རྒྱ་གར་ཙམ་མ་གཏོགས་རྒྱལ་ཁབ་གཞན་དུ་གནས་སྡོད་བོད་མི་ཚང་མས་གནས་ཡུལ་སོ་སོའི་ཡུལ་མི་མི་བྱེད་ཐབས་མེད་ཆགས་ཀྱི་ཡོད་སྟབས། འབྱུང་འགྱུར་བཙན་བྱོལ་བོད་མིའི་སྤྱི་ཚོགས་དེ་ཕྱི་སྡོད་བོད་མིའི་སྤྱི་ཚོགས་ཀྱི་ངོ་བོར་འགྱུར་ཏེ། བཙན་བྱོལ་བ་གཅིག་ཀྱང་མེད་པའི་གནས་སྟངས་ཡོང་ངེས་པ་དང་། དེ་འདྲ་བྱུང་སྐབས་བོད་ཀྱི་རྩ་དོན་འཐབ་རྩོད་དང་། བཙན་བྱོལ་སྒྲིག་འཛུགས་ཁག་སོགས་ད་ལྟའི་གནས་བབ་དང་མི་འདྲ་བ་ཞིག་ཏུ་འགྱུར་རྒྱུ་ཟུར་བལྟས་ལེབ་མཐོང་རེད། ཅེས་བཀའ་ཁྲི་མཆོག་གིས་གསུངས་ཡོད།
དེ་རིང་ཞོགས་པར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་སྒར་བདེ་སྐྱིད་སླར་གསོའི་ཚོགས་ཁང་དུ། བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་དངོས་སུ་དབུ་འཛུགས་བྱས་ཡོད། ཞོགས་པའི་ཆུ་ཚོད་ ༨ དང་ཕྱེད་ཀའི་སྟེང་བཀྲ་ཤིས་ལྷུན་པོ་དགོན་པའི་དགེ་འདུན་པ་རྣམས་ཀྱི་སེར་ཕྲེང་དང་། བཙན་བྱོལ་བོད་གཞུང་གི་ཁྲིམས་ཞིབ་པ་རྣམ་པ་དང་བཀའ་བློན་ཁྲི་པ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་བཅས་ནས་སྤོས་སྣ་དྲངས་ཏེ། ༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་ཆེན་མོ་ཚོགས་ཁང་དུ་གདན་འདྲེན་ཞུས་ཏེ་མཇལ་དར་སྒྲོན་འབུལ་ཞུས་ཤིང་། དེའི་རྗེས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། བོད་བསྟན་སྲིད་ཀྱི་དོན་དུ་ལུས་སྲོག་བཏང་ཟིན་པའི་དཔའ་བོ་རྣམས་དང་། ད་ལོ་སྐྱེ་རྒུ་མདོའི་ས་འགུལ་དང་མདོ་སྨད་འབྲུག་ཆུའི་འདམ་ཟེགས་དོན་རྐྱེན་ཁྲོད་འདས་གྲོངས་སུ་སོང་བ་རྣམས་ལ་མྱ་ངན་གུས་འདུད་ཞུས་ཡོད།
སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཚོགས་ཆེན་དབུ་འཛུགས་གསལ་བསྒྲགས་དང་འབྲེལ་ཐེངས་འདིའི་ཚོགས་ཆེན་༧གོང་ས་མཆོག་གི་དགོངས་གཞི་དང་གྲོས་ཚོགས་ཀྱི་གྲོས་ཆོད་ཡོད་ཀྱང་བཅའ་ཁྲིམས་ཀྱི་དགོངས་དོན་ལས་རིམ་ཞིག་མིན་སྐོར་དང་། ཚོགས་ཐོག་ཏུ་བསམ་ཚུལ་གང་བྱུང་བ་ཁག་ལ་ཁྲིམས་ཀྱི་ནུས་པ་མེད་སྐོར་གསུངས་སོང་ལ། ཚོགས་བཅར་བ་ཡོངས་ནས་དབུ་མའི་ལམ་དང་རང་བཙན་ཟེར་ནས་དུས་ཚོད་འཕྲོ་བརླག་ཏུ་གཏོང་རྒྱུ་མ་ཡིན་པར་ད་ཡོད་གཞུང་གི་ལངས་ཕྱོགས་སྒྲུབ་སྟངས་ཐད་ནུས་པ་སྤུངས་རྒྱུ་དང་། དམངས་གཙོའི་འཕེལ་རིམ་ལ་བྱེ་བྲག་གི་དགོངས་འཆར་འདོན་གལ་ཆེ་སྐོར། དེ་མིན་གྲོས་གཞི་གཞན་དག་ཐོག་ཚོགས་བཅར་བ་རྣམས་སོ་སོའི་ལས་རིགས་དང་འབྲེལ་བའི་ཐོག་ནས་ཚོགས་ཆུང་བགོས་ཡོད་སྟབས། དཔྱད་ཞིབ་མཐིལ་ཕྱིན་བྱས་ཏེ་བསམ་ཚུལ་ཕྱོགས་བསྡོམས་རྒྱག་དགོས་སྐོར་གསུངས་སོང་།
དེའི་རྗེས་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཙན་བྱོལ་བོད་མིའི་ད་ལྟའི་གནས་བབ་དོན་ཚན་དྲུག་ཏུ་བགོས་ཏེ་གསུངས་དོན། འདས་མ་ཐག་པའི་ལོ་བཅོ་ལྔ་ཉི་ཤུའི་ནང་བཙན་བྱོལ་བོད་མིའི་མི་འབོར་དང་། བསམ་བློའི་འཁྱེར་ཕྱོགས། སྤྱོད་ལམ། ཕུགས་དམིགས་འཛིན་ཕྱོགས་སོགས་གང་ཅིའི་ཐོག་འགྱུར་བ་ཤུགས་ཆེན་ཞིག་བྱུང་དང་འབྱུང་བཞིན་པ་དེ་དག་གི་ཐོག་ད་རེས་ཚོགས་ཆེན་འདིའི་ནང་དཔྱད་ཞིབ་དང་བཀའ་བསྡུར་གནང་རྒྱུ་གལ་ཆེན་དུ་མཐོང་གི་ཡོད། གང་ལགས་ཤེ་ན། འགྱུར་འགྲོས་དེ་དག་ད་ལྟ་ནས་བོད་མི་མི་རེ་ངོ་རེས་གོ་རྟོགས་དང་ངོས་འཛིན། གདོང་ལེན་ཚད་ལྡན་ཞིག་གནང་མ་ཐུབ་ན་འབྱུང་འགྱུར་བོད་རིགས་སྤྱི་དང་། ཁྱད་པར་བཙན་བྱོལ་བོད་མིའི་ལས་དབང་ལ་ཕན་གནོད་ཤུགས་ཆེན་ཆགས་རྒྱུའི་ཉེན་ཁ་འདུག འགྱུར་འགྲོས་དེ་དག་གི་ནང་གལ་གནད་ཆེ་རིགས་ཁག་རོམ་ཙམ་ཞུས་ན། བོད་མི་རིགས་ཀྱི་གྲངས་འབོར་ས་ཁྱོན་ལ་ལྟོས་པའི་ཧ་ཅང་ཉུང་ངུ་ས་ཡ་དྲུག་ལས་མ་བརྒལ་བ་ཞིག་ཏུ་གནས་པ་དང་། ཕྱི་ལོ་ ༢༠༠༠ ལོའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་འབོར་གྲངས་བཤེར་སྐབས་བོད་རིགས་མི་གྲངས་ ༥༤༡༦༠༣༤ ལས་མེད་པ་དང་། བཙན་བྱོལ་བོད་མིའི་ནང་ཕྱི་ལོ་ ༡༩༨༧ – ༨༩ བར་ཕྲུ་གུ་སྐྱེ་འཕེལ་ཚད་གཞི་ ( TFR) ༤ ་༩ ཡིན་ཡང་། ༡༩༩༨ ལོའི་མི་འབོར་གྲངས་བཤེར་སྐབས་ ༡་༢༢ བར་མར་ཆག་པ་དང་། ༢༠༠༩ ལོའི་མི་འབོར་གྲངས་བཤེར་སྐབས་སྐྱེ་འཕེལ་ཚད་གཞི་ ༡་༡༨ བར་ཆག་འདུག གནས་ཚུལ་འདི་ལ་མགྱོགས་མྱུར་བཟང་ཕྱོགས་ཀྱི་འགྱུར་བ་མ་ཕྱིན་ན། འབྱུང་འགྱུར་ལོ་ ༥༠ ནང་བཙན་བྱོལ་བོད་མིའི་གྲངས་འབོར་བརྒྱ་ཆ་ ༤༠ ནས་ ༤༥ བར་ཆག་རྒྱུ་དང་། ད་ཡོད་བོད་མིའི་སློབ་གྲྭ་མང་པོའི་དམའ་རིམ་འཛིན་གྲྭ་སྒོ་བརྒྱབ་ཟིན་ཅིང་། བར་སྐབས་དགོན་སྡེ་དང་སློབ་གྲྭ་ཁག་ཏུ་བོད་ནས་གསར་འབྱོར་གང་འཚམ་ཡོང་བཞིན་ཡོད་ཀྱང་། ༢༠༠༨ ལོའི་རྗེས་ནས་གསར་འབྱོར་ཇེ་ཉུང་དུ་ཕྱིན་པ་དང་། འབྱུང་འགྱུར་གནས་ཚུལ་ཅི་ཡོང་བརྗོད་དཀའ། རྒྱ་གར་ཙམ་མ་གཏོགས་རྒྱལ་ཁབ་གཞན་དུ་གནས་སྡོད་བོད་མི་ཚང་མས་གནས་ཡུལ་སོ་སོའི་ཡུལ་མི་མ་བྱས་ཐབས་མེད་ལ་བརྟེན། འབྱུང་འགྱུར་བཙན་བྱོལ་བོད་མིའི་སྤྱི་ཚོགས་དེ་ཕྱི་སྡོད་བོད་མིའི་སྤྱི་ཚོགས་ཀྱི་ངོ་བོར་འགྱུར་ཏེ། བཙན་བྱོལ་བ་གཅིག་ཀྱང་མེད་པའི་གནས་སྟངས་ཡོང་ངེས་པ་དང་། དེ་འདྲ་བྱུང་སྐབས་བོད་ཀྱི་རྩ་དོན་འཐབ་རྩོད་དང་། བཙན་བྱོལ་སྒྲིག་འཛུགས་ཁག་བཅས་ད་ལྟའི་གནས་བབ་དང་མི་འདྲ་བ་ཞིག་ཏུ་འགྱུར་རྒྱུ་ཟུར་བལྟས་ལེབ་མཐོང་དུ་གནས། ཞེས་གསུངས་སོང་།
ཁོང་གིས་མུ་མཐུད་བསྟན་དོན། གཉིས་པ་ཤེས་ཡོན་སྐོར་ལ་གཞི་རིམ་སློབ་ཐོན་པ་རྣམས་ཀྱི་ཤེས་ཡོན་གནས་ཚད་དང་རྒྱུགས་སྤྲོད་བརྒྱ་ཆ་དམའ་བས་ཆེད་ལས་པ་དང་རིགས་གཅིག་རྐང་འཛིན་པ་དཀོན་ཁར། གནའ་དེང་གི་ཤེས་ཡོན་གཉིས་ཀའི་ངོ་མཐོང་ཙམ་ལས་མཐར་སོན་པ་ཆེས་དཀོན་པ་དང་། དེང་རབས་ཤེས་བྱའི་བཟང་ཕྱོགས་ཀྱིི་ཡོན་ཏན་རྣམས་མ་འགོས་པར་ཞན་ཆ་རྣམས་འགོས་པ་ཀུན་གྱི་གཟིགས་ལམ་དུ་འགྱུར་བཞིན་པ་འདི་རེད།
གསུམ་པ་གཞན་བརྟེན་དང་སྒྱུད་ལུག་གི་བསམ་བློ། ད་ཆར་གཞན་ཡུལ་དུ་འབྱོར་ནས་མི་ལོ་ལྔ་བཅུ་ང་གཅིག་བརྒལ་ཡང་། ད་དུང་རོགས་སྐྱོར་འཚོལ་བའི་གཞན་བརྟེན་གྱི་བསམ་བློ་དང་། བཀའ་ངལ་ཅི་འཕྲད་བཙན་བྱོལ་སྒྲིག་འཛུགས་ཀྱིས་སེལ་དགོས་པའི་གཞན་བརྟེན་གྱི་བསམ་བློ་སྔར་ལས་ཤུགས་ཆེར་གྱུར་པ་མ་ཟད། འཚོ་ཐབས་ཀྱང་སོ་ནམ་ཞིང་ལས་ལྟ་བུའི་ལུས་ཀྱི་ངལ་རྩོལ་དགོས་རིགས་ལ་སྒྱིད་ལུག་དང་སྣང་ཆུང་གིས་རྐང་ལག་འགུལ་སྐྱོད་མི་དགོས་པའི་འཚོ་ཐབས་ལ་རྔམས་པ་དང་། ལམ་ཐག་ཐུང་ངུའང་གོམ་བགྲོད་བྱེད་འདོད་མེད་པའི་ལེ་ལོའི་གོམས་གཤིས་ཤིག་བོད་མི་ཕལ་ཆེ་བར་འཇགས་ཟིན་པ།
བཞི་བ་འདོད་རྔམས། བོད་མི་མི་ཉུང་བ་ཞིག་དངོས་ཡོད་དགོས་མཁོ་འདང་ངེས་ཀྱི་དཔལ་འབྱོར་འདུ་འགོད་ཐུབ་པ་ཆགས་ཡོད་ཀྱང་། དེས་འདོད་བློ་མ་ཚིམས་པར་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་བསྐྱོད་སེམས་འབའ་ཞིག་བཅངས་ཏེ། རང་ཉིད་དང་སྤྱི་ཚོགས་གཉིས་ཀར་ལྷིང་འཇགས་མེད་པའི་འགྲོ་སེམས་དང་། ལག་ཏུ་ཡོད་པའི་བྱེད་སྒོ་རྣམས་འཐུས་ཤོར་བཏང་བ། ཞེས་གསུངས་སོང་།
ལྔ་བ་བོད་མིའི་བཟང་སྤྱོད་ཉམས་ཆག་སྐོར་ཐུགས་འཁུར་ཆེན་པོས་གསུངས་དོན། རྒྱ་བལ་འབྲུག་གསུམ་དུ་གནས་པའི་བོད་མི་ཧ་ཅང་མང་པོས་ཁྲིམས་མཐུན་མིན་པར་ཕྱི་རྒྱལ་དུ་བསྐྱོད་ཐབས་བྱས་ཏེ། བོད་མིའི་ཐུན་མིན་གྱི་ཁྱད་ཆོས་བཟང་སྤྱོད་དོར་ཏེ་རྫུན་དང་གཡོ་སྒྱུ། ལྐོག་རྔན་སྤྲོད་ལེན། གཞན་ལ་མགོ་སྐོར་གཏོང་ཐབས་སོགས་བྱས་པ་མ་ཟད། བོད་མི་རང་གི་ཁྲོད་ནས་ཚད་ལས་བརྒལ་བའི་དངུལ་འབབ་བླངས་ཏེ། ཕྱི་སྐྱོད་ཡིག་ཆ་རྫུན་བཟོ་བྱེད་མཁན་ཇེ་མང་དུ་འགྲོ་བ་བཅས་ལ་བརྟེན། ལམ་འགྲོ་མ་རྒྱུགས་སྟབས་བུ་ལོན་སྤྲོད་མ་ཐུབ་པར་བཙོན་དུ་ཚུད་པ་དང་། སྨྱོན་པ་ཆགས་པ། རང་ཤི་བརྒྱབས་པ། ཤུལ་སྡོད་གཉེན་ཉེ་བུན་འོག་ཏུ་བཅུག་པ་སོགས་སྒེར་སོ་སོར་དཀའ་ངལ་སྨོས་མེད་ཐོག