མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་བློན་ཁྲི་པའི་འོས་གཞི།

བོད་ཀྱི་དུས་བབ།
༢༠༡༠/༠༨/༠༩
Share on FacebookShare on TwitterShare on EmailShare on Whatsapp

 

མཁས་དབང་བློ་བཟང་སེང་གེའི་ལོ་རྒྱུས།

   
ལོ་རྒྱུས་འདི་གསལ་བསྒྲགས་བྱེད་མཁན། བསྟན་པ་འབྲུག་གྲགས། ཨོ་སི་ཊིར་ལི་ཡ།( Australia) ཀརྨ་ཚེ་རིང་། བྷེལ་རྗམ། (Belgium) སྤེན་པ་བློ་བཟང་། དབྱིན་ཡུལ། (England) ཐུབ་བསྟན་རྒྱ་མཚོ།  ཧྥ་རན་སི། (France) སྐལ་བཟང་སྒྲོལ་དཀར། ཨི་ཊ་ལི། (Italy) མཁྱེན་རབ་ཆོས་འཕེལ། སི་པེན། (Spain) བློ་བཟང་ལགས། སུད་ཌན། (Sweden) ཨ་ད་སྐལ་བཟང་ཀང་རང་། སུད་སི། (Switzerland) སྐལ་བཟང་ཕུན་ཚོགས། ཨ་རི། (USA) བསོད་ནམས་དཔལ་ལྡན། ཨ་རི། (USA) བསོད་ནམས་ཚེ་རིང་། ཨ་རི། (USA) འབའ་ཡུལ་བཀྲ་ཤིས་བསྟན་འཛིན། ཨ་རི། (USA) ངག་དབང་ཆོས་ཆེན། ཨ་རི། (USA) ཨ་མདོ་ཚེ་རིང་། (USA)  བཅས་འཛམ་གླིང་གི་ས་ཕྱོགས་གང་སར་ཡོད་པ་བོད་གྱི་གནད་དོན་ལ་སེམས་ཁུར་དང་། དུས་རྒྱུན་བོད་དོན་ལས་འགུལ་བ་ང་ཚོ་སྒེར་ངོས་ནས་མཁས་དབང་བློ་བཟང་སེང་གེ་མཆོག་བཀའ་བློན་ཁྲི་པར་དགའ་མོས་ཀྱིས་དམིགས་བཀར་ངོ་སྤྲོད་ཞུ་བཞིན་ཡོད།

མཁས་དབང་བློ་བཟང་སེང་གེ་ནི་ཧར་ཝར་ཌི་གཙུག་ལག་སློབ་གྲྭ་ཆེན་མོའི་ཁྲིམས་ཀྱི་ཉམས་ཞིབ་པ་རྒན་གྲས་ཡིན།

སློབ་སྦྱོང་གི་བརྒྱུད་རིམ།

རྡོ་རྗེ་གླིང་ས་གནས་དང་། སོ་ན་དྷའི་དབུས་བོད་སློབ་ཁག་གཉིས་ནང་སློབ་སྦྱོང་གནང་ཡོད་པ་དང་། ཕྱི་ལོ་༡༩༨༨ ནས་༡༩༩༡ བར་དབྱིན་ཇིའི་སྐད་ཡིག་ཐོག་ནས་ས་གནས་དེར་ཉེ་བའི་གཙུག་ལག་རབ་འབྱམས་པ་ B.A. (Honors )སློབ་མཐར་ཕྱིན། དེ་རྗེས་༡༩༩༡ ནས་༡༩༩༤ བར་ལྡི་ལིའི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་། ཁྲིམས་ལུགས་སྐོར་གྱི་ཉེ་བའི་གཙུག་ལག་རབ་འབྱམས་པ་ (LLB) སློབ་སྦྱོང་གནང་ཡོད་པ་རེད།

    ཕྱི་ལོ་༡༩༩༥ ཨ་རིའི་སློབ་ཡོན་ལས་གཞིའི་ཁོངས་སུ་འདེམས་ཐོན་བྱུང་ནས། ཧར་ཝར་ཌིའི་ཁྲིམས་ལུགས་སློབ་གྲྭའི་གཙུག་ལག་རབ་འབྱམས་པ་སློབ་དཔོན་གྱི་སློབ་སྦྱོང་མཐར་སོན་གནང་ཡོད་པས། བསླབ་པ་མཐར་སོན་གྱི་ཆེད་རྩོམ་དེ་ནང་ཆོས་དང་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་བྲིས་ཡོད་པ་རེད། སུད་སི་ཇཱི་ནའི་ཝ་ནང་ཡོད་པའི་རྒྱལ་སྤྱིའི་ཁྲིམས་ལུགས་མཁས་པའི་ལྷན་ཚོགས་ནས། ༡༩༩༦ ལོའི་དབྱར་དུས་སུ་ཁོང་ལ་དམིགས་བསལ་སློབ་གཉེར་གྱི་གོ་སྐབས་གནང་ཡོད་པ་དང། དེ་དང་འབྲེལ་ནས་བོད་དོན་ཉམས་ཞིབ་ཀྱི་ཐོག་ལ། ཁྲིམས་ལུགས་ཀྱི་དབང་བསྒྱུར་དང། འགྲོ་བ་མིའི་ཐོབ་ཐང་གི་སྐོར་ལ་ ༡༩༩༧ ལོར་སྙན་ཐོ་པར་སྐྲུན་གནང་ཡོད་པ་རེད། ༡༩༩༦ ལོར་ཁོང་ལ་སྙན་གྲགས་ཆེ་བའི་དམིགས་བསལ་མཁས་དབང་གི་སློབ་སྦྱོང་གི་གོ་སྐབས་ཐོབ་ཡོད་པས། ཁོང་གིས་བོད་ཀྱི་ཤེས་ཡོན་ལམ་ལུགས་གཞིར་བཟུང་ཐོག་ནས། ཨེ་ཤ་ཡ་ཞི་བདེ་རྒྱ་མཚོའི་ཁུལ་གྱི་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་རིན་ཐང་དང་། འགྲོ་བ་མིའི་ཐོབ་ཐང་ཞེས་པའི་མིང་འཁོད་པའི་རྩོམ་ཡིག་ལེ་ཚན་ཞིག་ཀྱང་བྲིས་ཡོད་པ་རེད།

    ཕྱི་ལོ་༡༩༩༧ ལོར་ཨ་རིའི་བོད་ཀྱི་ཐེབས་རྩ་དང། ཨ་རིའི་སློབ་ཡོན་ལས་གཞི་ཁང་གིས་རྒྱབ་གཉེར་གནང་བ་དང། ཧར་ཝར་ཌི་ཁྲིམས་ཀྱི་སློབ་གཉེར་ཁང་ནས་ཁྲིམས་ལུགས་སྐོར་གྱི་འབུམ་རམས་པའི་སློབ་ཡོན་ཐོབ། ཕྱི་ལོ་༢༠༠༤ ལོར་ཧར་ཝར་ཌིའི་ཁྲིམས་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོ་ནས། ཁོང་ལ་ཆེས་མཐོའི་ཁྲིམས་ཀྱི་སློབ་ཐོན་པའི་ལག་ཁྱེར་ཐོབ་ཡོད་ཅིང། སྐད་གྲགས་ཆེ་བའི་གཙུག་ལག་སློབ་གྲྭ་ཆེན་མོ་དེ་ནས་ཆེས་མཐོའི་ཁྲིམས་ཀྱི་སློབ་ཐོན་པའི་ལག་ཁྱེར་དེ་ནི། འདས་པའི་ལོ་རྒྱུས་ནང་བོད་མི་ས་ཡ་དྲུག་ཙམ་མ་ཟད། ཧི་མ་ལ་ཡའི་ས་ཁུལ་གྱི་རྒྱལ་ཁབ་འབྲུག་དང། བལ་ཡུལ། སོག་པོ་བཅས་ནས་ཐོབ་པ་དང་པོ་དེ་ཆགས་ཡོད་པ་རེད། ཆེས་མཐོའི་ཁྲིམས་ཀྱི་སློབ་ཐོན་ཆེད་རྩོམ་གྱི་ཁ་བྱང་ལ། ཕྱི་ལོ་༡༩༥༩ ནས་ ༢༠༠༤ བར་གྱི་བཙན་བྱོལ་བོད་གཞུང་གི་ལོ་རྒྱུས་དང་མང་གཙོ་ཞེས་པའི་སྟེང་བྲིས་ཡོད་པས། ཆེད་རྩོམ་དེ་ལ་ the Yong K. Kim’ 95 Prize for excellence ཞེས་པའི་གཟེངས་རྟགས་ཐོབ། ༢༠༠༤ ལོར་བློ་བཟང་སེང་གེ་ཁོང་གིས་བོད་གཞུང་ཤེས་རིག་ལས་ཁུངས་ལ། མཁས་དབང་གི་ལག་ཁྱེར་ཐོབ་པ་དང་དེ་དང་འབྲེལ་བའི་ལས་དོན་རྣམས་ཚར་ཟིན་པས་ཇི་ལྟར་བྱེད་དགོས་མིན་གྱི་སློབ་སྟོན་ཞུས་པར། ༢༠༠༥ ཟླ ༦ ཚེས་༡༧ ཉིན་ཤེས་རིག་ལས་ཁུངས་ཀྱི་ངོས་ནས། ཨ་རིར་མཁས་དབང་བློ་བཟང་སེང་གེ་ཁོང་གིས་གནང་བཞིན་པའི་རྒྱ་བོད་ཀྱི་ཆེས་མཐོའི་དཔོན་རིགས་ཚོའི་དབར་ཐུག་འཕྲད་སོགས་ཀྱི་ལས་དོན་སྒྲུབ་ཀྱི་ཡོད་པ་དེ། བོད་དོན་དང་འབྲེལ་བའི་སྤྱི་ཚོགས་ཞབས་ཞུ་ལ་ངོས་འཛིན་བྱས་ཏེ། ཨ་རིའི་ནང་སློབ་མཐར་ཕྱིན་རྗེས་རྒྱ་གར་ནང་ལས་ཀ་བྱེད་རྒྱུ་མི་དགོས་བར་གནང་སྟེ། ཨ་རིའི་སློབ་ཡོན་ལས་གཞི་ཁང་གི་ཐག་བཅད་འོག་ནས། ༢༠༠༧ ཟླ་ ༢ ཚེས་༡༣ ཉིན་ཨ་རི་གཞུང་གིས་ཁོང་གི་ཐོང་མཆན་ལག་འཁྱེར་ཕྱིར་འགྱངས་གནང། དེ་ནས་ཨ་རི་ཧར་ཝར་ཁྲིམས་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོ་ནང་ཉམས་ཞིབ་པའི་ལས་ཀ་སྤྲད་པ་དང། ༢༠༠༨ ལོར་ཁྲིམས་ཀྱི་ཉམས་ཞིབ་པ་རྒན་གྲས་ཀྱི་ཁོངས་སུ་བཏང་ཡོད་པ་རེད། མཁས་དབང་བློ་བཟང་སེང་གེ་མཆོག རྒྱ་གར་དང་ཡུ་རོབ་སོགས་རྒྱལ་ཁབ་གཞན་དག་ནང་ཕེབས་སྐབས། ཨ་རིའི་མི་སེར་གྱི་ལག་ཁྱེར་མ་བླངས་པར་ད་དུང་རྒྱ་གར་གཞུང་གིས་གནང་བའི་སྐྱབས་བཅོལ་བའི་ལག་དེབ་སེར་པོའི་ཐོག་ནས་ཕེབས་བཞིན་ཡོད་པ་རེད།
སྔ་ཕྱིར་བོད་དོན་ལས་འགུལ་དང་འབྲེལ་བའི་ཕྱག་ལས།

ཕྱི་ལོ་༡༩༨༨ ནས་ ༡༩༩༡ བར་ལྡི་ལིའི་ས་གནས་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན། དྲུང་ཆེ་བཅས་ཀྱི་ཕྱག་ལས་གནང་། དེ་བཞིན་པཎ་ཆེན་སྐུ་གོང་མ་གློ་བུར་དུ་དགོངས་པ་རྫོགས་པའི་སྐབས། རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་བྱས་པས། བདུན་གཅིག་ལྷག་ཙམ་གྱི་རིང་ལ་ལྡི་ལི་རུ་ཡོད་པའི་ཏི་ཧར་ཇཱལ་བཙོན་ཁང་དུ་བཅུག ད་དུང་ཁོང་གིས་ས་གནས་གཞོན་ནུའི་ལས་རོགས་བཞི་དང་ལྷན་དུ། ཐེ་ཝན་ནས་བོད་སོག་ལས་ཁུངས་ཀྱི་ངོ་ཚབ་ནས་བོད་དོན་དང་འབྲེལ་བའི་ཡིག་ཆ་ཁག་འཕྲོགས་ནས། བཙན་བྱོལ་བོད་གཞུང་ལ་རྩིས་སྤྲད་ཡོད་པ་རེད། ས་གནས་གཞོན་ནུའི་དྲུང་ཆེ་གནང་བའི་རིང་ལ། ལས་དོན་སོགས་གང་ཅིའི་ཐད་ཚགས་ཚུགས་གནང་ཡོད་པས། ༡༩༩༢ ལོའི་རྒྱལ་ཡོངས་ཚོགས་ཆེན་སྐབས། ཁོང་དབུས་གཞོན་ནུའི་ལྷན་ཚོགས་སུ་ལོ་ན་ཆུང་ཤོས་ཀྱི་དབུས་རྒྱུན་ལས་པར་འདེམས་ཐོན་བྱུང་ཡོད་པ་རེད། ༡༩༩༥ ནས་ ༡༩༩༧ བོད་རང་དབང་སློབ་ཕྲུག་ཚོགས་པའི་ནང་ཚོགས་འདུ་དང་ལས་འགུལ་བཅས་ཀྱི་ནང་འཛུལ་ཞུགས་གནང་བ་དང། དེ་བཞིན་ས་གནས་བོད་ཀྱི་ཚོགས་པའི་སློབ་སྟོན་པ་གནང། ༡༩༩༨ ལོར་རྒྱ་ནག་གི་སྲིད་འཛིན་ཅང་ཙེ་མིན་ཧར་ཝར་ཌིའི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ལྟ་སྐོར་ལ་ཡོང་སྐབས། བློ་བཟང་སེང་གེ་ལགས་དང་ས་གནས་ཀྱི་བོད་མི། དེ་མིན་ལས་འགུལ་བའི་སྡེ་ཚན་༢༤ ལས་གྲུབ་པ་ཞིག་གིས། ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད་པ་དེ་ནི། ཝི་ཊི་ནམ་གྱི་དུས་རབས་ནས་རྒྱ་ནག་ལ་ངོ་རྒོལ་བྱས་པ་ཆེ་ཤོས་དེ་ཆགས་ཡོད་པ་རེད། ཁོང་ལ་world wide fund ཟེར་བའི་ཐེབས་རྩ་ཁང་གིས་ཁྲིམས་ལུགས་ལས་དོན་ཐད་ལ་ཚད་ལྡན་དཔང་ཡིག་གནང་བ་དང། འཚེ་མེད་ཞི་བའི་ལྟ་གྲུབ་སློབ་གཉེར་གྱི་ཆེད་དུ་བཙུགས་པའི་ཤེས་ཡོན་སྡེ་ཚན་Fletcher Summer Institute ཞེས་པས་ཀྱང་གོང་བཞིན་དཔང་ཡིག་གནང་ཡོད་པ་རེད།
རྒྱ་ནག་གི་གནད་ཡོད་མཁས་དབང་ཁག་དང་འབྲེལ་ལམ་གྱི་ཕྱག་ལས།

འདས་པའི་ལོ་ ༡༥ ནང་བློ་བཟང་སེང་གེ་ཁོང་གིས། རང་ཉིད་ལ་རྒྱ་ནག་གི་ད་ལྟའི་ཆབ་སྲིད་ལམ་ལུགས་དང་ཁྲིམས་ཀྱི་ལས་དོན་བཅས་ཀྱི་ཐད་ལ་རྒྱུས་མངའ་ཆེན་པོ་ཡོད་པ་བཞིན། རྒྱ་ནག་གི་ཆིང་ཧཱེ་དང་པེ་ཅིང་། རྒྱ་ནག་དམར་ཕྱོགས་སློབ་གྲྭ བོད་རིག་པའི་ཞིབ་འཇུག་ཁང་སོགས། གཙུག་ལག་སློབ་གྲྭ་ཡག་ཤོས་ཁག་ནས་ཐོན་པའི་རྒྱ་རིགས་མཁས་དབང་བརྒྱ་ཕྲག་མང་པོ་དང་ལྷན། བོད་ཀྱི་འདས་པའི་རང་བཙན་གྱི་ལོ་རྒྱུས་དང་ད་ལྟའི་མི་སེར་སྤེལ་ཡུལ་གྱི་གནས་བབས། རྒྱ་གཞུང་གིས་ཁྲིམས་འགལ་ཐོག་ནས་བོད་དབང་བསྒྱུར་བྱས་པའི་སྐོར། ༧གོང་ས་མཆོག་གིས་དགོངས་བཞེས་གནང་བཞིན་པའི་དབུ་མའི་ལམ་གྱི་སྐོར་ལ་བགྲོ་གླེང་དང་གྲོས་བསྡུར་སོགས་གནང་ཡོད་པ་དང། བགྲོ་གླེང་བ་རྒྱ་རིགས་དེ་དག་ཀྱང་ཆབ་སྲིད་དང་ཁྲིམས་མཐུན་གྱི་གནས་བབས་བཅས་ལ་ཧ་ཅང་གི་ཤེས་ཚད་མཐོན་པོ་ཡིན་ཞིང་། དེ་དང་ལྷན་དུ་རྒྱལ་ཁབ་ཕན་ཚུན་འབྲེལ་ལམ་ཡག་པོ་ཡོང་ཆེད་དུ། རྒྱ་རིགས་དང་བོད་རིགས། རྒྱ་གར་གྱི་མི་སྣ། ནུབ་ཕྱོགས་པའི་མཁས་དབང་སོགས་ཆེད་བསྐོངས་ཀྱིས། བོད་ཀྱི་ད་ལྟའི་གནས་བབས་ཐད་ལ་ཐེངས་ ༧ ལས་མང་བ་ཚོགས་འདུ་བསྐོངས་ཚོགས་ཀྱི་གོ་སྒྲིག་གནང་ཡོད་པ་རེད། ༢༠༠༣ ལོར་སྔོན་དུས་མི་སུ་གང་གིས་གོ་སྒྲིག་བྱས་མ་མྱོང་བ་༧གོང་ས་མཆོག་དང། རྒྱ་ནག་གི་མཁས་དབང་ ༣༥ དབར་མཇལ་འཕྲད་ཀྱི་ཚོགས་འདུ་གོ་སྒྲིག་ཞུས་ཡོད་པ་དང། དེ་བཞིན་ ༢༠༠༩ ལོའི་ཟླ་བ་ ༥ པའི་ནང་༧གོང་ས་མཆོག་དང་རྒྱ་ནག་ནས་ཡོང་བའི་མཁས་དབང་བརྒྱ་ལྷག་ཙམ་གྱི་དབར། ཧར་ཝར་ཌིའི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ཚོགས་འདུ་གོ་སྒྲིག་ཞུས་ཡོད་པ་རེད་ལ། བོད་རིགས་སློབ་ཕྲུག་དང་རྒྱ་ནག་གི་སློབ་ཕྲུག་དང་མི་མང་དབར། ནུས་ལྡན་གྱི་འབྲེལ་ལམ་ཡོང་ཆེད་དུ་སྦྱོང་བརྡར་སྤྲོད་ཀྱི་ཡོད་པ་རེད།

 

རྒྱལ་སྤྱིིའི་གནས་བབས་ཐད་ལ་གནང་བའི་ཕྱག་ལས།

ཨ་རིའི་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་བྱང་ཨ་རི་དང་ཨེ་ཤ་ཡའི་དབར། འཛམ་གླིང་གི་གོ་རྟོགས་སྤེལ་ཆེད་ཀྱི་ཨེ་ཤ་ཡའི་ཚོགས་པས། ༢༠༠༧ ལོར་ཨེ་ཤ་ཡའི་ན་གཞོན་འགོ་འཁྲིད་ཅེས་པ་ན་གཞོན་ ༢༤ བདམས་པའི་ནང་ནས་ཁོང་འདེམས་ཐོན་བྱུང་ཡོད་པ་རེད། ཉེ་དུས་ལྷོ་ཀོ་རི་ཡ་དང། སེང་ག་པོར། ཉི་ཧོང། ཐཱེ་ལེན་ཌི། མཱ་ལཱེ་ཤི་ཡ། རྒྱ་གར་བཅས་ཀྱི་ནང་ཨེ་ཤ་ཡའི་ན་གཞོན་འགོ་འཁྲིད་ཀྱི་ལྷན་ཚོགས་སུ་འཛུལ་ཞུགས་གནང་ཡོད་པ་དང། ཁོང་ལ་དབྱིན་ལན་གྱི་ཞི་བདེ་དང་ས་གནས་རྒྱལ་སྤྱིའི་ནག་ཉེས་གུ་ཡང་ཚོགས་པས་འགོ་འཁྲིད་ཀྱི་གཟེངས་རྟགས་དང། དབྱིན་ལེན་གྱི་ཀེམ་བྷི་རི་ཇཱི་གྲོང་ཁྱེར་ཞི་བདེའི་ཚོགས་པས་དྲང་བདེན་གྱི་གཟེངས་རྟགས་ཞེས་པ་གནང་ཡོད་པ་རེད། དེ་བཞིན་ཨ་རིའི་ཨེ་ཤ་ཡའི་མི་རིགས་སྤྱི་ཚོགས་ཚོགས་པའི་སློབ་སྟོན་པའི་འཐུས་མི་ཡིན་ཞིང། འཛམ་གླིང་རྒྱལ་ཁབ་ཁག་གི་མཁས་དབང་དང་ཁྲིམས་ཞིབ་པ། དཔོན་རིགས་སོགས་ལྷན་འཛོམས་ཀྱིས་ཨོ་སི་ཁྲི་རི་ཡའི་ལུང་པ་ཝིན་ནཱ་ནང་། རྒྱུན་ལྡན་ནས་འཚོགས་བཞིན་པའི་འཛམ་གླིང་དྲང་བདེན་གྱི་གླེང་སྟེགས་ཐོག་བློ་བཟང་སེང་གེ་ལགས་འཛུལ་ཞུགས་གནང་མུས་ཡིན།

    ༢༠༠༨ ཟླ་ ༤ པའི་ནང་ཤར་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་ལས་དོན་ཁག་གི་གནད་དོན་ཐད། ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་སྲིད་འབྲེལ་ལམ་མཐུན་ཚོགས་ཀྱི་དྲུང་ཆེ་གཞོན་པ་ཇཱོན་ནི་གྷར་པཱོན་ཊི་མཆོག་དང། ༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན། ཨ་རིའི་གློག་བརྙན་འཁྲབ་སྟོན་པ་རཱི་ཆར་གྷི་རི་བཅས་ལྷན་བཅས་དང་ལྷན་དུ། མཁས་དབང་བློ་བཟང་སེང་གེ་མཆོག་གིས་ཆབ་སྲིད་དང་ཁྲིམས་ལུགས་ཀྱི་གནད་དོན་དབྱེ་ཞིབ་དཔྱིས་ཕྱིན་གནང་ཡོད་པ་དང། དེ་བཞིན་ཨ་རི་ཝ་ཤིན་ཊོན་དུ་རྟེན་གཞི་བྱས་ཡོད་པའི་ཨ་རིའི་ཆབ་སྲིད་སློབ་སྟོན་གྱི་ལྟེ་གནས་ཁང་གཞུང་དོན་སོགས་ཀྱི་ཐད་ལ་དམིགས་བསལ་མཁས་དབང་ལྷན་འཛོམས་ཀྱི་ཚོགས་པའི་ནང་བོད་ཀྱི་གནད་དོན་ཐད་ལ་འགྲེལ་བརྗོད་བྱེད་མཁན་གྱི་འཐུས་མི་ཡིན།

    དེ་བཞིན་ཤེས་ཡོན་གྱི་སྡེ་ཚན་འདྲ་མིན་ནང་དུ་རྒྱ་བོད་ཀྱི་གནད་དོན་དང། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས། མང་གཙོའི་ཤེས་ཡོན་སྡེ་ཚན་ལམ་ལུགས། རྩོད་རྙོག་འདུམ་སྒྲིག་གི་སྐོར་གསུངས་བཤད་གནང་བ་དང།  མཁས་དབང་ལྷན་འཛོམས་ཀྱི་ཚོགས་པ་དང། ཡུ་རོབ་མི་མང་ཆབ་སྲིད་གླེང་སྟེགས། ཨེ་ཤ་ཡ་དང་བྱང་ཨ་རི། ཧྥ་རན་སིའི་ནང་ཡོད་པའི་སྤྱི་ཚོགས་ཚན་རིག་གི་གཙུག་ལག་སློབ་གྲྭ་ཆེན་མོ། དབྱིན་ཡུལ་ལོ་ཌོན་ནང་ཡོད་པའི་གཙུག་ལག་སློབ་གྲྭ་ཆེན་མོ། ཨོ་སི་ཁྲིར་ལི་ཡའི་ཝིན་ནཱ་ནང་གི་ཌཱེ་ཀིན་གཙུག་ལག་སློབ་གྲྭ་ཆེན་མོ། ཐེ་ཝན་གཙུག་ལག་སློབ་གྲྭ་ཆེན་མོ། པེ་ཅིང་གཙུག་ལག་སློབ་གྲྭ་ཆེན་མོ། རྒྱ་གར་གྱི་མཱ་ཌི་ར་སི་གཙུག་ལག་སློབ་གྲྭ་ཆེན་མོ་སོགས་དང། ཨ་རི་ནང་ཡོད་པའི་འཕྲུལ་ལས་ཀྱི་སྡེ་ཚན་སོགས་གཙུག་ལག་སློབ་གྲྭ་ཆེན་མོ་འདྲ་མིན་ནང་རྒྱ་བོད་གཉིས་ཀྱི་གནད་དོན་སྐོར་ལ་གསུང་བཤད་གནང་བར་ཕེབས་དང་ཕེབས་བཞིན་པ་རེད།

