ཉིན་ཤས་གོང་། གྲོགས་པོ་ཞིག་དང་ལྷན་དུ་ཡས་བཤད་མས་བཤད་སྣ་ཚོགས་ཤིག་བྱས་པ་ཡིན། ཁོང་གིས་སྐད་ཆ་ཡ་མཚན་ཞིག་བཤད་སོང་། གནད་འགག་ཅན་གྱི་སྐད་ཆ་དེ་ནི་གཤམ་གྱི་འདི་ཡིན།
ཐོག་མར་ཁོང་གིས། བཙན་བྱོལ་སྤྱི་ཚོགས་ནང་གི་བོད་ཡིག་དང་བོད་སྐད་གསར་འགྱུར་བརྒྱུད་ལམ་ནི་ཕར་བཤུ་ཚུར་བཤུའི་རྣམ་པ་ཞིག་ན་བསྡད་འདུག ཉེ་བའི་ཉིན་ཤས་རིང་། ངས་བོད་སྐད་ཀྱི་རླུང་འཕྲིན་དང་བོད་ཡིག་གི་དྲ་རྒྱ། བོད་ཡིག་གི་ཚགས་ཤོག་ཁག་ཅིག་བསྡུར་ནས་བལྟས་པ་ཡིན། གསར་འགྱུར་མང་ཆེ་བའི་ཐོག་མའི་ཡོང་ཁུངས་ནི་བཙན་བྱོལ་ཁྲོད་ཀྱི་དྲ་ཚིགས་དག་གི་ནང་ནས་ཀྱང་༼བོད་ཀྱི་དུས་བབ་༽དང་༼བོད་ཀྱི་བང་ཆེན༽ ༼ཁ་བརྡ༽དྲ་དེབ་བཅས་རེད། ཡིན་ནའང་། འདི་ཚོས་ཀྱང་ཕར་བཤུ་ཚུར་བཤུའི་ལས་ཀ་དེ་བྱས་འདུག་ལ། བྱེད་བཞིན་པའི་མུ་ནའང་འདུག ཁོང་ཚོས་བཤུ་ས་མང་ཆེ་བ་ནི་བོད་ནང་གི་དྲ་ཚིགས་ཁག་ཅིག་རེད། དེར་རྒྱུན་ལྡན་ནས་དྲ་ཚིགས་འདི་ཚོར་འཇུག་མཁན་རྣམས་ལ་སྟབས་བདེ་བ་ཞིག་ཡོང་གི་ཡོད་ན་ལས། གཞན་གྱི་དགོས་པ་རྒྱུ་མཚན་དམིགས་བསལ་ཞིག་མེད་ཚོད། དྲང་མོར་བཤད་ན། རང་དབང་ལུང་པའི་ནང་འདིར། བོད་ཕྱི་ནང་གི་དྲ་གནས་ཀྱི་རིགས་གང་ལ་ཅི་འདོད་དུ་བསྔོག་ཆོག་གི་ཡོད་སྟབས། ཕར་བཤུ་ཚུར་བཤུ་བྱེད་པ་ནི་དཀའ་ལས་ཐོལ་བ་ཞིག་རེད་མ་གཏོགས། དེར་དམིགས་བསལ་གྱི་དགོས་པ་རྒྱུ་མཚན་ཞིག་མཐོང་མ་སོང་ཞེས་བཤད་ཐེངས་གཅིག་གིས་བཤད་སོང་།
ཡང་ཁོང་གིས་མུ་མཐུད་ནས་བཤད་རྒྱུར་། རླུང་འཕྲིན་ཁག་དང་། དྲ་ཚིགས་གཞན་དག་གིས་ཕར་བཤུ་ཚུར་བཤུ་བྱེད་སྟངས་ལ་བལྟས་ན། བརྒྱུད་ལམ་ཁག་ཅིག་ནི་༼བོད་ཀྱི་དུས་བབ༽སོགས་ཀྱི་བརྒྱུད་ལམ་གཉིས་པ་ལྟ་བུར་ གྱུར་འདུག དཔེར་ན། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་གསར་འགྱུར་དང་། མདོ་སྨད་ཆོལ་ཁའི་དྲ་ཚིགས་ལྟ་བུ་ནི། བོད་ཀྱི་དུས་བབ་ཀྱི་གསར་གནས་བརྒྱུད་སྒྲོག་བྱེད་སའི་བརྒྱུད་ལམ་གཉིས་པ་ལྟ་ བུའི་ངོ་བོར་ཡོད་པ་ཞིག་རེད། ད་དུང་འདི་འདྲའི་རིགས་གཞན་ཡང་ཡོད་པ་རེད། མདོ་སྨད་ཆོལ་ཁའི་དྲ་ཚིགས་དང་བོད་ཀྱི་དུས་བབ་དྲ་ཚིགས་གཉིས་བསྡུར་བ་ཡིན་ན། ཉེ་ཆར་གྱི་གསར་གནས་ཁྱབ་ཤོས་གྲས་༼ཀརྨ་བསམ་འགྲུབ་ལ་ལོ་ ༡༥ བཙོན་ཐག་བཅད་པ།༽ཞེས་པའི་གསར་གནས་དེ། མདོ་སྨད་ཆོལ་ཁའི་དྲ་ཚིགས་ཞེས་པའི་ནང་། ཡི་གེ་ན་གཅིག་མ་བསྒྱུར་བར་བཤུས་འདུག དུས་བབ་དྲ་ཚིགས་ན་གསར་འགོད་བྱེད་པོ་ཨ་རིག་འགྱུར་མེད་ཡིན་པ་བཀོད་ཡོད་པ་སོགས་ཀྱི་ཟུར་ཙམ་ཡང་གསལ་བཤད་བྱས་མི་འདུག འདི་རིགས་ལ་ངས་ཕར་བཤུ་ཚུར་བཤུ་ཟེར་གྱི་ཡོད།
སྤྱིར་བཏང་གི་ལྟ་སྟངས་ཀྱིས་བལྟས་པ་ཡིན་ན། བཙན་བྱོལ་ནང་གི་དྲ་ཚིགས་ཀྱི་འཕེལ་རྒྱས་འདི་དགའ་འོས་པ་ཞིག་ཡིན་ནའང་། ཕར་བཤུ་ཚུར་བཤུའི་གནས་སྟངས་འདི་ལ་བལྟས་ན། ང་ཚོར་མང་བའི་ཚོད་ཀྱི་རིན་ཐང་ཞིག་ཡོང་གི་མེད་པ་ལྟ་བུར་འདུག ཡིན་གཅིག་མིན་གཉིས་དགོས་པ་རྒྱུ་མཚན་ཞིག་ཡོད་པར་བཤད་དགོས་པ་ཡིན་ན། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་༼བོད་ཀྱི་དུས་བབ་༽སོགས་ཀྱི་གསར་གནས་རིགས་ རྒྱང་སྒྲོག་བྱེད་བཞིན་པ་དེ་ལ་དགོས་པ་རྒྱུ་མཚན་ཞིག་ཡོད་ཆོག་པ་ལས། གཞན་དག་ནི་དགོས་པ་རྒྱུ་མཚན་གྱིས་ཁྱབ་མི་ཐུབ་པ་ཞིག་རེད། ཡིན་ནའང་། གསར་ཤོག་གི་ཆེད་དུ་བྲིས་པའི་གསར་གནས་ཀྱི་རིགས་དེ་ཚོ་རྒྱང་སྒྲོག་གསར་གནས་ ཀྱི་ཚུལ་གྱིས་ཁྱབ་སྒྲོག་བྱེད་སྟངས་འདི་ལ་རྒྱང་སྒྲོག་གསར་གནས་རྩོམ་སྒྲིག་པ་ ཚོས། རྒྱང་སྒྲོག་གསར་གནས་ཀྱི་ལྟ་སྟངས་ཀྱིས་བལྟ་དགོས་པ་གལ་ཆེན་པོ་མིན་འགྲོ གསར་འགོད་རིག་གནས་ཀྱི་ལྟ་སྟངས་ལ་དེ་གཉིས་རྣམ་པ་ཐ་དད་པའི་ཚུལ་དུ་ཡོད་པ་ཞིག་ གསལ་ཡོད་ཅེས་བཤད་སོང་།
མཐའ་མ་དེར་ཁོང་གིས། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་འདི་༼བོད་ཀྱི་དུས་བབ༽་ཀྱི་བརྒྱུད་ལམ་གཉིས་པ་དེ་མ་རེད་དེ། ད་ཆ་༼བོད་ཀྱི་དུས་བབ༽ཀྱིས་དབང་བསྒྱུར་བྱས་འདུག་པ་ལྟ་བུ་ཆགས་ཡོད། གང་ཡིན་ཟེར་ན། ཁོང་ཚོར་གསར་གནས་ཀྱི་ཡོང་ཁུངས་འགྲེལ་བརྗོད་བྱེད་པའི་གོམས་གཤིས་དེ་མི་འདུག གཅིག་བྱས་ན། དེ་ནི་༼བོད་ཀྱི་དུས་བབ༽ཀྱིས་སྔ་ས་ནས་དཔར་བཤུའི་བདག་དབང་ཕུལ་ཡོད་པ་ཞིག་ཡིན་ ན་གནས་ཚུལ་གཞན་ཞིག་རེད་ཅེས་དང་། ངས་ཕར་བཤུ་ཚུར་བཤུའི་གནས་སྟངས་འདི་ཚོར། ༼བོད་ཀྱི་དུས་བབ༽དང་༼བོད་ཀྱི་བང་ཆེན༽ གཉིས་ཀྱི་རླུང་འཕྲིན་ལེ་ཚན། ཡན་ལག་དྲ་ཚིགས། བཙན་འཛུལ་ཁྱབ་ཁོངས་ཟེར་བ་ལྟ་བུའི་ཐ་སྙད་སྤྱད་ནས་བལྟ་གི་ཡོད། ཕར་བཤུ་ཚུར་བཤུའི་གནས་སྟངས་འདི་ལ། ལྟ་སྟངས་འདི་ཧ་ཅང་འཚམ་པ་ཞིག་འདུག་ཅེས་མཐའ་སྡོམ་བརྒྱབ་སོང་། འདི་འདྲ་ལ་བརྟེན། ང་ཚོའི་དྲ་ཚིགས་ཁག་གིས་གཙོ་བོར་བྱས་པའི་བརྒྱུད་ལམ་ཆ་ཚང་གིས་རང་རང་གི་ཁྱད་ ཆོས་དང་རང་རང་གི་རྣམ་པ། རང་རང་གི་ངོ་བོའི་ཁྱད་པར་དག་ཐུན་མོང་མ་ཡིན་པ་ཞིག་གི་རྣམ་པས་གོང་སྤེལ་གྱི་ ཕྱོགས་ལ་དགོངས་པ་ཞིག་བཞེས་དགོས་ཀྱི་འདུག
འདིར་སྐད་ཆ་ཚོན་པོ་བཤད་མཁན་དག་གིས་ཁྲོད་དུའང་རྩོམ་ཡིག་གཅིག་དྲྭ་གནས་གཉིས་ཀྱི་སྟེང་འགོད་མཁན་འགའ་རེ་འདུག འདི་ལ་རན་པའི་གཏམ་དཔེ་ཞིག་ཡོད་ཀྱང་ངས་མགོ་རྔ་ཚང་བ་ཞིག་དྲན་གྱི་མི་འདུག འཕོང་ལ་རྩམ་སྐྱ་བྱུག་ནས་༌༌༌༌༌༌༌༌༌༌༌ཅིག་ཅིག་གཉིས་གཉིས་ཟེར་བ་ཞིག་ཡོད་པ་མིན་ནམ།
དུས་རབས་ཉེར་གཅིག་པ་འདི་ནི་ཕར་བཤུ་ཚུར་བཤུ་ཡི་དུས་རབས་ཡིན་པས་དེ་གནད་དོན་ཆེན་པོན་པོ་ཞིག་རེད་བསམ་གྱིན་མི་འདུག ནུབ་ཕྱོགས་པ་དང་ཤར་ཕྱོགས་པ་གང་གི་དྲྭ་རྒྱ་ཡིན་ཡང་ཕར་ཚུར་བཤུ་རེས་བྱས་པ་བརྒྱ་ཆའི་དགུ་བཅུ་ལ་ཟིན་གྱིན་འདུག དེར་བརྟེན་ནུབ་ཕྱོགས་པས་དུས་རབས་ཉེར་གཅིག་པ་ནི་འདྲ་བཤུ་དུས་རབས་ཞེས་རྒྱུན་ལྡན་དུ་འབོད་ཀྱིན་འདུག
ཁོ་རེ་བཙན་པོ་ཁྱོད་རང་གིས་ཟློག་སྟེ་བཤད་འདུག ངས་ཉན་དུས་ཨེ་ཤེ་ཡེ་རླུང་འཕྲིན་ཁང་དང་ནོར་བེ་རླུང་འཕྲིན་ཁང་གཉིས་ཀྱིས་ག་རེ་བཤད་པ་དེ་དུས་བབ་ནང་བཤུས་ཡོད་པ་འདྲ་པོ་འདུག དཔེ་རེ་རེ་བཞིན་དྲངས་ཆོག
རང་ཡང་བོད་དོན་དང་འབྲེལ་བའི་གསར་འགྱུར་རིགས་གཙོས་འགྱུར་པའི་རྒྱལ་སྤྱོའི་གནས་ཚུལ་སོགས་ལ་སྐོམ་བ་ཆུ་འདོད་ལྟར་བཀླགས་ཤིས་སྐབས་རེ་དཔྱད་པ་རེའང་བྱས་ཁུལ་གྱིས་ཁོམ་དུས་ནམ་ཡིན་ལ་དུས་ཚོད་བཏང་མྱོང་། དེའི་བརྒྱུད་རིམ་ནང་གསར་འགྱུར་གྱི་མགོ་འདབས་བར་གསུམ་གྱི་འགྲོ་སྟངས་དང་གསར་འགྱུར་ཁང་སོ་སོའི་ལྟ་གྲུབ་ལ་གཞི་བཞག་པའི་ཐོག་མི་མང་ལ་གནས་ཚུལ་སྤེལ་བའི་རིགས་མི་ཆུང་བ་ཞིང་ཤེས་ཐུབ་པའི་གོ་སྐབས་དང་སྦྲགས་བཟང་ངན་ལ་མ་བལྟས་པ་ཚིག་འགའ་ཤར་མར་བཤད་ཁུལ་གྱི་འདུན་པ་ཞིག་འཁོར་བྱུང་སྟེ། གསར་འགྱུར་རིག་པའི་ནང་ཆེད་དུ་ལས་ཀ་བྱིད་མིའི་ག་གེ་མོ་སུ་ཞིག་ལ་ཡང་ཉེས་བཙུགས་དང་ཁག་ཀྱང་དཀྲི་སྟེ་གྱོད་འཛུགས་གིས་མེད་ཅེས་སྔོན་ནས་ཁ་གསལ་བྱ་འདོད་མཆིས།
༼༡༽གསར་འགོད་རིག་པའི་ངོ་བོ་རགས་པ་ཙམ་བརྗོད་བ།
གསར་འགྱུར་ནི་ཡག་སྡུག་གང་ལ་མ་བལྟས་པ་་མིའི་རིགས་ལ་མཛུབ་སྟོན་གྱིས་མིའི་སྤྱིར་ཚོགས་ནང་གནས་ཚུལ་གང་མཆིས་པ་དེ་ཉིད་བརྡ་སྤྲོད་དེ་མི་མང་ཚོས་ཤེས་རྟོགས་འོང་བ་བྱ་རྒྱུ་དེ་ཡིན་པ་དང་། དེའང་། གནས་ཚུལ་སྤེལ་སྐབས་སུ་ཕྱོགས་ལྷུང་བྲལ་ནས་བློ་དྲང་ཞིང་ཟུན་ལ་གནས་ཐུབ་པ་དགོས་རྒྱུ་དེ་ཁང་པའི་ཀ་བ་ལྟར་དྲང་པོ་དང་ཁ་ཐུག་དགོས་པ་ཨ་ཅང་ཅང་ཡིན། ཡང་སྐབས་རེ་གནས་ཚུལ་འདུག་པ་ཙམ་གྱིས་མི་མང་ལ་ཤེས་རྟོགས་ཡོང་བ་བྱ་དགོས་མེན་ཐད་རྟགས་ཞིབ་དགོས་རྒྱུ་དེ་འགུངས་ཆེ། གནས་ཚུལ་ལ་ལས་སྤྱིར་ཚོགས་ལ་ཕེན་པ་ལས་གནད་མང་། འདིར་གསར་འགོད་པའི་ཤེས་རབ་སྔོད་དུ་གཏོང་ཐུབ་དགོས།
༼༢༽གསར་ཁང་སོ་སོའི་ཀློག་པ་པོ་དང་ཉེ་པ་པོ།
གསར་འགྱུར་རིག་པའི་ལྷན་ཁངས་དཔེར་ན་བརྙན་འཕྲིན་དང་རླུང་འཕྲིན་ཚགས་ཤོག་གི་རིགས་སོ་སོར་དགོས་མཁོའི་མི་མང་གསར་འགྱུར་ལྟ་མཁན་དང་ཉན་མཁནཀློག་མཁན་སོགས་དེ་ལུགས་གཞི་ཡོད་པ་ནི་སྨྲ་མི་ཅི་དགོས།
དེ་བརྟན། གནས་ཚུལ་མཁོ་སྤྲོད་གནང་དུས་སོ་སོར་དགོས་པའི་མིའི་རིགས་དེ་སེམས་གཏེང་ལ་འཛིན་ནས་གསར་འགྱུར་གྱི་ལས་དོན་ཐོག་མདུན་བསྐྱོད་བྱེད་གྱིན་ཡོད། ཀློག་པ་པོ་གཙོར་བཞག་མ་ཐུབ་ན་དགོས་དོན་ཆུད་ཟོས་སུ་འགྲོ་རྒྱུ་ཡིན། དཔེ་ན་ཁ་སྔོན་མ་སུ་རུ་སློབ་གྲྭ་ནས་སློབ་མ་འགས་ཚུལ་མིན་ཀྱིས་འཁྲིག་སྤྱོད་བྱས་ཡོད་པ་དང་དེའི་རྗེས་སུ་སློབ་གྲྭས་སློབ་མ་རྣམས་ཕྱི་འབུད་བཏང་པའི་སྐོར་དེ་དུས་བབ་ཚང་ནས་ཚར་ཚར་འུར་འུར་གྱིས་དུས་བབ་དྲ་རྒྱ་ནང་བཀོད་པས་དབང་གིས་དུས་བབ་ཚང་གི་མི་མང་(target audience)ཚོས་རུབ་བརྒྱབ་སྟེ་སློབ་གྲ་དང་འཛིན་སྐྱོང་བཀའ་ཤག་ལ་ཚོགས་གཏམ་དྲག་པོ་བཏང་པའི་སྐྱོན་བཟོ་སྟེ་མཇུག་མཐའ་བཀའ་ཤན་ནས་ཞལ་འགུལ་དགོས་ཐུག་པའི་གནས་ཚུལ་བྱུང་ཡོད་རེད། གནས་ཚུལ་འདི་བཙན་བྱོལ་སྤྱི་ཚོགས་རང་ནང་བསྡད་དགོས་པ་ཞིས་ལས་གཞིས་ནང་རླུང་འཚུམ་ནང་ལྟར་སྤུར་ན་གནས་ཚུལ་བདེན་པ་དེ་ཅི་ཡིན་ཁ་གསལ་མ་ཆགས་ནས་འདིས་གཞིས་ལུས་བོད་མིའི་རྣ་བའི་བུ་ག་ནང་སྒྲུང་འདྲ་མིར་འགྱུར་སྟེ་གོ་ལོག་ཐད་སྲིད་པ་ཞིག་རེད། དུས་བབ་ཚང་གི་གནས་ཚུལ་ཀློག་མཁན་རྣམས་རྒྱ་གར་གཙོས་ཕྱིའི་ལུང་པ་ནང་ཡོད་བས། གནས་ཚུལ་ལྟར་དོན་འབྲས་ཀྱང་བྱུང་ཡོད་པ་དེ་འགྲོ་སྟངས་གཅིག་རེད།
ཡང་སྟིང་གི་གནས་ཚུལ་དེ་ཨ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ནས་སྤེལ་ན་ཆག་སྒོ་ལུང་པ་གང་བཟོ་ངེས། དེའི་རྒྱུ་མཚན་ནི། རང་དབང་རླུང་འཕྲིན་ཁང་གི་གསར་འགྱུར་ཉེ་མཁན་གྱི་མི་མང་( target audience)གཙོ་དེ་བོད་ནང་ཡོད་པས་ཡིན། རླུང་འཕྲིན་ཁང་འདིས་ཤེས་རབ་བེད་སྤྱོད་དེ་སློབ་མས་འཁྲུག་སྤྱོད་སྐོར་རྒྱུང་བསྒྲགས་གཅིག་ཀྱང་བྱེད་མེད། འདིས་་གསར་ཁང་སོ་སོར་མི་མང་དང་དགོས་མཁོ་མི་འདྲ་བ་ཡོད་པ་མཚོན།
༼༣༽རང་གི་གསར་འགྱུར་དང་གཞན་གྱི་གསར་འགྱུར།
འདིར་བཤད་རྒྱུ་དེ་སྲོང་བཙན་བུའི་རྩོམ་དང་འབྲེལ་བའི་ཐོག་ཚིག་འགའ་ལབ་འདོད་བྱུང་། དེ་ཡང་། སྲོང་བཙན་བུས་”བཙན་བྱོལ་སྤྱི་ཚོགས་ནང་གི་བོད་ཡིག་དང་བོད་སྐད་གསར་འགྱུར་བརྒྱུད་ལམ་ནི་ཕར་བཤུ་ཚུར་བཤུའི་རྣམ་པ་ཞིག་ན་བསྡད་འདུག”ཅེས་པའི་ཉེས་འཛུགས་དེ་ཐལ་ཆེ་པའི་ཤེད་དེ་འདུག་དྲན། ངས་རྒྱུས་ལས་བལྟས་ནའབྲེལ་ཡོད་མིས་བོད་ནང་གི་གནས་ཚུལ་ཞིག་ངོ་སྤྲོད་བྱེད་སྐབས་སུ་ཁྱབ་ཆེ་རུ་འགྲོ་བའི་དོན་དུ་རྡ་ས་ཡོད་པའི་གསར་འགོད་པ་ཀུན་བོས་ནས་གསར་འགོད་གསར་བསྒྲགས་སོགས་སྤེལ་རྒྱུ་ཡོད་འདུག་བས། འདིའི་རིགས་ལ་གནས་ཚུལ་གཅིག་ཐོག་འགྲོ་རྒྱུ་ཡོད་ཙམ་ཚིག་དང་སྦྱོང་བར་ཁྱད་པ་འདྲ་ཡོད་ན་མ་གཏོགས་གསར་འགྱུར་ཕར་བཤུས་ཚུར་བཤུག་ཟེར་བ་དང་དོན་ལྡོག། ཁ་བརྡའི་རྩོམ་དུས་བབ་ནང་བཀོད་པ་དང་དུས་བབ་གྱི་རྩོམ་ཁ་བརྡ་ནང་ཟུར་བཀོད་བྱས་པ་དེ་རྒྱུར་དྲངས་ནས་རང་དབང་རླུང་འཕྲོན་ལ་འཛིང་ན་རྒྱུ་མཚོན་ཕྱི་ལོག་རེད། རང་དབང་རླུང་འཕྲིན་ཁང་གི་དྲ་རྒྱ་ནང་དུབ་བབ་དང་ཁ་བརྡ་ནང་ཡོད་པའི་རྩོམ་གཅིག་ཀྱང་མི་འདུག། ངས་ད་ལྟར་རང་དྲ་རྒྱ་ནང་ཉུལ་ཡོད་ཏེ་མི་འདུག།
ཡིན་ནའང་། གལ་སྲིད་གསར་ཁང་ཞིང་ནས་སོ་སོ་རང་ལ་མ་གཏོགས་མེད་པའི་གསར་འགྱུར་ཚ་པོ་ཞིག་སྟོན་སྐབས་གསར་ཁང་གཞན་ཚོས་སོ་སོའི་མི་མང་ལ་གསར་འགྱུར་དེ་ཤེས་དགོས་བ་གལ་འགངས་ཆེ་མཐོང་ཚད་གོང་གི་གསར་ཁང་དེར་གུས་བརྩིས་གསར་ཁང་དེའི་མིང་དྲངས་དགོས། དེ་མིན་ན་གསར་འགོད་པའི་བཟང་སྤྱོད་ནང་འགལ་ཡོད་པའི་ཉེས་པ་འཁུར་དགོས། མཚམས་རེ་དུས་བབ་དང་རང་དབང་རླུང་འཕྲིན་གང་རི་ཞིག་ནས་སུ་ལ་ཡང་མེད་པའི་གསར་འགྱུར་ཞིག་སྤེལ་བའི་ཐོག་མར་གསར་ཁང་གཞན་སུས་བེད་སྤྱོད་རུང་གསར་ཁང་སུ་ནས་ཟུར་བཀོད་བྱེད་ཡོད་བ་ལུང་གྲངས་དགོས་ཏེ་རིམ་བས་གསར་ཁང་གཞན་དག་ནང་ཡང་མེ་འབར་མ་ལྟར་ཁྱབ་ཚ་ན་དགོས་མེད་ལུང་དྲངས་མི་དགོས་བ་དེ་གསར་འགོད་པའི་སྤྱོད་ཚུལ་སྤྱིར་ཡངས་ཤིང་རེད། དེ་སོང་ཙམ། འདིའི་ཐད་”འཇིག་རྟེན་ཐམས་ཅན་ལད་མོ་ཡིན། ལད་མོ་ནང་ནས་སུ་མཁས་ཡིན་ཞེས་པའི་ཁ་དཔེ་དེ་ལེགས་པོ་ཞིང་འདུག་སྙམ།
༼༤༽བསྟན་བཤིག་གྱི་ཚུལ་དུ།
ལོ་འགའི་སྔོན་རང་མཐོ་སློབ་ཁང་ཞིང་ནང་སློབ་གཉེར་བྱེད་ནས་བསྡད་ཡོད་པའི་སྐབས་དུས་གཅིག་ལ་ངའི་རོགས་བས་འདི་འདྲ་ཞིག་བསྟན་བཤིག་གྱི་ཚུལ་དང་སྦགས་བཤད་མྱོང་། གསར་འགོད་པའི་སློབ་མ་ཞིག་ཡིན་ན་ཡིག་རྒྱུགས་སླད་དུ་གསར་འགོད་རིག་པའི་སྒྲོག་ཁྲིམས་ཆ་ཚང་ཤེས་དགོས་ཏེ་གསར་འགོད་པའི་ལས་ཀ་བྱེད་དུས་གསར་འགོད་པ་ཚོས་སྔོན་ལ་སྦྱོང་པའི་སྒྲིག་ཁྲིམས་ཡངས་གཏོར་བཤིག་གཏོང་གིན་ཡོད་བ་བཤད། སྐབས་རེ་སྐད་ཆ་དེར་གོ་རྒྱུ་འདུག་སྙམ།
དྲྭ་རྒྱ་སོ་སོར་ལས་བྱེད་ཡོད་མེད་དང་མང་ཉུང་ཀྱི་ཁྱད་པར་ངོས་བཟུང་མི་དགོས་སམ།
གནས་ཚུལ་ཡོང་ཁུངས་མི་འབྲི་སྲོལ་ཞིག་གང་ན་ཡོད་མ་གཏོགས། གསར་འགྱུར་ཕར་བཤུ་ཚུར་བཤུ་བྱས་པར་དེ་ཙམ་ནོར་འཁྲུལ་མི་ཆེ། གསར་འགོད་པ་གང་ཞིག་ས་གནས་ས་ཐོག་གང་དེར་མ་ཐོན་ན་གསར་འགོད་པ་གཞན་ཞིག་གིས་བྲིས་པ་དེ་དེ་བཞིན་མི་འགོད་ཀ་མེད་རེད། རྩོམ་ཡོན་ལེན་གྱིན་ཡོད་ན་རྩོམ་ཡིག་གཅིག་ཕྱོགས་གཉིས་རེར་གཏོང་མི་འོས། དེ་འདྲ་མིན་པའི་གལ་ཆེའི་བསམ་ཚུལ་དང་གསར་གནས་སོགས་ཅི་ཙམ་འགོད་ས་མང་ན་དེ་ཙམ་ཁྱབ་བསྒྲགས་ལ་ཕན། མདོར་ན་བཙན་བྱོལ་ནང་གི་བོད་དོན་གནས་ཚུལ་རིགས་ཁུངས་དང་ལྡན་པར་གང་སར་ཁྱབ་བསྒྲགས་བྱེད་རྒྱུར་ལམ་གུ་ཡངས་ན་ལོས་བཟང།
གསར་འགྱུར་གྱི་ཡོང་ཁུངས་ཐད་ནས་ལུང་རིགས་ཀྱིས་གསལ་བཤད་གནང་བཞིན་པ་དེ་བདེན་པར་སྣང་། ང་ཚོའི་སྤྱི་ཚོགས་འདི་ཆུང་བའི་སྟབས་ཀྱིས་གང་ཞིག་ན་གནས་ཚུལ་ཞིག་ཡོད་ན་གསར་གསར་ཁང་རེ་རེའི་གསར་འགོད་པ་ཞིག་དེར་ཡོད་ངེས་ཡིན་ལ། དེའི་གནས་ཚུལ་དེ་ཚགས་ཤོག་ཏུ་འགོད་སྐབས་བརྗོད་སྟངས་ཀྱི་ཐད་ནས་ཅུང་མི་འདྲ་བ་མ་གཏོགས་ཚང་མ་ཕལ་ཆེར་གཅིག་པ་ཆགས་འགྲོ་ཡི་ཡོད།
དེ་མིན་ཕར་བཤུ་ཚུར་བཤུའི་རྣམ་པ་གཞན་ཞིག་ནི་བོད་ནང་གི་དྲ་བ་དག་ལས་རྩོམ་ཡིག་གཞན་འདྲེན་བཀོད་བྱེད་ཀྱིན་པ་དེ་རེད། དེ་ནི་ཟིན་བྲིས་པ་རེ་རེ་གཉིས་ཀྱི་བྱ་སྤྱོད་ལས་གསར་འགྱུར་ལ་འབྲེལ་བ་ཅང་མེད་སྙམ།
སྲོང་བཙན་བུ་ལགས་ཀྱིས་གསུངས་པ་ཤིན་ཏུ་མད། དེང་སང་དྲ་རྒྱ་མང་པོ་ཞིག བོད་ཀྱི་དུས་བབ་དྲ་བའི་ཡན་ལག་གམ་འགྲིན་ཚབ་པ་གཉིས་པ་ལྟ་བུ་ཞིག་ལ་གྱུར་ཡོད། ད་དུང་ངོ་རོག་རོག་དང་དབང་ཆེ་མདོག་གིས་གསལ་བཤད་ཙམ་ཡང་མེད་པར་འགོད་རྐྱང་དང་རྐུ་རྐྱང་བྱེད་ཀྱིན་ཡོད།
འདི་ནི་དུས་བབ་ཚང་གི་ཤབ་གཟན་ཚོན་པོ་དག་ལུག་ཁྱུ་ནས་བཤས་པ་མ་རེད་དམ། འདི་ནི་དུས་བབ་ཚང་གི་གཡང་ཟོག་འདང་ཆེན་དག་ནོར་ཁྱུ་ནས་དེད་པ་མ་རེད་དམ། འདི་ནི་དུས་བབ་ཚང་གི་སྒོ་ངའི་ནང་གི་སེར་ཐིག་ལ་མཛུབ་གཙག་བྱས་པ་མ་རེད་དམ། འདི་ནི་དུས་བབ་ཚང་གི་ཨ་ཡོད་ནང་ད་ཡོད་ཚོ་ལ་ཇག་བྱས་པ་མ་རེད་དམ། འདི་དག་ལ་མ་མཐའ་ཡང་རྩོམ་སྒྲིག་པས་བཙན་གཏམ་ཐོག་འདྲ་བ་ཞིག་མངགས་ཚོད་རེད།
སྐུ་ཉིད་ཀྱིས་གསུངས་པ་བདེན།
ངས་ཀྱང་འདིའི་ཕྱོགས་ལ་བསམ་བློ་ཞིག་བཏང་ནས་བསྡད་ཡོད།
ཐོག་མ་དེར། ང་ཚོར་གསར་འགྱུར་དང་རྩོམ་ཡིག་གི་དྲ་ཚིགས་མང་པོ་བྱུང་བ་དང་། དྲ་ཚིགས་དེ་ཚོ་ཡང་ཉིན་རེ་བཞིན་མགྱོགས་པོ་ཞིག་འབྱུང་གི་ཡོད་སྟབས་སེམས་ནས་དགའ་སྣང་ཞིག་སྐྱེས་སོང་།
དེ་ལྟར་ཀྱང་། བར་སྐབས་ཤིག་ནས་བཟུང་དྲ་ཚིགས་མང་པོ་བསྔོག་ན་ཡང་དྲ་ཚིགས་ཚང་མའི་ནང་གི་རྒྱུ་ཆ་ནི་གཅིག་པ་རེད། གསར་འགྱུར་དང་རྩོམ་ཡིག་གཅིག་པ་ཞིག་དྲ་ཚིགས་གང་སར་བཀོད་འདུག འདིའི་སྐོར་ཟླ་འདིའི་ནང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཀེ་ཐོ་ལགས་ཀྱི་བཅར་འདྲི་ཞིག་གི་སྐབས་སུ་ཡང་རྒྱ་ཆེ་རྩོམ་པ་པོ་རྣམས་ལ་འབོད་སྐུལ་གྱི་ཚུལ་དུ་བརྗོད་རྒྱུ་བྱུང་།
ད་ནི་གསར་ཁང་སོ་སོའི་རྩོམ་སྒྲིག་པ་དག་གིས་སྟངས་འཛིན་ཡག་པོ་ཞིག་མ་བྱས་ཚེ། རྩོམ་པ་པོ་དག་གིས་ཁེ་བཟང་ལེན་རྐྱང་བྱས་ཏེ། རྩོམ་ཡིག་གཅིག་དུས་གཅིག་ལ་དྲ་ཚིགས་ཚང་མའི་སྟེང་འགོད་རྒྱུའི་གོམས་གཤིས་ཤིག་འཇགས་འདུག
བོད་ཀྱི་དུས་བབ་གསར་ཁང་ཡིན་ན། བརྒྱུད་ལམ་འདིའི་སྟེང་ལ་བཀོད་ཟིན་པའི་རྩོམ་ཡིག་དང་རྩོམ་པ་པོ་རྣམས་ཀྱི་པར་དབང་ལ་སྔར་ལས་ལྷག་པའི་བརྩི་བཀུར་བྱ་རྒྱུ་ཡིན།
རྩོམ་ཡིག་ཡིན་ནའང་བརྒྱུད་ལམ་གཞན་དུ་བཀོད་ཚར་བའི་རིགས་ལ་དགོས་གལ་ཆེན་པོ་མེད་ན་འདི་ནས་བདག་པོ་རྒྱག་གི་མིན། ཐོག་མར་འདི་ལ་བསྐུར་ཚར་བའི་རིགས་ཀྱིས་རྩོམ་ཡིག་དེ་ཚོ་བརྒྱུད་ལམ་གཞན་དུ་མི་སྤེལ་རྒྱུའི་རེ་སྐུལ་ཞུ་རྒྱུ་ཡིན། གལ་སྲིད་འགོད་ནའང་མ་རྩོམ་དེ་འགོད་ས་ནི་བོད་ཀྱི་དུས་བབ་དྲ་ཚིགས་ཡིན་པ་གསལ་བཤད་བྱ་རྒྱུའི་རེ་བ་འདོན་རྒྱུ་ཡིན།
གསར་འགྱུར་གྱི་ཕྱོགས་ནས། བརྒྱུད་ལམ་ཚང་མར་གསར་འགྱུར་རྣམས་དུས་མཉམ་དུ་རག་གི་ཡོད་སྟབས། རང་རང་གིས་གསར་འགྱུར་དེར་ལྟ་སྟངས་དང་འབྲི་སྟངས། སྤེལ་སྟངས་སོགས་ལ་ཁྱད་པར་ཅུང་མི་འདྲ་བའི་སྒོ་ནས་ཡོང་སྲིད་པ་ཞིག་རེད། འདི་ནི་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཚང་མར་གཅིག་མཚུངས་རེད།
ཡིན་ཡང་། སྤྱི་ཚོགས་ཞིབ་འཇུག་དང་། གནད་དོན་དམིགས་བསལ་བ་ཞིག་གི་ཐོག་ཞིབ་འཇུག་དང་། ཡང་ན། ཞིབ་བརྩད་བྱས་པ་བརྒྱུད་རག་པའི་གསར་ཁང་རང་རང་གི་གསར་འགྱུར་ལ་པར་དབང་གི་བརྩི་བཀུར་བྱ་དགོས་པ་རེད། ཁུངས་གང་ཡིན་པ་དེ་གསལ་བོར་འབྲི་དགོས་པ་རེད། འདིའི་ཐད་ནས་ཨེ་ཤ་ཡ་སོགས་གསར་ཁང་རེ་ཟུང་མ་རེད། བོད་ཀྱི་དུས་བབ་ཚུད་པའི་བོད་པའི་གསར་འགོད་བརྒྱུད་ལམ་ཚང་མར་ད་ལྟའི་ཆར་དེ་ཙམ་གྱི་རྩ་འཛིན་མི་འདུག རྗེས་ཕྱོགས་གསར་ཁང་སོ་སོ་ནས་འདིའི་ཐད་བསམ་ཞིབ་དང་བཅས་འགྱུར་བ་ཞིག་དགོས་པར་འདུག
དེ་རིང་སྐུ་ཉིད་ཀྱི་བརྗོད་གཞི་འདི་ཁྱེར་བ་ཡོང་བ་དེར་བསྔགས་བརྗོད་ཡོད།
གུས་བཅས།
ལུང་རིགས་ཀྱིས།
སྣང་ཚུལ་འདི་ནི་བོད་ནང་དུ་ཡང་རྒྱ་ཁྱབ་ཏུ་ཡོད་པ་སྟེ། ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་དང་མཚོ་སྔོན་བོད་སྐད་རླུང་འཕྲིན། ཀྲུང་གོའི་བོད་ཀྱི་དྲ་བ་གསུམ་གྱིས་གསར་འགྱུར་ཕར་བཤུ་ཚུར་བཤུ་བྱེད་བཞིན་ཉི་མ་གཏོང་གིན་འདུག