བོད་རིགས་ཡོངས་ཀྱི་མཚན་མཐོང་དང་ཆ་འཇོག་རྩ་མེད་བཏང་སྟེ། དེང་སྐབས་ཐོངས་མཆན་ཞུ་ཡུལ་གཞུང་ཚབ་ཁག་དང་གནམ་ཐང་། ས་མཚམས་ཀྱི་འབབ་ཚིགས་སོགས་གང་དུ་ཕྱིན་ཡང་བོད་མི་ཡིན་ཕྱིན་གཡོ་ཁྲམ་བཤད་མཁན་ཡིན་ཤག་གིས་ཡིད་དྭོགས་བྱ་ཡུལ་དུ་གྱུར་ཡོད་པ་དང་། ཤེས་ཡོན་དང་རིག་གཞུང་། གཞུང་དང་སྤྱི་ཚོགས་ཀྱི་ལས་དོན་གལ་ཆེའི་ཆེད་ཕྱི་སྐྱོད་དགོས་རིགས་རྣམས་ལའང་ཐོངས་མཆན་འཐོབ་དཀའ་བར་གྱུར་ཡོད། གཞན། ན་གཞོན་ཁྲོད་མྱོས་རྫས་ངན་གོམས་དང་འཆལ་སྤྱོད་ལ་བརྟེན་པའི་ནད་རིགས་སྣ་ཚོགས་ཀྱིས་རང་ཉིད་དང་། སྤྱི་ཚོགས་གཉིས་ཀའི་བདེ་འཇགས་དང་འཕྲོད་བསྟེན། ཆེ་མཐོང་བཅས་ལ་གནོད་གཞིར་གྱུར་གྱི་ཡོད། ཅེས་གསུངས་སོང་།
བཀའ་ཁྲི་མཆོག་གིས་མུ་མཐུད་དུ་གསུངས་དོན། དྲུག་པ་ཆབ་སྲིད་ཀྱི་སྐོར་ལ། སེམས་ཤུགས་དང་དོ་ཁུར་ཆེ་བའི་ན་གཞོན་མང་ཡང་དེ་དག་རྒྱལ་སྤྱི་དང་། རྒྱ་ནག་གི་ཆབ་སྲིད་ཀྱི་གནས་བབ་དང་འགྱུར་འགྲོས་ལ་གོ་རྟོགས་ཆུང་ཞིང་། གནད་དོན་རྣམས་ཕྱོགས་ཡོངས་ནས་བརྟག་དཔྱད་ཞིབ་འཇུག་མ་ཐུབ་པར་སྣང་བ་གདོང་དེད་དང་། སེམས་ཚོར་ཁོ་ནར་བརྟེན་པའི་ལྟ་ཕྱོགས་དང་བྱེད་ཕྱོགས་ལ་གྲུབ་འབྲས་མེད་ཅིང་། རྒྱུན་གནས་མི་ཐུབ་པའི་རིགས་ལ་ཧོལ་རྒྱུགས། ཡང་ན་རང་མིང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་པ་ཙམ་གྲུབ་འབྲས་སུ་རློམ་པའང་མི་ཉུང་བ་ཞིག་ཡོད། དེ་དག་གི་ལྷག་བསམ་ལ་སྐྱོན་མེད་ཀྱང་མཇུག་འབྲས་ཀྱིས་གནོད་སྐྱེལ་བ་དང་། ཡང་ན་ངལ་བ་དོན་མེད་རིགས་ཡོང་བཞིན་པ་དང་། དངོས་དོན་མ་རྟོགས་ཤིང་བློ་རྒྱ་ཆུང་བའི་བསམ་ཚུལ་ཡ་མཚན་ཅན། དཔེར་ན། ༧གོང་སམཆོག་མང་ཚོགས་དང་ལྷན་སྲང་བར་གྱི་ལས་འགུལ་དབུ་ཁྲིད་མཛད་དགོས་ཚུལ་ཞུས་པ་ལྟ་བུ་སུས་ཀྱང་བློ་ཡུལ་དུ་མི་ཤོང་བའི་འཆར་སྣང་ཡོད་མཁན་ཇེ་མང་དུ་འགྲོ་བཞིན་པ། ཞེས་དང་།
5མདོ་དོན་བོད་ཀྱི་རྩ་དོན་སླད་ཆབ་སྲིད་ཀྱི་ལས་འགུལ་སྲང་བ་དུ་རྔམ་སྟོན་སྐད་འབོད་ཁོ་ན་ལས་རྒྱུན་སྐྱོང་འབད་བརྩོན་དང་། དཀའ་སྤྱད་དགོས་པའི་སྒྲུབ་ཕྱོགས་ཀྱི་ལས་འགུལ་སྤེལ་རྒྱུའི་བསམ་བློ་དང་ཆོད་སེམས་མེད་པ་སོགས་ལ་བོད་པ་མི་རེ་ངོ་རེས་འགན་འཁུར་ཡོད་པའི་ཐོག་ནས་བསམ་ཞིབ་དང་བླང་དོར་ཞིག་མ་བྱུང་ན། ནམ་ཞིག་བཙན་བྱོལ་བོད་མིའི་སྤྱི་ཚོགས་འཐོར་ཞིག་དང་། ད་ལྟའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མགོ་ཁྲིད་ཚོས་ཚོད་དཔག་བྱས་པ་ལྟར། ནམ་ཞིག་བོད་ཀྱི་རྩ་དོན་རང་ཡལ་དུ་འགྲོ་བའི་ཉེན་ཁ་ཡོང་སྲིད་ཅིང་། ལྷག་པར་དུ་དེང་སྐབས་བཙན་བྱོལ་བོད་མི་ཕྱིར་འགུགས་བྱེད་ཐབས་དང་། བོད་ས་ཡོངས་སུ་དཔལ་འབྱོར་ཡར་རྒྱས་དང་། མི་འབོར་སྤོ་ཤུགས་ཀྱི་ལམ་ནས་བོད་ཀྱི་གནད་དོན་རྩ་མེད་གཏོང་རྒྱུའི་འཆར་གཞི་ལྡན་པའི་སྲིད་བྱུས་འདི་ལམ་ལྷོང་ཡོང་རྒྱུར་ཕྱི་སྡོད་བོད་མིས་མཐུན་འགྱུར་བྱེད་མི་སྲིད་པ་མིན་པ་ཡོང་ཉེན་ཆེ། ཞེས་སྒྲོག་སྦྱོང་གནང་བ་དང་འབྲེལ་ཏེ། ཐེངས་འདིའི་གྲོས་གཞི་ཁག་དང་འབྲེལ་བའི་བཙན་བྱོལ་བོད་གཞུང་གི་ལས་དོན་ཁག་ཅིག་སྙན་སྒྲོན་དང་། ཚོགས་བཅར་བ་ཚོར་དོགས་པ་དང་གསལ་བཤད་དགོས་རིགས་ལ་འབྲེལ་ཡོད་བཀའ་བློན་ནས་ལན་འདེབས་གནང་རྒྱུ་ཙམ་ལས། ཚོགས་ཆུང་ཁག་གི་གྲོས་གཞིའི་ཆ་ཤས་ལེན་རྒྱུ་མིན་སྐོར་གསལ་བསྒྲགས་གནང་སོང་།
( གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས་ལྷོ་ཕྱོགས་སྦེ་ཀོབ་ནས་སྤེལ )
བཙན་བྱོལ་སྒྲིག་འཛིག་ཅིག་ཡིན་ན་རྒྱལ་གླུ་ཡང་དགོས་པ་མི་འདུག་གོ།