    ད་དུང་ཁོང་གིས། གསར་འགྱུར་བརྒྱུད་ལམ་ཁག་ནིའུ་ཡོག་དུས་བབ་དང། ལོན་ཌོན་དུས་བབ། ཝལ་སི་ཊིར་ཇོར་ནལ། བྷི་བྷི་སི། ཨ་རིའི་བདུན་རེའི་དུས་དེབ། དུས་བབས་དུས་དེབ། ཝོ་ཤིན་ཊོན་སྦྲག་ལམ། དེ་རིང་གི་ཨ་རི། བྷོ་སི་ཊོན་གྷི་ལོབ། ཧར་ཝར་ཌིའི་ཁི་རིམ་སོན་སོགས་ཀྱིས་རེ་སྐུལ་བཞིན་ཆེད་གླེང་དང་ཆེད་རྩོམ་བཅས་གནང་བཞིན་པ་དང།  ཧར་ཝར་ཌིའི་ཨེ་ཤ་ཡའི་དུས་དེབ་དང། མང་གཙོ་ཆེད་གླེང་། ཤར་ཨེ་ཤ་ཡ། རྒྱལ་སྤྱིའི་ཁྲིམས་ལུགས་བཅས་སོགས་ནས། བློ་བཟང་སེང་གེ་མཆོག་གིས་བོད་ཀྱི་གནད་དོན་ཐད་གླེང་བའི་ཆེད་རྩོམ་ཁག་ཅིག དཔར་སྐྲུན་བྱས་ཏེ་དཔེ་དེབ་འགའ་འགྲེམས་སྤེལ་བྱས་ཡོད་པ་རེད།

བོད་ཀྱི་གནད་དོན་ཐད་གནང་བའི་ཕྱག་ལས།

༢༠༠༣ དང་༢༠༠༩ ནང་༧གོང་ས་མཆོག་ནིའུ་དབྱིན་ལེན་ཌི་ཆིབས་བསྒྱུར་གྱི་ལས་དོན་བསྒྲུབས་ཡོད་པ་དང། ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་པའི་སློབ་སྟོན་པ་དང། རླུང་འཕྲིན་དེའི་ནང་འདས་པའི་ལོ་ ༡༣ རིང་བདུན་རེ་བཞིན་མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་སྐོར་ལ་འཆར་འགོད་གཏམ་གླེང་གནང་གི་ཡོད། དེ་དང་འབྲེལ་ནས་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་དཔེ་དེབ་གཅིག་བོད་ཡིག་ནང་འགྲེམས་སྤེལ་གནང་ཡོད་པ་རེད། ལོ་བདུན་རིང་ངལ་བ་ཁྱད་བསད་ཀྱིས་སློབ་དཔོན་ཆེན་མོའི་སློབ་སྦྱོང་གནང་བའི་རིང་བོད་ཀྱི་གནད་ཡོད་མི་སྣ་རྒན་གྲས་ཁག་ ༡༠༠ སྐོར་ཞིག་ལ་བཅར་འདྲི་ཞུས་ཏེ་དཔྱད་གཞིའི་ཡིག་ཆ་ཕྱོགས་སྒྲིག་བྱས་ཡོད། བཅར་འདྲི་ཞུ་ཡུལ་ནི་བཀའ་ཟུར་ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན། སྐུ་སྒེར་དྲུང་ཆེ་རྟ་ར་བསྟན་འཛིན་ཆོས་ཉིད། དེ་བཞིན་སྤྱི་འཐུས་སོགས་ཡིན་ཞིང། ༧གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ་རྣམ་གཉིས་ལ་བཀའ་འདྲི་ཞུས་ཡོད་པ་ནི་སྨྲོས་མི་དགོས་པ་རེད། ཤོག་གྲངས་༢༥༠ ལས་གྲུབ་པའི་དཔྱད་གཞི་ཡིག་ཆ་དེ་ནི། མི་ལོ་༤༥ རིང་འགྱུར་ལྡོག་ཆེ་བའི་བཙན་བྱོལ་ནང་གི་བོད་ཀྱི་ལོ་རྒྱུས་ཀྱི་ལས་འགུལ་རྣམས་ཕྱོགས་གཅིག་དང། ཕྱོགས་གཞན་ཞིག་ནི་བཙན་བྱོལ་ནང་གི་མང་གཙོའི་འཕེལ་རིམ་སྟེ། སྤྱི་འཐུས་ཀྱི་བརྒྱུད་རིམ་དང་འཕྲུལ་རིགས་ལམ་ལུགས་ཀྱི་འོས་འཕེན། ཁྲིམས་ལུགས་གཏན་འབེབས། ཆོས་ལུགས་རིས་མེད། ཕྱོགས་རིས་རིང་ལུགས་མེད་པ་བཟོ་ཐབས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་ཀྱི་བུད་མེད་ལྷན་ཚོགས་ལྟ་བུའི་སྒྲོམ་གཞི་སྒྲིག་སྟངས་བཅས་ཀྱི་སྐོར་པར་སྐྲུན་བྱས་པ་དང། འཛམ་གླིང་འདིའི་ཐོག་གནད་དོན་དེ་དག་གི་ཐད་ལ་གསུང་བཤད་འདྲ་མིན་གནང་གི་ཡོད།

    རྒྱུན་ལྡན་ནས་དྷ་སར་འགྲོ་ཡི་ཡོད་པའི་དུས་དང་བསྟུན་ནས། བོད་གཞུང་གི་སྲི་ཞུ་བ་ཆེ་ཕྲ་ཡོངས་ལ་འབྲེལ་ལམ་འཛིན་གྱི་ཡོད་ལ། དེ་བཞིན་བཙན་བྱོལ་བོད་གཞུང་གི་གཞུང་འབྲེལ་སྤྱི་འཐུས་དང།  དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འཐུས་མི། དབུས་བུད་མེད་ལྷན་ཚོགས། སློབ་ཕྲུག་དང་ལས་འགུལ་བ། དྷ་སར་དང་ས་གནས་གཞན་ཁག་ཏུ་རྟེན་གཞི་བྱས་ཡོད་པའི་ཤེས་ཡོན་སྡེ་ཚན་ཁག་ཏུ་ཟབ་སྦྱོང་སྤྲོད་ཀྱི་ཡོད། གཞིས་ཆགས་ཁག་གི་སློབ་གྲྭ་བཅུ་ཕྲག་གཅིག་ལྷག་ཙམ་ནང།  ཁོ་རང་ཉིད་ཆེད་བསྐྱོད་ཀྱིས་ཤེས་ཡོན་གྱི་སྐོར་གྱི་དཀའ་ངལ་ལ་གདོང་ལེན་བྱེད་སྟངས་དང་། གཞིས་ཆགས་ཀྱི་གཞིས་གྲོང་ཁག་གི་དཀའ་ངལ་ལ་གདོང་ལེན་བྱེད་སྟངས། བོད་ཀྱི་གནད་དོན་སྐོར་ལ་ཤེས་རྟོགས་གོང་མཐོར་གཏོང་བའི་ཕྱག་ལས་བཅས་གནང་ཡོད་ལ། འཛམ་གླིང་གི་ས་ཕྱོགས་གང་ས་བོད་མི་ཚོས་གོ་སྒྲིག་བྱས་པའི་ཟབ་སྦྱོང་ཁག་ཏུ་བོད་ཀྱི་གནས་བབས་སྐོར་གོ་རྟོགས་གོང་འཕེལ་བཏང་བ། ན་གཞོན་མི་རབས་ཚོར་ཤེས་ཡོན་གྱི་ཐོག་ལ་ཧུར་བརྩོན་བྱེད་དགོས་པའི་སྐུལ་མ་དང་།  ཤེས་འཇོན་གཉིས་ལྡན་གྱི་གནས་བབས་དེའི་ཐོག་ནས། ཕྱི་ལོ་ ༡༩༩༦ ནས་ཁོང་གིས་རྒྱ་གར་ནང་ཡོད་པའི་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་འོག་ཏུ་ཡོད་པའི་དབུས་བོད་སློབ་ཀྱི་སློབ་གྲྭ་ཁག་མང་པོ་ཞིག་ལ། བོད་ཀྱི་ཤེས་ཡོན་དང་ཟས་རིགས་འཆར་འགོད་སློབ་སྟོན་གྱི་ལས་དོན་བསྒྲུབས་ནས་ཕན་རླབས་ཆེན་པོ་ཐོན་བཞིན་ཡོད།

    དེ་བཞིན་རོཌ་པ་ཆུང་རིགས་བྱས་པ་རྣམས་བགྲང་པ་ཡིན་ན། བོད་ནས་ཁ་ཐུག་ཨ་རིར་ཕེབས་མཁན་བོད་རིགས་མཁས་དབང་དང་། སློབ་མ་བརྒྱ་ཕྲག་བརྒལ་བ་ལ་རོགས་རམ་དང་འབྲེལ་བ་བྱས་ཡོད་ཅིང། ཉེ་ལམ་གྲོངས་མ་ཐག་པའི་ཁོང་གི་ཨ་ཞང་བརྒྱུད་ནས་བོད་ནང་ཤིང་ནགས་བཅད་གཏུབ་བྱས་པའི་ས་ཁུལ་དུ། ཤིང་སྡོང་ཡོང་འབབ་ཡོད་པའི་རིགས་སྟར་ཀ་དང་ཀུ་ཤུ། ཁམ་བུའི་སྡོང་པོ་༤༠༠༠༠༠ ལྷག་འདེབས་འཛུགས་ཀྱི་རོགས་པ་བྱས་ཡོད་པ་དང། གྲོང་གསེབ་ཁག་ཏུ་སྨན་བཅོས་ཀྱི་ཆེད་དུ་བོད་ནང་གི་བོད་རིགས་སྨན་པ་མང་པོ་སྦྱོང་བརྡར་སྤྲད་པ་དང། རྒྱ་གར་ནས་ཨ་རིར་ཡོང་མཁན་འབྲེལ་ཡོད་ལས་བྱེད་དང་མཁས་དབང། གྲོགས་པོ་བཅས་ལ་རོགས་རམ་བྱེད་བཞིན་ཡོད་པ་རེད།

ཁྱིམ་རྒྱུད།

མཁས་དབང་བློ་བཟང་སེང་གེ་ནི་༡༩༦༨ ལོར་རྡོ་རྗེ་གླིང་དུ་ཡོད་པའི་གཞིས་ཆགས་ཆུང་ངུ་ཞིག་ནང་འཁྲུངས་པ་དང། སྐབས་དེའི་གཞིས་ཆགས་ཀྱི་འཚོ་རྟེན་གཙོ་བོ་ཞིང་ཁ་འདེབས་ལས་དང་བ་ཕྱུགས་དང་བྱ་དེ་གསོ་ཉར།  དེ་བཞིན་མེ་ཤིང་འཐུ་སྒྲུག་དང་དགོན་དུས་སུ་ཕ་མ་དང་ལྷན་དུ་བལ་ཚོང་བརྒྱབ་པ་སོགས། གཞིས་ཆགས་ཀྱི་འཚོ་བའི་ཉམས་མྱོང་རྣམས་བརྒྱུད་ནས་འཚར་ལོངས་བྱུང་བ་ཞིག་ཡིན་པ་དང།  ད་ལྟའི་སྐབས་མཁས་དབང་བློ་བཟང་སེང་གེ་ནི་ཨ་རིའི་ས་གནས་བྷོ་སི་ཊོན་དུ་གནས་སྡོད་བྱེད་ཀྱི་ཡོད་ལ། བོད་ཀྱི་ས་ཁུལ་ཆབ་མདོ་ནས་ཕེབས་པའི་ཨ་མ་སྐལ་བཟང་ཆོས་སྒྲོན་ད་ལྟ་ཁོང་དང་ལྷན་དུ་བཞུགས་ཡོད། ཕ་སྐལ་བཟང་ཆོས་གྲགས་ ༢༠༠༤ འདས་གྲོངས་སུ་ཕྱིན་ཡོད། བློ་བཟང་སེང་གེའི་བཟའ་ཟླ་སྐལ་བཟང་དབྱངས་སྒྲོན་ཤག་བྱང་གི་ཕ་མ་ནི། ལྷ་ས་དང་ཉེ་བའི་ལྷོ་ཁའི་ས་ཁུལ་ནས་ཕེབས་ཡོད་ཅིང། ཁོང་གཉིས་ཁྱིམ་ཚང་བཟུང་ནས་ལོ་༡༣ སོང་ཟིན་པ་དང་། ད་ལྟའི་ཆར་ལོ་༣ ལ་ཟིན་པའི་བུ་མོ་གཅིག་ཡོད། སྐད་ཡིག་གི་ཆ་ནས། མཁས་བློ་བཟང་སེང་གེས་བོད་སྐད་དང་དབྱིན་སྐད། ཧིན་སྐད། བལ་སྐད། རྒྱ་སྐད་ཏོག་ཙམ་ཤེས་ཀྱི་ཡོད་པ་དང་པད་མ་བཀོད་པའི་སྐད་ཀྱི་རྨང་གཞི་ཡོད། དུས་ཚོད་མང་ཆེ་བ་བོད་དོན་གྱི་ཐོག་ལ་ངལ་བ་མེད་པར་ཕྱག་ལས་གནང་གི་ཡོད་པ་དང། བར་གསེང་གི་སྐབས་ལ་ཆུ་རྐྱལ་བརྒྱབ་པ་དང་དེབ་ཀློག་པ། ལུས་སྦྱོང་བཅས་གནང་གི་ཡོད།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

སྐར་མ ༣༨ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༢ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༢ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༣ སྔོན་ལ།
The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

༢༠༢༥/༠༥/༠༨

མཆན། 40

  1. མཁས་ཚང་ཤེས་རབ་དབང་རྒྱལ། says:
    ལོ་ 15 སྔོན།

    ཁོ་རེ་ཨོ་བྷ་མ་དང་ཁྱད་པ་ཡོད་དགོས་བྱུང་ཐ་དད་ཡིན་པའི་ཕྱིར་ཧཧཧཧ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་རྩེད་མོ་ཡིན་དཱ།

    Reply
  2. ཀརྨ། says:
    ལོ་ 15 སྔོན།

    ད་ནི་ང་ཚོའི་བློ་བཟང་སེང་གེ་ངེས་པར་དུ་བཀའ་ཁྲིར་འདེམས་དགོས་འདུག ང་ཚོར་ལོ་ཆུང་ཆུང་ཞིག་དགོས་པར་བརྟེན་ཁོང་ཆུང་ཆུང་དང།་མཁས་པ་ཡང་རེད།

    ཁོང་གི་ལས་རོགས་བདེ་སྲུང་བཀའ་བློན་ལ་སྤྱི་འཐུས་ཚོགས་གཙོ་ཟུར་བ་ཀརྨ་ཆོས་འཕེལ་ལགས་དགོས་ངེས་རེད།
    ཚོགས་ཟུར་མཆོག་ལ་བློ་ཁོག་ཡོད་པར་བརྟེན་རང་བཙན་གཙང་མ་བླང་ཡོང་གི་རེད།

    དཔལ་འབྱོར་བཀའ་བློན་ལ་སྤྱི་འཐུས་སྤྲུལ་སྐུ་ཨུ་རྒྱན་སྟོབས་རྒྱལ་བཞག་ན་ཁོང་ཐེ་ཝན་བོད་སོག་ལས་ཁུངས་དང། རྒྱ་ནག་གཞུང་སོགས་ལ་འབྲེལ་བ་ཆེ་བས་ང་ཚོའི་དཔལ་འབྱོར་ཡར་རྒྱས་གཏང་ངེས་རེད།

    ནང་སྲིད་བཀའ་བློན་ལ་ཀླུ་མཁར་བྱམས་དགོས་ཀྱི་འདུག ཁོང་གིས་ཟམ་གདོང་གིས་མ་འགྲིགས་རབས་གང་མང་སྐྱོན་བརྗོད་བྱས་པས་ཁོང་གིས་བཀའ་ཁྲིས་གང་ཞིག་བྱེད་དགོས་མིན་དངོས་གནས་གསལ་པོ་ཤེས་ཡོད་པ་རེད།

    སྤྱི་འཐུས་བསྟན་འཛིན་མགོན་པོས་གྲོས་ཚོགས་ཀྱི་ཚོགས་འདུ་གཡུག་ནས་གསུང་ཆོས་ལ་འགྲོ་བཞིན་པའི་ཆོས་དད་ཅན་ཞིག་ཡིན་པས་ཁོང་ཆོས་དོན་བཀའ་བློན་ལ་བཞག་ན་ཁོང་གིས་དད་པས་སྟོབས་ཀྱིས་བོད་བརྒྱུད་ནང་བསྟན་གྱི་མཚན་སྙན་མཐོར་འདེགས་ཐུབ་ངེས་རེད།

    བོད་ཀྱི་བང་ཆེན་ཚགས་པར་གྱི་རྩོམ་སྒྲིག་པ་སྤྱི་འཐུས་ཁམས་པ་དག་མ་གསེར་རྟ་ཚུལ་ཁྲིམས་ལགས་དྲིལ་བསྒྲགས་བཀའ་བློན་ལ་བཞག་ན་ཁོང་བོད་དབྱིན་རྒྱ་གསུམ་ལ་མཁས་པ་དང། ཁོང་ཡུན་རིང་པོར་བློ་སེང་གི་སློབ་སྟོན་འོག་བོད་ཀྱི་བང་ཆེན་ནང་ལས་ཀ་བྱ་པས་བློ་སེང་ལ་རྒྱས་མངའ་ཧ་ཅང་ཆེ་བས་བློ་སེང་གིས་འདོད་པ་ལྟར་ཁོང་གིས་བོད་དོན་དྲིལ་བསྒྲགས་ཡག་པོ་གནང་གི་རེད།

    ཕྱི་འབྲེལ་བཀའ་བློན་ལ་སྤྱི་འཐུས་སྨྲ་ཁམས་བསོད་ནམས་སྟོབས་རྒྱལ་བཞག་ན་ཁོང་བོད་ཀྱི་ཆབ་སྲིད་བཙོན་ཟུར་གྱི་མིང་ཐོག་ནས་ད་ལྟ་ཕྱི་རྒྱལ་དུ་བཞུགས་པས་ཕྱི་རྒྱལ་ཡུལ་ཁག་ཏུ་ཁོང་ལ་མཚན་སྙན་ཧ་ཅང་ཆེ་བས་ཁོང་གིས་ཕྱི་འབྲེལ་ཡག་པོ་ཡོང་ངེས་རེད།

    འཕྲོད་བསྟེན་བཀའ་བློན་ལ་བླ་མ་ཤིང་ཟ་རིན་པོ་ཆེ་བཞག་ན་ཁོང་འཕྲོད་བསྟེན་ཡག་པོ་རྩེ་དྲ་འདུག་པས་མང་ཚོགས་ཀྱང་དེ་འདྲ་ཞིག་བཟོས་ཐུབ་ངེས་རེད།

    ད་ནི་ང་ཚོར་ཤེས་རིག་བཀའ་བློན་ཡག་པོ་ཞིག་དགོས་ཀྱི་འདུག དེ་ཡང་ང་ཚོའི་སློབ་གྲྭ་ཁག་གི་སློབ་སྦྱོང་ཡར་རྒྱས་གཏང་ཐུབ་མཁན་ཞིག་དགོས་པར་བརྟེན་སློབ་གྲྭ་ཁག་གི་སློབ་སྤྱིའི་གཙོས་དགེ་ལས་ཡོངས་རྫོགས་ཞེད་སྣང་སྐྱེ་ས་ཞིག་དགོས་པ་རེད། དེ་འདྲ་ཞིག་ལ་ད་ལྟ་ཐེ་ཝན་ན་ཡོད་པའི་སྨྲ་ཁམས་ཆོས་འཕེལ་ལས་ལྷག་ཅིག་ཡོད་པ་མ་རེད། ཁོང་གིས་དེ་སྔོན་སྦིར་སུ་ཇ་སློབ་གྲྭའི་སློབ་སྤྱི་དགེ་བཤེས་བསྟན་འཛིན་ལ་ཟེར་བའི་བླ་རྒན་བགྲེས་སོང་ཞིག་གི་མགོ་ལ་རྡོས་གཞུས་མ་ཐག་བོད་སོག་ལས་ཁུངས་བརྒྱུད་ཐེ་ཝན་ལ་བྲོས་ཕྱིན་པར་བརྟེན་སློབ་སྤྱིས་གཙོས་དགེ་ལས་ཚང་མ་ཞེད་ས་ཞིག་ཏུ་ཁོང་ལས་ལྷག་སུ་གང་མེད་ངེས་རེད།
    ཁོང་ད་ལྟ་ཐེ་ཝན་རང་ལ་ཡོད་པར་མ་ཟད་ཉེ་སྔོན་རྡི་ལིའི་ཆུ་སྒང་གིས་མདོ་སྟོད་སྤྱི་འཐུས་ཀྱི་འོས་ཁོངས་སུ་ཁྱབ་བསྒྲགས་བྱས་ཡོད་པ་དེ་རེད།

    ད་དེ་འདྲ་ཞིག་གིས་ང་ཚོར་ཕལ་ཆེར་འགྲིགས་འགྲོ་ས་རེད།

    Reply
  3. རྩྭ་ཤུལ། says:
    ལོ་ 15 སྔོན།

    བློ་བཟང་སེང་གེ་བཀའ་ཁྲིར་མི་འོས་ཟེར་མཁན་ཚང་མ་ལ་ངས་དྲི་བ་ཞིག་གཏོང་། ཁོང་དང་ཨོ་བྷ་མ་གཉིས་ལ་ཁྱད་པར་གང་ཡོད་དམ།

    Reply
  4. རྩྭ་ཤུལ། says:
    ལོ་ 15 སྔོན།

    ཐེངས་འདིར་བོད་མི་་རྣམས་ཀྱིས་ཁོང་ལ་འོས་མ་བླུགས་ཚེ་སློཔ་ཕྲུག་གསོ་སྐྱོང་བྱས་པའི་དགོས་མ་མཐོང་པ་རེད་དོ།།

    Reply
  5. རྩྭ་ཤུལ། says:
    ལོ་ 15 སྔོན།

    ངས་ཁོང་ལ་བརྒབ་སྐྱོར་བྱ་བཞིན་ཡོད་ལ་ཁོང་ལ་འོས་འཐོབ་པའི་རེ་བའང་ཤིན་ཏུ་ཆེ།

    Reply
  6. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    ལོ་རྒྱུས་འདིར་ཞིབ་ཚགས་དཔྱད་ཞིབ་བྱས་ན་ཧང་གཏམ་ཡང་འགའ་རེ་ཡོད་བཟོ་འདུག་དེ་ཡང་༼ཐེ་ཝན་གཙུག་ལག་སློབ་གྲྭ་ཆེན་མོ། པེ་ཅིང་གཙུག་ལག་སློབ་གྲྭ་ཆེན་མོ། རྒྱ་གར་གྱི་མཱ་ཌི་ར་སི་གཙུག་ལག་སློབ་གྲྭ་ཆེན་མོ་སོགས་དང། ཨ་རི་ནང་ཡོད་པའི་འཕྲུལ་ལས་ཀྱི་སྡེ་ཚན་སོགས་གཙུག་ལག་སློབ་གྲྭ་ཆེན་མོ་འདྲ་མིན་ནང་རྒྱ་བོད་གཉིས་ཀྱི་གནད་དོན་སྐོར་ལ་གསུང་བཤད་གནང་བར་ཕེབས་དང་ཕེབས་བཞིན་པ་རེད་༽དུམ་ཙམ་དེར་དཔྱད་པ་ཞིབ་མོ་ཞིག་གནང་དང་། པེ་ཅིང་སློབ་གྲྭ་ཆེན་མོའི་ནང་རྒྱལ་བོད་གཉིས་གནད་དོན་སྐོར་ལ་གསུང་བཤད་གནང་བར་ཕེབས་དང་ཕེབས་བཞིན་པ་རེད་ཟེར་བ་འདི་བདེན་པ་ཡིན་ནམ་དེ་ལྟར་ཡིན་ན་གསར་སྒྱུར་རྒྱུད་ལམ་ཁག་ནས་སྔ་ས་ནས་དོན་ཡོད་སྲིད། མ་ཟད་བོད་མི་ཞིག་གི་པེ་ཅིང་སློབ་གྲྭ་ཆེན་མོ་ནང་གཏམ་བཤད་ཀྱི་གོ་སྐབས་ཙམ་རེག་ཀྱང་སྐད་གྲགས་ཆགས་ངེས་མ་ཡིན་ནམ། མི་མང་མགོ་སྐོར་གཏོང་མཁན་ཡིན་ན་གཏོང་མཁས་པོ་གནང་བ་མཛེས་སོ།

    Reply
  7. སྒོམ་སྡེ་དོན་གྲུབ་རྒྱལ་མཚན། says:
    ལོ་ 15 སྔོན།

    མིག་གཉིས་ཀྱིས་ཞིབ་པར་བལྟས། རྣ་བ་ཟུང་གིས་གཟབ་གཟབ་ཉན། སེམས་པ་རྣལ་དུ་ཕབ་ཏེ་དཔྱད་པ་ག་ཚོད་བྱས་ཀྱང་། ད་ལྟ་བོད་པ་ཚང་ལ་མཁས་དབང་བློ་བཟང་སེང་གེ་ཁོང་ལས་དྲག་པའི་བཀའ་ཁྲི་ཞིག་བཙལ་དུ་མེད་པ་ནི་གསལ་པོ་རེད་འདུག དུས་ཚོད་དང་། གནས་བབས། བསམ་བློའི་གནས་ཚད། ལས་ཀའི་ཉམས་མྱོང་། ཕྱི་འབྲེལ་སོགས་གང་ལ་བསམས་ཀྱང་ཁོང་ཉིད་དུ་འོས་བབས་འདུག་སྙམ། ཚོགས་སྡེ་ཁག་དང་སྒེར་བ་སོགས་དུ་མས་ཡོང་ལ་ཉེ་བའི་བཀའ་ཁྲིའི་འོས་མི་མང་པོ་ཞིག་བསྟོན་དང་འདོན་བཞིན་གྱིན་འདུག་མོད། འཐེར་ཁྱེར་དབང་དུ་སོང་འདུག་པའི་སྣང་བ་ཞིག་འགོག་མེད་དུ་སྟེར་ཡོང་གི་འདུག ང་ཚོའི་གནས་བབས་ཚད་གང་འདྲ་ཞིག་ཏུ་སླེབས་ཡོད་ང་ཚོ་བོད་མི་ཚང་མའི་སེམས་སུ་གསལ་ལྷང་ངེར་ཡོད་ངེས་པས། ནུས་ཤུགས་ཆིག་སྒྲིལ་གྱིས་འོད་ཟེར་འཕྲོ་བའི་ང་ཚོར་མ་འོངས་པ་ཞིག་འཛུགས་སྐྲུན་བྱ་དགོས་པ་ལས། ཕན་མེད་འཐེན་ཁྱེར་གྱི་དབང་དུ་སོང་ན་ངན་འབྲས་ཅི་ཞིག་ཡོང་ཉམས་མྱོང་དུ་གྲུབ་ཡོད་པས་ད་ནི་གཟབ་གཟབ་བྱ་རན་པ་ལས་ཆཽལ་ཁ་དང་ཆོས་ལུགས་ཀྱི་བསམ་བློ་ངན་པ་དེ་ཤུགས་ཆུང་དུ་གཏོང་རན་འདུག་སྙམ། དེས་ན་མ་འོངས་པའི་བཀའ་ཁྲི་ཡང་སྐྱེ་ཁུངས་དང་། ཆོལ་ཁའི་སྐད་ཆ་མེད་པར་ཤ་ཁྲག་གཅིག་ལས་ཆད་པའི་རྩམ་ཟན་པ་ཡོངས་ནས་དྲག་འདེམས་དགོས་རྒྱུ་ནི་གལ་ཆེ་ནང་གི་དོན་ཆེན་ཞིག་ཏུ་འདུག་གོ །

    Reply
  8. སྟོང་བསྐོར་ཐུབ་བསྟན། says:
    ལོ་ 15 སྔོན།

    བློ་བཟང་སེང་གེ་ལགས་བཀའ་བློན་ཁྲི་པར་ཕེབས་པ་ཡིན་ན། བོད་པ་ཚང་ལ་རེ་བའི་ཉི་འོད་གསར་པ་ཞིག་འཕྲོ་བ་དང་།
    མདུན་ལམ་གསར་བ་ཞིག་ལ་འགྲོ་བ་ངེས། དེའི་ཕྱིར་བོང་མི་རིགས་ལ་བློ་སེམས་དཀར་མཁན་ཚོས། ཕུགས་རྒྱང་རིང་པོར་གཟིགས་ཏེ་ཕྱོགས་རིས་དང་འཐེན་གྱི་དབང་དུ་མ་སོང་བ་ཞིག་གལ་ཆེ་། མི་ཁག་གཅིག་བློ་དོགས་དང་རྣམ་རྟོག་རྐྱང་རྐྱང་བྱས་ནས་ཤི་གི་རེད། དེ་རྣམས་རྙིང་རྗེ།།

    Reply
  9. ཤིང་རྟ། says:
    ལོ་ 15 སྔོན།

    ཟིན་བྲིས་པ་ཁ་ཤས་ཀྱིས། འབྱུང་འགྱུར་གྱི་བཀའ་བློན་ཁྲི་པའི་འོས་བླུག་སྐབས་
    ཁྲག་གིས་བྲིས་པའི་རི་མོ་ལ་ཕྱི་མིག་དང་། བོད་པ་ཚང་གི་མ་འོངས་པའི་མདུན་ལམ་ལ་
    བསམ་གཞིགས་བྱེད་པ་ལས་ཕྱོགས་རིས་དང་འཐེན་ཁྱེར་བྱ་མི་རུང་ཞེས་པ་དེ་གནས་ལུགས་དང་རྒྱུ་མཚན་ཤིན་ཏུ་ཆེ།

    Reply
  10. ཧེ་ར་བཀྲ་ཤིས། says:
    ལོ་ 15 སྔོན།

    བློ་བཟང་སེངྒེ་ལགས་ཀྱི་ལོ་རྒྱུས་ངོ་སྤྲོད་གནང་མཁན་ཚོས་ཁོང་གི་ལོ་རྒྱུས་དངོས་གནས་བརྒྱུད་རིམ་ལྡན་ཞིང་ཞིབ་ཆེ་བ་ཞིག་བོད་མི་ཡོངས་ལ་ངོ་སྤྲོད་གནང་བ་ལ་ངས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང་། རྒྱལ་ཁམས་འགྲིམས་པ་པོ་འདི་དག་ཁ་ཁ་རེད། མུ་མཐུད་དེ་བོད་དོན་ལ་འདི་ལྟར་དོ་སྣང་མི་ལྷོད་པར་གནང་རོགས།

    Reply
  11. མཁས་ཚང་ཤེས་རབ་དབང་རྒྱལ། says:
    ལོ་ 15 སྔོན།

    མཁས་དབང་བློ་བཟང་སེང་གེ་ལགས་བཀྲ་ཤིས་བདེ་ལེགས་ཞུ་ཁྱོད་ཀྱི་བཀའ་བློན་ཁྲི་པའི་འོས་ཐོབ་པ་ལ་རེ་བ་ཆེན་པོ་ཡོད་མ་ཟད་མ་འོངས་པ་རྒྱབ་སྐྱབཡོད།

    Reply
  12. kungatsering17 says:
    ལོ་ 15 སྔོན།

    འཛམ་གླིང་སྤྱིའི་ཁྱད་ནོར་མང་གཙོ་ལོངས་སུ་སྤྱོད་ཆེད་དང་
    རྒྱ་དམར་གཞུང་གི་བརྫུན་བཤད་ལ་གདོང་ལེན་དང་
    བོད་མི་བཙན་བྱོལ་དུ་ཡོང་བའི་དམིགས་ཡུལ་སོགས་
    ཤེས་པ་བྱེད་ནས།
    བཀའ་བློན་ཁྲི་པ་དེ་ཁོང་ཉིད་འོས་པ་ཡིན།
    སྤུན་ཟླ་ལྷན་རྒྱས་རིགས་ཞེན་གྱི་ལྟ་བ་བོར་ནས་བོད་ཀྱི་མ་འོང་པའི་འདུན་ལམ་
    དང་འདས་པའི་དཔའ་འོ་ཁྲི་ཕྲག་གི་ཁྲག་གི་བྲིས་པའི་ཟིན་ཐོ་ལ་གཟིགས་རོགས།

    Reply
  13. རིག་པའི་རལ་གྲི། says:
    ལོ་ 15 སྔོན།

    མཁས་དབང་ཟེར་པའི་གཏམ་དེ་བློ་བཟང་སེངྒེ་ལ་མཚམ་པོ་ཞིག་མཐོང་གི་མེད། གལ་སྲིད་ཁྲིམས་ལུགས་ཀྱི་མཁས་དབང་ཟེར་ན་དངོས་གནས་འོས་ཤིང་མཚམ།
    བོད་ཀྱི་མི་ཞིག་ལ་བློ་བཟང་སེང་གེ་ནང་བཞིན་ཁྲིམས་ལུགས་ཐོག་ལ་མཁས་པ་ད་ལྟའི་ཐོག་ཡོད་མ་རེད་ཟེར་ཚིག་ཐག་ཆོད་ཐུབ།
    ངས་ཁ་སེང་ཞུས་པ་བཞིན། ཁོང་ལས་ལྷག་པ་ཞིག་བཀའ་བློན་ཁྲི་བ་འོས་བབ་ཅན་ད་ལྟའི་སྐབས་དངོས་གནས་མཐོང་གི་མི་འདུག

    Reply
  14. ཧེ་ར་བཀྲ་ཤིས། says:
    ལོ་ 15 སྔོན།

    དངོས་གནས་སློབ་སྦྱོང་གི་བརྒྱུད་རིམ་དེང་དུས་དང་མཐུན་པར་གནས་རིམ་མཐོ་པོར་སློབ་སྦྱོང་བ་ཁོང་ལྟ་བུའི་བོད་མིའི་ལོ་རྒྱུས་ནང་ཐེངས་དང་པོ་དེ་ཆགས་འདུག་བཀའ་ཁྲིར་ཁོང་སློབ་སྦྱོང་གི་བརྒྱུད་ཀྱི་སྟེང་ནས་ཁོང་ལས་ལྷག་པ་ཞིག་མཐོང་མ་སོང་ཡང་། ཉམ་མྱོང་དངོས་ག་འདྲ་ཞིག་ཆགས་འགྲོ་མི་ཤེས་ཀྱང་དེ་ལོ་ལྔའི་རྗེས་ནས་གསལ་བོར་ཆགས་ཐུབ་ཅིག་ལས་སུས་བརྗོད་ཐུབ་བམ།

    Reply
  15. Ngawang Norbu says:
    ལོ་ 15 སྔོན།

    ༄། །གོང་དུ་བསམ་ཚུལ་འདོན་མཁན་མང་དག་ཞིག་གིས་དངོས་ཡོད་གནས་ཚུལ་
    གང་ཡང་མ་ཤེས་པར་གོ་ཐོས་འདུག་ཟེར་བ་དང་མི་གཞན་གྱིས་ལབ་ཀྱི་འདུག་ཟེར་བ་ཤ་ཅིག་རེད་འདུག བསམ་ཚུལ་འདོན་ཆོག་ཀྱང་བསམ་ཚད་དང་དྲན་ཚད་ལབ་
    ན་རང་གི་མགོ་བོར་རང་གི་ར྄ྒྱུག་པ་ཞུས་པ་དང་འདྲ། དེར་ར྄ྟེན་ས྄ྐད་ཆ་ག་རེ་བཤད་ཀྱང་བདེན་པ་ར་འཕྲོད་ཐོག་བཤད་གལ་ཆེ། དེ་མིན་ན་ཁུང་མེད་བསམ་ཚུལ་འདོན་མཁན་ར྄ྣམས་བོད་མི་ནང་ཁུལ་དཀྲུག་ཤིང་ར྄ྒྱག་མཁན་རེད་འདུག་པས་ཚང་མས་ཟབ་ཟབ་གནང་དགོས། ཐུགས་ར྄ྗེ་ཆེ།

    Reply
  16. ཕྱོགས་གླང། says:
    ལོ་ 15 སྔོན།

    ཉམས་མྱོང་དང་། ཉམས་མྱོང་ཞེས་ཨུ་ཚུགས་རྒྱབ་ནི་ཤོད་ཀྱི་འདུག། ཡིན་ནའི་འདས་པའི་ཉམས་མྱོང་འགའ་ཤས་ཡོད་པ་ལས་མེད་པ་ཡག་གི་རེད། དཔེར་ན། བོད་སྤྱི་དོན་ལ་སྨན་པའི་ཆེད་དུ་ཤེས་ཡོན་ཅན་སྙིང་སྟོབས་དང་། སྤྱི་སེམས་ཡོད་མཁན་གཞུང་གི་གལ་ཆེའི་ལས་བྱེད་དུ་སླེབས་ཐབས་བྱེད་རྒྱུའི་ཚབ་ཏུ་ལས་དོན་འཕེར་མིན་ལ་མ་ལྟོས་པར་རང་གི་ཉེ་འབྲེལ་རྐྱང་རྐྱང་སླེབས་ཐབས་བྱས་པའི་ཉམས་མྱོང་ངན་པ་འདྲ་མིན་བྱུང་ཡོད་པ་ ༡༩༥༩ གོང་གི་བཀའ་ཤག་གི་གནས་བབས་དེ་དཔེ་མཚོན་གཅིག་རེད། སྟབས་ལེགས་པ་ཞིག་ལ་༧རྒྱལ་བ་རིན་པོ་ཆེས་དམངས་གཙོའི་ལམ་སྲོལ་གསར་གཏོད་མཛད་པ་དེས་དེང་སང་དམངས་གཙོའི་ལམ་ལུགས་དང་མཐུན་པའི་ཐོག་ནས་ལེགས་སྤེལ་ཉེས་འགོག་གི་ལས་དོན་ལོ་རེ་ནས་ལོ་རེ་ཡར་རྒྱས་ཀྱི་ཕྱོགས་སུ་འགྲོ་གི་ཡོད་པ་སོང་ཙང་ད་རེས་བཀའ་ཁྲིའི་འོས་མིར་ནང་མིའི་རྒྱབ་ལྗོངས་སྣ་ཚོགས་ནས་ཡིན་པའི་བོད་མི་ཤེས་ཡོན་ཅན་དང་། སྙིང་སྟོབས་ཅན། སྤྱི་སེམས་ཡོད་མཁན་མང་པོ་སླེབས་ཐུབ་ཡོད་པར་ང་ཚོ་དགའ་སྤོབས་བྱེད་འོས་པ་ཞིག་ཡིན་ན་ང་ཚོ་བོད་མིའི་གནས་སྟངས་ཐབས་སྐྱོ་པོ་འདི་མ་བརྗེད་པའི་ཐོག་ནས་གཞིས་བྱེས་མཉམ་འཛོམས་ཡོང་ཐབས་ལ་སྒེར་དོན་གྱི་བསམ་བློ་ཡོངས་སུ་འདོར་ཏེ་སྤྱི་དོན་ཁོ་ནར་དམིགས་ཏེ་བཀའ་སྤྱིའི་འདེམས་ཁ་མ་ནོར་བ་བྱེད་རྒྱུ་ནི་ང་ཚོ་མང་ཚོགས་ཀྱི་ཆེས་གལ་ཆེའི་ལས་འགན་ཞིག་རེད་བསམ་གྱི་ཡོད།།

    Reply
  17. Lhamon says:
    ལོ་ 15 སྔོན།

    སྒྲོལ་མ་སྐྱབས་ལགས་ཀྱིས་རྒྱབ་སྐྱོར་བྱེད་མཁན་དེ་ཚོ་གོ་མྱོང་མེད་པ་ཤ་སྟག་རེད་འདུག དེ་ང་རང་གོ་རྒྱ་ཆུང་བས་ཡིན་སྲིད་ཟེར། དེ་ཁྱེད་ཀྱིས་གསུངས་པ་བཞིན་དངོས་གནས་མཐོང་རྒྱ་དང་གོ་རྒྱ་ཆུང་བ་ཡིན་ས་རེད། འདིའི་ནང་ནས་ཕལ་མོ་ཆེ་ཞིག་ངས་ཀྱང་ཤེས་ཀྱི་ཡོད།
    དང་པོ། བསྟན་པ་འབྲུག་ཨོ་སི་ཊིར་ལི་ཡར་བཞུགས་མཁན་ཆབ་སྲིད་བཙོན་ཟུར་དང་དེའི་འབྲེལ་ཡོད་རྣམས་ཨོ་སི་ཊིར་ལི་ཡར་སོང་བ་སོག་ཞབས་དྲུང་རིན་པོ་ཆེའི་སྲས་རེད། གཉིས་པ། ཀརྨ་ཚེ་རིང་བྷེལ་རྗམ་གཞོན་ནུ་ཚོགས་པའི་ཚོགས་གཙོ་རེད། གསུམ་པ། སྤེན་པ་བློ་བཟང་དབྱིན་ཡུལ་བོད་རིགས་ཚོགས་པའི་ཚོགས་གཙོ་རེད། བཞི་པ། ཐུབ་བསྟན་རྒྱ་མཚོ་ཧྥ་རན་སིའི་བོད་རིགས་ཚོགས་པའི་ཚོགས་གཙོ་རེད། ལྔ་པ། སྐལ་བཟང་སྒྲོལ་དཀར་ཨི་ཊ་ལི་བོད་རིགས་ཚོགས་པའི་ཚོགས་གཙོ་རེད། དྲུག་པ། མཁྱེན་རབ་ཆོས་འཕེལ་སི་པེན་བོད་རིགས་ཚོགས་པའི་ཚོགས་གཙོ་ཟུར་པ་རེད། བདུན་པ་བློ་བཟང་ལགས་སུད་ཌན་བོད་རིགས་ཚོགས་པའི་ཚོགས་གཙོ་རེད། བརྒྱད་པ། ཨ་ད་སྐལ་བཟང་ཀང་རང་། སུད་སི་བོད་རིགས་ཚོགས་པའི་ཚོགས་གཞོན་རེད། གཞན་སྐལ་བཟང་ཕུན་ཚོགས་དང་། བསོད་ནམས་དཔལ་ལྡན། བསོད་ནམས་ཚེ་རིང་། འབའ་ཡུལ་བཀྲ་ཤིས་བསྟན་འཛིན། ངག་དབང་ཆོས་ཆེན། བཅས་ངས་ཀྱང་མི་ཤེས་པ་དང་། ཨ་མདོ་ཚེ་རིང་ནི་ཨ་རིའི་བོད་མི་རིགས་གཅིག་རྐང་འཛིན་ཚོགས་པའི་ཚོགས་གཙོ་རེད།

    Reply
  18. མི་ཉག་བཙན་པོ says:
    ལོ་ 15 སྔོན།

    དྲ་གྲོགས་དག་གིས་ངེས་པར་དུ་ཐུགས་བསམ་གནང་དགོས་པ་ནི་
    མ་འོང་པའི་བཀའ་ཁྲི་འདེམས་ཕྱོགས་དེ་གོང་ས་མཆོག་གིས་པ་དགོངས་གཞི་དང་མཐུན་པ་ཞིག་འདེམས་དགོས་སམ་ཡང་ན་རང་གི་ལུང་པ་རང་གི་ཕ་ཡུལ་རང་གི་ཆོལ་ཁའི་གཏོགས་པའི་མི་ཞིག་འདེམས་དགོས་སམ།
    གལ་སྲིད་གོང་ས་མཆོག་གིས་དགོངས་པ་དང་མཐུན་པ་ཞིག་བཀའ་ཁྲི་ལ་སླེབས་དགོས་ན་ ངེས་པར་དུ་གཞོན་སྐྱེས་ཞིག་འདེམས་དགོས་པ་དང་རབ་བྱུང་ན་བུད་མེད་ཞིག་འདེམས་དགོས་པ་ཡིན།
    གོང་ས་མཆོག་གིས་དགོངས་ཞིག་དངོས་མ་དེ་དེ་རེད་འོན་ཀྱང་དྲ་གྲོགས་བསམ་མེད་མང་དག་ཞིག་གིས་ཤེས་ཡོན་ཅན་དང་གཞོན་སྐྱེས་མ་འོང་པའི་བཀའ་ཁྲིའི་འོས་མི་རྣམས་ལ་གཞི་མེད་སྐུར་འདེབས་དང་ཉེས་མེད་ཉེས་འཛུགས་ཁོ་ན་བྱས་པ་ནི་གོང་ས་མཆོག་གིས་དགོངས་ཞིག་དང་བོད་ཀྱི་རྩ་དོན་སྣང་མེད་དུ་འཇོག་ལས་མ་འདས་སོ་།
    གལ་ཏེ་གོང་ས་མཆོག་གི་བཀའ་བཞིན་བསྒྲུབས་དགོས་པ་དེ་སེམས་ལ་ཡོད་པ་
    ཞིག་དང་གོང་ས་མཆོག་གིས་བཀའ་དྲིན་ལ་བསམ་ཤེས་ཡོད་མཁན་ཞིག་ཡིན་ན་
    ་གོང་ས་མཆོག་གིས་བཀའ་སློབ་བཞིན་མ་འོང་བཀའ་ཁྲི་ནི་གཞོན་སྐྱེས་ཞིག་སླེབས་
    དགོས་པ་ནིི་བོད་མི་ཀུན་གྱིས་འོས་འགན་རེད། གལ་སྲིད་རྒན་པོ་ཞིག་བཀའ་ཁྲི་ལ་སླེབས་ན་གོང་ས་མཆོག་ཐུགས་ཕམ་ངེས་པ་ནི་གོང་ས་མཆོག་གིས་བཀའ་སློབ་རྣམས་ལས་ཤེས་ཐུབ་སྙམ་མོ་༎།

    Reply
  19. གངས་རི་བ་བློ་གཏེར་རིག་མཛོད། says:
    ལོ་ 15 སྔོན།

    མཁས་དབང་ཁོང་སྤྱིའི་ཤེས་ཚད་ཀྱི་ཐོག་ནས་ཨང་ཀི་དང་པོ་ཡིན་ངེས་འདུག་ཀྱང་གངས་ཅན་སྐྱིད་གཤོངས་ཀྱི་ཡུལ་རྒྱར་བོད་སྲིད་གཞུང་གི་བསྟི་གནས་སུ་ཕྱག་ལས་གནང་མྱོང་བའི་ཉམས་མྱོང་དེ་ཙམ་མི་འདུག་པས་བཀའ་བློན་ཁྲི་པར་འོས་མིན་དུ་དུང་བསམ་གཞིགས་བྱེད་དགོས་མེད་འགྲོ་སྙམ། ལར་ནས་རང་ཅག་གངས་ཅན་པ་རྣམས་ཀྱི་གཏམ་དུ་་་་་་་་་གཞོན་པའི་ཤེས་ལས་རྒན་པོའི་བྱུས་ཟབ་་་་་ཅེས་པ་ལྟར་ཉམས་མྱོང་ཅན་ཞིག་བྱུང་ན་དགེ་ཕན་ཆེ་བ་མེད་འགྲོ་སྙམ།།

    Reply
  20. Thupten says:
    ལོ་ 15 སྔོན།

    Lhamon ཟེར་བ་འདིས་བློ་བཟང་སེང་གེ་ལ་འཇུ་ཆེན་ཐུབ་བསྟན་གྱིས་རྒྱབ་སྐྱོར་བྱེད་ཀྱི་མེད་དོན་ཁོང་ཕུ་པ་དཔོན་སོགས་ཀྱིས་འོས་མི་བཏོན་པའི་རྒྱུ་མཚན་གྱིས་ཡིན་གནས་བཤད་འདུག གལ་སྲིད་རྒྱུ་མཚན་དེ་ལ་བརྟེན་ནས་འཇུ་ཆེན་གྱིས་རྒྱབ་སྐྱོར་མི་བྱེད་པ་བཤད་ཀྱི་ཡོད་པ་དང་ཁོས་བཀྲས་མཐོང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ན་ལྡི་ལི་ཆུ་སྒང་ནས་བཀྲས་མཐོང་མི་བཏོན་དོན་ག་རེ་ཡིན་ནམ། ད་དུང་ལྡི་ལི་ཆུ་སྒང་གིས་བཏོན་པའི་བཀའ་ཁྲི་དེ་དག་ལ་འཇུ་ཆེན་གྱིས་རྒྱབ་སྐྱོར་བྱེད་ཀི་མེད་རེད་དམ། ཨ་ལགས་འཇིགས་མེད་དང་འཇུ་ཆེན་གཉིས་ཀྱིས་བཀྲས་མཐོང་ལ་རྒྱབ་སྐྱོར་བྱེད་ཀི་ཡོད་པ་ཅི་འདྲ་ཤེས་སོང་། ཁྱོད་རང་གིས་བྲིས་འདུག་པ་ལས་ང་ཚོས་གང་ཡང་ཤེས་ཀི་མེད། ཁྱོད་ཀྱིས་ཨ་ལགས་འཇིགས་མེད་དམ་འཇུ་ཆེན་ཐུབ་བསྟན་ས་ནས་ནང་གཏམ་འདྲ་ཤེས་ཡོད་ན་ཁྱོད་ཀྱིས་ཕྱི་བསྒྲགས་བྱས་པ་འདི་བློ་ཕྱི་གཏད་དང་གྲོད་པ་ནང་གཏད་བྱེད་མཁན་ཞིག་ཡིན་པ་ཐག་གིས་ཆོད།

    Reply
  21. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 15 སྔོན།

    ཅིག་ཅིག་མིག་མིག་བློ་དོགས་ཡོད་ཟེར་མཁན་ཚོ་དོགས་པ་རྐྱང་རྐྱང་བྱས་ནས་ཤི་གི་རེད། རྣམ་རྟོག་རྐྱང་རྐྱང་བྱས་ནས་སྨྱོ་གི་རེད། དེ་ལ་ཐབས་ཤེས་མི་འདུག

    དུས་རབས་ཉི་ཤུ་རྩ་གཅིག་གི་མང་གཙོའི་སྲིད་གཞུང་ཞིག་གི་དབུ་ཁྲིད་ཟེར་དུས། བློ་བཟང་སེང་གེ་འདྲ་མོ་དགོས་པ་རེད། རང་གི་མངོན་འདོད་ཤོད་ཕོད་པ། མི་མང་དཀྱིལ་ལ་སོང་ནས་གདོང་པ་བསྟན་ཕོད་པ། སེམས་ཀྱི་འདོད་པ་ཕྱི་རུ་བཏོན་ཐུབ་མཁན། དེ་ལ་མངོན་ལྐོག་མེད་པའི་ལས་ཀ་བྱེད་མཁན་ཟེར།

    ས་འོག་དར་ཐག་གི་འཐེན་ནས། གཡོ་སྒྱུའི་རྒྱ་རྙི་བཀྲམ་མཁན་གྱི་སྐུ་དྲག་མི་དྲག་དེ་ཚོ་ལས་བརྒྱ་འགྱུར་སྟོང་འགྱུར་གྱིས་ལྷག་གི་རེད། བློ་སེང་གི་ཤེས་ཡོན་དང་འཇོན་ཐང་ལ་མིག་ཚ་མཁན་དང་། ཕྲག་དོག་ལངས་མཁན་ཡོད་ན་སྡུག་གྱོང་མ་གཏོགས་གང་ཡང་ཡོད་མ་རེད། དེ་ལ་སྡུག་གྱོང་འབུར་རྡོ་རང་གིས་ཉོས་པ་རང་རེད།

    Reply
  22. པད་མ་ལྷུན་གྲུབ། says:
    ལོ་ 15 སྔོན།

    ཉེ་ཆར་ངས་ཡུ་ཀྲུབ་ཐོག་ནས་སྒྲ་ལྡན་བརྙན་པར་ཞིག་བལྟས། སྐད་ཆ་ཤོད་མཁན་གཉིས་ཏེ། བཀྲས་བསྟན་རྣམ་དང་། མཁས་དབང་བློ་སེང་རེད། བློ་སེང་གིས་གཏམ་འདི་འདྲ་ཞིག་སྨྲས་སོང་། ཟམ་གདོང་རིན་པོ་ཆེ་བཀའ་ཁྲིར་སླེབས་ནས་བཟུང་བོད་གཞུང་ནང་སྤུན་མཆེད་འཐེན་ཡག་དེ་ཉུང་ཕྱིན་སོང་། དེ་ནི་ཟམ་གདོང་ལ་ཕྲུ་གུ་དང་ནང་མི་མེད་པས་རེད་ཅེས་དང་། ཡང་བློ་སེང་གིས་ ཟམ་གདོང་བཀའ་ཁྲིར་སླེབས་ནས་བོད་གཞུང་ནང་ལྐོག་ཟ་རུལ་སུང་(མཆནཿབློ་སེང་གིས་ལྐོག་ཟ་རུལ་སུང་ཟེར་བའི་མིང་ཚིག་དེ་བོད་སྐད་ནང་ཡག་པོ་ཞིག་བཤད་ཤེས་ཀྱི་མི་འདུག)མེད་པ་ཆགས་སོང་ཞེས་བཤད་སོང་།
    དེ་ནི་བོད་གཞུང་གི་གཞུང་ཞབས་པ་རྣམས་ལ་མཐོང་ཆུང་དང་དམའ་འབེབས་རེད། གཞུང་ཞབས་སུས་ཀློག་རུལ་སུང་བྱས་ཡོད་དམ། བསྟན་རྒྱུ་ཨེ་ཡོད། མ་ཤེས་ན་ཤེས་མདོ་མ་བྱས་ན་ལེགས། བོད་གཞུང་ནང་ནང་མི་སྤུན་མཆེད་སུ་འཐེན་ཡོད་དམ། དན་རྟགས་དྲང་རྒྱུ་དགོས། དྲང་རྒྱུ་ཡོད་ན་ཡག་པོ་རེད། དེར་བརྟེན་བློ་སེང་ལ་འོས་མ་འཕེན་ཟེར་གྱི་མེད། འཕེན་དགོས་དང་མ་དགོས་མང་ཚོགས་ནས་བལྟ་རྒྱུ་རེད། ལི་ཐང་བ་ཁ་ཤས་ནས་ཟེར་སྐད་ལ། བློ་སེང་གིས་དོལ་རྒྱལ་གནད་དོན་ཐོག་ཧ་ཅང་ཟོལ་པོ་བྱེད་ཀྱི་ཡོད་རེད་ཟེར། དངོས་གནས་ཡིན་ན། བློ་ཁོག་མེད་པ་གཏན་འཁེལ། ཚང་མས་འོས་འཕེན་སྐབས་ཟབ་ཟབ་མ་གནང་ན། ང་ཚོ་སྐྱེལ་སར་བསྐྱལ་ཡོང་།

    Reply
  23. ཉི་ཟླའི་མགྲོན་བདག says:
    ལོ་ 15 སྔོན།

    Lhamon ལ་བདག་གིས་བལྟས་ན་ཁྱེད་རང་གོ་ལོག་དང་ཆབ་སྲིད་འཁྲབ་སྟེང་མི་ཤེས་མཁན་ཞིག་ཡིན་པ་གསལ་བོར་མཐོང་སོང་།བདག་གི་མཐའ་གཅིག་ཏུ་ཁོང་གི་བློ་འཁེལ་ས་འཇུ་ཆེན་རེད་ལབ་མེད།ཁ་ཤས་ཀྱི་ལབ་ཀྱི་འདུག་ལབ་པ་མ་གཏོགས་བདག་གི་ཁོང་ལ་དགའ་མིན་དགའ་འདོག་གི་སྐད་ཆ་བཤད་གི་མེད་གོ་སོང་ངམ།ཁོང་ཚོའི་འོས་གཞི་ནང་དུ་མཐའ་མ་ཡིན་པ་ཙམ་གྱི་དགའ་གི་མ་རེད་ལབ་ན་ཁྱོད་རང་མྱོན་པའི་གཏམ་རེད།ངས་ཁྱེད་ལ་དྲི་བ་གཉིས་གཏོང་།གཅིག།མ་འོངས་ན་ཁོང་བཀའ་ཁྲི་ཐོབ་སོང་ན་ཁོང་གི་བློ་འཁེལ་ས་བཀའ་ཟུར་སུ་ཡིན་ནམ།གཉིས།ཤེས་ཡོན་ཅན་གྱི་དབྱེ་བ་མེད་པར་རྒན་པ་མང་ཆེ་བའི་ཁོང་བཀའ་ཁྲི་རྒྱབ་སྐྱོར་མི་བྱེད་དོན་ཅི་ཡིན་ནམ།བདག་ལན་གསལ་པོར་འདེབས་རོགས་ཞུ།

    Reply
  24. བོད་མིའི་ལས་དབང༌། says:
    ལོ་ 15 སྔོན།

    གལ་སྲིད་བློ་སེང་ལ་བཀའ་ཁྲི་འོས་ཐོབ་ན་ཁོང་གི་ལས་རོགས་ལྷན་ཁང་གཞན་གྱི་བཀའ་བློན་ག་འདྲ་ཞིག་བསྐོ་གཞག་དང་བཀའ་བློན་གྱི་འོས་ཆོས་ལྡན་པའི་མི་སྣ་བྱེད་འདོད་ཡོད་མེད་ག་ཚོད་ཙམ་རག་གི་ཡོད་མེད་བློ་དོགས་རང་བཞིན་ཞིག་སླེབས་སོང༌། གང་ཡིན་ཟེར་ན་བློ་སེང་ཁོ་རང་མི་ཧ་རི་ཧོ་རེ་དང་ཧམ་གཏམ་བཤད་མཁན་ཞིག་ཡིན་དུས་བཀའ་བློན་ལས་རོགས་ཚད་ལྡན་ཞིག་རག་ཁ་པོ་རེད་བསམ་གྱི་འདུག གང་ཡིན་ཟེར་ན་གལ་སྲིད་བཀའ་ཁྲི་ལས་ལམ་ལྷོང་མ་བྱུང་ནས་ལས་གནས་ནས་དགོངས་ཞུ་བྱེད་དགོས་བྱུང་ན་བཀའ་བློན་གཞན་རྣམས་ཀྱང་རང་བཞིན་གྱིས་ལས་གནས་ནས་བུད་འགྲོ་ཀྱི་ཡོད།

    Reply
  25. ཤིང་རྟ། says:
    ལོ་ 15 སྔོན།

    བོད་པ་ཚང་ལ་ཤ་ཞེན་ལྷག་བསམ་ཡོད་ན། མིང་རྒྱང་རིང་དུ་གཟིགས་ཏེ་འོས་བླུག་པ་ལས་ཕྱོགས་རིས་དང་འཐེན་ཁྱེར་གྱི་དབང་དུ་མ་སོང་བ་གལ་ཆེ།

    Reply
  26. ཤིང་རྟ། says:
    ལོ་ 15 སྔོན།

    ཁོང་བཀའ་བློན་ཁྲི་པར་ཕེབས་ན། བོད་པ་ཚང་ལ་རེ་བའི་འོད་ཟེར་གསར་པ་ཞིག་དང་་
    མདུན་ལམ་གསར་བ་ཞིག་ཡོད་ངེས། དེའི་ཕྱིར་ཁ་བ་ཅན་ལ་བློ་སེམས་དཀར་མཁན་ཚོས། ཕུགས་རྒྱང་རིང་པོར་གཟིགས་ཏེ་ཕྱོགས་རིས་དང་འཐེན་གྱི་དབང་དུ་མ་སོང་བ་ཞིག་གལ་ཤིན་ཏུ་ཆེ།

    Reply
  27. ནགས་མེ། says:
    ལོ་ 15 སྔོན།

    ད་ལྟའི་ཆར་བཙན་བྱོལ་གྱི་འཁོར་ཡུག་འདིའི་གཡས་གཡོན་མདུན་རྒྱབ་གང་ནའང་བློ་བཟང་སེང་གེ་ལས་འོས་པའི་བཀའ་ཁྲི་ཞིག་མཐོང་མ་སོང་། དེར་བརྟེན་ངས་མཐའ་གཅིག་ཏུ་ཁོང་ལ་རྒྱབ་སྐྱོར་ཞུ་གི་ཡིན།

    Reply
  28. ཉི་འབུམ། says:
    ལོ་ 15 སྔོན།

    ཁྱེད་རྣམ་པས་བློ་བཟང་སེང་གེ་ལ་འོས་བླུག་ན་མི་རིགས་དང་། རྒྱལ་ཁབ་ལ་ཁ་ཕྱོགས་པའི་འཐབ་རྩོད་པ་ཞིག་གཞི་ལ་བཞག་ནས་རང་གིས་འོས་
    དགོས། ཁྱིམ་རྒྱུད་དང་ལོངས་སྤྱོད་ལ་གཞིགས་ནས་འོས་བླུག་ན་ནོར་བ་རེད།

    Reply
  29. Lhamon says:
    ལོ་ 15 སྔོན།

    ཉི་ཟླའི་མགྲོན་བདག་ཟེར་བ་ཞིག་གིས་མཁས་དབང་བློ་བཟང་སེང་གེས་བློ་འཁེལ་ས་འཇུ་ཆེན་རེད་ཟེར། སྤྱིར་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་ལ་བློ་འཁེལ་བ་དེ་སྡུག་ཅག་ཡིན་དང་ཡག་པོ་ཡིན་ངས་བཤད་ཚོད་མི་ཐིག་ཀྱང་། ཁོང་གི་སྐད་ཆ་དེ་ག་ཕྱི་གོ་ལོག་རང་རེད། ད་ལྟའི་ཆར་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་དང་། བཀའ་ཟུར་ཨ་ལགས་འཇིགས་མེད་ལྷུན་འགྲུབ་གཉིས་ཀྱི་བཀའ་བློན་ཁྲི་པ་དེ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཁོ་ན་ཡིན་པ་ལས། བློ་བཟང་སེང་གེ་ལ་རྒྱབ་སྐྱོར་རྩ་བ་ཉིད་ནས་མེད་པ་མ་ཟད། ད་ལྟའི་ཆར་བཀའ་ཁྲིའི་འོས་གཞིའི་ནང་འགྲོ་རྒྱུ་ཡིན་ཚུལ་བཤད་བཞིན་པ་ཁག་གི་ནང་ནས་བཀའ་ཟུར་འཇུ་ཆེན་ཐུབ་བསྟན་གྱི་སྣང་བར་མི་འགྲོ་བ་ཆེ་ཤོས་ནི། རྒྱ་རི་སྒྲོལ་མ་དང་། བློ་བཟང་སེང་གེ་ཡིན་པ་ཧ་ཅང་གསལ་པོ་རེད། དེ་ལ་རྒྱུ་མཚན་མང་པོ་ཡོད་ཀྱང་ར་སྤྲོད་གསལ་ཤོས་གཅིག་ཡོད་པ་ནི། ཕུ་པ་ཚེ་རིང་སྟོབས་རྒྱལ་ཅན་གྱིས་འགོ་ཁྲིད་པའི་ཆུ་བཞི་སྒང་དྲུག་གསར་པས་བཀའ་ཁྲིའི་འོས་གཞིའི་ནང་མི་དྲུག་ཡོད་པའི་མཐའ་མ་དེ་བློ་བཟང་སེང་གེ་རེད། རྒྱུ་མཚན་དེ་གཅིག་པུའི་ཐོག་ནས་ཀྱང་བློ་བཟང་སེང་གེས་བློ་གཏད་ས་འཇུ་ཆེན་ཐུབ་བསྟན་མིན་པ་ཧ་ཅང་གསལ་པོ་རེད།
    འོན་ཀྱང་ཁོང་ཚོའི་འོས་གཞིའི་ནང་དུ་མི་དྲུག་ཡོད་པའི་ཐ་མ་དེ་བློ་བཟང་སེང་གེ་ཡིན་ཙང་བློ་བཟང་སེང་གེས་བློ་གཏད་བཅོལ་ཡུལ་ཁོང་ཚོ་མ་ཡིན་པའང་གསལ་པོ་ཆགས་པ་རེད། རྒྱི་རི་སྒྲོལ་མས་ད་ལྟ་ཁ་གཏད་གཅོག་ས་གཙོ་བོ་དེ་བློ་བཟང་སེང་གེ་ཡིན་པས་བློ་བཟང་སེང་གེ་ལ་མདོ་སྟོད་ཀྱི་གནད་ཡོད་མི་སྣ་ཟེར་དགོས་ནའང་འདྲ། འཁྲབ་སྟོན་པ་དེ་ཚོས་རྒྱབ་སྐྱོར་མེད་པ་ཧ་ཅང་གསལ་པོ་རེད། གནད་དོན་འདི་འདྲའི་ཐོག་ནས་བཤད་ན་གྲོགས་མེད་ཁེར་རྐྱང་ཞིག་རེད་ཅེས་བརྗོད་ཀྱང་མི་ཆོག་པ་མེད་པ་ལྟ་བུར་གྱུར་འདུག གལ་སྲིད་མི་མང་གིས་རྒྱབ་སྐྱོར་གནང་ན་གཞི་ནས་ཁོང་རྒྱབ་རྩ་ཡོད་པ་ཞིག་ཏུ་གྱུར་པ་རེད།

    Reply
  30. སྒྲོལ་མ་སྐྱབས། says:
    ལོ་ 15 སྔོན།

    རྒྱབ་སྐྱོར་བྱེད་མཁན་དེ་ཚོ་གོ་མྱོང་མེད་པ་ཤ་སྟག་རེད་འདུག དེ་ང་རང་གོ་རྒྱ་ཆུང་བས་ཡིན་སྲིད།

    བློ་བཟང་སེང་གེ་འདི་ཆུ་སྒང་གསར་རྙིང་གི་རྙོག་དྲ་དང་འབྲེལ་བ་འདུག

    ལངས་ཕྱོགས་ཀྱང་གསལ་པོ་མི་འདུག

    བཀའ་བློན་ཁྲི་པའི་གོ་གནས་རག་ཆེད་ག་རེ་ཡིན་ནའང་བྱེད་ཀི་འདུག

    ཁོང་ལ་ཉམས་མྱོང་ཡང་མི་འདུག དེར་བརྟེན། རྒྱབ་སྐྱོར་མེད།

    Reply
  31. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    ལོ་རྒྱུས་འདིར་ཞིབ་ཚགས་དཔྱད་ཞིབ་བྱས་ན་ཧང་གཏམ་ཡང་འགའ་རེ་ཡོད་བཟོ་འདུག་དེ་ཡང་༼ཐེ་ཝན་གཙུག་ལག་སློབ་གྲྭ་ཆེན་མོ། པེ་ཅིང་གཙུག་ལག་སློབ་གྲྭ་ཆེན་མོ། རྒྱ་གར་གྱི་མཱ་ཌི་ར་སི་གཙུག་ལག་སློབ་གྲྭ་ཆེན་མོ་སོགས་དང། ཨ་རི་ནང་ཡོད་པའི་འཕྲུལ་ལས་ཀྱི་སྡེ་ཚན་སོགས་གཙུག་ལག་སློབ་གྲྭ་ཆེན་མོ་འདྲ་མིན་ནང་རྒྱ་བོད་གཉིས་ཀྱི་གནད་དོན་སྐོར་ལ་གསུང་བཤད་གནང་བར་ཕེབས་དང་ཕེབས་བཞིན་པ་རེད་༽དུམ་ཙམ་དེར་དཔྱད་པ་ཞིབ་མོ་ཞིག་གནང་དང་། པེ་ཅིང་སློབ་གྲྭ་ཆེན་མོའི་ནང་རྒྱལ་བོད་གཉིས་གནད་དོན་སྐོར་ལ་གསུང་བཤད་གནང་བར་ཕེབས་དང་ཕེབས་བཞིན་པ་རེད་ཟེར་བ་འདི་བདེན་པ་ཡིན་ནམ་དེ་ལྟར་ཡིན་ན་གསར་སྒྱུར་རྒྱུད་ལམ་ཁག་ནས་སྔ་ས་ནས་དོན་ཡོད་སྲིད། མ་ཟད་བོད་མི་ཞིག་གི་པེ་ཅིང་སློབ་གྲྭ་ཆེན་མོ་ནང་གཏམ་བཤད་ཀྱི་གོ་སྐབས་ཙམ་རེག་ཀྱང་སྐད་གྲགས་ཆགས་ངེས་མ་ཡིན་ནམ། མི་མང་མགོ་སྐོར་གཏོང་མཁན་ཡིན་ན་གཏོང་མཁས་པོ་གནང་བ་མཛེས་སོ།།

    Reply
  32. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 15 སྔོན།

    བློ་སེང་ལ་ཉམས་མྱོང་མེད་རབས་དང་། དེ་སྔོན་གཞུང་འཛིན་བྱེད་མ་མྱོང་བར་ཐུགས་ཁྲལ་གནང་མཁན་ཚོར་གསལ་འདེབས་ཞུ་རྒྱུ་ཞིག་ལ།
    བཀའ་བློན་ཁྲི་པ་ནི། སྤྱིའི་གནས་སྟངས་ཤེས་མཁན་དང་། གཞུང་གི་སྤྱིའི་ཆབ་སྲིད་ཀྱི་སྒྲོམ་གཞི་འཛིན་སྐྱོང་བྱེད་མཁན་ཡིན་པ་ལས། ཉིན་རེ་བཞིན་ལས་ཁུངས་རེ་རེའི་ནང་དུ་ལས་ཀ་ག་རེ་བྱེད་དགོས་མིན་དང་། ཚོང་ཁང་ནང་དུ་ཅ་ལག་ག་རེ་ལེན་དགོས་མིན། གངས་ཅན་སྐྱིད་གཤོངས་སུ་རླངས་འཁོར་ཁ་སྐོར་སྟངས་ག་འདྲ་དགོས་མིན། སྤྱི་ཐབ་ནང་དུ་ཁ་ལག་མང་ཉུང་ག་ཚོད་བཟོ་དགོས་མིན་སོགས་ལ་རེ་རེ་བཞིན་བལྟ་མི་དགོས་པས་ཐུགས་ཁྲལ་གནང་དགོས་དོན་རྩ་བ་ནས་ཡོད་མ་རེད། དཔེར་ན། ལྷན་ཁང་སོ་སོ་ལ་བཀའ་བློ་རེ་ཡོད་པས་དེ་ཚོའི་ངོས་ནས་འགན་མང་པོ་ཞིག་འཁུར་འགྲོ་གི་རེད།
    བཙན་བྱོལ་གཞུང་གི་ཆབ་སྲིད་དང་དཔལ་འབྱོར་སོགས་སྤྱིའི་སྒྲོམ་གཞིའི་གནས་སྟངས་ཆ་ནས་བློ་བཟང་སེང་གེས་མི་ཤེས་པ་ཞིག་དང་། མི་འཇོན་པ་ཞིག རྒྱུས་མེད་པ་ཞིག་གང་ཡང་ཡོད་མ་རེད། དཔེར་ན། དེ་སྔོན་བློ་སེང་གིས་ཧར་ཝར་གཙུག་ལག་སློབ་ཁང་ནས་བཙན་བྱོལ་གྱི་ལོ་རྒྱུས་དེབ་འབྲི་མྱོང་བ་དེས་མཚོན་ཐུབ་ཀྱི་རེད་ལ། ད་དུང་ཁོང་གིས་བྲིས་པའི་འོས་ཤོག་གི་སྐོར་གྱི་རྩོམ་ཡིག་སོགས་ལ་བལྟས་ན་མི་ཤེས་པ་ཞིག་གང་ཡང་ཡོད་མ་རེད།
    ཡང་ཁ་ཤས་ཀྱིས་བཀའ་ཁྲིའི་རྐུབ་ཀྱག་དེ་ཉམས་མྱོང་གསོག་ས་མ་རེད་ཟེར། དེ་སྔོན་བྱེད་མ་མྱོང་བ་ཞིག་གིས་བྱས་ནས་ཉམས་མྱོང་ཐོབ་དགོས་པ་མ་གཏོགས། ཨ་མའི་པང་ནས་སྐྱེས་དུས་ནས་ཉམས་མྱོང་ཚང་མ་བསགས་ཚར་མཁན་ཞིག་སུ་འདུག
    ངས་བལྟས་ན་ལྷག་པར་དུ་བློ་སེང་ལྟ་བུའི་མི་གསར་པ་ཞིག་བཀའ་ཁྲི་ངེས་པར་དུ་བྱེད་དགོས་ཀྱི་འདུག གང་ཡིན་ཟེར་ན། སྤྱིའི་ཆ་ནས་དོན་དག་ཆེན་པོ་དེ་ཚོ་༧རྒྱལ་བ་རིན་པོ་ཆེ་སྐུ་འཚོ་བཞུགས་ཡིན་པས་དེ་དང་བཀའ་སྡུར་གནང་ན་འགྲིག་གི་རེད། ༧རྒྱལ་བ་རིན་པོ་ཆེ་བཞུགས་པའི་སྐབས་སུ་ན་གཞོན་ཚོར་སྦྱོང་བརྡར་སྤྲོད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གཞན་མ་གཏོགས་མི་རྙིང་པ་རྐྱང་རྐྱང་ཡང་བསྐྱར་ཡོང་བསྡད་ན་རྒྱ་ནག་གི་མདུན་ལའང་ངོ་ཚ་དགོས་པ་ཞིག་དང་། ལན་འདེབས་མི་ཤེས་པ་ཞིག་ཆགས་ཀྱི་རེད།

    Reply
  33. ཁ་དུག་ཚེར། says:
    ལོ་ 15 སྔོན།

    ཉི་ཟླའི་མགྲོན་བདག་ཁྱོད་ཀྱི་སྐད་ཆ་དེ་ཧ་ཅང་ཐལ་ཆེ་འདུག་གང་ཡིན་ཞེ་ན་བཀའ་ཟུར་འཇུ་ཆེན་ལ་བློ་འཁེལ་ན་སྐྱོ་དགོས་དོན་གང་ཡིན་གསལ་བོ་ཤོད།

    Reply
  34. གུར་གུམ། says:
    ལོ་ 15 སྔོན།

    ངའི་རེ་སྒུག་གི་བཀའ་ཁྲི་གཅིག་བུ་ཁྱོད་རང་ལས་མ་འདས།

    Reply
  35. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    མ་འོངས་པར་བོད་མིའི་ལས་བྱེད་རེ་བ་རྒྱག་འོས་པ་ཞིག་ཏུ་མཐོང་།

    Reply
  36. གཡུ་རལ་ཚང་བཀྲ་ཤིས་རྒྱ་མཚོ says:
    ལོ་ 15 སྔོན།

    ལྷག་བསམ་དང་འཇོན་ཐང་ལ་རྒྱུས་མངའ་མེད་ཀྱང་བློ་བཟང་སེང་གེ་ཁོང་རྒྱལ་སྤྱིའི་ཁྲིམས་ལུགས་མཁས་བ་ཞིག་ཡིན་པ་གོ་ཐོས་ཡོད། དེར་བརྟེན་ད་ཐེངས་རྒྱལ་ཁབ་གང་སར་བཞུགས་པའི་ལྷག་བསམ་ཅན་ཁག་ཅིག་གིས་ཁོང་བཀའ་ཁྲིའི་འོས་གཞིར་བཏོན་པ་ལ་རྒྱབ་སྐྱོར་དང་ཐུགས་རྗེ་ཆེ་ཞུ་བ་ཡིན།

    Reply
  37. རྒྱལ་བསྟན། says:
    ལོ་ 15 སྔོན།

    མཁས་དབང་བློ་བཟང་སེང་གེ་ལགས་ཀྱི་ལོ་རྒྱུས་ལ་བལྟས་ན་དངོས་གནས་མི་འཇོན་པོ་དང་མཁས་དབང་ཡིན་པར་ཐེ་ཚོམ་མི་འདུག འོན་ཀྱང་ངེད་ཀྱི་བཀའ་བློན་ཁྲི་བའི་འོས་གཅིག་པོ་དེ་ཁོང་ལ་བླུགས་ཀྱི་མིན། གང་ཡིན་ཟེར་ན་ཁོང་ད་བར་གཞུང་ཞབས་གནང་མྱོང་མེད་པས་གཞུང་ཞབས་ཁོངས་སུ་མེད་པའི་མི་ཞིག་ཧོབ་སྟེ་གཞུང་གི་གོ་གནས་མཐོ་ཤོས་དེར་བསྐོས་ན་བདེ་པོ་མིན་འདུག
    གཉིས་ནས་མཁས་དབང་ཡིན་པ་ཙམ་གྱིས་ཕྱག་ལས་ཡག་པོ་དང་ཕྱོགས་ཞེན་མེད་པ་གནང་གི་རེད་བཤད་ཡག་སྔ་དྲགས་པ་རེད་བསམས། གཞུང་ནང་ཕྱག་ལས་ལོ་ཤས་གནང་རྗེས་གཞི་ནས་སྐྱོན་ཡོད་མེད་དང་ཕྱོགས་ཞེན་ཡོད་མེད་བཤད་ན་ལེན་པོ་འདུག གཞུང་ནང་ཕྱག་ལས་གནང་མྱོང་མེད་དུས་གཞུང་གི་ཕྱག་ལས་གནང་སྟངས་ཐད་ལ་སྐྱོན་ཡོན་གང་ཡང་བཤད་ཡག་མེད་པ་རེད།
    ཡག་ཤོས་བྱུང་ན་སྤྱི་འཐུས་ལོ་ཤས་གནང་ཐུབ་ན་ཡག་པོ་འདུག་བསམས།

    Reply
  38. ཉི་ཟླའི་མགྲོན་བདག says:
    ལོ་ 15 སྔོན།

    ཁོང་གི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་བལྟས་ན་ང་དགའ་འོས་བ་ཞིག་རེད།ཁོང་གི་བློ་འཁེལ་ས་འཇུ་ཆེན་རེད་གོ་དུས་ང་སྐྱོ་དྲག་གི།ད་ལྟ་ང་ཁོང་གི་སྟེང་ལ་དགའ་སྐྱོ་ཟུང་འབྲེལ་གྱི་བར་ན་ཉིན་མཚན་མེད་པར་སྨྱུག་རྩེ་ན་གླེང་བཞིན་གླེང་བཞིན་ཡོད།

    Reply
  39. རང་རྟོན། says:
    ལོ་ 15 སྔོན།

    ད་ལྟ་འུ་ཚང་གི་བཀའ་བློན་ཁྲི་བའི་འོས་གཞི་ནི་འགྲན་རྩོད་ཀྱི་ངོ་བོར་འཕོས་བཞིན་པ་ནི་ཕྱོགས་གཅིག་ནས་བལྟས་ན་ཆེས་དགའ་དགོས་པའི་གནས་ཚུལ་ཞིག་རེད།ངས་བསམ་ན་བཀའ་བློན་ཁྲི་བ་སུ་ཞིག་བྱེད་ན་ངེས་པར་དུ་མཁྱེན་དགོས་པ་ཞིག་ནི་འུ་ཚང་གི་སྐྱ་ཆད་སྔོ་སྡུག་གི་ལོ་ཟླ་འདི་དང་རང་ཉིད་ཀྱིས་བོད་མི་བྱིངས་ཀྱི་འཐུས་ཚབ་བྱེད་ཐུབ་པའི་གདེང་ཚོད་དང་ཤེས་འཇོན་ནུས་གསུམ་གྱི་རིན་ཐང་ལྡན་པའི་སྒོ་ནས་ཕེབས་དགོས་པ་ནི་ཁ་ཚ་དགོས་གཏུག་གི་དོན་དག་ཞིག་རེད་འདོད་གི།དེ་མེད་ན་འགྲན་རྩོད་རང་བཞིན་གྱིས་འཚང་ཁ་བརྒྱབ་ན་རི་བོང་ཅལ་འདྲོགས་ཀྱི་དཔེ་ལས་མ་འདས་འདོད།
    བདག་གིས་མཁས་དབང་བློ་བཟང་སེང་གེ་ནི་གོང་གི་ཆ་རྐྱེན་དག་ཚང་བའི་དཔེ་མཚོན་གྱི་མི་སྣ་ཞིག་རེད་འདོད་པས་ལྷག་བསམ་རྣམ་དག་གི་སྒོ་ནས་རྒྱབ་སྐྱོར་བྱེད་བཞིན་ཡོད།
    རང་རྟོན་ནས།

    Reply
  40. སྐར་ཁྲི་བཙན། says:
    ལོ་ 15 སྔོན།

    བོད་སྤྱི་བའི་དོན་དག་གླེང་ཡོང་དུས་གལ་སྲིད་ལྷག་བསམ་རྣམ་དག་ཡིན་ན་མཁས་དབང་འདི་ལ་བསམ་བློ་གཏོང་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese