༸གོང་ས་མཆོག་གིས་མུ་ན་ལུ་ཁུལ་གྱི་མཛད་འཕྲིན་ཡོངས་སུ་གྲུབ་སྟེ། ཇི་སི་པིར་ཆིབས་བསྒྱུར་གནང་ཡོད།
ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་༸གོང་ས་མཆོག་གིས་ཐེངས་འདིའི་མུ་ན་ལི་ཁུལ་གྱི་མཛད་འཕྲིན་ཡོངས་སུ་གྲུབ་ཏེ། ཇི་སི་པིར་ཆིབས་བསྒྱུར་བསྐྱངས་ཡོད་ཅིང་། ཕེབས་ལམ་དུ་ཀི་ལོང་སི་ཤུལ་མགྲོན་ཁང་དུ་ཞབས་སོར་འཁོད་དེ། ས་གནས་ཡུལ་མི་ ༢༠༠ ཙམ་ལ་མཇལ་ཁ་དང་བཀའ་སློབ་བསྩལ་འདུག
སྐབས་དེར་༸གོང་ས་མཆོག་གིས། སངས་རྒྱས་བཅོམ་ལྡན་འདས་དང་འཇིག་རྟེན་བཀོད་པ་པོ་གཉིས་ལ་ཁྱད་པར་ཡོད་པ་རེད། སངས་རྒྱས་བཅོམ་ལྡན་འདས་ང་ཚོ་ལྟར་དང་པོ་མི་ཕལ་བ་ཞིག་ཡིན་པ་དང་ཕྱིས་སུ་སངས་རྒྱས་པ་རེད། སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ཐུབ་པ་དེ་ཁོང་གི་རྒྱུད་ལ་ཁམས་བདེ་གཤེགས་སྙིང་པོ་ཡོད་པ་དེ་ལ་བརྟེན་ནས་ཁོང་སངས་རྒྱས་ཐུབ་ཡོད། ཁམས་བདེ་གཤེགས་སྙིང་པོ་དེ་ང་ཚོ་མི་ཚང་མའི་རྒྱུད་དུའང་ཡོད་པ་རེད། སངས་རྒྱས་ཀྱིས་སྟོན་པའི་ཆོས་དེས་ང་ཚོ་ཡང་སངས་རྒྱས་བཅོམ་ལྡན་འདས་བཞིན་སངས་རྒྱས་ཐུབ་པ་ཞིག་ཆགས་ཡོད་ཅེས་གསུངས་པ་དང་འབྲེལ། ༸གོང་ས་མཆོག་གིས་ད་ལྟ་ཡོད་བཞིན་པའི་བཀའ་བསྟན་གྱི་པོད་ཏི་དེ་དག་བྱིན་རླབས་ཙམ་དུ་མིན་པར་སློབ་སྦྱོང་བྱ་དགོས་པ་དང་། རྟེན་ཅིང་འབྲེལ་བའི་རྣམ་གཞག་དང་ལས་འབྲས་བཅས་ཀྱི་སྐོར་ལ་སློབ་སྦྱོང་བྱ་དགོས་པའི་བཀའ་སློབ་གནང་བར་མ་ཟད། དེར་ཡོད་མི་མང་ལ་སྟོན་པའི་གཟུངས་སྔགས་དང་མ་ཎི། བཛྲ་གུ་རུ། ཨ་ར་པྩ། རྗེ་བཙུན་སྒྲོལ་མ་དང་བདེ་མཆོག་བཅས་ཀྱི་གཟུངས་སྔགས་ཀྱི་བཀའ་ལུང་གནང་ཡོད།
ཉིན་རྒྱབ་དུ་༸གོང་ས་མཆོག་བླ་མ་ཆོས་འཕེལ་བཟོད་པ་གཙོས་དེར་ཡོད་ཇི་སི་པི་སེར་སྐྱ་མི་མང་གི་ཕེབས་བསུའི་ཁྲོད། འབྲུག་ཆོས་འཁོར་སྡེའི་ཕོ་བྲང་གི་གཙུག་ལག་ཁང་དུ་ཞབས་སོར་འཁོད་དེ་བཀའ་སློབ་གསུང་བཤད་གནང་ཡོད།
སྐབས་དེར་༸གོང་ས་མཆོག་གིས་དེར་ཡོད་མི་མང་ལ་གསུངས་དོན། དེ་རིང་ངོས་རང་འདིར་སླར་ཡང་ཡོང་ཐུབ་པར་ཧ་ཅང་དགའ་བོ་བྱུང། འདིར་གྲ་སྒྲིག་རྒྱས་པོ་གནང་འདུག་ལ་མི་མང་ཚོས་དད་པ་དམ་ཚིག་གཡོ་བ་མེད་པའི་ཐོག་འདིར་དགའ་བསུར་ཕེབས་ཡོད། ལམ་བར་དུའང་གྲོང་པ་ཡོད་ཚད་ཀྱི་ནང་མི་རྣམས་ཕྱིར་ཐོན་ཏེ་དགའ་བསུའི་སྣེ་ལེན་བྱས་བྱུང་བས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་དང་།
ཁོང་གིས། ནང་པ་སངས་རྒྱས་པའི་ཆོས་ལ་དོ་སྣང་དང་དད་པ་འགྱུར་བ་མེད་པར་གནས་ཡོད་པ་དེ་ཧ་ཅང་ཡག་པོ་རེད། ད་ལྟ་གང་བྱེད་ཐུབ་པ་རེད་ཅེས་བརྗོད་ན་སངས་རྒྱས་པའི་ཆོས་ཞེས་པ་དེ་མིང་ཚིག་གཅིག་པོར་ཆ་མ་བཞག་པར་ཆོས་ཞེས་པ་དེ་འཛིན་པ་དང་སྐྱོབ་པའི་དོན་དུ་གོ་དགོས་ཀྱི་ཡོད། ཕ་རོལ་པོ་དངོས་སུ་འཇིགས་པ་ལས་སྐྱོབ་རྒྱུའི་ཆེད་དུ་རེད། ཡུལ་པ་ཚང་མས་བཀའ་བསྟན་གྱི་པོ་ཏི་དེ་དག་དད་པ་བྱ་རྒྱུའི་ཡུལ་ཙམ་གཅིག་པུར་མི་འཇོག་པར་སློབ་གཉེར་བྱ་རྒྱུའི་སློབ་དེབ་ལྟ་བུར་བརྩི་དགོས་ཞེས་བཀའ་སློབ་གནང་ཡོད།
གསར་འགོད་པ་དོན་གོ།
ཞབས་པད་སྲིད་མཐའི་བར་དུ་བསྟན་འགྱུར་ཅིག །
Manali = མ་ནྰ་ལི།
Keylong = སྐྱིད་ལུང་།
Jespa = རྗེས་པ།
ང་གར་ཞྭ་སྐྱིད་ལུང་ལ་ལོ་གསུམ་དགེ་རྒན་བྱས་ནས་བསྡད་མྱོང་། མིང་ཕྱི་མ་གཉིས་ནི་བོད་སྐད་དུ་ཡོད་རེད། བོད་སྐད་རང་སར་བསྐྱར་གསོ་ཐུབ་ན་ལོ་རྒྱུས་སྨྲ་བ་ལ་ཕན་ཐོགས་ཡོད་རེད།
༸གོང་ས་༸སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་ལྷུན་གྱིས་སྒྲུབ་པར་སྨོན། ༸སྐྱབས་མགོན་ཁྱེད་ཀྱིས་དབུ་ཁྲིད་པའི་གདོང་དམར་བོད་མིའི་སྙིང་སྟོབས་དང་ཕུག་བསམ་ཡིད་ཆེས་སོགས་ནི་བླ་ན་མེད་པའི་རི་རྒྱལ་ལྷུན་པོ་ཞིག་དང་མཚུངས་སོ༎
ཚེ་རབ་ཀུན་ཏུ་༸ཕྱག་ན་པད་མོ་ཡིས།།
ཐེག་མཆོག་བཤེས་གཉེན་དངོས་སུ་མཛད་པའི་མཐུས།།
རྒྱལ་བས་བསྔགས་པའི་ལམ་བཟང་འདི་ཉིད་ལས།།
སྐད་ཅིག་ཙམ་ཡང་ལྡོག་པར་མ་གྱུར་ཅིག།
གསེར་རྟ་བླ་རུང་ཆོས་སྒར་གྱིས་ཡུལ་ཤུལ་འདས་གསོན་རྣམས་ལ་དངུལ་དང་ཅ་ཁ་གནང་བའི་སྡོམ་གྲངས། ཐེངས་དང་པོ་སྒོར་ཁྲི་༣༥༠ ཐེངས་གཉིས་པ་སྒོར་ཁྲི་༥༤ ཐེངས་གསུམ་པར་སྒོར་ཁྲི་༣༡༡ ཚེ་འདས་རྐྱང་པའི་དགེ་རྩར་སྒོར་ཁྲི་༣༥༢ སྨན་ཁང་སོ་སོའི་ནང་དུ་ཡོད་པའི་ནད་པ་རྣམས་ལ་སྒོར་ཁྲི་༩༦ སྡོམ་སྒོར་ཁྲི་༡༡༦༣ དང་། གཞན་ཅ་དངོས་སྣ་ཚོགས་ཟོངས་འཁོར་༢༦ ལྷག་ཙམ་གྱི་བྱམས་རྩེའི་ཐུགས་ཁུར་རོགས་སྐྱོར་རྒྱ་ཆེར་གནང་བའི་གསེར་རྟ་བླ་རུང་ཆོས་སྒར་ལ་ངེད་ཡུལ་ཤུལ་མི་དམངས་ཀྱིས་ཁ་ཞེ་མེད་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་། དད་སེམས་ཀྱི་དུང་བ་ཟབ་མོ་ནམ་ཡང་བརྗེད་པ་ག་ལ་སྲིད། གནོད་ཐེབས་དམངས་ཚོགས་ལ་མཚོན་ན་ཡུལ་ཤུལ་གྱི་རྫོང་ཁག་དྲུག་དང་། ཟིཁྲོན་དཀར་མཛེས་ཁུལ་གྱི་རྫོངས་ཁ་ཤས་ཀྱི་དམངས་ཚོགས། བོད་ལྫོངས་ཆབ་མདོ་ཁུལ་གྱི་གནོད་ཐེབས་དམངས་ཚོགས་གཙོས་ས་གནས་འདིར་ས་ཡོམ་གདུག་རྩུབ་ཀྱིས་གནར་བའི་ཁྱིམ་ཚང་བགྲང་ཡས་ཀྱི་འདི་ཕྱིའི་རེ་ལྟོས། ཉམ་ཐག་སྐྱེ་བོ་དཔག་མེད་ཀྱི་རེ་ལྟོས་བཅའ་སའི་ཞིང་མཆོག་དམ་པ། ནང་བསྟན་རིག་གཞུང་འབའ་ཞིག་གི་སྙིང་པོ་བཟུང་བའི་མི་ཡུལ་གྱི་ཞིང་ཁམས་བླ་རུང་ཆོས་རྒར་ལགས། ཁྱེད་ནི་ངེད་ཡུལ་ཤུལ་མི་དམངས་ཀྱི་སེམས་ནང་གི་ཉི་མ་གཅི་པུ་ཡིན། ཤི་གསོན་གཉིས་ལ་རོགས་སྐྱོར་གནང་ཐུབ་མཁན་ནི་གོས་དམར་གཞན་ཕན་གྱི་སྡེ་ཚོགས་གཅིག་པུ་རེད་འདུག ང་ཚོའི་མེས་པོའི་རིག་གཞུང་ནང་དུ་སྡུག་བསྔལ་གྱིས་གཟེར་བའི་སེམས་ཅན་གྱི་དོན་དུ་སྐུ་ལུས་དུམ་བུ་སྟོང་དུ་གཏུབ་མྱོང་བའི་ལོ་རྒྱུས་དག་ཡིད་ལ་ལྷང་ངེར་དྲན་གསོ་ཐིངས་གཅིག་ཐེབ་སོང་། ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་དགེ་འདུན་པ་རྣམས་ནི་སེམས་ཅན་གྱི་དཔུང་གཉེན་བླ་ན་མེད་པ་ཞིག་གོ།
སྐུ་ཚེ་བརྟན་ཅིང་མཛད་འཕྲིན་ལྷུན་གྱི་འགྲུབ་ཐུབ་པའི་སྨོན་ལམ་ག་དུས་ཡིན་ན་ཡོད།