བོད་མི་ཕྱི་བསྐྱོད་བྱེད་པ་དང་མ་རབ་ཆགས་ཀྱིན་ཡོད་ན་དེ་ཐམས་ཅད་དབུ་འཛིན་ཚོས་མ་འཇོན་པ་རེད།དེ་ནི་ཐུག་ས་ཚང་མ་ལྟོ་གོས་ལ་ཐུག་ཡོད་པ་རེད།ད་ལྟ་སྒོར་མོ་མེད་ན་ལས་ཀ་ཆེན་པོ་ཞིག་དང་ཕར་ཙམ་རེད།དུས་གཅིག་གིས་ལྟོ་ཡང་མི་རག།བཙན་བྱོལ་གཞུང་གི་ངོས་ནས་བཟོ་གྲྭ་དང་ཟ་ཁང་།ཚོང་ཁང་སོགས་ཅི་ལེགས་བརྒྱབ་ཡོད་ན་མི་མང་གིས་དེ་ཡི་ནང་ལས་ཀ་བྱེད་ཆོག་ལ་མ་རབ་ཀྱི་ལས་ལ་ཡང་ཞུགས་མི་དགོས།དེ་ནི་ཡོད་པ་མ་རེད།སོང་ཙང་མི་སྒེར་སོ་སོས་ཐབས་ཤེས་བྱེད་པ་ལ་ད་དུང་མི་འགྲིག་ཅེས་སྐྱོན་བརྗོད་བྱེད་ན་འགྲིག་ཨེ་ཡོང་དྲན།མི་འབོར་ཉུང་དུ་འགྲོ་བ་དེ་ཡང་ཐུག་ས་སྒོར་མོ་ལ་ཐུག་ཡོད།གྲྭ་པ་ཞིག་དང་འདྲ་བ་དངུལ་གཏོག་ཙམ་སྐྱེད་ཀ་བཏང་ནས་འཚོ་ཐབས་ཀྱི་ག་ལ་འགྲིག།
ངས་༧རྒྱལ་བ་རིན་པོ་ཆེ་སྐུ་ཚེི་བཞུགས་རིང་གཞིས་བྱེས་མཉམ་འཛོམས་ཡོང་རྒྱུའི་རེ་བ་དང་། སྨོན་ལམ་རྒྱབ་ཀྱི་ཡོད་ལ་བསམ་དོན་འགྲུབ་པའི་ཡིད་འཆེས་ཀྱང་བྱེད་ཀྱི་ཡོད། གལ་ཏེ་ངེས་མེད་རེ་བ་ལམ་ལྷོངས་མ་བྱུང་ན་༧རྒྱལ་བ་རིན་པོ་ཆེས་བཀའ་སློབ་སྔ་རྗེས་རིམ་པ་སྩལ་དོན་ལྟར་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་དུས་མེད་དུ་མི་རུང་བའི་དོན་ཚན་གསུམ་ཐོག་བསམ་བློ་གཏོང་རྒྱུ་གལ་ཆེ་མིན་ནམ་སྙམ་གྱི་ཡོད།
དང་པོ། བཙན་བྱོལ་གཞུང་འདི་སྲ་བརྟན་ཞིག་མེད་དུ་མི་རུང་བ་ཡིན། ད་ལྟ་བར་དུ་གཞིས་བྱེས་རྒྱ་ཆེའི་མང་ཚོགས་ཀྱིས་༧རྒྱལ་བ་རིན་པོ་ཆེར་ཡིད་འཆེས་བློས་འགེལ་གཙང་མའི་ཐོག་ནས་གུས་བརྩི་ཆེན་པོ་ཞུ་གི་ཡོད་པ་སོང་ཙང་བཙན་བྱོལ་གཞུང་སྲ་བརྟན་མེད་པའི་རྙོག་ཁྲ་མེད། གལ་སྲིད་༧རྒྱལ་བ་རིན་པོ་ཆེ་མ་བཞུགས་པའི་གནས་དུས་བྱུང་ན་གཞིས་བྱེས་རྒྱ་ཆེའི་མང་ཚོགས་ཀྱིས་བཙན་བྱོལ་གཞུང་ལ་ཡིད་འཆེས་བློས་འགེལ་དང་། གུས་བརྩི་ད་མུས་བཞིན་གནས་ཐབས་ལ་དམངས་གཙོའི་ལམ་ལུགས་ཡར་རྒྱས་གཏོངརྒྱུ་སོགས་ཐབས་ལམ་ག་རེ་ཡོད་མེད་ཐོག་བསམ་བློ་གཏོང་གལ་ཆེན་པོ་འདུག།
གཉིས་པ། འཛམ་གླིང་རྒྱལ་ཁབ་ཚང་མའི་གཞུང་གི་དཔལ་འབྱོར་ཡོང་འབབ་མི་མང་ནས་དཔྱ་ཁྲལ་བསྡུ་ལེན་བྱེད་ཀྱི་ཡོད་པ་ལྟར་བཙན་བྱོལ་གཞུང་གི་འཛིན་སྐྱོང་གི་འགྲོ་སོང་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོས་གཏོང་དགོས་པས་ད་ལྟ་ནང་བཞིན་རང་སྣང་གང་དྲན་མ་ཡིན་པར་བཙན་བྱོལ་ནང་ཡོད་པའི་བོད་མི་ཚང་མས་ཆ་ཤས་ལེན་ཐབས་དང་། ཞོར་དུ་དཔལ་འབྱོར་འདུ་འགོད་ཀྱི་ལས་དོན་གཞན་ལའང་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་འདུག།
གསུམ་པ། བོད་མི་རིགས་གནས་ཐབས་དང་། མི་རིགས་ཀྱི་ངོ་བོ་སྐད་ཡིག་དང། གོམས་གཤིས་སོགས་རིག་གཞུང་མི་ཉམས་རྒྱུན་འཛིན་གྱི་ཆེད་དུ་བཙན་བྱོལ་ནང་ཡོད་པའི་བོད་མི་མང་ཆེ་བ་འཚོ་རྟེན་འཚོལ་བདེའི་ས་གནས་གཅིག་ཏུ་ཟླ་བསྒྲིལ་གཏོང་ཐབས་སོགས་ལ་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་འདུག།
རང་ཉིད་རང་གི་ལུང་པ་དང་། རང་གི་མི་རེགས་ལ་བརྩེ་ཞེན་ཡོད་པའི་ཆ་ནས་བསམ་བློ་གཏོང་མཁན་ཞིག་ཡིན་པ་ལས་ཉམས་ཞིབ་པ་དང་རྩོམ་པ་པོ་སོགས་གང་ཡང་མིན་པས་ནོར་འཁྲུལ་འདུག་ན་དགོངས་འགལ་མེད་པ་ཞུ་རྒྱུ།།
ཇོ་རུ་ཚེ་རི་ལགས་སྔོན་མ་ཞིག་ལ་ཁང་གསར་རྡོ་རྗེ་ཡིས་བཟང་བཟང་བླ་མ་དང་ངན་ངན་མང་ཚོགས་ཟེར་ཞིག་བྲིས་མྱོང་ཡོད་རེད། འདི་ཚོ་དོན་ལ་གནས་པའི་སྐད་ཆ་རེད་མི་འདུག་གམ།་་་ཧཧཧཧ
བོད་རྒྱལ་ཡོངས་གཞུང་དམངས་ཚོགས་ཆེན་དངོས་སུ་དབུ་འཛུགས་གནང་བར་དགའ་བསུ་དང་བཀྲ་ཤིས་བདེ་ལེགས་ཞུ།
རྒྱལ་སྤྱི་དང་རྒྱ་ནག་སྐོར་མཁྱེན་རྟོགས་མཁན་གསོ་སྐྱོང་བྱ་དགོས་ལས་སྡུག་མུས་འདོན་ན་ཡོང་རྒྱུ་གང་ཡོད་དམ།
ཆབ་སྲིད་པ་ཞིག་གིས། ༼ཆབ་སྲིད་སྒྲིག་གཞི་གང་ཞིག་ཐོར་ཞིག་འབྱུང་མིན་ཐད་ཉེན་ཁ་ལྷག་ས་ཆེས་ཆེ་ས་དེ་ཆབ་སྲིད་ལས་གཞིའི་རྐུབ་སྟེགས་མཐོ་སར་སྡོད་པའི་ཆབ་སྲིད་དཔོན་རིགས་དག་ཡིན་པ་ལས་དམངས་ཕལ་བ་མིན༽ ཞེས་བརྗོད་པ་ལྟར། ང་ཚོས་ཀྱང་བསམ་ཞིབ་དང་དོགས་སློང་གསར་བ་ཞིག་གི་སྒོ་ནས་བརྟག་དཔྱད་ཞིབ་འཇུག་བྱ་དགོས་ཀྱིན་འདུག ནམ་རྒྱུན་གཞུང་འབྲེལ་དཔོན་རིགས་ཚོས་བཤད་སྟངས་ལྟར་བྱས་པ་ཡིན་ན། སྐྱོན་ལྷགས་ས་ཚང་མ་མང་ཚོགས་ཕལ་བའི་མགོ་ཐོག་ལ་སླེབས་འགྲོ་བ་འདི་ཡ་མཚར་ཅིག་མ་རེད་དམ། སྤྱི་ཚོགས་ཀྱི་སྐྱོན་འདི་དག་སེལ་རྒྱུའི་འགན་དེ་བཀའ་བློན་ཁྲི་པ་གཙོས་གཞུང་གི་ལས་འཛིན་དཔོན་རིགས་ཚོའི་ཕྲག་ན་ཡོད་པ་མ་ཡིན་ནམ། ཁོ་ཚོས་དུས་ནམ་ཡང་གཞུང་གི་སྒྲིག་གཞིའི་ཐད་འདི་དང་འདི་ལ་ལེགས་བཅོས་བྱེད་དགོས་ཀྱིན་འདུག འདི་དང་འདིས་ནུས་པ་ཐོན་གྱིན་མི་འདུག འདི་དང་འདིས་སྤྱི་ཚོགས་ཡར་རྒྱུས་ལ་གནོད་ཀྱིན་འདུག་ལ་སོགས་པའི་སྤྱི་ཚོགས་ཀྱི་སྒྲིག་གཞི་ལེགས་བཅོས་ཐད་ཀྱི་གནད་དོན་གཅིག་ཀྱང་མི་གླེང་བ་ཅི་ཡིན་ནམ། སྐྱོན་ཡོད་ཚད་མི་མང་མང་ཚོགས་ཀྱི་མགོ་ཐོག་ལ་འཕེལ་རྐྱང་བྱེད་པ་འདི་འགན་ཁུར་ལེན་གྱི་འགྲོ་སྟངས་ཤིག་རེད་དམ། འོ་ན། གཞུང་གི་ལས་ཀ་ག་རེ་རེད། གཞུང་གིས་ཅི་ཞིག་སྒྲུབ་དགོས་ནི་རེད། གཞུང་འཛུགས་དགོས་པའི་རྒྱུ་མཚན་ཅི་རེད། དུས་རྒྱུན་མཛུབ་མོ་ལྔ་བོ་ཡོངས་རྫོགས་རང་འདོད་ཀྱིས་དམངས་ཀྱི་སྟེང་ལ་འཛུགས་རན་མ་རེད། ཆེས་མ་མཐའ་ཡང་མཛུབ་མོ་གཅིག་གཞུང་དང་རང་ལ་འཛུགས་དགོས་ཀྱིན་འདུག
ང་ཚོས་གཅིག་གིས་གཅིག་ལ་རྣོ་བའི་ཚིག་རེ་ལབ་རེས་མ་བྱས་པར་མཁས་དབང་ཟམ་གདོང་གིས་གསུངས་པར་བསམ་ཞིབ་དང་དཔྱད་པ་བྱ་རྒྱུ་དང་གཅིག་ཚོགས་ཆེན་དེར་གནས་སྨིན་གྱི་བགྲོ་གླེང་ཡག་པོ་ཞིག་ཡོང་ཐུབ་པར་ཤུགས་ནོན་བརྒྱབ་རྒྱུ།
ཕྱིས་རྗེས་ལུས་ཀྱི་གནས་དོན་དེ་རིགས་མཐར་བར་གཞུང་ཚོགས་གཉིས་ཀྱི་འགན་འཛིན་དག་གིས་སྤྱི་དོན་སྤྱི་དོན་རང་གི་ངོ་བོ་ཐོག་ནས་དུས་ཐོག་ལ་ལེགས་བསྒྲུབ་བྱ་དགོས་པ་དང་།གལ་སྲིད་བྱ་མ་ཐུབ་པ་ཡོད་གོང་འོག་འབྲེལ་ཡོད་དང་བཀའ་སྡུར་ངེས་པར་གནང་དགོས།ངས་འདི་ལྟར་བརྗོད་དགོས་པ་ནི།་འདས་ཟིན་ནང་དོན་དངོས་ཀྱི་དཀའ་ངལ་ཡོད་མཁན་ལ་རོགས་རམ་མ་བྱས་པར་བརྟེན་རྒྱུ་མཚན་དེ་གཟུངས་ཀྱིས་གཞན་དག་གིས་གོ་སྐབས་བཟུང་ནས་ཁེ་སང་ལེན་གྱི་ཡོད།དེ་ནི་འགྲེལ་ཡོད་རྣམ་པས་ཡིད་ཟབ་མ་བྱས་པདང་ལས་ཡོལ་དང་ལས་སླ་བྱུས་བྱས་པ་ལས་བྱུང་བ་ཞིག་ཡིན།དཔེར་ན།བོད་མིའི་ཤེས་ཡོན་རྗེས་ལུས་ཀྱང་རྒྱུ་མཚནདེ་རིགས་ལས་བྱུང་བ་ཞིག་ཡིན།ད་ནས་གཟུང་སྟེ་གཞུང་ཚོགས་གང་ཞིག་གིས་འཆར་འགོས་བྱས་པ་བཞིན་དུས་ཚོད་ངེས་ཅན་ཞིག་ལ་ལས་དེ་གང་འདྲ་བྱུང་ཡོད་མེད་ལ་ཞིབ་འཇུག་ངེས་པར་བྱེད་དགོས།དེའང་གོ་ས་དང་སྤུན་ཉེའི་ལྷད་མ་བཞུག་པ་ངེས་པར་གནང་དགོས།ཐུགས་རྗེ་ཆེ།
བཀའ་ཁྲི་མཆོག་གིས་ད་ལྟའི་གཞོན་རབས་པ་ཚོར་གོ་རྒྱུ་གཏིང་ཟབ་ཡོད་པའི་སྐད་ཆ་ཞིག་ཐོན་ཡོད་པ་ནི།”ད་ལྟ་སེམས་ཤུགས་དང་དོ་ཁུར་ཆེ་བའི་ན་གཞོན་མང་ཡང་དེ་དག་རྒྱལ་སྤྱི་དང་། རྒྱ་ནག་གི་ཆབ་སྲིད་ཀྱི་གནས་བབ་དང་འགྱུར་འགྲོས་ལ་གོ་རྟོགས་ཆུང་ཞིང་། གནད་དོན་རྣམས་ཕྱོགས་ཡོངས་ནས་བརྟག་དཔྱད་ཞིབ་འཇུག་མ་ཐུབ་པར་སྣང་བ་གདོང་དེད་དང་། སེམས་ཚོར་ཁོ་ནར་བརྟེན་པའི་ལྟ་ཕྱོགས་དང་བྱེད་ཕྱོགས་ལ་གྲུབ་འབྲས་མེད་ཅིང་། རྒྱུན་གནས་མི་ཐུབ་པའི་རིགས་ལ་ཧོལ་རྒྱུགས། ཡང་ན་རང་མིང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་པ་ཙམ་གྲུབ་འབྲས་སུ་རློམ་པའང་མི་ཉུང་བ་ཞིག་ཡོད། དེ་དག་གི་ལྷག་བསམ་ལ་སྐྱོན་མེད་ཀྱང་མཇུག་འབྲས་ཀྱིས་གནོད་སྐྱེལ་བ་དང་།”ཞེས་པའི་གསུང་ཚིག་རྣོ་དབལ་ལྡན་པ་འདི་རེད།
འོན་ཀྱང་ཁོང་གིས་བག་ཆགས་དང་དད་ཞེན་རྐྱང་འདེད་བྱས་པའི་ལས་ལན་དུ་སྐད་ཆ་འདི་ལྟ་བུ་ཞིག་བཤད་འདུག་སྟེ”ཡང་ན་ངལ་བ་དོན་མེད་རིགས་ཡོང་བཞིན་པ་དང་། དངོས་དོན་མ་རྟོགས་ཤིང་བློ་རྒྱ་ཆུང་བའི་བསམ་ཚུལ་ཡ་མཚན་ཅན། དཔེར་ན། ༧གོང་སམཆོག་མང་ཚོགས་དང་ལྷན་སྲང་བར་གྱི་ལས་འགུལ་དབུ་ཁྲིད་མཛད་དགོས་ཚུལ་ཞུས་པ་ལྟ་བུ་སུས་ཀྱང་བློ་ཡུལ་དུ་མི་ཤོང་བའི་འཆར་སྣང་ཡོད་མཁན་ཇེ་མང་དུ་འགྲོ་བཞིན་པ། “ཞེས་པ་འདི་རེད།སྤྱིར་འདི་ནི་གོང་ས་མཆོག་ལ་མ་གུས་པ་དང་ཆེ་མཐོང་གི་བརྡས་མ་སྦྱར་བ་ཙམ་དང་།༧གོང་ས་མཆོག་གི་མཛད་འཕྲིན་བརྒྱ་སྟོང་ཡོད་པར་བར་བསམ་གཞིགས་མ་བྱས་པ་ཞིག་ཡིན་པར་འགྲེལ་བརྗོད་བྱས་ན་འགྲིག་པ་ལ།ཁོང་གིས་མཐའ་གཅིག་ཏུ་བསམ་ཚུལ་དེ་རིགས་ནི་བློ་ལ་ཤར་དཀའ་ཤིང་།མནོ་བསམ་གང་ཡང་གཏོང་ས་མེད་པའི་འབྲེལ་མེད་དོན་གཞན་ཞིག་ཏུ་ཁྱེར་བ་ནི་ཐལ་ཆེ་བའི་ཀུན་སློང་ཞིག་དང་དད་ཞེན་ཁོ་ན་རེད།
