རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་ ༦༠ འགོར་ཡོད། གལ་སྲིད་དོན་དངོས་ཐོག་མི་རིགས་ཁག་བར་མཐུན་སྒྲིལ་ཡོད་ན། ད་དུང་ཡང་འཆམ་མཐུན་སྤྱི་ཚོགས་དགོས་ཞེས་ཤུགས་སྣོན་རྒྱག་དགོས་དོན་ཡོད་མ་རེད་ཅེས་༧གོང་ས་མཆོག་གིས་གསུངས་ཡོད་པ་རེད།
དེ་རིང་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཚེས་ ༢༧ ཉིན་༧གོང་ས་མཆོག་གིས་ཉི་ཧོང་རྒྱལ་ས་ཊོག་ཀྱོ་དང་ཐག་མི་རིང་བའི་ཡོ་ཁོ་ཧ་མ་གྲོང་ཁྱེར་གྱི་མགྲོན་ཁང་ཞིག་ཏུ་བྷི་བྷི་སི་རྒྱ་སྐད་སྡེ་ཚན་གྱི་གསར་འགོད་པ་དང་། རྒྱ་རིགས་མཁས་དབང་། དེ་བཞིན་ཉི་ཧོང་དུ་གནས་སྡོད་རྒྱ་རིགས་མཁས་པ་ ༤༠ ཙམ་ལ་མཇལ་འཕྲད་ཀྱིས་བོད་རྒྱའི་གནད་དོན་ཐད་བགྲོ་གླེང་གནང་ཡོད། ཕྱི་ཚེས་ ༡༨ ཉིན་ནས་བཟུང་༧གོང་ས་མཆོག་ཉི་ཧོང་དུ་ཕེབས་ཏེ་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་རྒྱ་ཆེར་སྐྱོང་བཞིན་ཡོད་ཀྱང་། རྒྱ་ནག་གིས་མངོན་སུམ་མིན་པའི་སྒོ་ནས་ཉི་ཧོང་གཞུང་གིས་༧གོང་ས་མཆོག་ཡུལ་དེར་ཕེབས་བཅུག་པར་ངོ་རྒོལ་བྱས་ཡོད་ལ། དེའི་རྐྱེན་གྱིས་ཡུལ་དེའི་གསར་ལམ་ཆེ་ཁག་གིས་ཚེས་ ༢༧ བར་༧གོང་ས་མཆོག་གི་མཛད་འཕྲིན་སྐོར་ལ་དོ་སྣང་གང་ཡང་བྱས་མེད་པ་རེད། འདི་ནི་༧གོང་ས་མཆོག་ཉི་ཧོང་དུ་ཕེབས་ཐེངས་ ༡༤ པ་དེ་ཡིན་ལ་ཉི་ཧོང་ནང་དུ་རྒྱ་རིགས་མཁས་པ་རྣམས་དང་བགྲོ་གླེང་ལྷན་ཚོགས་གནང་བ་ཐོག་མ་དེའང་ཆགས་ཡོད་འདུག ལྷན་ཚོགས་ཐོག་༧གོང་ས་མཆོག་གིས་བྷི་བྷི་སི་གསར་འགོད་པའི་དྲི་བར་ལན་འདེབས་གནང་དོན། ཕྱི་ལོ་ ༢༠༠༨ ལོར་བོད་དུ་དོན་རྐྱེན་བྱུང་སྟེ་བོད་རྒྱ་མི་རིགས་གཉིས་བར་འགལ་ཟླ་བྱུང་རྗེས། འཛམ་གླིང་གང་སར་འཚམས་གཟིགས་སུ་བསྐྱོད་སྐབས་རྒྱ་རིགས་ནང་ངོས་ལ་ཁོང་ཁྲོ་བསྟན་མཁན་དེ་འདྲ་བྱུང་། ངོས་ཀྱི་བསམ་པར་རྒྱ་རིགས་ཚོ་ཁོང་ཁྲོ་ལངས་པ་དེ་བོད་ཀྱི་དངོས་ཡོད་གནས་ཚུལ་ཤེས་རྟོགས་མ་བྱུང་སྟབས་ཀྱིས་རེད་སྙམ་སོང་། དེ་ནས་རྒྱའི་སྐད་ཡིག་དང་རྒྱ་ཡིག་གསར་འགྱུར་བརྒྱུད་དེ་རྒྱ་རིགས་དང་འབྲེལ་བ་བྱ་དགོས་རྒྱུའི་རེ་བ་བརྒྱབ་པ་ཡིན་ཞེས་གསུངས་ཡོད་ལ། ཐེངས་འདིའི་ཆུ་ཚོད་ ༢ དང་སྐར་མ་ ༣༠ ལྷག་གི་གྲོས་བསྡུར་གྱི་བརྒྱུད་རིམ་ནང་། ༧གོང་ས་མཆོག་གིས་བོད་ཀྱི་གནད་དོན་དེ་རྒྱ་ནག་མང་གཙོ་ཅན་དུ་གྱུར་ན་སེལ་ཐུབ་པའི་རེ་བ་ཡོད་པའི་དགོངས་ཚུལ་གསུངས་ཡོད་ལ། སྐབས་དེར་ཁོང་གིས་རྒྱ་གར་ལ་ཡང་མི་རིགས་མང་པོ་ཡོད་ཀྱང་། རྒྱ་གར་ནི་མང་གཙོའི་རྒྱལ་ཁབ་ཅིག་ཡིན་པས་མི་རིགས་སོ་སོའི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་བྱེད་ཐུབ་ཀྱི་ཡོད་ལ། མི་རིགས་མཐུན་སྒྲིལ་ལའང་ཕན་ཐོགས་ཆེན་པ་ཡོད་ཅེས་གསུངས་ཡོད། ཡང་ཁོང་གིས་མུ་མཐུད་དོན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་ ༦༠ འགོར་ཡོད། གལ་སྲིད་དོན་དངོས་ཐོག་མི་རིགས་ཁག་བར་མཐུན་སྒྲིལ་ཡོད་ན། ད་དུང་ཡང་འཆམ་མཐུན་སྤྱི་ཚོགས་དགོས་ཞེས་ཤུགས་སྣོན་རྒྱག་དགོས་དོན་ཡོད་མ་རེད་ཅེས་དང་། གུང་ཁྲན་བོད་དུ་མ་འཛུལ་གོང་ལའང་། བོད་དུ་རྒྱ་མི་ཡོད་པར་མ་ཟད། ཕན་ཚུན་བར་འཆམ་མཐུན་ཡོད་ལ། དེ་དུས་ཁོང་ཚོས་རྒྱ་མི་དེ་ཚོར་རྒྱལ་སྲས་ཅེས་ལབ་སྲོལ་ཞིག་ཡོད། ཡིན་ནའང་། ངོས་ཀྱིས་གསར་དུ་གོ་ཐོས་བྱུང་བ་ལ་ ༢༠༠༨ ལོར་མི་རིགས་ཕན་ཚུན་བར་འགལ་ཟླ་དེ་བྱུང་རྗེས་བོད་མི་ཚོས་རྒྱ་མིར་རྒྱ་ནག་གིས་འཇར་པན་འདྲེ་དམག་ཅེས་འབོད་པ་ལྟར་ངོས་འཛིན་བྱེད་ཀྱིན་འདུག་ཅེས་གསུངས།
སྐབས་དེར་པེ་ཅིན་ནས་ཡིན་པའི་ཚོགས་ཞུགས་པ་ཞིག་གིས་པེ་ཅིན་གྱི་མི་ཕལ་ཆེ་བས་༧གོང་ས་མཆོག་གིས་དབུ་ཁྲིད་དེ་བོད་ཀྱི་སྤྱི་ཚོགས་རྙིང་པ་སླར་གསོ་བྱ་བར་མོས་མཐུན་བྱེད་ཀྱི་མ་རེད་ཅེས་བཤད་སྐབས། ༧གོང་ས་མཆོག་གིས་བོད་ཕྱི་ནང་གཉིས་སུ་གནས་པའི་བོད་མི་སུ་ཞིག་གིས་ཞིང་བྲན་ལམ་ལུགས་སླར་གསོ་བྱ་རྒྱུར་བསམ་བློ་ནང་དུའང་ཡོད་མ་རེད་ཅེས་དང་། མ་གཞི་སྐབས་དེའི་བོད་ཀྱི་ལམ་ལུགས་ལ་ཞན་ཆ་ཡོད་ཀྱང་། བོད་དེ་རིག་ནས་གསར་བརྗེའི་སྐབས་རྒྱ་གཞུང་གིས་བཤད་པའི་མུན་ནག་དེ་འདྲ་རང་ཡོད་མ་རེད་གསལ་བཤད་བྱས་ཡོད་ལ། ཡང་ཁོང་གིས་རྒྱ་མི་ཚོའི་བོད་དོན་ཤེས་རྟོགས་དེ་གཙོ་བོ་གུང་ཁྲན་གྱི་ཁྱབ་བསྒྲགས་ལས་ཡོང་གི་ཡོད་པ་དང་། ངོས་ཀྱི་རེ་བར་རྒྱ་ནག་གིས་གསར་ལམ་བཀག་སྡོམ་མཚམས་འཇོག་གིས་རྒྱ་རིགས་ཚོར་བོད་དོན་ལ་རྒྱུས་ལོན་དང་དོན་དངོས་ལ་རྒྱུས་ལོན་བྱ་ཐུབ་དགོས་རྒྱུའི་རེ་བ་ཡོད་ཅེས་གསུངས།
ཏང་ནང་དུ་ཞུགས་འདོད་ཡོད་སྐོར་ཐད་གསུངས་དོན། ཁོང་ནི་མར་ཁུ་སི་རིང་ལུགས་པ་ཞིག་ཡིན་ཡང་། ལེ་ཉིན་ལ་བསྟོད་བསྔགས་མི་བྱེད། གང་ཡིན་ཟེར་ན་ལེ་ཉིན་གྱི་འདོད་པ་ནི་དབང་ཆ་གཅིག་སྡུད་རེད་ཅེས་གསུངས། རང་ལོ་ ༢༤ སྐབས་བོད་དུ་ཡོད་དུས་གུང་ཁྲན་དང་ལོ་ ༩ ཙམ་འབྲེལ་བ་བྱས་བ་ཡིན། ཁོང་གིས་གཞུང་དྲང་གི་དམག་སྤྱི་ཕིན་ཏི་ཧེ་དང་ཀྲུའུ་ཞུ་གཞོན་པ་ལོའུ་ཧྲོ་ཆི་གཉིས་ལ་བརྩི་བཀུར་བྱེད་ཀྱིན་ཡོད། རྒྱལ་ཁབ་བཙུགས་མཚམས་དམར་དམག་གི་མགོ་གཙོ་ཚོར་ཡང་གསར་བརྗེའི་དམིགས་ཡུལ་དང་བྱས་རྗེས་འཇོག་པའི་སྙིང་སྟོབས་ཡོད་པ་ཞིག་མཐོང་དུས་ངོས་རང་ཡིད་འཐད་བྱུང་སོང་ལ། དམར