མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྲུལ་སྐུའི་བདག་དབང་འཕྲོག་རྩོད། སྤོབས་པ་མཐའ་ཡས།

བོད་ཀྱི་དུས་བབ།
༢༠༡༠/༠༧/༡༧
Share on FacebookShare on TwitterShare on EmailShare on Whatsapp

སྤོབས་པ་མཐའ་ཡས།

ལོ་ཤས་གོང་ནས་རྒྱ་དམར་གྱིས་སྤྲུལ་སྐུ་ངོས་འཛིན་ལག་ལེན་བསྟར་ཕྱོགས་ཟེར་བའི་ཁྲིམས་ལུགས་གསར་པ་ཞིག་བཟོས་པ་ནས་བཟུང་སྤྲུལ་སྐུའི་བདག་དབང་དེ་འཕྲོག་རྩོད་ཀྱི་ལེའུ་གསར་པ་ཞིག་གི་མགོ་ཚུགས་ཡོད། སྤྲུལ་སྐུའི་བདག་དབང་འཕྲོག་རྩོད་ཅེས་པ་དེ་ནི་སྤྲུལ་སྐུ་ངོས་འཛིན་བྱེད་པའི་འོས་བབ་སུ་ལ་ཡོད་མེད་ཀྱི་སྟེང་གི་འཐབ་རྩོད་ཅིག་ལ་ཟེར་གྱིན་ཡོད། དེ་ཡང་སྤྱིར་བཏང་སྤྲུལ་སྐུ་ངོས་འཛིན་བྱེད་མཁན་དང་སྤྲུལ་སྐུའི་བར་ན་འབྲེལ་བ་དམ་པོ་ཞིག་དང་ལངས་ཕྱོགས་གཅིག་མཚུངས་ཤིག་ཡོད་སྟབས་སྤྲུལ་སྐུ་ངོས་འཛིན་བྱེད་མཁན་དེ་ལ་སྤྲུལ་སྐུའི་བདག་དབང་ཡོད་པར་རློམ་བཞིན་ཡོད། སྤྲུལ་སྐུ་ཚོར་བོད་མི་མང་དང་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་ཁྱབ་ཁོངས་ན་ཆེ་མཐོང་གུས་བརྩི་ཆེན་པོ་ཡོད་པའི་སྲོལ་རྒྱུན་དེ་བེད་སྤྱད་ནས་མི་སེམས་འགུགས་ཐབས་བྱ་རྒྱུ་དེ་མཐར་ཐུག་གི་རྩོད་འབྲས་ཤིག་ཏུ་བབ་ཡོད།

རྒྱ་དམར་གྱི་ལག་ལེན་བསྟར་སྟངས་དེས་སྲོལ་རྒྱུན་གྱི་སྤྲུལ་སྐུ་ངོས་འཛིན་བྱེད་སྟངས་དང་ཆོས་ལུགས་དད་མོས་ལ་རྡོག་རོལ་བཏང་བ་གསལ་པོ་ཡིན། སྲོལ་རྒྱུན་གྱི་སྤྲུལ་སྐུ་ངོས་འཛིན་བྱེད་སྟངས་ནི་མོ་འདེབས་པ་དང་། རྩིས་རྒྱག་པ། པྲ་ཕབ་པ། རྟགས་རིལ་སྒྲིལ་བ། རྨི་ལམ་བརྟག་པ། རྟགས་མཚན་ལ་དཔྱད་པ། སྐུ་གོང་མའི་ཞལ་ཆེམས་དང་བསྟུན་པ། ད་དུང་འདྲ་བའི་རྒྱུ་མཚན་དང་། འབྲེལ་བའི་རྒྱུ་མཚན། དགོས་པ་ཅན་གྱི་རྒྱུ་མཚན་སོགས་ངོས་འཛིན་བྱེད་མཁན་གྱི་བླ་མ་རང་རང་གི་བྱེད་སྟངས་མི་འདྲ་ཞིང་སྤྲུལ་སྐུ་ངོས་འཛིན་དགོས་པའི་སྐུལ་མ་བྱེད་མཁན་གྱི་རེ་འདུན་ཡང་མི་འདྲ་བས་སྐབས་སུ་གང་བབ་ལས་མཐའ་གཅིག་ཏུ་གཞུང་འབྲེལ་གྱི་སྟངས་འཛིན་ལམ་བུ་གཅིག་གི་ནང་དུ་འཛུད་ག་ལ་རུང་། ཆབ་སྲིད་དང་ཐད་ཀར་འབྲེལ་བའི་སྤྲུལ་སྐུ་རེ་ཟུང་ངོས་འཛིན་བྱེད་ཕྱོགས་སྐོར་ལ་གཞུང་འབྲེལ་གྱིས་ཐེ་གཏོགས་བྱེད་དགོས་པའི་ལོ་རྒྱུས་ཡོད། ཡིན་ན་ཡང། དེ་ནི་འདས་ཟིན་པའི་བོད་ཀྱི་ཆབ་སྲིད་སྐྱོང་སྟངས་ཆོས་སྲིད་ཟུང་འབྲེལ་ལམ་སྲིད་དབང་ཆོས་ཚོགས་ཀྱིས་འཛིན་པའི་དུས་སུ་བྱུང་བ་ཞིག་ལས་དེང་དུས་སུ་དགོས་ནུས་ཡོད་པ་ཞིག་མིན།

རྒྱ་དམར་གཞུང་གིས་སྤྲུལ་སྐུའི་བདག་དབང་ལེན་འདོད་དེར་དམིགས་ཡུལ་གཙོ་བོ་གཉིས་ཡོད། དམིགས་ཡུལ་གཅིག་ནི་བོད་བརྒྱུད་ནང་བསྟན་ཁྱབ་ཁོངས་ཀྱི་མང་ཚོགས་ཁྲོད་ན་དད་གུས་ཞུ་ཡུལ་སྤྲུལ་སྐུ་ཚང་མ་རྒྱ་དམར་གྱི་རྒྱ་དམར་གཞུང་གི་སྟངས་འཛིན་འོག་ཏུ་གཞུག་རྒྱུ་དེ་རེད། དེ་ལྟར་བྱུང་བ་ཡིན་ན་རྒྱ་དམར་གྱིས་བོད་མི་མང་གི་བསམ་བློ་ལ་སྟངས་འཛིན་བྱེད་བདེ་བ་དང་། དེ་ལྟར་མ་བྱུང་ཡང་ལོ་རྒྱུས་ཀྱི་སྟེང་དུ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བདག་དབང་རྒྱ་ནག་གཞུང་ལ་ཡོད་པའི་ཟློས་གར་ཞིག་འཁྲབ་རྒྱུ་དེ་རེད། དམིགས་ཡུལ་གཞན་ཞིག་ནི་བོད་ཀྱི་ཆོས་བྱེད་མང་ཚོགས་ཁྲོད་དུ་རྒྱ་དམར་རང་གི་ཕྱོགས་སུ་ལངས་མཁན་གྱི་ཚོགས་སྡེ་ནུས་ལྡན་ཞིག་སྐྱེད་སྲིང་བྱས་ནས་བོད་བརྒྱུད་ནང་པའི་དད་ལྡན་མང་ཚོགས་ཁྲོད་དུ་ནང་འཁྲུགས་གཏིང་ཟབ་ཅིག་བསླང་རྒྱུ་དེ་རེད། བྱེད་ཐབས་དེ་ལམ་ལྷོངས་བྱུང་ན་སྤྱིར་བོད་བརྒྱུད་ནང་བསྟན་ཁྱབ་ཁོངས་ཀྱི་དད་ལྡན་མང་ཚོགས་དང་། ལྷག་པར་ཡང་བོད་མི་མང་གི་སེམས་ཁམས་གཅིག་ཏུ་སྦྲེལ་བྱེད་བླ་མའི་ཆོས་ལུགས་ཀྱི་དད་པ་དམ་ཚིག་གི་མཁར་རྫོང་ལ་གས་ཆག་གཏང་རྒྱུ་དེ་རེད། དེ་ལྟར་མ་བྱུང་ཡང་རྒྱལ་སྤྱི་དང་རྒྱལ་ནང་གི་མིའི་མིག་ངོར་རྒྱ་དམར་གྱིས་བོད་ཀྱི་ཆོས་བྱེད་མི་སྣ་སྐྱེད་སྲིང་སོགས་ཆོས་དད་རང་དབང་ཡོད་པའི་རྣམ་པ་བསྟན་ནས་མགོ་སྐོར་གཏང་རྒྱུ་དེ་རེད།

རང་རེའི་སྤྲུལ་སྐུའི་བདག་དབང་ཐད་ལ་དཀའ་ངལ་ཞིག་ཡོད་པ་དེ་ནི་དེང་དུས་སུ་སྤྱི་ཚོགས་ཁྲོད་དུ་སྤྱིའི་ཆ་ནས་སྤྲུལ་སྐུ་ཇེ་མང་དང་སྤྲུལ་སྐུའི་སྤུས་ཀ་ཇེ་ཞན་དུ་གྱུར་ནས་སྤྲུལ་སྐུར་དད་གུས་ཇེ་ཆུང་དུ་འགྲོ་བཞིན་ཡོད། ཡིན་ན་ཡང་ཕྱིའི་མཐོང་སྣང་ལ་ད་དུང་ཡང་སྤྲུལ་སྐུ་ཚོར་ཆོས་བྱེད་མི་སྣ་གཞན་ལས་ལྷག་པའི་གུས་བཀུར་གྱི་རྣམ་པ་ཞིག་མཐོང་རྒྱུ་ཡོད། དེ་ནི་ཆོས་ཀྱི་དབང་དུ་བྱས་པའི་དད་པ་གཙང་མ་ཤས་ཆུང་ཞིང་། སྤྲུལ་སྐུ་ཚོའི་སྲོལ་རྒྱུན་དབང་ཤུགས་དང་ལྷག་པར་ཡང་དཔལ་འབྱོར་གྱི་སྟོབས་ཤུགས་ལ་བརྟེན་ནས་གུས་བརྩིའི་རྣམ་པ་མི་སྟོན་ཐབས་མེད་དུ་གྱུར་པ་ཤས་ཆེ་བ་ཞིག་རེད། གནད་དོན་དེ་ལས་ཤེས་ཐུབ་པ་ཞིག་ནི་རྒྱ་དམར་གྱིས་བཀོད་སྒྲིག་འོག་གི་སྤྲུལ་སྐུ་དེ་ཚོར་ཡང་དཔལ་འབྱོར་དང་སྲིད་དོན་གྱི་རྒྱབ་རྩ་ཆེན་པོ་ཞིག་ཡོད་སྟབས་མང་ཚོགས་ཀྱི་ཁ་ལོ་སྒྱུར་བའི་ནུས་པ་གཏན་ནས་མེད་པར་ཐག་མི་ཆོད།

གནད་དོན་འདིའི་ཐད་ལ་ང་ཚོའི་འཐབ་ཇུས་དེར་ངོས་ཆེན་པོ་གཉིས་ཡོད། ངོས་གཅིག་ནི་རྒྱ་དམར་གྱི་འཆར་གཞི་དང་དམིགས་ཡུལ་ངན་པ་དེ་དག་ཤེས་པར་བྱ་རྒྱུ་དེ་རེད། ཡིན་ན་ཡང་གནས་སྐབས་རིང་ལ་རྒྱ་དམར་གྱི་བྱེད་སྟངས་དེར་སྟངས་འཛིན་བྱེད་པའི་ནུས་ཤུགས་ང་ཚོར་མེད། འཐབ་ཇུས་ཀྱི་ངོས་གཞན་ཞིག་ཡོད་པ་དེ་ནི་རྒྱ་དམར་གྱི་བཀོད་སྒྲིག་འོག་ན་ཡོད་པའི་སྤྲུལ་སྐུ་དེ་ཚོ་རང་ཕྱོགས་སུ་དགུག་རྒྱུ་དེ་རེད།  ང་ཚོའི་ཕྱོགས་སུ་འགུགས་ནུས་པའི་རྒྱུ་མཚན་གཙོ་བོ་ནི་ཁོང་ཚོ་ཡང་བོད་མི་རེ་ཡིན་པ་དང་། ལྷག་པར་ཡང་འབུར་དུ་ཐོན་པའི་ཆོས་བྱེད་མི་སྣ་རེ་ཡིན་པའི་ཆ་ནས་ང་ཚོ་དང་ཁོང་ཚོའི་བར་ན་མི་མཐུན་པའི་ཆ་ལས་མཐུན་པའི་ཆ་ཏན་ཏན་མང་བ་དང་། རྒྱ་དམར་དང་ཁོང་ཚོའི་བར་ན་མཐུན་པའི་ཆ་ལས་མི་མཐུན་པའི་ཆ་ཏན་ཏན་མང་། གནད་དོན་དེར་བརྟེན་པཎ་ཆེན་བླ་མ་སྐུ་གོང་མ་དང་མཚུར་ཕུ་ཀརྨ་པའི་སྤྲུལ་སྐུ་སོགས་མང་པོ་ཞིག་ཀྱང་རྒྱ་དམར་རང་གི་ལག་འོག་ནས་བྱ་བ་སྒྲུབ་མཁན་རེར་སྐྱེད་སྲིང་བྱེད་པར་འབད་བརྩོན་བྱས་ཡོད་ཀྱང་མཐའ་མཇུག་ཏུ་ཁོང་ཚོའི་རེ་བ་འབྲས་མེད་དུ་གྱུར་པ་དེ་དཔེ་མཚོན་གསལ་ཤོས་ཤིག་རེད། རང་ཕྱོགས་སུ་འགུགས་དང་མི་འགུགས་ཟེར་བ་དེ་ང་རང་ཚོའི་ལག་ན་ཡོད་པ་ཞིག་ཡིན་སྟབས་ད་ལྟ་རྒྱ་དམར་གྱི་བཀོད་སྒྲིག་འོག་ཏུ་སྤྲུལ་སྐུ་རེ་རེ་ངོས་འཛིན་བྱེད་རིམ་བཞིན་ང་ཚོའི་ཕྱོགས་ནས་རེ་རེ་བཞིན་ཆེད་དུ་གཟས་པ་ལྟ་བུའི་ངོས་ལེན་མེད་པའི་ཁྱབ་བསྒྲགས་དང་ཡིག་ཆ་སོགས་མི་སྤེལ་རྒྱུ་གལ་ཆེན་པོ་རེད། དེ་ལྟར་བྱས་ན་ཕོག་ཐུག་འགྲོ་ས་ངོ་མ་དེ་རྒྱ་དམར་གྱི་བཀོད་སྒྲིག་འོག་ཏུ་ངོས་འཛིན་བྱས་པའི་སྤྲུལ་སྐུ་དེ་ཚོ་དང་དེ་འབྲེལ་གྱི་བོད་མི་ཚོ་རེད། མཐར་ཐུག་དུས་གདོང་ཐུག་ངོ་མ་དེ་བོད་མི་མང་རང་གི་ནང་དུ་ཡོང་གིན་ཡོད་སྟབས་དེ་ནི་རྒྱ་དམར་གྱིས་ཆེད་དུ་བཟོས་པའི་ཐག་རྙི་ཞིག་ཡིན་སྟབས་ང་ཚོ་དེའི་ནང་དུ་འཛུལ་མི་རུང་། དེ་ལས་ལྡོག་སྟེ་ང་ཚོས་གོ་སྐབས་ནམ་བྱུང་ལ་རྒྱ་དམར་གྱིས་བཀོད་སྒྲིག་འོག་ངོས་འཛིན་བྱུས་པའི་སྤྲུལ་སྐུ་ཚོར་ཆེ་བསྟོད་ཀྱི་སྒོ་ནས་བོད་མི་མང་དང་བོད་ཀྱི་ཆོས་སྲིད་རིག་གནས་ལ་ཞབས་འདེགས་ཞུ་བའི་འབོད་སྐུལ་ཞུ་དགོས། ཁོང་ཚོ་སྤྲུལ་སྐུ་ཡིན་མིན་ཟེར་བ་དང་སྤྲུལ་སྐུར་ངོས་ལེན་ཡོད་མེད་ཟེར་བ་དེ་ཁོ་རང་ཚོ་མི་སྒེར་གྱི་རིན་ཐང་གི་སྟེང་ནས་གཞལ་རྒྱུ་ཞིག་ཡིན་སྟབས་མ་འོངས་པར་ཆོས་དད་མང་ཚོགས་རང་ངོས་ནས་ཐག་ཆོད་འགྲོ་བ་ལས་གཞུང་གི་ཁྱབ་བསྒྲགས་ལམ་སྟོན་གྱིས་ནུས་པ་ཆེན་པོ་ཐོན་པ་ཞིག་མ་རེད།

འབྲེལ་ཡོད་གསར་འགྱུར།

 བོད་མིའི་སྒྲིག་འཛུགས་དཔལ་འབྱོལ་ལས་ཁུངས་ཀྱི་ལས་སྡོམ་སྐབས།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དང་བླངས་དཔྱ་དངུལ་གྱི་ཡོང་འབབ་ག་ཚོད་ཡིན་ནམ།

སྐར་མ ༣༡ སྔོན་ལ།
CPC Central Committee appoints new Party chiefs for Xizang, Gansu, Qinghai. Photo Edited by Tibettimes
Mobile App

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བར་དམར་ཤོག་དྲུང་ཆེ་གསར་པ་ཞིག་བསྐོས་འདུག

ཆུ་ཚོད་ ༤ སྔོན་ལ།
Four River, Six Ranges Movie
Mobile App

བལ་ཡུལ་གཞུང་གིས་གཞན་ཕན་ཁྱིམ་གསར་ལགས་འཛིན་བཟུང་དགོས་པའི་བཀའ་ཁྱབ་བསྒྲགས།

ཆུ་ཚོད་ ༥ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་ལྔ་པའི་སྐབས། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས།
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་སྤྱི་མོས་གཏན་འབེབས་བྱུང་སོང་།

༢༠༢༦/༠༩/༢༡
ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག
གསར་སྙིང་།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

༢༠༢༦/༠༩/༢༡
Supporters of Hou Yu-ih, a candidate for Taiwan's presidency from the main opposition party Kuomintang (KMT), attend a campaign event in Keelung, Taiwan January 4, 2024. REUTERS/Ann Wang/file photo
Mobile App

ཐའེ་ཝན་གྱི་འོས་བསྡུའི་ནང་རྒྱ་ནག་གི་སྐུ་ཚབ་ཇེ་མང་དུ་འགྲོ་བཞིན་འདུག

༢༠༢༦/༠༩/༢༡

མཆན། 9

  1. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    དད་ལྡན་མང་ཚོགས་ཀྱི་ངོས་ནས་སྤྲུལ་སྐུ་ཞིག་ངོས་འཛིན་བྱེད་མཁན་སུ་ཡིན་མིན་ཟེར་བ་དང་ངོས་འཛིན་བྱེད་སྟངས་ག་འདྲ་ཡིན་མིན་ཟེར་བ་དེ་གནད་འགག་གཙོ་བོ་མ་ཡིན་ཞིང་སྤྲུལ་སྐུ་དེའི་ཕྱག་ལས་གནང་སྟངས་ལ་བལྟས་ནས་སྤྲུལ་སྐུ་ཡིན་མིན་གྱི་ཐག་གཅོད་བྱེད་ཀྱི་རེད། ངོས་འཛིན་བྱེད་མཁན་དེ་སེངྒེ་འདྲ་བ་ཞིག་ཡིན་ན་ཡང་ངོས་འཛིན་བྱས་པ་དེ་ཁྱི་ལྟ་བུ་ཡང་ཡོང་གིན་འདུག ངོས་འཛིན་བྱེད་མཁན་དེ་ཝ་ལྟ་བུ་ཞིག་འཡིན་ཡང་ངོས་འཛིན་བྱས་པ་དེ་སྟག་ལྟ་བུ་ཡང་ཡོང་གིན་འདུག

    Reply
  2. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    གཡང་ལགས་ཟེར་བ་དེར་ཞུ་རྒྱུ་འདི་ཡོད། ངས་བསམ་ཚུལ་འདིའི་ནང་དུ་གང་བཤད་ཡོད་ཟེར་ན་སྤྲུལ་སྐུ་སུ་ཡིན་དང་མིན་ཟེར་བ་དེ་མི་ཁོ་རང་ཚོ་རང་རང་གི་རིན་ཐང་གི་སྟེང་ནས་གཞལ་རྒྱུ་ཞིག་རེད་མ་གཏོགས་རྒྱ་གཞུང་བོད་གཞུང་གང་ཞིག་གིས་ངོས་ལེན་ཡོད་མེད་ལ་རག་ལས་པ་ཞིག་མ་རེད་ཅེས་བཤད་ཀྱིན་ཡོད། ངས་འདི་ནས་ར་མགོ་ལུག་སྦྱར་གང་ཡང་བྱེད་ཀྱིན་མེད། པཎ་ཆེན་ནང་སྒང་ལྷན་ཁང་ལྟ་བུ་ཡིན་ན་ཡང་སྐབས་དེར་གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོར་ངོ་ལོག་བརྒྱབ་ནས་རྒྱ་དམར་ནག་གཉིས་ཆར་ལ་མགོ་བཏགས་མཁན་གྱི་ཚོགས་པ་ཞིག་རེད། པཎ་ཆེན་འོས་སྤྲུལ་གཉིས་ཀྱི་ནང་ནས་རྒྱ་ནག་གཞུང་གི་རྒྱབ་སྐྱོར་ཡོད་པ་དེ་ལ་བོད་གཞུང་གིས་དབང་མེད་དུ་ངོས་ལེན་དགོས་བྱུང་བ་ཞིག་རེད། ཡིན་ན་ཡང་པཎ་ཆེན་རང་གི་ཕྱག་ལས་གནང་སྟངས་ལ་བརྟེན་ནས་མཐའ་མར་བོད་མི་མང་གིས་ཀྱང་པཎ་ཆེན་ཡིན་པའི་ངོས་ལེན་བྱས་པ་ཞིག་རེད། གལ་སྲིད་བོད་རྒྱ་ཞི་མོལ་འདྲ་བྱེད་དགོས་བྱུང་ན་བོད་གཞུང་གི་ངོས་ནས་ཀྱང་པཎ་ཆེན་གཉིས་ཆར་པཎ་ཆེན་ཡིན་པར་ངོས་ལེན་བྱེད་དགོས་ཁེལ་གྱི་རེད་སྙམ་གྱིན་འདུག རེད་རེད། མཚུར་ཕུ་ཀརྨ་པའི་སྤྲུལ་སྐུ་ངོས་འཛིན་གྱི་བརྒྱུད་རིམ་དེ་ཚོ་ཡང་ངས་ཤེས་ཀྱིན་ཡོད། རྡ་རམ་ས་ལར་བཞུགས་པའི་ཀརྨ་པའི་སྤྲུལ་སྐུ་དེ་ད་དུང་དགུང་ལོ་ཆུང་ཆུང་རེད། ངས་འདི་རེད་དེ་རེད་ཟེར་ནས་ཆེན་པོ་ཞིག་བཤད་མི་ཤེས། ཡིན་ན་ཡང་ངས་བཤད་ཐུབ་པ་ཞིག་ནི་ཁོང་གིས་ད་ལྟ་བར་དུ་རྒྱ་དམར་གྱི་འདོད་འདུན་ཇི་བཞིན་མ་བསྒྲུབས་པ་དེ་ཙམ་བཤད་ཀྱིན་ཡོད། ཚོར་བའིོ་དབང་དུ་བཏང་ནས་སྐད་ཆ་མ་བཤད། དོན་དངོས་ཡོད་དང་བསྟུན་ནས་སྐད་ཆ་ཤོད།

    Reply
  3. གཡང་ལགས། says:
    ལོ་ 16 སྔོན།

    རྒྱ་གཞུང་གིས་སྤྲུལ་སྐུ་ངོས་འཛིན་བྱེད་པའི་དམིགས་ཡུལ་རྡོག་ཏུ་བཤད་ན་རིམ་པ་གསུམ་རེད། ༡རབ་བྱུང་ན། རང་གི་བསྐོས་པའི་སྤྲུལ་སྐུ་དེ་དག་གིས་བོད་མིའི་བློ་ཁ་བཟུང་ནས་བོད་མིའི་ལུས་སེམས་གཉིས་ཀ་རང་གི་བྲན་དུ་བཀོལ་ནས་བོད་མིའི་བླ་སྲོག་དབང་དུ་བསྡུ་རྒྱུ་དེ་རེད། ༢དེ་ལྟར་མ་བྱུང་ཡང་། སྤྲུལ་སྐུ་དེ་དག་གིས་བོད་ཀྱི་ཆོས་ལུགས་ཕུ་དཀྲུག་མདའ་དཀྲུག་བྱས་ནས་བོད་རྒྱུད་ནང་བསྟན་དེ་ཆོས་ལུགས་ཡ་མ་ཟུང་ཞིག་ལ་བསྒྱུར་ནས་དད་ལྡན་པ་རྨོངས་སུ་འཇུག་པ་དང་བོད་པའི་སྤྲུལ་སྐུས་སྤྱི་ཚོགས་ལ་ཐོན་པའི་ནུས་ཤུགས་ཉམས་དམས་སུ་གཏོང་རྒྱུ་དེ་རེད། ༣ཐ་མ་སྤྲུལ་སྐུ་ཟོག་པོ་དག་རྒྱལ་སྤྱིའི་མིག་མདུན་དུ་བཤམས་ནས་བོད་ལ་ཆོས་དད་རང་མོས་དང་ཆོས་ལུགས་མི་སྣར་ཐོབ་ཐང་འདྲ་མཉམ་ཡོད་པ་མིག་ལ་མཛེས་མཛེས་སུ་བཤམས་བྱེད་རེད། ང་ཚོ་བོད་པ་ཚོས་རྒྱ་གཞུང་གིས་ཡང་སྲིད་རྫུན་བཟོ་བྱས་པར་ངོས་འཛིན་ཁ་གསལ་ཡོད་དགོས། དེ་ནས་ཁས་ལེན་བྱེད་མི་བྱེད་ཀྱི་སྐད་ཆ་བཤད་དགོས། པཎ་ཆེན་སྐུ་ཕྲེང་བཅུ་པ་དང་རྒྱལ་བ་ཀརྨ་པ་མཆོག་དཔེ་རུ་དྲངས་ནས་ད་ལྟ་རྒྱ་དམར་གྱིས་རང་ཤེད་ཀྱིས་བདམས་པའི་སྤྲུལ་སྐུ་དེ་ཚོ་ཁས་ལེན་བྱས་ན་ཕུགས་ལ་ཕན་ཟེར་བ་ནི་ར་མགོ་ལུག་སྦྱར་དང་ལྐུགས་པ་ཨུ་ཚུགས་(ལྐུགས་པ་ཟེར་བ་དམའ་འབེབས་མིན། འདིར་མ་ཤེས་པར་གོ )རང་རེད། པན་ཆེན་སྐུ་གོང་མ་ནི་པཎ་ཆེན་ནང་མ་ཁང་གིས་བོད་ཀྱི་ཆོས་སྲོལ་བཞིན་ཡང་སྲིད་ངོས་འཛིན་ཞུས་པ་དང་ཕྱིས་སུ་དགའ་ལྡན་ཕོ་བྲང་ནས་ཁས་ལེན་གནང་བ་རེད། དཔལ་ཀརྨ་པ་མཆོག་ནི་སྐུ་གོང་མའི་དངོས་སློབ་རྣམས་དང་གདན་ས་མཚུར་ཕུ་དགོན་གྱིས་ཆོས་སྲོལ་བཞིན་རྩད་འཚོལ་གྱི་འགན་བཞེས་ལ་༸གོང་ས་མཆོག་ནས་ངོས་འཛིན་གནང་བ་དང་རྒྱ་དམར་གཞུང་ནས་ཁས་ལེན་བྱས་པ་ཞིག་རེད། ཁོང་རྣམ་གཉིས་ངོས་འཛིན་གྱི་བརྒྱུད་རིམ་འགོ་ནས་མཇུག་བར་དུ་ང་ཚོ་བོད་ཀྱི་ཆོས་སྲོལ་བཞིན་འཁྲུལ་བ་མེད་པར་བསྐྱངས་བ་དང་། ཁོང་རྣམ་གཉིས་ཀྱང་ང་ཚོ་བོད་པ་ཀུན་གྱིས་ཁས་ལེན་དང་དད་པ་བྱེད་སའི་སྐྱབས་གནས་ཆགས་ལ། འདུལ་བྱའི་འདུན་པ་བཞིན་རང་མི་རིགས་དང་ཆོས་ལུགས་ལ་ཕན་པའི་མཛད་རྗེས་བསྐྱངས་དང་སྐྱོང་བཞིན་པ་རེད། འོན་ཀྱང་རྒྱ་པཎ་ཆེན་ནི་རྒྱ་དམར་གཞུང་གིས་རང་གི་དབང་ཤེད་ངོམ་ནས་ནངབསྟན་གྱི་འགྲོ་ལུགས་མཆིལ་མ་བཞིན་དུ་བསྐྱུར་ལ། ༸གོང་ས་མཆོག་གིས་ངོས་འཛིན་ཞུས་པའི་པཎ་ཆེན་ཆོས་ཀྱི་ཉི་མ་བཙོན་དུ་བཀར་ནས་བྱུང་བ་ཞིག་ཡིན་པ་དང་། སྡེ་དྲུག་ཡང་སྲིད་ཡིན་ཟེར་བ་དེ་ཡང་རྒྱ་པཎ་ཆེན་གྱིས་གསེར་བུམ་དཀྲུགས་ནས་ཐོན་པ་ཞིག་རེད། དེའི་རྐྱེན་གྱིས་པཎ་ཆེན་སྐུ་གོང་མ་དང་ཀརྨ་པ་དཔེ་རུ་དྲངས་ནས་ད་ལྟ་ཡང་སྲིད་བཅོས་མ་དེ་ཚོར་གུ་ཡངས་སྲིད་ཇུས་བསྟར་དགོས་བཤད་པ་ནི་ཞྭ་དཔེ་ལྷམ་འགེབས་རང་རེད། རྒྱ་པཎ་ཆེན་དང་སྡེ་དྲུག་རྫུན་མ་གཉིས་ནི་རྒྱ་དམར་པོའི་གཞུང་དེས་བདམས་པ་ལས་ང་ཚོ་བོད་པ་དང་འབྲེལ་བ་སྤུ་ཙམ་མེད་ལ། ནང་བསྟན་གྱི་ལམ་ལུགས་དང་ཡང་གཏན་ནས་མཐུན་མེད། གལ་སྲིད་དེ་ཚོའི་རིགས་ལ་ཁ་གསལ་གཏིང་གསལ་གྱིས་རྣམ་འགྱུར་གསལ་པོ་མ་སྟོན་ན། གཞིས་བྱེས་དད་ལྡན་མང་ཚོགས་ཚོའི་བསམ་བློ་རྨོངས་པ་དང་། ཡང་སྲིད་བཅོས་མ་དེ་ཚོ་དང་དེ་ཚོའི་འཁོར་གཡོག་ལ་གནོད་པར་བསམས་ནས་གོ་མེད་ཚོར་མེད་དུ་བསྡད་ན་རྒྱ་གཞུང་གིས་སྟོན་མོ་དེ་རྒྱས་པར་བཤམས་པར་གོ་སྐབས་སྟེར་བ་ཞིག་རེད། དེ་ལྟར་རྒྱ་གཞུང་གིས་བོད་ཆོས་ལ་གང་བྱུང་གང་འདོད་གཏོར་བཤིག་གཏོང་བར་ང་ཚོ་ཁ་མི་གྲགས་སྣ་མི་གཉེར་བར་བསྡད་ནས་ཁོང་ཚོ་གང་འདོད་བྱེད་དུ་བཅུག་ན་ཆོས་སྲིད་གཉིས་ཀའི་ཁ་ལོ་རྒྱ་གཞུང་གིས་བསྐོར་ནས་བོད་མི་ལག་པ་འཆང་ས་གང་ཡང་མེད་པ་ཆགས་རྒྱུ་རེད། དེ་ནི་བོད་གཏིང་ནས་ཕུངས་པའི་ལྟས་རེད། ས་ཤོར་ན་ཞེད་རྒྱུ་མེད། དབང་ཤོར་ན་ཞེད་རྒྱུ་མེད། བླ་སྲོག་ཤོར་ན་ཡོད་ཚད་ཤོར་བ་རེད། ཡང་སྲིད་བཅོས་མ་དེ་ཚོ་བོད་པ་ཡིན་པས་ང་ཚོས་ཁས་ལེན་བྱས་ན་ནམ་ཞིག་ལམ་ནོར་ལྡོག་ཤེས་བྱས་ནས་ཕན་པ་ཞིག་བཏགས་ཡོང་བའི་སྟོང་བསམ་ལ་དབུ་འཁོར་ནས་ང་ཚོས་རྒྱ་གཞུང་གི་རྗེས་སུ་འབྲངས་ནས་ཆོས་སྲོལ་བཤིག་པ་ཡིན་ན། ཚད་འཛིན་ས་ཅི་ཡང་མེད་པའི་ཆོས་སྲོལ་དེར་སུས་བློ་རྟོན། སུས་དད་པ་བྱེད། སུས་རྒྱབ་སྐྱོར་བྱེད། ཆོས་སྲོལ་བཤིག་ན་མི་སེམས་འཐོར་བའི་འགོ་མ་རེད། ཆོས་ཁྲིམས་དམ་པོ་དེས་ད་ཆ་ང་ཚོ་བོད་མི་དག་བློ་རྩ་གཅིག་སྒྲིལ་དང་སེམས་ཁ་གཅིག་མཐུན་བྱུང་བཞིན་ཡོད། ཡང་སྲིད་བཅོས་མ་དེ་ཚོ་བོད་པ་ཡིན་པ་དང་བོད་པའི་ལ་རྒྱ་ཡོད་ན། ཁོ་རང་ཚོ་ཁྲི་ཐོག་འདི་ན་རང་དབང་མེད་པར་བསྐྱལ་བ་ཞིག་ཡིན་པ་ང་ཚོ་ཚང་མས་ཤེས་ཀྱི་ཡོད་ལ། ཁོ་རང་གི་སེམས་ལ་ཡང་གསལ་ཁ་ཡོད་སྲིད། གལ་སྲིད་བོད་ཀྱི་ལ་རྒྱ་དང་མི་རིགས་ལ་བརྩི་ཞེན་ཡོད་ན། རྒྱ་གཞུང་གི་དཔུང་རོགས་མ་བྱས་པར་གོ་སྐབས་བྱུང་ན་རང་ངོས་ནས་རང་འགུལ་གྱིས་རྩ་དགོངས་ཞུ་བའི་གྲབས་བྱ་དགོས་པ་དང་། གཞན་དབང་ཚུད་པས་རྒྱ་གཞུང་ལ་བསྟུན་མཁས་རེ་བྱེད་དགོས་ཐུག་ཀྱང་རྩ་བའི་རྩ་དོན་དེ་བོད་ལ་གནོད་པའི་ལས་ཀ་སྤངས་གང་ཐུབ་བྱ་དགོས། དེ་མིན་བོད་མིའི་ཁེ་ཕན་ལ་གནོད་ནས་དཔའ་རྟགས་ལེན་པར་བརྩོན་ན། རྒྱ་གཞུང་གི་རྒྱུགས་ཁྱི་ཞིག་གི་མཐོང་ལས་གཞན་གང་ཡང་མེད། མང་པོ་བཤད་ནས་ཆོ་མི་འདུག ཚང་མའི་ཐུགས་ལ་གསལ་གསལ་རེད། དེ་ཙམ་ཡིན།

    Reply
  4. བྱ་ངང་སེར། says:
    ལོ་ 16 སྔོན།

    ཨ་ཙི། ཐོབ་དང་ཐོབ་སྒོར་མོ་སུ་ལ་ཡོད་ན་དེ་ལ་དད་པ་བྱེད་མཁན་མང་དད་པ་བྱེད་ས་སུ་ལ་མང་ན་དེ་སྤྲུལ་སྐུ་དག་མ་ཆགས་འགྲོ་གི་རེད། ཁྱོད་ལྐུག་པ་རེད།
    ཨ་ཙི། ད་ཇི་དགའ།།

    Reply
  5. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 16 སྔོན།

    རི་བོང་ལགས་དང་ང་རང་བསམ་ཚུལ་མཐུན་སོང་།

    Reply
  6. མཐུ་སྟོབས། says:
    ལོ་ 16 སྔོན།

    སྤོབས་པ་མཐའ་ཡས་ལགས་ཀྱི་དཔྱད་རྩོམ་ཧ་ཅང་ཡག་པོ་ཞིག་སྤེལ་འདུག བསྔགས་བརྗོད་ཞུ་གི་ཡོད། ནང་དོན་ཆ་ཚང་བལ྄ྟ་སྐབས་བློ་ལ་བབ་མ་སོང༌། གང་ལགས་ཞུ་ན་བོད་མི་རེ་གཉིས་ཀྱི་བློ་ཕམ་ཡོང་དོགས་ཀྱིས་རྒྱ་མིས་ངོས་འཛིན་བྱས་ཟིན་པའི་སྤྲུལ་སྐུ་དེ་དག་བོད་མི་ཞིག་རེད་ཅེས་ངོས་ལེན་བྱས་ན་འགྲིག་ཐབས་རྩ་བ་ནས་མི་འདུག དོན་དག་དེ་གཅིག་པུའི་ཐོག་ནས་ཁྱེད་རང་གི་རྩོམ་ཆ་ཚང་ངའི་མིག་ནང་ནས་སླར་ཡང་ཀློག་འདོད་ཡོང་གི་མི་འདུག་པས། མགྱོགས་ཙམ་མཆན་ཉུང་ཙམ་བཀོད་དེ་གཤམ་འོག་ཏུ་གདན་འདྲེན་ཞུས་པ་ཤོག

    Reply
  7. བདེ་ཆེན་སྒྲོལ་མ། says:
    ལོ་ 16 སྔོན།

    གནད་དོན་ཆེན་པོ་ཞིག་ཕྲིས་འདུག་པས་གཞུང་དང་ཚོགས་པ་སྒེར་ཁག་སོ་སོ་ནས་རིག་པའི་རྗེས་འདེད་ཐུབ་ན་དགའ་ས་རེད།

    ཕོག་ཐུག་འགྲོ་མིན་གྱི་སྐད་ཆ་ཞིག་ཡོད་སྐོར་ནས་བློ་དེ་ཙམ་བདེ་མ་སོང་། ཐོག་ཐུག་འགྲོ་ས་ངོ་མ་དེ་རྒྱ་ནག་རང་རེད་མ་གཏོགས་བོད་མི་ནང་ཁུལ་ཡིན་མདོག་མེད་པཱ།

    Reply
  8. གངས་ཅན། says:
    ལོ་ 16 སྔོན།

    གནས་ལུགས་ཕྱུག་ཅིང་གོ་རྒྱུ་ཅན་ཞིག་གསུང་འདུག་པས། རང་གཞན་ཚང་མས་ཐུགས་སྣང་གནང་རྒྱུ་གལ་ཆེན་རེད། ཕར་ཕྱོགས་ནས་འུར་ཞིག་བསླངས་ན་ཚུར་ཕྱོགས་ནས་འུར་སྒྲོག་བྱེད་པ་ལས་ཐབས་ལམ་ཟབ་ས་ནས་བཙལ་ཏེ་གོ་སྐོན་བློ་འགུགས་བྱེད་རྒྱུ་ཧ་ཅང་གནད།

    Reply
  9. རི་བོང། says:
    ལོ་ 16 སྔོན།

    (རང་ཕྱོགས་སུ་འགུགས་དང་མི་འགུགས་ཟེར་བ་དེ་ང་རང་ཚོའི་ལག་ན་ཡོད་པ་ཞིག་ཡིན་སྟབས་ད་ལྟ་རྒྱ་དམར་གྱི་བཀོད་སྒྲིག་འོག་ཏུ་སྤྲུལ་སྐུ་རེ་རེ་ངོས་འཛིན་བྱེད་རིམ་བཞིན་ང་ཚོའི་ཕྱོགས་ནས་རེ་རེ་བཞིན་ཆེད་དུ་གཟས་པ་ལྟ་བུའི་ངོས་ལེན་མེད་པའི་ཁྱབ་བསྒྲགས་དང་ཡིག་ཆ་སོགས་མི་སྤེལ་རྒྱུ་གལ་ཆེན་པོ་རེད། དེ་ལྟར་བྱས་ན་ཕོག་ཐུག་འགྲོ་ས་ངོ་མ་དེ་རྒྱ་དམར་གྱི་བཀོད་སྒྲིག་འོག་ཏུ་ངོས་འཛིན་བྱས་པའི་སྤྲུལ་སྐུ་དེ་ཚོ་དང་དེ་འབྲེལ་གྱི་བོད་མི་ཚོ་རེད། མཐར་ཐུག་དུས་གདོང་ཐུག་ངོ་མ་དེ་བོད་མི་མང་རང་གི་ནང་དུ་ཡོང་གིན་ཡོད་སྟབས་དེ་ནི་རྒྱ་དམར་གྱིས་ཆེད་དུ་བཟོས་པའི་ཐག་རྙི་ཞིག་ཡིན་སྟབས་ང་ཚོ་དེའི་ནང་དུ་འཛུལ་མི་རུང་།) ཚན་པ་འདི་དངོས་གནས་སྣང་བ་འགྲོ་སོང་། དོན་སྙིང་ལྡན་པའི་ཟིན་བྲིས་རེ་སྤེལ་ཡོང་དུས་ཁོམ་པ་ཡོད་མེད་ལ་མ་ལྟོས་པར་གཅིག་མ་ཀློག་རང་ཀློག་ཆགས་ཀྱིན་འདུག ད་རེའི་ཡང་ཆ་ཚང་བཀླགས་ཟིན་པ་ཡིན། ནང་ན་ལེན་རྒྱུའང་མི་ཉུང་བ་ཞིག་འདུག ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese