དེ་རིང་ཕྱི་ཚེས་ ༡༣ ཉིན་སྔ་དྲོའི་ཆུ་ཚོད་ ༡༢ སྟེང་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། རྒྱ་གར་ཡུལ་མི་བོད་དོན་རྒྱབ་སྐྱོར་བ་ Dr. Mahesh Yadav ལགས་ཀྱིས་རང་གི་ཟུངས་ཁྲག་གིས་ཨོ་བྷ་མའི་འདྲ་རིས་ཤིག་བྲིས་ཏེ། དེའི་སྟེང་བཀུར་འོས་ཨ་རིའི་སྲིད་འཛིན་ཨོ་བྷ་མ། བོད་དང་འགྲོ་བ་མིའི་ཀུན་སྤྱོད་རང་དབང་སྐྱོབས་རོགས་ཞེས་བྲིས་པ་དང་། མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་ཡོད།
འདས་པའི་ལོ་ ༡༤ རིང་རང་གི་ཟུངས་ཁྲག་གིས་ཞུ་འབུལ་གྱི་ཡི་གེ་དང་རི་མོ་བྲིས་ཏེ། བོད་དོན་རྒྱབ་སྐྱོར་ཆེད་ཕྱག་ལས་གནང་བའི་རྒྱ་གར་ཡུལ་མི་ Dr. Mahesh Yadav ལགས་ཀྱིས། དེ་རིང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རང་གི་ལུས་ནས་ཟུངས་ཁྲག་བཏོན་ནས་ཨ་རིའི་སྲིད་འཛིན་ཨོ་བྷ་མའི་འདྲ་རིས་ཤིག་བྲིས་ཏེ། དེའི་སྟེང་བཀུར་འོས་ཨ་རིའི་སྲིད་འཛིན་ཨོ་བྷ་མ། བོད་དང་འགྲོ་བ་མིའི་ཀུན་སྤྱོད་རང་དབང་སྐྱོབས་རོགས་ཞེས་བྲིས་ཡོད་ལ། ཁོང་ཟླ་ ༩ ཟླ་མཇུག་ཏུ་ཨ་རིར་ཕེབས་ནས་བོད་དོན་རྒྱབ་སྐྱོར་ཐད་ཀྱི་རེ་སྐུལ་འདྲ་རིས་དེ། ཨ་རིའི་སྲིད་འཛིན་ཨོ་བྷ་མའི་ཕྱག་ཏུ་འབུལ་རྒྱུ་ཡིན་འདུག
ཉིན་དེར་ད་དུང་རིང་ཚད་ལ་ཕི་ཊྲི་ ༥༡ ཡོད་པའི་འཕྲེད་དར་རིང་བོ་ཞིག་གི་སྟེང་དུ་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་ཀྱང་སྤེལ་ཡོད་ལ། འཕྲེད་དར་དེ་འདི་ལོའི་གྷན་ངྷི་མཆོག་གི་སྐུའི་འཁྲུངས་སྐར་ཉིན་མཉམ་འབྲེལ་རྒྱལ་ཚོགས་སུ་ཕུལ་ཏེ། བོད་དོན་ལ་རྒྱབ་སྐྱོར་བྱ་རྒྱུར་འབོད་སྐུལ་གནང་རྒྱུ་ཡིན་འདུག
བོད་དོན་རྒྱབ་སྐྱོར་བ་ Dr. Mahesh Yadav ལགས་ཀྱིས་གསར་འགོད་པར་གསུངས་དོན། ངས་ནི་༧གོང་ས་མཆོག་གིས་འཚེ་མེད་ཞི་བའི་ཕྱག་ལས་གནང་སྟངས་དེ་གྷན་ངྷི་མཆོག་དང་ཕྱག་ལས་གནང་སྟངས་དང་འདྲ་བོ་མཐོང་གི་འདུག་ལ། གྷན་ངྷི་མཆོག་གིས་འཚེ་མེད་ཞི་བའི་ངང་ནས་རྒྱ་གར་ལ་རང་བཙན་བླངས་པ་དང་། ནན་སེན་མ་ཌལ་ལ་མཆོག་གིས་ཞི་བའི་ངང་ནས་ལྷོ་ཨ་ཧྥུ་རི་ཀར་རང་བཙན་བླངས་ཡོད། ད་ལྟའི་དུས་འདིར་༧གོང་ས་མཆོག་གིས་ཞི་བའི་འཐབ་རྩོད་ཀྱི་ལམ་ནས་བོད་ཀྱི་དཀའ་རྙོག་སེལ་བ་དང་། དམག་དང་དམག་འཁྲུག་མེད་པའི་འཐབ་རྩོད་གནང་བཞིན་པར་རྒྱལ་ཁ་མ་འཐོབ་ན། མ་འོངས་པར་འཛམ་གླིང་ནང་འཚེ་མེད་ཞི་བའི་ལམ་ནས་རང་བཙན་ལེན་པ་དང་ལས་ཀ་བྱ་རྒྱུར་དཀའ་ངལ་འབྱུང་རྒྱུ་ཡིན་སྟབས། ངས་༧གོང་ས་མཆོག་གིས་འཚེ་མེད་ཞི་བའི་ངང་ནས་བོད་དོན་འཐབ་རྩོད་གནང་བཞིན་པར་རྒྱབ་སྐྱོར་ཆེད་ལས་འགུལ་འདི་དག་སྤེལ་གྱིན་ཡོད་ཅེས་དང་།
ཡང་ཁོང་གིས། ངས་རང་གི་ལུས་ཀྱི་ཁྲག་བཏོན་ཏེ་ཡི་གེ་འབྲི་བ་དང་རི་མོ་འབྲི་བ་སོགས་ཀྱི་ལས་འགུལ་སྤེལ་བཞིན་པ་འདི། དྲག་པོ་དང་འཚེ་བ་ཅན་གྱི་ལས་འགུལ་གང་ཡང་མིན་པར། ཞི་བདེའི་ཐོག་ནས་བོད་མི་ཡོངས་ལ་རང་དབང་འཐོབ་ཐུབ་པ་དང་། ༧གོང་ས་མཆོག་གིས་ཞི་བདེའི་ངང་བོད་དོན་འཐབ་རྩོད་རྒྱུན་རིང་གནང་བར་ཕན་ནུས་ཐོན་ ཆེད་དུ་ཡིན།
སྤྱིར་ད་ལྟའི་ཆར་བོད་འདི་བཞིན་ཧ་ཅང་གི་དཀའ་རྙོག་ཅིག་གི་ནང་དུ་ཡོད་སྟབས། ངས་བོད་དོན་ཞི་བདེའི་ངང་ནས་ཐག་གཅོད་ཡོང་རྒྱུར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ལ། གལ་སྲིད་བོད་དེ་རང་དབང་དང་བདེ་སྐྱིད་ལྡན་པ་ཞིག་ཡིན་ཚེ། ངས་མི་རིགས་གཞན་དང་ལུང་པ་གཞན་ཞིག་གི་རང་དབང་དང་ཞི་བདེའི་ཆེད་དུ་ལས་ཀ་བྱེད་ཀྱིན་ཡོད་ངེས། གང་ལྟར་འཛམ་གླིང་ཞི་བདེའི་ཆེད་དུ་ལས་ཀ་བྱ་ངེས་ཡིན་ཞེས་གསུངས།
གསར་འགོད་པས་ཁོང་གིས་བོད་དོན་ཆེད་ཕྱག་ལས་གནང་བཞིན་པ་དག་ག་དུས་མཚམས་འཇོག་གི་ཡིན་མིན་སྐོར་དྲིས་པར། ཁོང་གིས་གསུངས་དོན། ངས་བོད་དོན་ཆེད་དུ་སྤེལ་གྱིན་པའི་ལས་འགུལ་འདི་དག་བོད་ལ་རང་དབང་མ་ཐོབ་བར་དང་ངའི་ལུས་ཀྱི་ཟུངས་ཁྲག་མ་རྫོགས་བར། ཡང་ན་བོད་ཀྱི་རྒྱལ་ས་ལྷ་སར་བོད་གཞིས་བྱེས་གཉིས་ཀྱི་བོད་རིགས་ཚང་མ་མཉམ་འཛོམས་མ་བྱུང་བར་ལས་འགུལ་སྤེལ་མཚམས་འཇོག་གི་མིན་ཞེས་ལན་བཏབས།
ཐེངས་འདིའི་ལས་འགུལ་འདིར་ད་ལོའི་ ༼ ༢༠༡༠ ༽ བོད་ཀྱི་མཛངས་མ་བསྟན་འཛིན་ནོར་འཛོམས་ཀྱིས་རྒྱབ་སྐྱོར་གནང་བཞིན་ཡོད་ལ། ཁོ་མོ་ Dr. Mahesh Yadav ལགས་མཉམ་དུ་ཨ་རི་སོགས་སུ་ལས་འགུལ་འདིའི་ཆེད་དུ་མཉམ་སྐྱོད་བྱ་རྒྱུ་ཡིན་སྟབས། ཁོ་མོས་གསར་འགོད་པར་ལས་འགུལ་འདིར་མཉམ་ཞུགས་བྱ་དགོས་པའི་རྒྱུ་མཚན་གསུངས་དོན། ངས་ཐེངས་འདིའི་ལས་འགུལ་འདིར་མཉམ་ཞུགས་བྱེད་དོན་གཅིག་ནས་རང་ཉིད་བུད་མེད་ཅིག་ཡིན་པ་དང་། གཉིས་ནས་ ༢༠༡༠ ལོའི་བོད་ཀྱི་མཛངས་མ་ཞིག་ཡིན་པ། གསུམ་ནས་བོད་མི་མིན་པའི་མི་རིགས་གཞན་ཞིག་གིས་བོད་དོན་ཆེད་ལས་འགུལ་སྤེལ་དུས། རང་ཉིད་ཀྱིས་ངོས་ནས་རྒྱབ་སྐྱོར་བྱ་དགོས་པ་གལ་ཆེན་པོར་མཐོང་བ་བཅས་ཀྱིས་ཡིན་ཟེར།
གང་ལྟར། མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་འདི་ངྷ་ས་ནས་མགོ་བཙུགས་ཏེ། མི་རིང་བར་རྒྱ་གར་ནང་གི་བོད་མི་འདུས་སྡོད་ཀྱི་ས་གནས་ཁག་ཅིག་ཏུའང་སྤེལ་རྒྱུ་ཡིན་འདུག
གསར་འགོད་པ། ཨ་རིག་འགྱུར་མེད་དང་བནྟེ་སྐྱབས།
གྲོགས་པོ་ལགས་Dr. Mahesh Yadav
ཁྱེད་ཀྱི་བོད་དོན་ལ་རྒྱབ་སྐྱོར་བྱས་པ་ལ་རྗེས་སུ་ཡི་རངས་ཞུ།
ངས་ཁོང་གི་བྱེད་སྟངས་་དེ་འཚེ་བ་དང་འཚེ་མེད་གང་ཡིན་པ་བཤད་ཚོད་མི་ཐིགྱམོད།
ཡིན་ཡང་ང་ཚོའི་སྤྱི་ཚོགས་ཁྲོད་ན་འཚེ་བ་དང་འཚེ་མེདབཤད་ནས་ལས་འགུལ་ལ་གཡོལ་མཁན་ཡང་ཉུང་ཉུང་མིན།་་གང་ལྟར་ང་་ཁོ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད།
གུས་བརྩེ་ལྡན་པའི་ Dr. Mahesh Yadav མཧེཤ ཡདབ་རྒྱ་གར་བོད་ཀྱི་གྲོགས་པོ་སྐུ་ཉིད་འཚམས་འདྲི་ཞུ།
ཁྱེད་ཀྱི་བོད་དོན་ཐད་རང་གི་ཟུངས་ཁྲག་བེད་སྤྱད་དེ་ཤུགས་ཆེའི་རྒྱབ་སྐྱོར་མཛད་བཞིན་ཡོད་པ་དེར་ང་ཚོས་ཐུགས་རྗེ་དང་བཀའ་དྲིན་ཆེ་ཞུ་བཞིན་ཡོད།
བོད་ཀྱི་དཀའ་རྙོག་དེ་ཞི་བདེའི་ལམ་ནས་སེལ་བཞིན་ཡོད་སྟབས་ཁྱེད་ཀྱིས་འཛམ་གླིང་ཞི་བདེ་ལའང་མཛད་རྗེས་ཆེན་པོ་འཇོག་བཞིན་ཡོད།
དེ་ནི་དོན་སྙིང་ལྡན་ལ་རིན་ཐང་བྲལ་བའི་ཆེས་རྩ་ཆེའི་ལས་འགུལ་གལ་གནད་ཅན་ཞིག་ཀྱང་ཡིན།
དྲ་གྲོགས་ལྷན་རྒྱས་ལགས། གཤམ་གསལ་གླུ་དབྱངས་འདི་ལ་གཟིགས་རོགས།
http://www.youtube.com/watch?v=54DI27yBkyM&feature=related
འདི་འཚེ་བ་རེད། ནང་པས་དེ་འདྲར་བསྟོད་པ་བྱེད་སྲིད་དམ།
དོན་བཞེས་པ་རྒྱ་གར་གྱི་ཡུལ་མི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་Dr. Mahesh Yadav ལགས་ཀྱི་ཟུངས་ཁྲག་ནམ་ཡང་མ་རྫོགས་ཤོག་ཞེས་སྨོན་ལམ་འདེབས་དེ་མིན་བོད་དོན་ལས་འགུལ་སྤེལ་མཁན་ཚང་མ་གཉིད་ཤོར་བ་མ་ཟད་བཀའ་ཁྲི་མཆོག་ནས་ཀྱང་བཙན་བྱོལ་སྲིད་གཞུང་དང་བོད་གཞུང་། ཐ་ན་སྐྱབས་བཅོལ་སྲིད་གཞུང་ཀྱང་ཞལ་གྱི་མི་བཞེས་པ་ཡུལ་གྱར་ཚོགས་པ་ཡིན་པའི་བཀའ་ཁྱབ་བཏང་ཡོད་ཚོད་ལགས་ན་བོད་གང་དུ་ཡོད་དམ།
Dr. Mahesh Yadav གཙོས་པའི་བོད་དོན་རྒྱབ་སྐྱོར་བ་ཡོངས་སྙིང་ཐག་བཀའ་དྲིན་ཆེ།
རྒྱ་གར་བ་ཞིག་གིས་བོད་ཀྱི་གནད་དོན་ཡ་ང་བ་དེ་ལས་སྐྱོབ་ཆེད་དུ་རང་གི་ལུས་ནས་ཟུངས་ཁྲག་འགྲོ་གྲོན་བཏང་བར་ཐུགས་རྗེ་ཆེ་ཞུ་ལགས།
ཁང་པ་ཐོགས་རྩེགས་ཅན་གྱི་ནང་ལ་སྐུ་ལྷོད་པོར་བཞུགས་མཁན་ངེད་ཚོའི་འགོ་འདྲེན་པའི་མིང་འཛིན་པ་དག་གིས་ཐུགས་ལ་ག་རི་དགོངས་ཀྱི་ཡོད་དམ་དམ་དམ
གཞིས་བཞུགས་བོད་མི་ཚོས་རང་གིས་ཚེ་སྲོག་གི་བོད་བསྐྱབས་དང་སྐྱོབ་བཞིན། རྒྱ་གར་ཡུལ་མི་བོད་དོན་རྒྱབ་སྐྱོར་བས་རང་གིས་ཟུངས་ཁྲག་གི་རི་མོ་འབྲི་ཞོར་བོད་བསྐྱབས་དང་སྐྱོབ་བཞིན་པ་རེད། བྱེས་གཞུགས་བོད་མི་ཚོས་ངུ་འབོད་དང་རྒྱང་འབོད་རེ་རེས་བོད་བསྐྱབས་དང་སྐྱོབ་བཞིན་པའི་གནས་སྟངས་མི་འདྲ་བ་མང་པོ་ཞིག་ཡོད་ས་རེད།
རིགས་རུས་བོད་ལ་མ་སྐྱེས་བོད་ཞེན་ཅན།།
རང་གི་ཟུངས་ཁྲག་བོད་ཀྱི་ཆེད་དུ་འབུལ།།
སྣ་ཚོགས་ལས་འགུལ་བོད་ཀྱི་ཆེད་དུ་རྩོམ།།
ང་དང་ཁྱོད་ཀྱི་ཞེ་འདོད་མྱུར་འགྲུབ་ཤོག།
གཤམ་གསལ་དྲ་ཐག་འདི་ཁོང་གིས་བོད་དོན་ཁྱབ་བསྒྲགས་ཀྱི་ཆེད་དུ་བཟོས་པའི་དྲ་རྒྱ་རེད།
http://candle4tibet.ning.com/profiles/profile/show?id=DrMaheshYadav
རྒྱ་གར་གྱི་ཡུལ་མི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་Dr. Mahesh Yadav ལགས། ཁྱེད་ཀྱིས་རང་གི་ཟུངས་ཁྲག་ཚུན་ཆད་ཕྱིར་བཏོན་ནས་བོད་དོན་རོགས་སྐྱོར་གནང་བར་ངེད་ཅག་གངས་ཅན་པ་རྣམས་ཀྱིས་ནམ་ཡང་བརྗེད་མི་སྲིད་ལ། འདི་ནི་རྒྱ་གར་ནས་དར་བའི་ནང་ཆོས་དང་འཇིག་རྟེན་གཉིས་ཀའི་ཀུན་སྤྱོད་ནང་ཆེས་བསྔགས་བརྗོད་འོས་པའི་རླབས་ཆེན་གྱི་མཛད་རྗེས་ཤིག་རེད། བཀྲ་དྲིན་རྗེས་དྲན་ཡོད་ཐུགས་རྗེ་ཆེ། དེ་དང་ལྷན་དུ་བོད་པ་ཚོར་སོ་ནམ་མི་ཤེས་གྲོང་པར་ལྟོས། ཟེར་བ་ལྟར་ཕྱི་མི་རྒྱ་གར་བས་བོད་དོན་ཐོག་དེ་འདྲའི་ཁུར་ལེན་གྱི་ཡོད་ན། ད་ང་ཚོའི་ངོས་ནས་ཉིན་མཚན་མེད་པར་ཨ་སྒོར་ལ་མགོ་འཁོར་བསྡད་པ་དེ་ངོ་ཚ་ཤེས་དགོས་པའི་དུས་སུ་སླེབས་འདུག་ཅེས་ཞེན་བསྐུལ་ཞུ་ཡི་ཡོད།
ཐུགས་རྗེ་ཆེ་གྲངས་མེད་ཞུའོ་ བཀའ་དྲིན་ཆེ།