ཉི་ཧོང་། མཁའ་དབུགས་གསར་བས་བྲིས།
༢༠༡༠ ལོའི་ཟླ་ ༦ པའི་ཚེས་ ༡༨ ནས་ ༢༨ དབར་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་དུ་ཆིབས་བསྒྱུར་གནང་ཞིང་། ནཱ་ང་ནོ་གྲོང་ཁྱེར་རྫན་ཁོ་དགོན་པ་དང་ཁཱ་ན་རྫ་བ་རྫོང་། ཡོ་ཁོ་ཧ་མ་གྲོང་ཁྱེར་སོགས་སུ་ནང་བ་སངས་རྒྱས་ཆོས་གཙོ་བྱས་པའི་མིའི་བྱམས་སེམས་དང་ཆོས་ལུགས་འདྲ་མཉམ། སེམས་ཀྱི་ཞི་བདེ་སོགས་འཕེལ་རྒྱས་གཏོང་ཐབས་ཐད་ནས་བཀའ་སློབ་རྒྱ་ཆེན་པོ་གནང་། ཡིན་ཡང་དེ་རིང་ངས་འདིར་བརྗོད་པ་ནི་འདི་དག་མིན་པས། གུས་མེད་པ་བཅས་གསར་འགྱུར་གཞན་དག་བརྒྱུད་ནས་རྒྱུས་ལོན་བྱེད་རོགས་གནང་། མཚམས་འདིར་ངས་བརྗོད་པར་འདོད་པ་ནི་ང་ཚོས་ཅི་ལྟར་སྐྱབས་མགོན་རིན་པོ་ཆེར་བསླུ་བྲིད་གཏོང་གིན་ཡོད་མེད་ཐད་གླེང་བར་བྱའོ།
གཅིག གོང་ས་མཆོག་ལ་མཇལ་ཁ་ཞུ་དུས་ཀྱི་བོད་མིའི་བཟོ་ལྟ།
སྤྱིར་གོང་ས་མཆོག་ལ་མཇལ་ཁ་ཞུ་དུས་བོད་ལྭ་གྱོན་པ་ནི་དགའ་འོས་བ་ཞིག་རེད་མོད། ང་ཚོ་ད་ཐེངས་ཉི་ཧོང་གི་ཡོ་ཁོ་ཧ་མའི་མགྲོན་ཁང་ཆེན་པོ་ཞིག་ཏུ་མཇལ་ཁ་ཞུ་དུས་བོད་མི་མང་པོ་ཞིག་གིས་བོད་ལྭ་ཁུག་མ་ནང་དུ་བཅུག་ནས་ཁྱེར་འོངས་ཏེ་མགྲོན་ཁང་ནང་དུ་བོད་ལྭ་གྱོན་པ་དང་གོང་ས་མཆོག་དང་མཇལ་རྗེས་མགྲོན་ཁང་ནས་ཕྱིར་སྒོ་རུ་འབུད་དུས་གཞི་ནས་བོད་ལྭ་ཕུད་འདུག འདིའི་ཅི་ཞིག་མཚོན་པ་རེད་ཟེར་ན་ང་ཚོས་གོང་ས་མཆོག་ལ་བསླུ་བྲིད་ཞིག་གཏོང་གིན་ཡོད་པ་རེད། གོང་ས་མཆོག་གིས་ང་ཚོས་བོད་ལྭ་གྱོན་འདུག་པ་མཐོང་དུས་ཕྱི་སྡོད་བོད་མི་ཚོ་རྒྱལ་ཁབ་གང་དུ་ཕྱིན་ཀྱང་བོད་རང་མི་རིགས་ཀྱི་གོན་གཤིས་དང་ངོ་བོ་བརྒྱུད་འཛིན་གནང་གིན་ཡོད་པ་ལྟ་བུའི་ཚོར་སྣང་ཞིག་སྟེར་སྲིད་མོད། དོན་དངོས་སུ་ཕྱི་སྡོད་བོད་མི་དག་ནི་བོད་ཀྱི་ངོ་བོ་དང་རིང་ནས་གྱེས་འདུག་པ་ལེ་ཚན་གཉིས་པར་གླེང་བར་བྱ།
གཉིས། གཞན་ཕན་གྱི་བསམ་བློ་ཕྲན་ཙམ་ཡང་མེད་པའི་བོད་མི་རིགས།
རང་མི་རིགས་ཀྱི་རིག་གནས་ཀྱི་ཉིང་བཅུད་གཙོ་བོ་ནི་གཞན་ཕན་དང་བྱམས་བརྩེ། ལས་རྒྱུ་འབྲས་བཅས་ཡིན་ཤེས་བཤད་མཆོག་པར་འདོད། ཡིན་ནའང་། ངས་ད་ཐེངས་གོང་ས་མཆོག་ལ་མཇལ་ཁ་ཞུ་དུས་ཀྱི་བོད་མི་ཚོས་རྣམ་པ་དེ་མཐོང་དུས། བོད་མི་རིགས་ནི་རང་དོན་ཁོ་ན་སྒྲུབ་པའི་མི་རིགས་ཞིག་ཡིན་པ་དངོས་སུ་གཏོགས་བྱུང་། དེ་ཡང་གོང་ས་མཆོག་མགྲོན་ཁང་གི་ཚོགས་ཁང་དུ་ཕེབས་མ་ཐག་མི་གང་མང་ཞིག་འཚང་ཁ་ཤིག་ཤིག་སྒོས་གོང་ས་མཆོག་གི་མདུན་དུ་རྒྱུགས་འགྲོ། འདི་ནི་སེམས་ཁམས་རིག་པའི་སྟེང་ནས་བཤད་ན་རང་ཉིད་ལ་ཅི་ཞིག་ཐོབ་འདོད་པའི་ཧམ་སེམས་ལས་གཞན་ཕན་གྱི་བསམ་བློ་ཞིག་གཏན་ནས་མི་འདུག
གསུམ། ཀུན་སྤྱོད་ངན་པའི་བོད་མི་རིགས།
༧གོང་ས་མཆོག་གིས་ང་ཚོས་ཕྲེང་བ་དང་ཕྱག་མདུད་སོགས་ལ་རབ་གནས་གནང་རྗེས་བོད་མི་ཚོ་འཚང་ཁ་ཤིག་ཤིག་སྒོས་རང་ཉིད་ཀྱི་དངོས་པོ་བཙལ་གྱིན་འདུག སྔ་རྗེས་ཀྱི་སྟར་ཕྲེང་སྒྲིག་ནས་ཀུན་སྤྱོད་ལྡན་པའི་ཉི་ཧོང་བའི་གོམས་གཤིས་ཏེ་ཉི་སྡོད་བོད་མི་ཚོས་དུས་ནམ་ཞིག་ལ་དང་ལེན་བྱེད་སྲིད་ཨང་།
བཞི། དད་པ་མེད་པའི་བོད་མི་རིགས།
༧གོང་ས་མཆོག་གི་གསུང་བཤད་གནང་སྐབས་བོད་མི་ཚོས་པར་ཆས་དང་ལག་ཁྱེར་ཁ་པར་གྱིས་འདྲ་ལེན་པར་རྔམ་གྱིན་འདུག་པ་ལས། གསུང་ལ་ཉན་གྱིན་མི་འདུག ལྷག་པར་དུ་ང་ལྟ་བུའི་ཨ་མདོ་བ་ཞིག་ལ་མཚོན་ན་རྣམ་རིག་སྦྲིམ་ནས་མ་ཉན་ཚེ་གོང་གི་མཆོག་གི་གསུང་བཤད་ཀྱི་བརྒྱ་ཆའི་བརྒྱ་བོ་གོ་དཀའ་བས། གོང་ས་མཆོག་གི་གསུང་ལ་ཉན་བཞིན་ང་ལ་ཁོང་ཁྲོ་ཆེན་པོ་ཞིག་སྐྱེས་འོངས།
ལྔ། བོད་མི་ཚོས་༧གོང་ས་མཆོག་ལ་རྨོངས་དད་བྱས་བསྡད་ན་འགྲིག་པ་རེད་དམ།
༧གོང་ས་མཆོག་ཕྱི་རྒྱལ་གྱི་རྒྱལ་ཁབ་གང་དུ་ཕེབས་ཀྱང་རྒྱ་མི་རིགས་དང་སོག་པ། ཕྱི་རྒྱལ་པ་སོགས་ཀྱི་མི་མང་ལ་མཇལ་ཁ་གནང་བ་ལས་བོད་མི་ཚོར་མཇལ་རྒྱུའི་གོ་སྐབས་དེ་འདྲ། ལྷག་པར་དུ་ང་རང་ཉི་ཧོང་དུ་ལོ་དྲུག་བསྡད་པའི་རིང་འདིར་གོང་ས་མཆོག་བོད་མི་ཚོར་མཇལ་འཕྲད་གནང་བ་ནི་༢༠༠༥ལོར་མགྲོན་ཁང་ཞིག་ཏུ་སྐར་༥ཙམ་དང་ད་ལོ་སྐར་༡༠ཙམ་ཁོ་ན་དེ་ཡིན། འདི་ནི་གོང་ས་མཆོག་གིས་བོད་མི་ཚོར་མཇལ་རྒྱུར་གལ་ཆེན་དུ་བརྩིས་ཀྱིན་མེད་པ་ཡིན་ནམ། གཞུང་ཚབ་ཁང་གིས་བཀོད་སྒྲིག་མ་བྱས་པ་ཅི་ཡིན་མི་ཤེས་མེད། དངོས་ནས་ཡིད་སྐྱོ་བ་ཞིག་རེད།
བརྒྱ་བཤད་སྟོང་ལ་བབས་ཀྱང་མཁའ་དབུགས་གསར་པ་ནི་དོན་དུ་མི་རིགས་ལ་ཞེང་ཅིང་བརྩེ་བ་ལྷག་བསམ་དང་དྲང་བདེན་གྱིས་ལམ་སྣ་ཟིན་པ་རང་གཞན་གཉིས་ཀའི་དགེ་སྐྱོན་ཐེར་འདོན་ཐུབ་པའི་ཕོ་རྒོད་ཞིག་ཏུ་འདོད།
མཁའ་དབུགས་གསར་པ་ལགས་གཞན་གྱི་ཚུལ་མིན་གྱིས་འཆལ་གཏམ་ལ་སེམས་ཤུགས་མ་ཆགས་ཕེབས་རོགས་མུ་མཐུད་པེབས་རོགས་སྤྱི་ཚོགས་ཀྱི་བྱེད་བབས་སྣ་ཚོགས་གཞིར་བཞག་ཐོག་རྩོམ་བྲིས་གནང་བར་ཕེབས་རོགས།
ལྷ་རྩེ་བཟོད་པ་ལགས།
སྐུ་ཉིད་ཁམས་བཟང་། སྐུ་ཉིད་ད་བཟོད་གློག་ཀླད་ཀྱི་གཉིད་ལས་བསད་ཞིང་གླིང་འདིར་ཕེབས་པར་དགའ་བསུ་ཞུ་ལ་གླིང་འདིར་ཕེབས་རྗེས་ཞབས་རྗེས་སྤུས་ལེགས་ཞིག་འཇོག་གནང་རྒྱུར་ངས་ཡིད་ཆེས་ཡོད།
མཁའ་དབུགས་གསར་པ་ལགས།
ཉིད་ཀྱིས་བྲིས་པའི་དོན་ཚན་ཚང་མ་བཀླགས་པ་ཡིན་ཀྱང། རྒྱུ་མཚན་ཡང་དག་གི་རྒྱབ་བརྟེན་རྙེད་མི་འདུག་ལ། མཚམས་རེ་དགོད་ཤོར་དགོས་པའི་གནད་དོན་ཡང་མི་ཉུང་བ་ཞིག་མཐོང། དཔེར་ན། ཉིད་ཀྱིས་བྲིས་པའི་དོན་ཚན་བཞི་པ་༼ དད་པ་མེད་པའི་བོད་མི་རིགས།༽ ཅེས་པའི་ནང། དེ་ལྟར་༼ གོང་ས་མཆོག་གི་གསུང་ལ་ཉན་བཞིན་ང་ལ་ཁོང་ཁྲོ་ཆེན་པོ་ཞིག་སྐྱེས་འོངས།༽བྲིས་འདུག་ན། ༸གོང་ས་མཆོག་གིས་བཟོད་པའི་ཉེས་དམིགས་དང། བྱམས་བརྩེའི་ནུས་སྟོབས་སོགས་ཀྱི་བཀའ་སློབ་སྩལ་ཡང་། ཉིད་ལ་གོ་རྒྱུ་དེ་ལས་མེད་ན་སྐྱོ་བ་སྐྱེ་དགོས་པ་ཞིག་མ་རེད་དམ།
བདག་ལ་ཉེས་པ་ཅུང་ཟད་མེད་བཞིན་དུ།།
གང་དག་བདག་གི་མགོ་བོ་བཅད་འགྱུར་ཡང།།
སྙིང་རྗེའི་དབང་གིས་དེ་ཡི་སྡིག་པ་རྣམས།།
བདག་གིས་ལེན་པ་རྒྱལ་སྲས་ལག་ལེན་ཡིན།།
དྲ་གྲོགས་མཁའ་དབུགས་ལགས་
ཉིན་ཧོང་ནང་ལ་འཚོ་གནས་བྱས་པའི་བོད་མི་རེ་ཟུག་གི་བྱེད་སྟངས་དེ་འུ་ཅག་མག་ོནག་པ་
ཡོངས་ཀྱི་དབུ་ལ་གཡོགས་ན་དེ་ནི་འཇིག་རྟེན་ལྷ་ཆོས་དང་མི་ཆོས་གང་ནས་ལྟས་ཀྱང་ཏན་་ནས་མི་མཐུན་པ་མ་ཟད་
མཁའ་དབུགས་ཁྱེད་ཀྱི་ལྡོག་ཏུ་མེད་པའི་ནག་ཉེས་ཞིག་ཀྱང་ཡིན།།
དྲ་གྲོགས་མཁའ་དབུགས་གསར་བ་ལགས།
བྱ་བ་ཅི་འདྲ་ཞིག་ཡིན་ཀྱང་སྐྱོན་ཡོན་གཉིས་ཀའི་ཕྱོགས་ནས་གླེང་རྒྱུ་ཡོད་པས། སྐུ་ཉིད་ཀྱིས་སྐྱོན་རྐྱང་བའི་ངོས་ནས་གླེང་འདུག ཡིན་ནའང་འདི་ཟིན་བྲིས་པ་ཚོའི་ཐུགས་ལ་ཅུབ་བབས་མི་འདུག རྗེས་མར་ཕྱི་སྡོད་སྤུན་ཟླའི་ལེགས་ཆ་རེའང་ཁྱེར་ཡོང་རྒྱུ་མ་བརྗེད་ཨང་།
སྐུ་ཞབས་གཅན་བཟོད་རྒྱམ་གཙོ་བྱས་ཀློག་པ་པོ་ཡོངས་ལ།
ང་བྲིས་པའི་རྩོམ་ཐུང་འདི་ནི་སྣང་ཚུལ་རྩོམ་ཡིག་ཅིག་ཡིན་པ་དང་སྦྲགས།