་ཤོག་ཚོགས་པར་ཞུགས་རྒྱུར་འདུན་པའང་སྐྱེས་བྱུང་། སྐབས་དེར་མི་རེ་འགས་ངོས་ལ་བརྟག་ཞིབ་བྱས་ན་ལེགས་པའི་སློབ་གསོ་ཡང་བརྒྱབ་མྱོང་ཡོད། ད་ལྟ་ཕྱིར་དྲན་བྱས་ན། ངོས་བསམ་ན་མི་དེས་སྐབས་དེའི་གུང་ཁྲན་གྱི་གནད་དོན་ཚང་མ་ཤེས་རྟོགས་བྱུང་ཡོད་ས་རེད་ཅེས་དང་། ཡང་ཁོང་གིས་རྒྱ་ནག་རྒྱལ་ཁབ་བཙུགས་རྗེས་སུ་ངོས་ཀྱི་སྲིད་དབང་རེ་རེར་འཛིན་པའི་ལྟ་ཚུལ་མི་གཅིག་ལ། ཕྱི་ལོ་ ༡༩༥༦ ལོའི་སྔོན་ལ་མའོ་ཙེ་ཏུང་གིས་བོད་ལ་འཛིན་པའི་སྲིད་དབང་དེ་ཡག་པོ་ཞིག་ཡིན་ལ། དེའི་རྗེས་ཀྱི་རྒྱ་དམར་སྤྱི་ཁྱབ་དྲུང་ཆེ་ཧོ་ཡོ་པང་ལའང་བོད་དོན་ཐག་གཅོད་བྱ་རྒྱུའི་འདོད་སེམས་ཡོད་པ་རེད། སྟབས་ཉེས་པ་ཞིག་ལ་ཁོང་ཚང་མ་ཚེ་རིང་པོ་སྡོད་ཐུབ་ཡོད་མ་རེད། ཡང་ཁོང་གིས་ངས་སྲིད་བློན་ཝུན་ཅ་པོ་ཡི་ཧོ་ཡོ་པང་ལ་རྗེས་དྲན་རྩོམ་ཡིག་དང་སྲིད་འཛིན་ཧུའུ་ཐོ་ཡིས་ཉེ་ཆར་སྤེལ་བའི་གཏམ་བཤད་ནང་མང་གཙོ་ཞེས་པའི་ཐ་སྙད་མང་དག་ཅིག་མཐོང་སོང་། ཡིན་ནའང་གོ་ཐོས་ལྟར་ན་སྲིད་བློན་ཝུན་ཅ་པོ་ཡིས་ཧོ་ཡོ་པང་རྗེས་དྲན་བྱས་པ་དེས་ཏང་ནང་ཁུལ་གྱི་གཡོན་ཕྱོགས་པར་ཕོག་ཐུག་བཏང་ཡོད་པ་རེད་ཅེས་གསུངས་ཡོད་པ་རེད། རྒྱ་ནག་གི་གནད་དོན་ལ་ལྟ་བའི་ཉི་ཧོང་གསར་ཤོག་ Sankei Shimbun ཐོག་ཚེས་ ༡༣ ཉིན་ཆེད་བརྗོད་ཅིག་སྤེལ་ཡོད་ལ། དེའི་བརྗོད་གཞི་ནི་རྒྱ་ནག་གིས་ཏཱ་ལའི་བླ་མ་ཤི་རྒྱུར་སྒུག་པ་ཞེས་བཀོད་ཡོད་ལ། གོང་བཀོད་རྕོམ་ཡིག་དེའི་ཐད་གསར་འགོད་པས་ཉི་ཧོང་གནས་སྡོད་༧གོང་ས་མཆོག་གི་སྐུ་ཚབ་ལ་བཅར་འདྲི་བྱས་སྐབས་ཁོང་གིས་བརྗོད་དོན། རྒྱ་གཞུང་དང་༧གོང་ས་མཆོག་བར་གྱི་འབྲེལ་མོལ་ལ་ཡར་རྒྱས་གང་ཡང་ཕྱིན་མེད་པ་དང་། རྒྱ་ནག་གིས་༧གོང་ས་མཆོག་སྐུ་གཤེགས་རྒྱུར་ངང་སྒུག་བྱས་ཡོད་ལ། ཁོང་སྐུ་གཤེགས་སོང་ན་རྒྱལ་སྤྱིའི་ཐོག་བོད་དོན་གྱི་ཤན་ཤུགས་ཆུང་དུ་འགྲོ་ཐུབ་རྒྱུར་མ་ཟད། བོད་དོན་དེ་ཡང་རང་བཞིན་གྱི་ཐག་ཆོད་འགྲོ་བ་ཞིག་ཏུ་ངོས་འཛིན་བྱེད་ཀྱིོན་ཡོད་པ་རེད་ཅེས་ལན་འདེབས་གནང་འདུག
གསར་འགོད་པ། དཔལ་ལྡན་རྒྱ་མཚོ།
ཡིན་ནའང་རྒྱ་དམར་ཇག་ཚོགས་གིས་དེ་ནི་སྟོང་བསམ་རེད། གལ་སྲིད་༧སྐྱབས་མགོན་རིན་པོ་ཆེ་མིན་ན་སུ་ཞིག་གིས་འདི་ལྟ་བུའི་གཉིས་སྨན་གྱི་ལམ་ཁ་ཞིག་སྤྲོད་ཐུབ་བམ།
ཕྱི་ཉིན་དེ་ནས་བཟུང་རྒྱ་གཞུང་གི་དབོན་རིགས་ཚོའི་མིག་འདུན་དུ་འབྱུང་པོ་དྲི་ཟ་གདོན་བགེགས་གིས་གར་སྟབས་འཁྲབ་རན་སོང་པ་རེད། དེ་བར་དུ་ཁོ་ཚོས་བོད་མི་བསད། བོད་ངོས་བཅོམ། བོད་པར་བརྡུང་པའི་ནམ་སྨིན་དེ་ད་གཟོད་ཕྱིར་སྤྲོད་མཁན་ཉེས་མེད་ཉེས་འགེལ་གྱིས་བསད་གཏུབ་བྱས་པའི་རྣམ་ཤེས་ཁྲི་འབུམ་མང་པོ་སླེབས་ཡོང་གི་རེད། ལྐོག་ཟ་རུལ་སོངས་མཁན་གྱི་དམར་གཞུང་གི་དཔོན་རིགས་ཚོས་དེ་དུས་ལྟད་མོ་ཆེན་པོ་མཐོང་གི་རེད་་་་་་་་
རྩམ་པ་པོ་སུ་ཡིན་ན་གནད་དོན་འདིར་ཤིན་ཏུ་གོ་ཁ་པོ་བཀོད་འདུག་།
་་་། གུང་ཁྲན་བོད་དུ་མ་འཛུལ་གོང་ལའང་། བོད་དུ་རྒྱ་མི་ཡོད་པར་མ་ཟད། ཕན་ཚུན་བར་འཆམ་མཐུན་ཡོད་ལ། དེ་དུས་ཁོང་ཚོས་རྒྱ་མི་དེ་ཚོར་རྒྱལ་སྲས་ཅེས་ལབ་སྲོལ་ཞིག་ཡོད། ཡིན་ནའང་། ངོས་ཀྱིས་གསར་དུ་གོ་ཐོས་བྱུང་བ་ལ་ ༢༠༠༨ ལོར་མི་རིགས་ཕན་ཚུན་བར་འགལ་ཟླ་དེ་བྱུང་རྗེས་བོད་མི་ཚོས་རྒྱ་མིར་རྒྱ་ནག་གིས་འཇར་པན་འདྲེ་དམག་ཅེས་འབོད་པ་ལྟར་ངོས་འཛིན་བྱེད་ཀྱིན་འདུག་ཅེས་གསུངས། ་་་། རྒྱ་མི་འདྲེ་དམག་ཅེས་འབོད་འགོ་བཙུགས་དགོས་་པ་སུས་བཟོས་པ་རེད།