རང་རེ་བཙན་བྱོལ་བ་ཚོར་མཚོན་ན་ལོ་ངོ་ལྔ་བཅུའི་སྐྱིད་ལ་སྡུག་པའི་ས་མཐའི་མི་ཚེ་རིང་མོ་ཞིག་བརྒྱུད་ཡོང་བའི་ལོ་ཟླའི་ཁྲོད་དུ། ཆབ་སྲིད་ཀྱི་ཁ་ཕྱོགས་རང་བཙན་གཙང་མ་ནས་རང་སྲིད་རང་སྐྱོང་། རང་སྲིད་རང་སྐྱོང་ནས་རིག་གཞུང་རང་སྐྱོང་གི་སྟེང་དུ་མར་ཡོང་ཡོད་ཅིང་། བཀའ་བློན་ལམ་ལུགས་ཀྱི་སྟེང་དུ་སྤྱི་འཐུས་ལམ་ལུགས་དང་། སྤྱི་འཐུས་ལམ་ལུགས་ཀྱི་སྟེང་དུ་ཁྲིམས་ཞིབ་ལམ་ལུགས། ཁྲིམས་ཞིབ་ལམ་ལུགས་ཀྱི་སྟེང་དུ་བཀའ་ཁྲིའི་ལམ་ལུགས་གསར་འཛུག་སོགས། མདོར་ན་ས་མཐའ་འགྲིམ་པའི་ཚོགས་སྡེ་ཞིག་ལ་མཚོན་ན་རྒྱལ་ཁབ་ཅིག་གི་ལམ་ལུགས་སམ་ལད་མོ་ཤ་ཐོན་རུས་ཐོན་དུ་བྱས་དང་བྱེད་བཞིན་ཡོད་པ་རེད།
བཅའ་ཁྲིམས་ཀྱི་ནང་དུ་སྡེ་སྲིད་ལམ་ལུགས་གཏན་འབེབས་བྱས་པ་དེས་མི་རྣམས་ཀྱི་བློ་སྒོ་གཉིས་པ་ཞིག་ཕྱེས་ཏེ་བཀའ་བློན་ཡོད་ན་བཀའ་ཁྲི་ཡོད་ཆོག་པའི་རིག་པའི་གཞུང་ལུགས་ཤིག་མི་མངོན་པའི་ཚུལ་གྱིས་རྩ་བ་རྒྱས་ཤིང་རྩེ་མོ་མཐོང་བར་གྱུར། མི་མང་པོ་ཞིག་གིས་ད་དུང་ཡང་བཀའ་བློན་གྱིས་མི་ཆོག་པར་བཀའ་ཁྲི་ཞིག་ཅིའི་ཕྱིར་དགོས་པའི་རྒྱུ་མཚན་གསལ་བོ་ཞིག་རྟོགས་མེད་ཅིང་། དེ་རྟོགས་དགོས་པའི་གནས་ལུགས་འགྲེལ་བརྗོད་བྱེད་མཁན་ཡང་ད་དུང་སྤྱི་ཚོགས་ཀྱི་གྲུ་ཟུར་རམ་ཡང་ན་ནག་ཁུང་ཞིག་ཏུ་བསྐུངས་བསྡད་ཡོད་པ་འདྲ།
ཁོ་བོའི་བསམ་ཚུལ་ལ་རང་རེར་གཞིས་ཆགས་དང་སློབ་གྲྭ་ཡར་རྒྱས་ཀྱི་ཆེད་དུ་བཀའ་ཁྲི་ཅང་དགོས་ཀྱི་མ་རེད། རང་སྲིད་རང་སྐྱོང་གི་ཆེད་དུ་ཡང་བཀའ་ཁྲི་ཅང་དགོས་གལ་མཐོང་མ་སོང་ལ། རིག་གཞུང་རང་སྐྱོང་གི་ཆེད་དུ་བཀའ་ཁྲི་ཞིག་དེ་བས་ཀྱང་དགོས་ཀྱི་མ་རེད། རང་བཙན་ནི་གནའ་སྔ་མོ་ཞིག་ནས་གད་རྙིགས་ཀྱི་ཁྲོད་དུ་འཕངས་ནས་ད་ལྟའི་དུས་ཚོད་འདི་ལ་བཙའ་ཆགས་ཤིང་འབུ་ཡིས་ཟོས་ཟིན།
གལ་སྲིད་ཟམ་གདོང་རིན་པོ་ཆེ་ནས་མགོ་བཙུགས་པའི་བཀའ་ཁྲིའི་ལམ་ལུགས་དེའི་མཇུག་སྐྱོང་བའི་བཀའ་ཁྲི་ཞིག་ངེས་པར་དུ་དགོས་ན་བཀའ་ཁྲི་རྒན་གཞོན་གཉིས་དགོས་ཀྱི་འདུག རྒྱུ་མཚན་ནི་གལ་སྲིད་བཀའ་ཁྲི་རྒན་པས་བཀའ་ཁྲིའི་ལས་དོན་སྒྲུབ་མི་ཐུབ་པའི་དུས་ཚོད་ཛ་དྲག་ཅིག་བསླེབས་དུས་བཀའ་ཁྲི་གཞོན་པ་དེ་བཀའ་ཁྲི་རྒན་པར་འགྱུར་ཆོག་ཆོག་ཡོད་པ་རེད། གནད་དོན་འདི་ལ་དམིགས་ནས་དམངས་གཙོ་དང་དམར་ཕྱོགས་རྒྱལ་ཁབ་ཚོར་སྲིད་འཛིན་རྒན་གཞོན་གཉིས་ཡོད་པ་རེད།
དེ་བཞིན་བཀའ་ཁྲི་གཅིག་ཕྱི་རྒྱལ་དུ་ཕེབས་ནས་ལས་དོན་སྒྲུབ་དུས་གཞན་པ་དེས་རྡ་སར་བསྡད་ནས་ལས་དོན་སྒྲུབ་ཆོག ད་དུང་བཀའ་ཁྲི་རྒན་གཞོན་གཉིས་ཀྱི་གཅིག་དེ་དུས་གཏན་དུ་ཕྱི་རྒྱལ་དུ་སྡོད་མཁན་ཞིག་ཡིན་ན་ཡང་ཆོག་ལ་བཀའ་ཁྲིའི་དུས་ཡུན་མ་ལོངས་བར་དུ་ཕྱི་རྒྱལ་རང་དུ་བསྡད་ནས་ལས་དོན་སྒྲུབ་ཀྱང་ཆོག རྒྱུ་མཚན་ནི་བྱང་ཨ་རི་དང་ཡོ་རོབ་ལྟ་བུ་ཡིན་ན་བོད་པའི་གྲངས་འབོར་དེ་ལོ་རེ་ནས་ལོ་རེར་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། རྒྱ་མི་སྤྱི་སྒེར་དང་གདོང་དང་གདོང་གཏུགས་ནས་སྐད་ཆ་བཤད་ས་ཡང་ཡོད་པས་སོ།།
ཕྱི་རྒྱལ་དུ་སྡོད་པའི་བཀའ་ཁྲི་འདིས་ལོ་ཕྱེད་བྱང་ཨ་རི་དང་ལོ་ཕྱེད་ཡོ་རོབ་དང་ཐེ་ཝན་སོགས་སུ་བསྡད་ནས་བོད་དོན་བསྒྲུབས་ཚེ་འབྲས་བུ་མི་དམན་པ་ཞིག་འཐོབ་ཐུབ་ཅིང་། བཀའ་ཁྲི་རྒན་པ་དེས་རྡ་ས་རང་དུ་བསྡད་ནས་གཞུང་འཛིན་དང་གཞིས་ཆགས་ཡར་རྒྱས་སོགས་ཀྱི་ལས་དོན་སྒྲུབ་དགོས། བཀའ་ཁྲི་རྒན་གཞོན་གཉིས་འདེམ་ཆོག་པའི་ལམ་ལུགས་འདིས་བོད་རིགས་རྒན་གཞོན་མང་པོ་ཞིག་ལ་བཀའ་ཁྲིའི་ལས་དོན་སྒྲུབ་པའི་གོ་སྐབས་མང་ཙམ་འཐོབ་རྒྱུར་ཡང་ཕན་ཐོགས་མངོན་གསལ་དུ་ཡོད། བཀའ་ཁྲི་གཞོན་པ་དེས་བོད་སྐད་མ་ཤེས་ན་ཡང་ཕྱི་རྒྱལ་དུ་བསྡད་དེ་བོད་དོན་སྒྲུབ་པར་འགལ་རྐྱེན་དེ་ཙམ་མེད་ཅིང་། གཙོ་བོ་དེ་ཕྱི་འབྲེལ་གྱི་རྩ་དོན་རྒྱུན་འཁྱོངས་དང་འབྲེལ་གཞུང་དམངས་ཀྱི་མངོན་འདོད་སྒྲུབ་དགོས།
བྱེད་ཐབས་འདིའི་སྟེང་ནས་བལྟས་ཚེ་ཐེངས་རྗེས་མའི་བཀའ་ཁྲི་རྒན་པ་དེ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང་བཀའ་ཁྲི་གཞོན་པ་དེ་བློ་བཟང་སེང་གེ་ལྟ་བུར་ཐོབ་ན་བོད་ཕྱི་ནང་གང་ནས་བལྟས་ཀྱང་མི་དམངས་ཀྱི་སེམས་ཤུགས་གོང་མཐོར་འགྲོ་བར་ཕན་པ་ཙམ་དུ་མ་ཟད། རང་རེའི་ལམ་དབུ་མ་དང་སྤྱོད་པ་འཚེ་མེད་ཞི་བའི་སྒོ་ནས་རིག་གཞུང་རང་སྐྱོང་གི་ཁེ་ཕན་བསྒྲུབ་རྒྱུར་ཡང་ཕན་རླབས་ཆེ་བར་མཐོང་།
ཕྱི་རྒྱལ་ཁག་ཅིག་ཏུ་སྐུ་ཚབ་དོན་གཅོད་ཡོད་པ་མ་ཡིན་ནམ་ཞེ་ན་གཏན་ནས་མ་ངེས་ཏེ། སྐུ་ཚབ་དོན་གཅོད་དེ་ཡིས་རང་རང་གནས་སའི་རྒྱལ་ཁབ་དེ་ཙམ་དུ་མ་གཏོགས་རང་གི་དབང་ཆས་ཁྱབ་མི་ཐུབ་ཅིང་། བཀའ་ཁྲི་གཞོན་པ་དེ་ཡིས་ཕྱི་རྒྱལ་གྱི་བོད་རིགས་འདུས་སྡོད་ཁོར་ཡུག་ཐམས་ཅད་དུ་རང་གི་དབང་ཆ་བེད་སྤྱོད་བཏང་སྟེ་ཆབ་སྲིད་ཀྱི་ལས་དོན་སྒྲུབ་ཆོག་ལ། སྐུ་ཚབ་དོན་གཅོད་དག་གིས་ཀྱང་གནད་དོན་ཆེན་པོའི་རིགས་བཀའ་ཁྲི་གཞོན་པ་དང་མཉམ་འབྲེལ་གྱིས་ཐག་གཅོད་བྱེད་ཆོག་པས། གཞུང་འབྲེལ་ལས་དོན་གལ་ཆེན་ཚང་མ་བཀའ་ཁྲི་གཅིག་གི་གཉའ་བར་འགེལ་བའི་ལུགས་སྲོལ་རྙིང་བ་དེར་ཡང་འགྲམ་ལྕག་ཅིག་གཞུས་ཡོད། དེ་ལྟར་བྱས་ན་ད་གཟོད་མི་དམངས་ཀྱིས་བདམས་པའི་བཀའ་ཁྲི་དེ་མི་དམངས་ཀྱི་ཁྲོད་དུ་སླེབ་མི་ཐུབ་པའི་དཀའ་ངལ་ཆེན་པོ་དེ་རང་ཤུགས་སུ་ཡལ་འགྲོ་གི་རེད་ལ། མི་དམངས་དང་མི་དམངས་ཀྱིས་བདམས་པའི་བཀའ་ཁྲི་གཉིས་ཀྱི་བར་ཐག་ཀྱང་ཇེ་ཉེ་དང་ཇེ་ཟབ་ཏུ་འགྲོ་ངེས་ཅན་རེད། ། དེ་ལྟར་མིན་པར་བཀའ་ཁྲི་གཅིག་འདེམས་ལམ་ལུགས་འདི་མུ་མཐུད་དེ་རྒྱུན་སྲིང་བྱས་ཚེ། བྱང་ཨ་རི་དང་ཡོ་རོབ་ཁུལ་དུ་གནས་སྡོད་བོད་རིགས་མི་དམངས་དང་བོད་ཀྱི་བཀའ་ཁྲིའི་བར་ཐག་ཇེ་རིང་ནས་ཇེ་རིང་དུ་འགྲོ་རྒྱུ་ངེས་ཅན་ཡིན་པ་ནི་བཀའ་ཁྲི་ཟམ་གདོང་ཚང་གི་དུས་སྐབས་འདིར་ང་ཚོས་ཚོར་དང་ཚོར་བཞིན་པ་འདི་རེད། འདི་ནི་ཟམ་གདོང་རིན་པོ་ཆེའི་སྐྱོན་ཆ་ཞིག་མ་ཡིན་པར་བཀའ་ཁྲི་གཅིག་འདེམས་ལམ་ལུགས་འདིའི་མི་མངོན་པའི་སྐྱོན་ཆ་ཆེན་པོ་ཞིག་རེད་ཅེས་ཁོ་བོས་སྨྲ་བར་སྤོབས་སོ།།
སྤྱིར་ཨ་ལགས་ཚང་གི་གསུངས་ལ་ཉན་རྒྱུ་དང་ལེན་རྒྱུ་མང་པོ་ཡོད་ཀྱང་ད་ཐེངས་ཀྱི་འདི་ལ་དེ་རེད་ཟེར་བའི་བདེན་ཁ་ཞིག་རྙེད་མ་སོང་། སྤྱིར་འཛམ་གླིང་གི་སྲིད་འཛིན་་presidentལམ་ལུགས་ཅན་གྱི་རྒྱལ་ཁབ་ལ་སྲིད་འཛིན་གཞོན་པ་བསྐོ་བཞག་བྱེད་རྒྱུ་ཡོད་པ་དང་སྲིད་འཛིན་ལ་རྐྱེན་ངན་བྱུང་ན་སྲིད་འཛིན་གཞོན་པ་འཕོ་འགྱུར་བྱེད་རྒྱུ་ཡོད་པའང་བདེན་པ་རེད། འོན་ཀྱང་ང་ཚོའི་བཀའ་བློན་ཁྲི་བ་ལ་ང་ཚོས་སྲིད་བློན་་prime ministerཞེས་འབོད་བཞིན་ཡོད་པ་རེད། སྤྱིར་ལམ་ལུགས་འདི་དུས་རབས་བཅུ་བདུན་པའི་ནང་ཧྥ་རན་སི་དང་རྗེས་དབྱིན་ཇིའི་ལུང་པ་ནས་དར་ཁྱབ་ལ་སོང་བའི་ལམ་ལུགས་ཞིག་རེད། རྒྱལ་ཁབ་ཆེ་ཆུང་སུ་ཞིག་ཡིན་ནའང་སྲིད་སྐྱོང་མཁན་དེ་གཞུང་དེའི་བསྟི་གནས་གང་དུ་ཡོད་པ་དེར་བསྡད་ནས་ལས་ཡུན་རིང་འདུག་དགོས་བ་ལས་རང་ཉིད་རྒྱལ་ཁབ་གཞན་ཞིག་ཏུ་བསྡད་ནས་སྲིད་གཞུང་གི་ལས་ཀ་ཞོར་ལས་ལྟ་བུ་ཞིག་བྱས་ནས་འདུག་སྲོལ་ད་ལྟའི་བར་མཐོང་རྒྱུ་མི་འདུག སྲིད་འཛིན་ནམ་སྲིད་བློན་རྒྱལ་ཁབ་གཞན་ལ་ཕྱོགས་སྐྱོད་བྱེད་དགོས་བ་བདེན་པ་ཡིན་མོད། རྒྱུན་ལྡན་གྱི་ས་ཁུལ་དང་རྒྱལ་ཁབ་ག་གེ་མོའི་བར་གྱི་འབྲེལ་ལམ་ལ་གཞུང་ཚབ་པ་དང་ཨ་རི་ལྟ་བུ་ཡིན་ན་དཀྱིལ་ཤར་ས་ཁུལ་ལྟ་བུ་ས་ཁུལ་ཛ་དྲག་ཅན་ཁ་ཤས་ལ་དམིགས་བསལ་སྐུ་ཚབ་བསྐོ་འཇོག་བྱེད་རྒྱུ་ཡོད་པ་བཞིན་༧གོང་ས་མཆོག་གིས་དམིགས་བསལ་སྐུ་ཚབ་བསྐོས་ཡོད་པ་རེད། རྒྱུ་མཚན་རྒྱལ་ཁབ་སུ་ཡིན་ནའང་གཞུང་ཚབ་པའམ་དོན་གཅོད་པ་དུས་ཡུན་ངེས་ཅན་རེའི་ནང་བརྗེ་སྤོར་བྱེད་བཞིན་ཡོད་སྟབས་དམིགས་བསལ་སྐུ་ཚབ་ནི་ཆེད་དུ་བསྐོ་བཞག་བྱེད་སའི་རྒྱལ་ཁབ་དེའི་ནང་ཆབ་སྲིད་དང་འབྲེལ་ལམ་སོགས་ལ་ཐབས་ཇུས་དང་འཇོན་ཐང་ཡོད་མཁན་ཞིག་དམིགས་སུ་བསྐོས་ཡོད་པ་རེད།
བསམ་ཚུལ་ཡག་པོ་འདུག་སྟེ་བཀའ་ཁྲིའི་བོད་སྐད་མ་ཤེས་ན་ཁྱད་མཚར་ཞིག་མེད་དམ།
སློབ་གྲྭ་ཁག་ཏུ་གཏམ་བཤད་གནང་བར་ཕེབས་མི་དགོས་པ་ཡིན་ན་དྲགས། སློབ་གྲྭ་ཁག་ལ་ཕེབས་ནས་གཏམ་བཤད་གནང་དགོས་བྱུང་ཚེ་བོད་ཀྱི་རིག་གཞུང་དང་སྐད་ཡིག་རྩལ་ཆེན་པོ་རེད་དེ་བེད་སྤྱོད་ཡོ་མ་རེད་ཟེར་མཁན་ཞིག་ཏན་ཏན་ཡོངས་ངེས།
བསམ་ཚཱུལ་ཡག་པོ་འདུག་ནའང་། གྲོས་ཚོགས་གོང་འོག་གཉིས་ཞེས་༸གོང་ས་མཆོག་གིས་ལོ་མང་སྔོན་ནས་གསུངས་པ་ལག་བསྟར་མི་བྱེད་པ་ཞིག བཀའ་ཁྲི་རྒན་གཉིས་གཏན་ནས་ཁས་ལེན་གི་མ་རེད། དེ་ངའི་བསམ་ཚུལ་ཡིན།
སྤྱི་ཁྱབ་དོན་གཅོད་ཅིག་དགོས་སམ། བཀའ་ཁྲི་རྒན་གཞོན་གཉིས་དགོས། དཔྱད་དགོས་འདུག
བཀའ་སྤྱི་འོས་འདེམས་ནི་བཅའ་ཁྲིམས་གྱི་གཏན་འབེབས་ལྟར་ཡིན་པས། བཀའ་ཁྲི་གཉིས་ཤིག་ཡོང་ཐབས་མེད། ཕྱི་འབྲེལ་སོགས་ཕྱི་འབྲེལ་ལས་ཁུངས་དང། དོན་གཅོད་ཁང། ཕྱི་བཞུགས་སྤྱི་འཐུས་སོགས་ཡོད།
བཀའ་ཁྲིའི་སྦྱོང་བརྡར་ཆེད་དུ་རང་ཡིན་ན། ངེས་པར་མིང་བཏགས་ཤིག་མི་དགོས། སྤྱི་ཚོགས་ཁྲོད་འཇོན་ཐང་ངོམ་ཐུབ་ན་དེས་འགྲིགས། འཛམ་གླིང་སྤྱི་ཡོངས་ཀྱི་འགྲོ་སྟབས་འདི་འདྲ་རང་ཡིན།
གྲོགས་པོ་ཀླུ་སྨོན་ལགས་ཁྱེད་ཀྱིས་དགོངས་ཚུལ་རྩོམ་ཡིག་འདི་ཡག་པོ་འདུག་ཡིན་ན་ཡང་ཁྱེད་ཀྱིས་མི་གཉིས་འོས་མིར་དམིགས་སྟོན་བྱས་པར་་དོགས་པ་བསེལ་བའི་རེ་བ་ཞིག་ཡོད་ཁྱེང་རང་གིས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་ལ་འོས་ཆོས་ཚང་བར་ངོས་ལེན་གནང་འདུག་ན་དེའི་སྐོར་ཁོང་གི་འདས་པའི་ལོ་སྒྱུ་ལ་བསྟས་ནས་ཡོན་ཏན་དང་བྱས་རྗེས་གང་ཡོད་ཁ་གསལ་ཞིག་བྲིས་ཐུབ་ན་ང་འདྲ་བའི་མི་དམངས་་རྣམས་ལ་ཕན་ཐོགས་ཡོད་ངེས་སོ།
བསམ་ཚུལ་དེ་ཡག་པོ་འདུག ཀླུ་སྨྱོན་འདི་ལ་ཡོན་ཏན་ཅིག དཔྱད་རྩོམ་དྲང་པོར་འབྲི་བ་འདི་རེད།
ཡག་པོ་བཤད་འདུག་དེ་བཀའ་ཁྲི་བོད་སྐད་མི་ཤེས་མཁན་དེ་གང་ཞིག ཁྱད་མཚར་རེད། བསམ་ཚུལ་ཡག་པོ་འདུག