བོད་མི་རིགས་ཀྱི་མི་རིགས་ཀྱི་ངོ་བོ་དང་མི་རིགས་ཀྱི་འདུ་ཤེས་ཉམས་ཆགས་སུ་འགྲོ་བཞིན་པའི་སྔ་ལྟོས་ཞིག་ཡིན་པར་བསམ་ནས་འབྲི་བ་ཡིན། ཁྱེད་ཚོས་མ་བཤད་ཀྱང་ངོས་ཀྱང་ལོས་ཤེས་ཏེ། གོང་ས་མཆོག་ནི་བོད་མི་རིགས་ཀྱི་དཔྲལ་བའི་མིག་དང་ཁོག་གི་སྙིང་གསོན་པོ་དེ་ཁོ་ན་ཡིན་པས་ན་ཁོང་ལ་དད་མཁན་བོད་མི་རིགས་ཀྱི་བརྒྱ་ཆའི་དགུ་ཅུ་གོ་དགུ་ཡོད་པའང་བདེན་པ་རེད།
ཡིན་ཡང་བོད་ཀྱི་རིག་གནས་ཀྱི་ནང་དོན་གཙོ་བོ་ནི་ཐེག་པ་ཆེན་པོ་མདོ་ཡིན་ནའང་། སྤྱིར་བཏང་གི་བོད་མི་རིགས་ཀྱི་དད་པ་དེ་ད་རུང་ཐེག་ཆུང་ལས་བརྒལ་ཐུབ་ཀྱིན་མི་འདུག ཁྱེད་ཚོ་བཙན་བྱོལ་བའི་གསར་བུ་ཚོར་སྐྱོན་ཞིག་ཡོད་པ་ནི་བོད་མི་རིགས་ཀྱི་སྐྱོན་ཞིག་གླེང་ན་དུངས་སེམས་ཀྱིས་སྟེང་ཚིག་རྩུབ་པའི་ལན་རེ་སློག་པ་དེ་རེད། ཁྱེད་ཚོ་ངོ་ན་བོད་མི་རིགས་ལ་དགའ་ན་བོད་མི་རིགས་ཀྱིས་བཟང་བའི་ཆ་རྒྱུད་འཛིན་དང་དར་སྤེལ་གཏོང་བ་སྦྲགས། ངན་ཕྱོགས་ལ་ལྟ་བའི་བློ་གཟུར་བའི་མིག་ཅིག་ཀྱང་དགོས་པ་རེད།
ཁྱེད་ཚོས་བསམ་བློ་ཞིག་གཏོང་དང་། ང་ཚོ་ཕ་མ་སུ་ཞིག་གོང་ས་མཆོག་དང་མཇལ་ཁ་ཞུ་དུས་པར་རྒྱག་ཐུབ། ངས་རྒྱུན་པར་བོད་མི་རིགས་ཀྱི་ངོ་བོ་དངོས་ཞིག་མི་རབས་རྗེས་མར་དར་སྤེལ་གཏོང་ཐུབ་མིན་དེ་ལོ་རབས་བརྒྱད་ཅུ་བའི་རྗེས་ནས་སྐྱེས་པའི་ང་ཚོ་གཞོན་རབས་པ་ལ་རེག་ལས་ཡོད་བསམ་གྱིན།
ཡང་གཅིག་བཤད་ན་ཕྱི་རྒྱལ་བ་མང་པོ་ཞིག་གིས་གོང་ས་མཆོག་དང་ཁོང་གིས་གསུང་རྩོམ་སོགས་ལས་ཐོག་མར་བོད་ལ་རྒྱུས་ལོན་བྱེད་ཀྱིན་ཡོད་ལ། ང་ཚོ་སྤྱིར་བཏང་གི་བོད་མི་རེ་རེ་ནི་བོད་མི་རིགས་ཀྱིས་ཚབ་མཚོན་ལྟ་བུ་རེད། ཁྱེད་ཚོས་ཉི་ཧོང་དུ་བོད་མི་བརྒྱ་ཕྲག་ལས་མེད་ཚུལ་དང་མི་བཅུ་གྲངས་ཀྱི་སྐྱོན་ངན་གྱི་མི་རིགས་ཞིག་ངོ་བོ་མཚོན་མི་ཐུབ་ཅེས་གླེང་གིན་འདུག་མོད། ང་ཚོ་ཕྱི་སྡོད་རེ་རེ་ནི་བོད་མི་རིགས་ཀྱི་ཚབ་མཚོན་ཡིན་ལ། བོད་མི་གཅིག་མི་གཞན་ལ་བག་ཆགས་ངན་པ་བཞག་ཚེ་མི་དེས་བོད་མི་རིགས་ལ་ལྟ་སྟངས་ངན་པ་ཞིག་བཟུང་ངེས་རེད།
བརྒྱ་བཤད་ཚིག་གི་རྩ་བ་གང་ཡིན་ཟེར་ན་ང་ཚོ་ཀུན་སྤྱོད་ལྡན་པའི་དད་ལྡན་ཞིག་བྱའོ་ཟེར་བ་ཡིན། ཧ་གོ་ན་རབ་རེད། བཀའ་དྲིན་ཆེ།
༧ གོང་ས་མཆོག་མི་མང་ལ་མཇལ་ཁ་གནང་སྐབས་པར་རྒྱག་མི་ཆོག་ཞུ་གི་ཡོད་རེད། བོད་པ་ཚོས་ལྡོག་ཕྱོགས་བྱས་ནས་པར་ཚག་སྒྲ་དང་བཅས་རྒྱག་གི་འདུག་ པར་རྒྱག་མི་ཆོག་ཞུ་ཡ་འདི་ཟང་ཟིང་མི་ཡོང་བའི་ཆེད་དུ་བདེ་སྲུང་དང་ཡང་འབྲེལ་བ་ཡོད་པ་ཞིག་རེད་
སྐུ་པར་དགོས་ན་བླུ་ན་འགྲིག་གི་འདུག་བ་་
མཁའ་དབུགས་གསར་པའི་སྐད་ཆ་ཚང་མ་འབུར་འཇོམས་མ་གནོངས་
བོད་པའི་དད་པ་ཟེར་ཡ་འདི་ཡང་དེང་སང་དཔྱད་གཞི་ཞིག་ཆགས་འདུག་ད་།
སྤྱིར་ཁྱེད་ཀྱིས་ཕྱིའི་རྒྱལ་ཁབ་འཇར་པན་ལྟ་བུའི་ཚ་ཚ་འུར་འུར་ཆེ་བའི་ལུང་པ་ཞིག་ནས་བོད་ཡིག་གིས་རྩོམ་ཡིག་བྲིས་པ་དང་། ལྷག་པར་དུ་བོད་སེམས་ཆེན་པོ་བཅངས་པར་ཡི་རངས་ཞུ། འོན་ཀྱང་འཇར་པན་ན་བོད་མི་བརྒྱ་རེ་ཟུང་ལས་མེད་པས་ན། དེ་ཚོའི་སྐབས་དེའི་གྱོན་གོས་ཙམ་ལ་བལྟས་ཏེ་ཁོ་ཚོར་བོད་ཞེན་མེད་ཚུལ་དང་༸གོང་ས་མཆོག་ལ་བསླུ་བྲིད་བྱེད་ཀྱིན་པ་སོགས་བཤད་པ་ནི་ཏལ་དྲག་པས་ཚོད་ལོས་ཡིན་སྙམ་ཡང་དེ་ནི་དེར་ཟད། དེ་དང་འབྲེལ་ནས་བོད་མི་རིགས་ཞེས་ཡང་ནས་བསྐྱར་དུ་དབྱུག་པས་ལེབ་རྡུང་བྱས་ཏེ་དད་པ་མེད་ཚུལ་དང་རྨོངས་དད་ཡིན་པ། ཀུན་སྤྱོད་ངན་པ། གཞན་ཕན་གྱི་བསམ་བློ་ཕྲན་ཙམ་ཡང་མེད་པ་སོགས་ནག་ལ་ཉེས་པ་མང་པོ་ཞིག་སྡེ་ཚན་དུ་བཀར་ནས་བྲིས་འདུག་པ་ནི། ཚོད་ཚོད་ལ་ཅིག་དྲན་ཙམ་ནས་བྲིས་པ་ལས་དཔྱོད་ཤེས་ཀྱི་བློ་མིག་ཟུམ་བསྡད་པ་ངས་མ་བཤད་ཀྱང་ཀློག་མཁན་ཀུན་གྱིས་མཁྱེན་གསལ་ལོས་ཡིན། རྗེས་ཕྱོགས་སེམས་ཤུགས་དང་བོད་ཞེན་ཆེ་བའི་རྩོམ་ཡིག་བྲིས་ཀྱང་འདི་ལྟར་དོན་མེད་ལེབ་རྡུང་གི་ཚིག་དག་བསྐྱུང་བར་ཅི་ནས་ཞུ།
༸གོང་ས་མཆོག་ནི་བོད་མི་རིགས་ཀྱི་དཔྲལ་བའི་མིག་དང་ཁོག་གི་སྙིང་གསོན་པོ་དེ་ཁོ་ན་ཡིན་པས་ན་ཁོང་ལ་དད་མཁན་བོད་མི་རིགས་ཀྱི་བརྒྱ་ཆའི་དགུ་ཅུ་གོ་དགུ་ཟིན་ཡོད་པ་ཕལ་ཆེར་ཚིག་ཐག་གཅོད་ཐུབ་ཀི་འདོད་ཡོད།
ས་གནས་བོད་རིགས་རྣམས་ལ་༧གོང་ས་མཆོག་གི་མཇལ་ཁ་ཐོབ་རྒྱུ་ནི་ཤིན་ཏུ་གལ་ཆེ་རེད།
ངས་རྟག་ཏུ་ངའི་གྲོགས་པོ་ཨ་མདོ་བ་ཚོ་ལ་ཡུལ་ལུང་གི་བབ་དང་བསྟུན་ནས་ཁྱོད་རྣམས་ནས་བོད་དབུས་ཀྱི་སྐད་འམ་ལྷ་སའི་སྐད་ལ་ཕྲན་བུར་དོ་སྣང་སྤྲོད་རོད་ཞེས་བཤད་བཞིན་པ་མ་ཟད་༧གོང་ས་མཆོག་གི་གསུང་ཆོས་མ་གོ་ན་འདི་དང་ཕྱི་མ་གཉིས་ཀ་ལ་གྱོང་ཆེན་པོ་རེད་ཞེས་བཤད་མྱོང་ལ། ད་དུང་ཁྱོད་རྣམས་ཀྱི་དབུས་སྐད་ཡག་པོ་ཞིག་སྐྱོན་གྱི་ཡོད་ན་བཙན་བྱོན་ནང་བོད་ཀྱི་རིགས་གནས་ཐོག་ཞབས་འདེབས་རླབས་ཆེན་སྒྲུབ་ཐུབ་པ་ཡོང་གི་རེད་ཞེས་བཤད་མྱོང་ཡང་། གྲོགས་པོ་དག་གིས་ཕ་ཡུལ་དང་བྲལ་ཀྱང་ཕ་སྐད་དང་ནམ་ཡང་མ་བྲལ་ན་ཧྲག་གི་ཟེར་བཞིན་རྒྱུ་བ་གཏོང་འདོད་མི་བྱེད་དེ་ནི་རྐོ་བ་རྐམ་པོ་ལག་པས་རྙེད་བ་རང་རེད་འདུག ང་དང་ངའི་གྲོགས་ཨ་མདོ་བ་ཞིག་གི་བར་གྱི་འབྲེལ་ལམ་ཙམ་མོ།
བླ་མར་འཚང་ཁ་བྱས་ནས་མཇལ་བ་འདི་བོད་ཀྱི་ལུགས་སྲོལ་རེད། འདིས་ནང་ལོག་གི་གལ་ཆེན་ཞིག་མཚོན་གྱིན་ཡོད། དེ་མེད་སོང་དུས་ད་ཚར་བ་རེད། འོན་ཀྱང་སྒྲིག་སྲོལ་ཡོད་པའི་ཐོག་ནས་མཇལ་ན་ལོས་བཟང།
བོད་ལྭ་གོན་པ་དེ་གུས་ཞབས་ཤིག་ཡིན་རྒྱུ་རེད། བོད་མི་ཚོར་བཀའ་སློབ་རེ་གནང་རྒྱུའི་མཛད་རིམ་རེ་བསྒྲིག་ན་བཟང། དེར་ཡོད་བོད་མི་ཚོས་ཐེ་ཝན་དང་སྐམ་སའི་རྒྱ་རིགས་ཚོར་བོད་དོན་གླེང་ཐབས་ལ་འབད་བརྩོན་རེ་བྱོས།
རང་མི་རིགས་ལ་རྒྱུས་ཡོད་ཀྱི་སྒོ་ནས་བལྟས་ན་དངོས་གནས་དེ་འདྲ་ཡིན་ངེས་རེད། ང་མི་རིགས་རུལ་བ་ཞིག་ཡིན་སྟབས་རེ་བ་མེད་སེམས་མ་སྡུག
མཁའ་དབུགས་གསར་པ་ལགས།
དེང་སང་༧གོང་ས་མཆོག་ལ་མཇལ་སྐབས་དད་པ་དང་དམ་ཚིག་གཙང་མ་ཁོ་ནའི་མི་ཕན་བོད་གཞུང་ལ་དངུལ་དགོས་པ་རེད། ཁྱོད་ལ་དངུལ་ཡོད་ན་ཁོང་གི་སྐུ་ཤ་ཚ་བོ་དེ་མཇལ་ཐུབ་པ་མ་ཤེས་སམ། འོན་ཀྱང་། ཁྱེད་ཀྱིས་གསུང་པ་དེར་གནས་ལུགས་འདུག
དེང་རབས་ཀྱི་གྲོང་ཁྱེར་དུ་ཕར་འགྲོ་ཚུལ་ཡོང་གི་བོད་མི་ཚོས་བོད་ལྭ་རྒྱུན་འཇགས་སུ་གྱོན་དགོས་པར་འདོད་པ་ནི་ལྟ་བ་ཁྲེག་བཟུང་ཞིག་ཏུ་འདུག ད་དུང་རང་གི་རྩ་བའི་བླ་མ་མཇལ་འདོད་ཚང་ཁ་བརྒྱབ་དེས་ཀྱང་ཁོང་ཚོའི་སེམས་གཏིང་དུ་བཅོས་མ་མིན་པའི་དད་པ་ཞིག་ཡོད་པར་བསྟན་འདུག དབང་ཐུབ་རྗེས་འབྲེལ་ཚུབ་ལངས་པ་དེས་བོད་མི་ཚོར་ཉིན་ཧོང་པ་ནང་བཞིན་ལྷོད་པོར་སྡོད་ཁོམས་མེད་པར་མཚོན་འདུག ཉིན་ཧོང་པ་དང་མི་འདྲ་བར་བོད་མི་ཚོ་འདྲ་པར་སྣ་ཚོགས་རྒྱག་རྒྱུར་དགའ་བ་ནི་༸གོང་ས་མཆོག་དད་རྟེན་དུ་ཉར་རྒྱུར་ཤིན་ཏུ་མོས་པར་བསམས། མི་བརྒྱའི་ནང་ནས་མི་བཅུ་ཡིས་མ་རབས་བྱས་ན། དེ་མི་བརྒྱ་ཡིས་བསགས་པའི་ནག་ཉེས་སུ་བགྲང་ན་གཏན་ནས་མི་འགྲིགས། དེས་ན་ཉིན་ཧོང་ན་འཚོ་གནས་བྱས་པའི་བོད་མི་རེ་ཟུང་གི་བྱེད་སྟངས་དེ་བོད་པ་ཚང་མའི་མགོ་རུ་གཡོགས་ན་གང་འདྲ་ཆགས་ཡོང་ན།