྱི་སློབ་སྦྱོངས་ལྡན་པ། སྤྱང་གྲུང་ལྡན་པ། ནུས་པ་ལྡན་པ། ལྷག་བསམ་ལྡན་པ་དེ་འདྲ་ཞིག་བཟོ་ཐབས་དང་། གཉིས་ནས་མིའི་སྤྱི་ཚོགས་ནང་ཡོད་པའི་རྒྱུ་མཚན་གྱི་ཐོག་ནས་ཕྱི་དངོས་པོ་ཡར་རྒྱས་དང་།ནང་བསམ་བློ་ཡར་རྒྱས་གཉིས་ཟུང་སྦྲེལ་གྱིས་ཐོག་ནས་མི་ཚེ་དོན་ལྡན་ཡོང་ཐུབ་པའི་འབད་བརྩོན་བྱེད་དགོས། ཞེས་བཀའ་སྩལ་གནང་ཡོད།
དེར་མ་ཟད་བཙན་བྱོལ་དུ་སླེབས་ནས་ལོ་ངོ་ཉེར་ལྔའི་མཚམས་ནས་ཕྱི་ནང་གི་ཤེས་བྱ་ཡོད་ཚད་བོད་ཡིག་ནང་ཕབ་བསྒྱུར་གྱིས་བོད་ཡིག་གི་གཞི་རྒྱ་དང་ཁྱབ་ཚད་མཐོར་གདེག་གཏང་རྒྱུའི་ཐུགས་དགོངས་པ་ཟབ་མོ་བཞེས་ཏེ།༡༩༨༥་ཟླ་༦་ཚེས་༢༣་ཉིན་བཞུགས་སྒར་དུ་བོད་ཀྱི་ཤེས་རིག་ཚོགས་ཆེན་ཐེངས་གསུམ་པའི་ཐོག་སྩལ་བའི་བཀའ་སློབ་ནང་བོད་ཕྲུག་སློབ་ཐོན་པ་ཚོའི་ཤེས་ཚད་སྤུས་དག་མེད་པ་དང་ཤེས་ཚད་ཉམས་ཆགས་སུ་འགྲོ་བའི་རྒྱུ་རྐྱེན་ལ་ཞིབ་འཇུག་དགོས་ལུགས་དང་།དེང་དུས་ཀྱི་སློབ་ཚན་ཆ་ཚང་བོད་ཡིག་ནང་རིམ་པས་ཕབ་སྒྱུར་དགོས་པའི་ལམ་སྟོན་གནང་ཡོད།
འོན་ཀྱང་དུས་དེ་ནས་ད་ལྟ་འི་བར་ཤེས་ཡོན་ཉམས་ཆག་གི་གནས་བབ་རང་སོར་གནས་པ་དང་སློབ་ཚན་སྒྱུར་སྒྲིག་སོགས་ཀྱི་ལས་དོན་ལག་བསྟར་མ་ཐུབ་པ་སོགས་ལ་བརྟེན།༢༠༠༨་ཟླ་༡༠་ཚེས་༢༣་ཉིན་རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་པའི་དུས་དྲན་མཛད་སྒོའི་ཐོག་ཤེས་ཡོན་སྤྱིའི་གནས་བབ་དང་། ལྷག་དོན་འདབ་གཤོག་གཉིས་ལྡན་དང་།རིག་གཅིག་རྐང་འཛིན་བཅས་གསོ་སྐྱོང་བྱེད་ཚད་ཐད་སྔར་གྱི་ཐུགས་རེ་བཞིན་འགྲུབ་ཐུབ་པའི་ཐུགས་ཕམ་ཆེན་པོའི་བཀའ་སྩལ་གང་གནང་ཡོད་པ་ང་ཚོས་ཤེས་གསལ་རེད། དེས་ན། མགོན་པོ་གང་གི་སྔ་ཕྱི་བར་གསུམ་དུ་ཤེས་ཡོན་སློབ་གསོ་དང་འབྲེལ་བའི་བཀའ་སློབ་ཇི་སྙེད་ཅིག་སྩལ་བའི་དགོངས་དོན་ལྟར་འདབ་གཤོག་གཉིས་ལྡན་ཞེས་པ་ནི།གནའ་དེང་གི་ཤེས་ཡོན་ཡོད་པ་ཙམ་དང་སྐད་ཡིག་གཉིས་ཤེས་པ་ཙམ་ལ་མི་བྱེད་པར་འཛམ་གླིང་ཕན་ཚུན་གཅིག་བརྟེན་རྟེན་འབྱུང་གི་འདུ་ཤེས་ཟབ་པའི་ཐོག་བྱམས་དང་སྙིང་རྗེའི་རྩ་བར་གྱུར་བའི་གཞན་ཕན་ལྷག་བསམ་སོགས་བཟང་པོའི་ཡོན་ཏན་ཁག་དང་། དེང་གི་འགྲོ་བ་མིའི་དགོས་མཁོར་གྱུར་བའི་ཕྱི་དངོས་མཐུན་རྐྱེན་ཁག་དང་། དེ་དག་ཐོན་སྐྱེད་བྱེད་པའི་ཐབས་སུ་གྱུར་བའི་ཚན་རིག་འཕྲུལ་ལས་ཀྱི་ཤེས་བྱ་རྣམས་ཤེས་མཁན་ཏེ། མདོར་ན། འགྲོ་བ་མིའི་སྤྱི་ཚོགས་འདི་ཞི་བདེ་དང་སྤྲོ་སྐྱིད་ཡོང་རྒྱུ་དམིགས་འབེན་དུ་བཟུང་སྟེ་ནང་བསམ་བློའི་ཀུན་སྤྱོད་བཟང་པོ་དང་འབྲེལ་བའི་ཤེས་ཡོན་དང་། ཕྱི་དངོས་པོའི་འཛུགས་སྐྲུན་བྱེད་ཐབས་ཀྱི་ཤེས་ཡོན་གཉིས་ལ་བྱང་ཆུབ་པའི་མི་སྣ་དག་ནི་ངེས་དོན་གྱི་འདབ་གཤོག་གཉིས་ལྡན་ཞེས་འབོད་ཆོག་པར་སྙམ།
གསུམ་པ། འདབ་གསོག་གཉིས་ལྡན་གྱི་རྣམ་གྲངས།
འདབ་གཤོག་གཉིས་ལྡན་ལ་རྣམ་གྲངས་མང་སྟེ་གོང་བརྗོད་ལྟར་ལེགས་བྱང་གི་རང་བཞིན་ལྡན་པའི་གནའ་དེང་གི་ཤེས་བྱ་སྤྱི་ཡོངས་ལ་རྒྱུས་མངའ་ཆེ་བའི་འདབ་གཤོག་གཉིས་ལྡན་པ་དང་། ཁྱད་ལས་ཀྱི་རང་བཞིན་ལྡན་པའི་འདབ་གཤོག་གཉིས་ལྡན་བཅས་རྩ་བའི་གཉིས་སུ་དབྱེར་ཆོག།དང་པོའི་དཔེ་མཚོན་དུ་གྱུར་བའི་འདབ་གཤོག་གཉིས་ལྡན་གང་འཚམས་ཡོད་མོད། འོན་ཀྱང་གཉིས་པའི་མཚན་མཚོན་ཐུབ་པའི་འདབ་གཤོག་གཉིས་ལྡན་ནི་ཆེས་ཉུང་ཤས་ལས་མེད་པར་མངོན། འདི་ལ་རྣམ་གྲངས་ཧ་ཅང་མང་སྟེ། དཔེར་ན། བོད་བརྒྱུད་ནང་བསྟན་ནས་གསུང་པའི་སེམས་དང་སེམས་བྱུང་སོགས་བློ་རིག་གི་རྣམ་གཞག་ལ་བྱང་ཆུབ་པའི་ཁར་དེང་རབས་ཚན་རིག་པས་ངོས་འཛིན་བྱས་པའི་ཀླད་རྩའི་གནས་སྟངས་(Tibetan Buddhism mental factors and neuronscience) གཉིས་ཀྱི་འདབ་གཤོག་ལྡན་པའི་སེམས་ཁམས་ཁྱད་མཁས་པ། བོད་ཀྱི་གསོ་རིག་དང་དེང་གི་གསོ་རིག་ Tibetan medical and modern medical གཉིས་ཀའི་འདབ་གཤོག་ལྡན་པའི་གསོ་རིག་ཁྱད་མཁས་པ། བོད་ཀྱི་གནའ་དེང་གི་ཁྲིམས་སྲོལ་དང་འཛམ་གླིང་རྒྱལ་སྤྱི་དང་རྒྱལ་ཁབ་ཁག་གི་ཁྲིམས་ལུགས་ (legal expert lawyer) སོགས་ཀྱི་འདབ་གཤོག་གཉིས་ལྡན་གྱི་ཁྲིམས་ལུགས་ཁྱད་མཁས་པ། བོད་ཀྱི་ཚད་མ་རིག་པ་དང་དེང་གི་ནུབ་ཕྱོགས་པའི་ཤེར་རྟོགས་རིག་པ་ (Tibetan logic and westan logic)གཉིས་ཀའི་འདབ་གཤོག་ལྡན་པའི་ཚད་མ་ཁྱད་མཁས་པ། བོད་ཀྱི་ནང་པའི་ལྟ་གྲུབ་དང་ནུབ་ཕྱོགས་པའི་ལྟ་གྲུབ་ (Tibetan Buddhism philosophy and westan philosophy ) ལྟ་གྲུབ་གཉིས་ཀའི་འདབ་གཤོག་ལྡན་པའི་ལྟ་གྲུབ་ཁྱད་མཁས་པ། ཕྱི་ནང་གི་སྙན་ངག་(poetics) ཤེས་པའི་འདབ་གཤོག་ལྡན་གྱི་སྙན་ངག་ཁྱད་མཁས་པ། སྐད་ཡིག་གཉིས་གྱི་ནང་འཆད་རྩོད་རྩོམ་ (the three teaching, debating and writing in the two languages) གྱི་བྱ་བར་འཇུག་ཐུབ་པའི་འདབ་གཤོག་གཉིས་ལྡན་གྱི་སྐད་ཡིག་ཁྱད་མཁས་པ། དེ་བཞིན་དུ་བོད་ཀྱི་ལོ་རྒྱུས་དང་འཛམ་གླིང་ལོ་རྒྱུས་(Historian) ཁྱད་མཁས་པ། བོད་ཀྱི་ས་དཔྱད་དང་སྐར་དཔྱད་རིག་པ་དང་དེང་གི་ས་རྒྱུས་དང་གནམ་རིག་Tibetan astronomy and modern astronomy ཁྱད་མཁས་པ། བོད་ཀྱི་བཟོ་རིག་དང་དེང་གི་བཟོ་རིག་(technology)སོགས་ཁྱད་ལས་བའི་ངོ་བའི་ཐོག་འདབ་གཤོག་གཉིས་ལྡན་གྱི་རྣམ་གྲངས་མང་པོ་དབྱེར་ཆོག་པས་༸གོང་ས་མཆོག་གི་ཐུགས་དགོས་ལམ་སྟོན་ལྟར་རང་རེའི་འབྱུང་འགྱུར་གྱི་མདུན་ལམ་ཁ་ཕྱོགས་ཏེ་འདབ་གཤོག་གཉིས་ལྡན་གྱི་ཁྱད་མཁས་མི་སྣ་གང་མང་ཐོན་ཐུབ་པའི་སྨོན་འདུན་ཤིན་ཏུ་ཆེ།
བཞི་པ། བཙན་བྱོལ་ནང་གི་འདབ་གཤོག་གཉིས་ལྡན་གྱི་གནས་སྟངས།
ང་ཚོའི་མིག་སྔར་མཐོང་བཞིན་པའི་བཙན་བྱོལ་ནང་ཁྱད་ལས་མི་སྣ་དཀོན་པའི་ཁར་འདབ་གཤོག་གཉིས་དང་ལྡན་པའི་ཁྱད་ལས་པ་དེ་བས་ཀྱང་དཀོན། དེང་གི་རྒྱལ་སྤྱིའི་ཁྲིམས་ལུགས་སློབ་ཐོན་པ་དང་སྨན་པ། རྩིས་རིག གློག་ཀླད། དེ་བཞིན་ཕྱིའི་སྐད་ཡིག་ནང་དུ་རྩོམ་པ་པོ་སོགས་གང་འཚམས་ཐོན་བཞིན་ཡོད་ཀྱང་དེ་དག་བོད་རང་གི་རིག་གཞུང་གི་ཁྱད་ཆོས་ལྡན་པའི་འདབ་གཤོག་དེ་ཚང་མེད་སྟབས་ངེས་དོན་གྱི་འདབ་གཤོག་གཉིས་ལྡན་ཞེས་འབོད་མི་ཐུབ། དེ་བཞིན་དུ་བོད་ཀྱི་རིག་པའི་གནས་ལྔ་དང་གང་རུང་ལ་མཁས་པའི་བོད་མི་མང་དག་ཅིག་ཡོད་ཀྱང་དེ་དག་ལ་དེང་རབས་རིག་གསར་གྱི་ཤེས་ཡོན་སྦྱོང་བའི་གོ་བསྐལ་རེག་མེད་པས་དེང་རབས་ཤེས་ཡོན་གྱི་འདབ་གཤོག་ཚང་མེད།
སྐད་གཉིས་ཀྱི་གཤོག་ཟུང་ལྡན་པ་གང་མང་ཡོད་ཀྱང་ཕལ་ཆེ་བ་གདང་འཕེར་བའི་འདབ་གཤོག་གཉིས་མི་ཚང་སྟབས་ནམ་འཕང་མཐོན་པོ་གཅོད་མི་ཐུབ་པའི་ཁྱིམ་བྱ་ལྟ་བུར་གྱུར་ཡོད། དེས་ན། ད་ཆ་རེ་བ་རྒྱག་ས་ཞིག་ཡོད་པ་ནི་༸གོང་ས་མཆོག་གི་ཐུགས་རྗེའི་ལམ་སྟོན་འོག་ནང་དོན་རིག་པ་ཤེས་པའི་དགེ་འདུན་པ་ཚོས་དེང་གི་ཚན་རིག་ལ་སློབ་སྦྱོང་བྱེད་བཞིན་པ་རྣམས་དང་། སློབ་གྲྭ་ཁག་ཏུ་དེང་དུས་ཤེས་ཡོན་དང་ལྷན་ཚད་མ་རིགས་པ་སོགས་ཀྱི་སློབ་སྦྱོང་བྱེད་མཁན་རྣམས་མ་འོངས་པར་ངེས་དོན་གྱི་འདབ་གཤོག་གཉིས་ལྡན་དུ་འགྱུར་བའི་རེ་བ་ཤིན་ཏུ་ཟབ།
དགེ་བཤེས་མིང་འཛིན་པ་བསྟན་པ་བཀྲ་ཤིས་པས།
ངས་གོ་ཚོད་ལྟར་་ཡིན་ན་དགེ་བཤེས་ཀྱིས་འདི་འདྲ་ཞིག་གསུངས་འདུག
༡ བོད་ཡིག་རྐྱང་བའི་སྟེང་ནས་གནའ་དེང་གི་ཤེས་ཡོན་སྦྱོང་ཐུབ་པ་ཡིན་ན་སྐད་ཡིག་གཞན་མ་ཤེས་ཀྱང་འདབ་གཤོག་གཉིས་ལྡན་ཡིན།
༢། སྐད་ཡིག་གཉིས་ལ་ཐོགས་པ་མེད་རུང་། གནའ་དེང་གི་ཤེས་ཡོན་བྱང་ཆུབ་པ་ཞིག་སྦྱོང་མ་ཐུབ་ན་མི་དེ་འདབ་གཤོག་གཉིས་ལྡན་མིན།
༣། རིགས་གཅིག་རྐང་འཛིན་པ་ཚོར་དཀའ་ངལ་ཞིག་འཕྲད་རྒྱུ་ཡིན་པ་འདྲ། གཤོག་པ་ཡ་གཅིག་མེད་པའི་མིང་ཆད་དང་། ཁྱད་གསོད་ཡོང་སྲིད་པ་རེད། དཔེར་ན། བོད་པའི་ཨེམ་ཆི་ཚོ་ལྟ་བུ་རེད། ཁོང་ཚོའི་མང་ཆེ་བ་ནི་རིགས་གཅིག་རྐང་འཛིན་ཡིན་རུང་། འདབ་གཤོག་གཉིས་ལྡན་ཡིན་པའི་ཁྱབ་པ་མེད།
༤། འཛམ་གླིང་སྟེང་། འདབ་གཤོག་གཉིས་ལྡན་གྱི་མི་རིགས་ལ་བོད་པ་མ་གཏོགས་དཀོན་པོ་ཆགས་རྒྱུ་རེད།
༥། སྔོན་ཆད་རིག་པའི་གནས་ལྔ་ལ་མཁས་ན་པན་ཊི་ཏའི་མཚན་ཐོབ་པ་བཞིན། འདབ་གཤོག་གཉིས་ལྡན་ནི་དུས་རབས་ཉེར་གཅིག་པའི་ནང་གི་པན་ཊི་ཏའི་འཐུས་ཚབ་མིང་ཚིག་ཅིག་ཏུ་འགྱུར་མགོ་བཙུགས་ཡོད།
༄༅།། བཀུར་འོས་དྲ་གྲོགས་རྣམ་པར་འཚམ་འདྲི་ཞུ་བ་དང་ཆབས་ཅིག འདབ་ཤོག་གཉིས་ལྡན་ཞེས་པའི་སྐོར་ལ་དྲི་བ་འགའ་ཡོད་ལགས་ན། གུས་པའི་རེ་འདུན་མངོན་གྱུར་ཡོང་བའི་རེ་བ་ཆེ།
༡༽ བཀུར་འོས་དྲ་གྲོགས་རྣམ་པས་འདབ་ཤོག་གཉིས་ལྡན་ཞེས་པའི་གོ་བ་ག་འདྲ་ཞིག་ལ་འགྲེལ་གྱི་ཡོད་དམ།
༢༽ དེང་སང་འདབ་ཤོག་གཉིས་ལྡན་མ་ཡིན་ན། མདུན་བསྐྱོད་བྱེད་མི་ཐུབ་པའི་རྒྱབ་ལྗོངས་གང་ཡིན་ནམ།
༣༽ འདབ་ཤོག་གཉིས་ལྡན་གྱི་ལས་འགན་གང་ཞིག་གཙོ་བོ་འཁྱེར་དགོས་པ་རེད།
༤༽ བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ན། ཚད་ཐུབ་ཀྱི་དཔེར་མཚོན་ཅི་ཙམ་ཡོད་དམ།
༥༽ འདབ་ཤོག་གཉིས་ལྡན་སྐྱེད་སྲིང་བྱེད་པར། བྱ་ཐབས་གང་ཞིག་སྤྱད་དགོས་པ་ཞིག་རེད།
༦༽ བོད་མི་རིགས་ལ། མ་འོངས་པར་འདབ་ཤོག་གཉིས་ལྡན་གྱི་སྣེ་ཁྲིད་ཅི་འདྲ་ཞིག་བྱེད་ཐུབ་པའི་གདེང་ཚོད་ཡོད་དམ།
དགེ་བཤེས་ལགས་ཀྱི་རྩོམ་རིང་གྲགས་པའི་རྐྱེན་གྱི་ང་འདྲ་པོའི་མི་སྐྱོ་པོ་ཞིག་གི་ཀློག་རྒྱུར་ཅུང་དཀའ་ལས་བྱུང་གང་ཡིན་ཟེར་ན་རང་ལ་ཆ་རྐྱེན་མེད་ཙམ་གློག་ཀླད་ཁང་ཞིག་ཏུ་འཛུལ་དགོས་དེར་རྒྱུན་རིང་པོ་ཞིག་ཕྱིན་ན་དངུལ་མང་པོ་བབ་པ་ཡིན་ཙམ་བྱ་ཐབས་བྲལ།
ཡིན་ནའང་ཡག་པོ་ཡོད་པའི་རེ་བ་ཡོད། སྤྱིར་དང་ཐོག་རང་ཉིད་ཞུ་དག་ཡག་པོ་ཞིག་གཏང་དགོས་པ་དེ་གལ་ཆེ་བའི་རང་བཞིན་གྱི་དོན་ཆེན་ཞིག་རེད།
དགེ་བཤེས་ལགས་ཀྱིས་ཡག་པོ་བྲིས་འདུག
འདབ་ཤོག་གཉིས་ལྡན་དེ་ད་ལྟ་སྤྱི་ཚོགས་མེད་པས་མ་འོངས་པ་རེ་བ་ཡོད་ཟེར། ག་དུས་ཡིན་ཀྱང་མ་འོངས་ཁོ་ན་གླེང་ནས་ལོ་ལྔ་བཅུ་ལྷག་སོང་ད་དུང་མ་འོངས་པ་ལོ་ག་ཚོད་རྒུག་དགོས་སམ་མ་འོངས་པ། འོད་སྟོང་ལྡན་པའི་མ་འོངས་པ་ཕེབས་ཤོག
དགེ་བཤེས་ལགས། འདབ་གཤོག་གཉིས་ལྡན་ནི་ལྟོས་ས་ལྟོས་འཇོག་གི་དཔེ་མཚོན་ཞིག་ཡིན་པ་ལས་མཐའ་གཅིག་ཏུ་འདི་རེད་ཞེས་ངེས་བཟུང་ན་མི་འགྲིག་པར་སྙམ།
ཁྱེད་ཀྱིས་ཐུགས་མཉམ་མ་བཞག་པར་ཡིག་ནོར་མང་པོ་ཤོར་འདུག རྗེས་ནས་མཉམ་བཞག་གནང་རོགས།
དགེ་བཤེས་ལགས་ཀྱིས་དཔེས་སྒོ་ནས་ཡག་པོ་བྲིས་གནང་འདུག ཡིན་ན་ཡང་ཚིག་ཚོགས་ཅུང་མང་དྲགས་པར་སྙམ། བསམ་ཚུལ་ཡིན་དྭ།
དགེ་བཤེས་ལགས་ཀྱིས་ཡག་པོ་ཞིག་བྲིས་འདུག