འབྱུང་འགྱུར་བཙན་བྱོལ་བོད་མིའི་སྤྱི་ཚོགས་དེ་ཕྱི་སྡོད་བོད་མིའི་སྤྱི་ཚོགས་ཀྱི་ངོ་བོར་འགྱུར་ཏེ། བཙན་བྱོལ་བ་གཅིག་ཀྱང་མེད་པའི་གནས་སྟངས་ཡོང་ངེས་པ་དང་། དེ་འདྲ་བྱུང་སྐབས་བོད་ཀྱི་རྩ་དོན་འཐབ་རྩོད་དང་། བཙན་བྱོལ་སྒྲིག་འཛུགས་ཁག་སོགས་ད་ལྟའི་གནས་བབ་དང་མི་འདྲ་བ་ཞིག་ཏུ་འགྱུར་རྒྱུ་ཟུར་བལྟས་ལེབ་མཐོང་རེད། ཅེས་བཀའ་ཁྲི་མཆོག་གིས་གསུངས་ཡོད།
“གོང་གི་ཚིག་འདི་ནི་སྐྱག་རྫུན་རང་རེད། ན་ནིང་ང་ཀ་ཏོག་སྒང་གསུམ་ལ་ལས་དོན་ཆེད་ཕྱོགས་སྐྱོད་བྱས་སྐབས། དེ་དག་གི་བོད་པ་དག་གིས་མགྲིན་གཅིག་ཏུ་སྨྲ་དོན་ནི། མགྲིན་གཅིག་གི་དཀའ་ངལ་ནི། བཙན་བྱོལ་བོད་གཞུང་གི་ངོས་ནས་དེ་ཁུལ་གྱི་བོད་མི་རྣམས་ལ་ཨར་སིའི(RC)བཟོ་རྒྱུའི་ལམ་ཁ་བཀག་འདུག་སྟབས། བོད་མི་དག་གིས་བྷོ་ཌི་ཡ་(BUTTIA)ལག་འཁྱེར་མི་བཟོ་རང་བཟོ་རེད་ཟེར་གྱི་འདུག ཡིན་ནའང་བོད་པའི་ནང་གི་འཇོན་པོ་དེ་ཚོས་ཨར་སིའི་བཟོས་འདུག བོད་གཞུང་གི་ངོས་ནས་དེར་རོགས་སྐྱོར་གང་ཡང་གནང་གི་མི་འདུག་པ་གསལ་བོ་རེད།
ད་དུང་ཟམ་གདོང་ཁོང་ལ་དེ་འདྲའི་སེམས་ཁྲལ་ཞིག་ཡོད་པ་བདེན་ན། ཁོང་གི་བཀའ་བློན་གྱི་ལས་དུས་ལོ་ངོ་བཅུའི་རིང་ཀ་ཏོག་སྒང་གསུམ་ལ་རྡོག་སྣེ་ཙམ་ཡང་མ་མནན་པ་ཅི་ཡིན་ནམ། དེ་ཁུལ་གྱི་ན་བོད་པའི་མི་གྲངས་ཧ་ཅང་མང་བ་ཤེས་གསལ་ཡིན། ཁོང་དེར་མ་ཕེབས་པ་ནི་ཧང་སངས་པ་ཞིག་མ་རེད་དམ།
གྲྭ་ས་གྲྭ་རྒྱུན་གྱིས་སྟོང་ཉེན་མཐོང་བ་དང་། བཙན་བྱོལ་བ་མང་པོ་ཡུལ་མིའི་ངོ་བོར་འགྱུར་རྒྱུའི་ཉེན་ཁ་མཐོང་བ་དངོས་ཡོད་གནས་ཚུལ་རེད། འདི་དག་གི་འབྱུང་རྩ་གཙོ་བོ་གཅིག་རྒྱ་ནག་གིས་མཐའ་མཚམས་དམ་དྲག་བྱས་རྐྱེན་ལ་ཐུག་པར་འདོད་ལ། རྒྱུ་རྐྱེན་གཞན་གཅིག་ནི་རང་རེའི་རྒན་རབས་པ་མང་པོ་ཞིག་གི་ཀླད་པ་རྙིང་དྲག་པས་དེང་རབས་དང་བསྟུན་ནས་གོམ་པ་སྤོ་པར་འགོག་རྐྱེན་སྣ་ཚོགས་བཟོ་བཞིན་པའི་རྐྱེན་གྱིས་རེད། དཔེར་ན། གྲྭ་ས་ཁག་ཏུ་དེང་རབས་ཀྱི་འཕྲུལ་ཆས་གློག་ཀླད་དང་ལག་ཁྱེར་ཁ་པར་ལྟ་བུ་ཉར་མི་ཆོག་པའི་སྒྲིག་གཞི་བཟོས་ཏེ་དམ་དྲག་བྱེད་ཀྱིན་འདུག་པས་མཚོན་གཞོན་རབས་པའི་སེམས་ཁམས་དང་མི་མཐུན་པར་གནའ་རབས་ཀྱི་སློབ་གཉེར་བྱེད་སྟངས་ལ་གོམ་པ་ཕྱིར་ནུར་བྱེད་འདོད་པའམ་དུས་རབས་རྙིང་པར་བསྐྱར་ལོག་བྱེད་འདོད་པ་ལྟ་བུའི་སྣང་ཚུལ་བྱུང་དང་འབྱུང་བཞིན་པ་འདི་ཆེས་ནོར་འཁྲུལ་ཅན་གྱི་བྱ་སྤྱོད་ཅིག་ཡིན་པའི་རྐྱེན་གྱིས་རེད།
དེང་རབས་དང་བསྟུན་ནས་སློབ་གཉེར་བྱེད་སྟངས་ཀྱི་ལམ་ཁ་གསར་བ་ཞིག་དགོས་རྒྱུ་རེད་མོད་དེར་སུས་ཀྱང་མི་འབད་པར་མ་ཟད་འགོག་རྐྱེན་སྣ་ཚོགས་བཟོ་བ་འདི་ཕངས་སེམས་སྐྱེ་གཞི་ཞིག་རེད།
སྤུན་གྲོགས་ཚོ་གཅིག་གཟིགས་དང་ཟམ་གདོང་བླ་མས་བཀའ་མོས་གསུངས་སྟངས་་་་བཙན་བྱོལ་བོད་གཞུང་ཞེས་མ་གསུངས་པར་བཙན་བྱོལ་སྒྲིག་འཛུགས་འདྲ་ཞིག་ལབ་ཁུལ་བྱས་ནས་སེམས་སྐྱོ་ཡ་མིན་ན་ག་རེ་རེད་ཨ།
བོད་ཕྱི་ནང་གཉིས་ཀས་ང་ཚོང་ལ་གཞུང་ཞིག་ཡོད་བསམ་བསྡད་པ་དེ་ག་པ་ཡོད་རེད་ཨ་་་་མཁས་དབང་ལགས།
བཙན་བྱོལ་བོད་གཞུང་འདི་བོད་རྒྱ་ཆེན་མི་དམངས་ཀྱི་གཞུང་རེད་དྭ། ད་དུང་རྒྱལ་གླུ་འདྲ་ཞིག་གཏོང་ཁུལ་བྱས་ནས།
ཡ་དྲ་གྲོགས་ཚོ་ད་ནི་བྲིས་པ་དེ་ལ་དོན་སྙིང་ལྡན་པ་ཤག་ལྟ་བྲིས་རོགས་གནང་། གང་ཡིན་ཞེ་ན། དུས་ཚོད་འདི་ནི་བོད་མི་རིགས་འདི་འཛམ་གླིང་འདི་ཡི་ཐོག་གནས་མིན་གིས་མཚམས་སུ་སླེབས་ཡོད་པ་ཡིན་དུས་མཁྱེན་ལྡན་ཡོངས་ནས་རིག་པར་བསྒྲིམས་ནས་བསམ་ཚུལ་ཡིན་ན་འདྲ། དྲི་བ་ཡིན་འདྲ་ཞིབ་པོ་བྲིས་རོགས་གནང་། དེ་བཞིན་ཐུགས་གནང་བྱེད་དགོས་པ་ཞིག་ནི་མིན་རྫུན་འདྲ་མིན་འོག་ནས་གཞི་མེད་གིས་སྐྱོན་དང་འཆལ་གཏམ་སྣ་ཚོགས་ཞིག་ཟིན་བྲིས་ནང་ཡོང་གི་འདུག་པའི་དེ་ལ་ཟབ་རོགས། དེ་མཚུངས་ཟིན་བྲིས་དང་རིག་པ་འདོན་ཚང་མ་ནི་ཡག་སྡུག་སྣ་ཚོགས་ཡོད་ཡང་དུས་བབ་ཚགས་ཤོག་གིས་འགན་འཛིན་གཙོ་ཚང་མའི་ཐེངས་རེ་ཀློག་ཏེ་དྲི་བ་འདུག་ན་གཞི་དེ་ལ་ཐུགས་སྣང་ཡོད་མཁན་ལ་བཀའ་འདྲི་གནང་རོགས་ལ་འཆལ་གཏམ་བྱུང་ཚེ་ཡང་དེ་ལ་ཞིབ་གཤེར་གནང་རོགས།
བཀའ་ཁྲི་མཆོག་གིས་དོན་ཚན་དྲུག་ཏུ་བགོས་ཏེ་བཀའ་སློབ་གནང་པ་དེ་ལ་དམིགས་གསལ་ཚོཊ་བཅར་ཡོངས་ནས་གལ་ཆེའི་ཐོག་གྲོལ་གླེང་ལྷུག་པོ་གནང་ནས། མ་འོངས་པ་ལག་ལེན་ལ་གནང་ཐོབ་པ་ཅི་ནས་ཀྱང་སྐྱབས་འཇུག་ཞུ།
བོད་མི་ཚོ་ལ་ཕྱི་རྒྱལ་ཁབ་ཀྱི་མི་སེར་ལག་ཁྱེར་ཁུར་རྒྱུ་ཡོད་ན་དགའ་དགོས་པ་ཞིག་མ་རེད་པས། མ་འོང་བཀའ་ཁྲི་ཡང་ཕྱི་རྒྱལ་ཁབ་ཀྱི་མི་སེར་ལག་ཁྱེར་ཡོད་མཁན་ཞིག་སླེབས་ཀྱི་ཡིན་པར་བརྒྱ་ཆ་བརྒྱ་རེད།
བཙན་བྱོལ་སྤྱི་ཚོགས་ནང་གི་རྒྱ་བལ་འབྲུག་གསུམ་ནང་དུ་བསྡད་མཁན་བོད་མི་འཇོན་པ་དང་ཕྱུག་པ་ཚོ་ལ་རྒྱ་བལ་འབྲུག་གི་མི་སེར་ལག་ཁྱེར་ཡོད། དཔེར་ན་ཡོངས་གྲགས་གསར་འཕྲིན་ཁག་ཐོན་པ་ལྟས་ན་མ་འོང་བཀའ་ཁྲི་སླེབས་བཞིན་པའི་རྒྱ་རི་སྒྲོལ་མ་ལྟ་བུ་རེད།
བལ་ཡུལ་ལྟ་བུ་ལ་ཆགས་བཞག་ན་བོད་མི་ཁང་པ་ཉོ་ཐུབ་མཁན་ཚང་མ་བལ་ཡུལ་གྱི་མི་སེར་ལག་ཁྱེར་ཡོད་པ་ཤ་དག་རེད། ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཆགས་བཞག་ན་ཕྱི་རྒྱལ་སླེབས་ནས་ལོ་ཅོ་ལྔ་འགྲོ་ཚར་མཁན་ཚང་མ་ཕྱི་རྒྱལ་ཁབ་ཁག་གི་མི་སེར་ལག་ཁྱེར་ཡོད་མཁན་རེད། དཔེར་ན་བཀྲ་མཐོང་བསྟན་འཛིན་རྣམ་རྒྱལ་གྱི་ལག་ཁྱེར་གཅིག་གཟིགས་རོགས་ཞུ།
མ་ཟད་རྒྱལ་བ་རིན་པོ་ཆེན་ལ་ཡང་ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁབ་ཁག་གཅིག་གིས་མི་སེར་ལག་ཁྱེར་ཕུལ་ཡོད་པར་གསར་འགྱུར་རྒྱུད་ལམ་ཁག་ནས་བསླེབས་བྱུང།
ཕྱི་རྒྱལ་ཁབ་ཁག་གི་མི་སེར་ལག་ཁྱེར་ཡོད་ན་བཙན་བྱོལ་བོད་གཞུང་འཐོར་འགྲོ་གི་ཡོད་ན་སྔ་ནས་རྒྱུ་ཡོད་པ་དང་དབང་ཡོད་པ་ཚོས་གཏོར་ཚར་བ་ཡོད།་ཧཧཧཧ
ང་ཅོ་རིས་ངོས་ལྟས་ན་སྟོབས་ཆེན་རྒྱལ་ཁབ་ཁག་གི་མི་སེར་ཁྱེར་ཡོད་ན་བོད་དོན་ཆེད་དུ་ནུས་པ་ཆེ་བ་ཡོད། དཔེར་ན་ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁབ་ཁག་གི་ལག་ཁྱེར་ཡོད་པའི་བོད་མི་ན་གཞོན་མང་པོས་རྒྱལ་སྤྱིའི་ཁྲིམས་རྩོད་པའི་སློབ་སྦྱོང་བྱས་དང་བྱེད་བཞིན་པ་རེད།
ཁོང་ཚོ་ལ་རྒྱལ་སྤྱིའི་ཁྲིམས་རྩོད་པའི་ལག་ཁྱེར་ཐོབ་པ་ཡིན་ན་འཛམ་གླིང་རྒྱལ་སྤྱིའི་ཁྲིམས་ཐོག་ནས་བོད་དོན་རྩོད་ཐུབ་པའི་གོ་སྐབས་ཡོད།
གཞན་རྒྱ་གར་པག་འགོ་ལུང་པའི་སྐྱབས་བཅོལ་ལག་ཁྱེར་ཁུར་ནས་འཛམ་གླིང་རྒྱལ་སྤྱིའི་ཁྲིམས་རྩོད་་པའི་ལས་ཀ་ཐོབ་པར་ཡོང་མི་སྲིད་པ་ཞིག་རེད། ཟམ་གདོང་བླ་མས་དེ་ཙམ་ཡང་ཐུགས་བསམ་མ་བཞེས་པ་གང་ཡིན་ནམ།
མཁས་དབང་མཆོག་ལགས། ཕྱོགས་གང་ལ་ལྟས་ཀྱང་བོད་མི་ན་གཞོན་ལས་མེད་ཚོ་ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁབ་ཁག་ཏུ་གཏོང་རོགས་བྱོས་དང་དེ་ལས་ཡག་བ་མི་འདུག
སྐུ་ཉིད་ནི་དགུང་ལོ་མཐོ་པོ་རེད། འཐབ་རྩོད་བྱེད་དགོས་མཁན་ནི་བོད་ཀྱི་གཞོན་ནུ་ཚོ་རེད། ཐུགས་རྗེ་གཟིགས། དེ་ལས་རང་ལྟ་མཆོག་འཛིན་མ་བྱེད་རོགས།
བཀུར་འོས་གསར་བཀོད་པ་དོན་འགྲུབ་བཀྲ་ཤིག་ལགས་བོད་རྒྱལ་ཡོངས་གཞུང་མང་ཚོགས་ཆེན་གྱི་མང་མོས་འདོད་པ་གང་ཡོད་གསལ་པོ་བཀོད་རོགས་ཞེས་རེ་བ་ཞུ།
བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
བོད་རྒྱལ་ཡོངས་གཞུང་དམངས་ཚོགས་ཆེན་དངོས་སུ་དབུ་འཛུགས་གནང་བར་དགའ་བསུ་ཞུ་རྒྱུ་དང་ལྷག་པ་ཏུ་འཚོགས་ཞུགས་པ་རྣམས་ཀྱི་བོད་མི་ཉམ་ཐག་ཚོའི་འཚོ་བའི་ལྟོ་གོས་དང་འབྲེལ་བ་ཡོད་པའི་གནད་དོན་རྣམས་གླེང་ཐུབ་པ་བྱ་རོགས་ཞེས་ཉམ་ཆུང་ཅོ་རིས་ངོས་ནས་སྙིང་ཐག་པ་ནས་རེ་བ་ཞུ་རྒྱུ་ཡིན།
2.མཁས་དབང་ཟམ་གདོང་བླ་མས་བཀའ་མོས་འདི་འདྲ་གསུངས་ཡོང་བ་སྔོན་ནས་ཚད་དཔག་བྱས་ཐུབ་པ་ཞིག་རེད། འདི་ལ་ཡ་མཚན་རྒྱུ་གང་ཡང་མེད།
བཙན་བྱོལ་བོད་མིའི་ཚབ་མཚོན་པ་ཚོས་ངེས་པ་ཏུ་དངོས་ཡོད་བཙན་བྱོལ་བོད་མི་ཉམ་ཐག་ཚོའི་འཚོ་བའི་བདེ་སྡུག་ཐག་བཅད་ཐུབ་པའི་བཀའ་མོས་བློ་སྟོབས་ཆེན་པོའི་ཐོག་ནས་གསུང་རོགས་ཞུ་རྒྱུ་ཡིན།
3.གལ་སྲིད་བཙན་བྱོལ་བོད་མི་ཉམ་ཐག་ཚོའི་ཚབ་མཚོན་མི་སྣ་ཁྱེད་རྣམ་པས་བོད་མི་ཉམ་ཐག་ཚོའི་འཚོ་བའི་མདུན་ལམ་ཡག་པོ་ཞིག་ཡོང་ཐུབ་པ་ལ་འབད་བརྩོན་བྱ་མ་ཐུབ་ན་ཉམ་ཐག་བོད་མི་རྣམས་དུས་ནམ་ཡང་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་ཡོང་ཐབས་མེད་པ་རེད།
ཁྱེད་རྣམ་པས་་ཚབ་མཚོན་བྱེད་སའི་ཚོགས་མི་སྐྱོ་ཤོས་ཚོ་ནི་རྒྱ་བལ་འབྲུག་གསུམ་ནང་གི་གསར་འབྱོར་བ་ཚོ་དང་གཞི་མི་ཉམ་ཐག་ཚོ་རེད། དཔེར་ན་གསར་འབྱོར་བ་ལ་ཆ་བཞག་ན་དོན་གྲུབ་དབང་ཆེན་བོད་མི་རིགས་ཀྱི་ཆེད་དུ་དགྲ་བོའི་བཙོན་འོག་ཏུ་ཡོད། ཕ་མ་རྒད་མགོ་དང་སྐྱེ་དམན་བུ་ཕྲུག་རྣམས་བཙན་བྱོལ་གཞུང་གི་སྒོ་རྩ་ལ་སྐྱབས་བཅོལ་སླེབས་བསྡད་ཡོད། འཚོ་བ་རྡ་སའི་གསང་ལམ་ནང་དུ་བག་ལེག་ཙོང་ནས་བསྐྱལ་བཞིན་ཡོད་པ་དེར་དོན་འགྲུབ་དབང་ཆེན་གྱིས་གོ་སོང་ན་སེམས་ལ་སྡུག་ངལ་ག་ཚོད་གཅིག་ཡོང་གི་མ་རེད་པས། སོ་སོར་ཁོང་ཡིན་པ་ཆ་བཞག་ནས་བསམ་བློ་གཅིག་ཐོངས་དང་དེ་ནས་ཧ་གོ་ཡོང་གི་རེད་སྙམ།
མ་ཟད་༢༠༠༨ལོར་ཞི་རྒོལ་ནང་དུ་དངོས་སུ་ཞུགས་མཁན་ལྕོག་རི་བ་ཚེ་དབང་དོན་གྲུབ་ཀྱི་ལག་པ་དགྲ་བོའི་མེ་མདའ་རྒྱག་ནས་རྨས་པ་རེད། ཁོའི་ལག་པ་ལ་སྨན་བཅོས་ཡག་པོ་ཞིག་ཀྱང་མ་བྱས་པ་དང་འཚོ་བའི་མདུན་ལམ་ག་འདྲ་ཆགས་ཀྱི་རེད། འདི་ཚོའི་སྐོར་ལ་སེམས་འཁྲུལ་ཆེན་པོ་འདུག བཙན་བྱོལ་སྤྱི་ཚོགས་ནང་དུ་ཟབ་གདོང་བླ་མས་ཁོ་ཚོ་ལ་མཐོང་ཆུང་བྱས་ཐུབ་ཀྱང་གཞི་ལུས་རྒྱ་ཆེན་མི་དམངས་ཀྱི་སེམས་ལ་རྨ་ཁ་ཆེན་པོ་བཟོ་ངེས་རེད། བོད་མི་རིགས་ཀྱི་ཆེད་དུ་ཡག་པོ་མ་རེད་འདོད།
3.གཞི་མི་སྐྱོ་བོ་ཚོ་ལ་ཆ་བཞག་ན་དེང་རབ་༢༡ནང་དུ་ཡང་གཟུགས་པོ་ཁྲིས་སའི་ཁྲིས་ཁང་གསང་སྤྱོད་མེད་པ་གང་མང་ཡོད། བལ་ཡུལ་སྤོར་རའི་གཞི་ཆགས་བཀྲ་ཤིས་གླིང་ལྟ་བུ་ལ་མཚོན་ན་འཚོ་བའི་སྲུང་སྐྱོབ་ཡོད་པ་ཕར་ཞོག་ཡར་ཟ་ཡ་རག་ན་མར་གཏོང་སའི་དཀའ་ངལ་ཡོད་མཁན་བོད་མི་སྐྱོ་པོ་དེ་འདྲ་ཡོད། དེ་ལས་སྡུག་པ་ཧན་མ་ལ་ཡའི་རི་རྒྱུད་ཀྱི་གཞི་ཆགས་ཁག་སྐྱོ་བ་ཡོད་པར་གྲགས།
བོད་མི་ཉམ་ཐག་ཚོ་འཚོ་བའི་མདུན་ལམ་ཡག་ས་ཕྱི་རྒྱལ་ཁབ་ཞིག་ལ་གཏོང་ཐུབ་ཆེད་དུ་ནུས་ཤུགས་གང་ཡོད་བཏོན་རོགས་རེ་བ་ཞུ་རྒྱུ་ཡིན།
ད་ལན་དེ་ཙམ་ཡིན་རྗེས་སུ་མུ་མཐུད་དུ་བོད་མི་ཉམ་ཐག་ཚོའི་ཆེད་དུ་འཐབ་རྩོད་བྱེད་ངེས་ཡིན་པས་དམ་བཅའ་བརྟན་པོ་ཡོད།
ཞོར་དུ་ང་ཅོ་རིའི་སྐྱོ་གླུ་འདིར་ཚར་གཅིག་གསན་རོགས་ཞུ།
ས་རང་ཡུལ་དགྲ་བོས་འཕྲོག་སོང་ལྭོ།
བུ་དཔའ་པོ་དགྲ་བོས་བསད་སོང་ལྭོ།
ང་སྡར་མ་ས་མཐར་བྲོས་ཡོད་ལྭོ།
འདིར་བསམ་དུས་སེམས་པ་སྐྱོ་བྱུང་ལྭོ།
བོད་གངས་ཅན་ལོ་རྒྱུས་བསུབས་སོང་ལྭོ།
བུ་མཁས་པ་བཙོན་དུ་བཅུག་སོང་ལྭོ།
ང་གླེན་པས་ཡིག་ནོར་བྲིས་ཡོད་ལྭོ།
འདིར་བསམ་དུས་སེམས་པ་སྐྱོ་བྱུང་ལྭོ།
རྗེ་རྒྱལ་བ་དགུང་ལོ་མཐོ་སོང་ལྭོ།
ལམ་དབུ་མ་ཁ་ཐག་རིང་སོང་ལྭོ།
ང་གཞོན་ནུ་འགྲོ་འདོད་མི་འདུག་ལྭོ།
འདིར་བསམ་དུས་སེམས་པ་སྐྱོ་བྱུང་ལྭོ།
བོད་སྤྱི་དངུལ་ལྐོག་ཟ་བྱས་སོང་ལྭོ།
སྤུན་གསར་འབྱོར་འཚོ་བ་སྐྱོ་སོང་ལྭོ།
ང་ས་མཐར་གཡོག་ལ་བསྡད་ཡོད་ལྭོ།
འདིར་བསམ་དུས་སེམས་པ་སྐྱོ་བྱུང་ལྭོ།
མཁས་དབང་བཀའ་ཁྲི་མཆོག་གིས་བོད་ནས་གསར་འབྱོར་སློབ་ཕྲུག་ཡོང་ཡ་མི་འདུག་གསུངས་ནས་ཐུགས་འཁྲུལ་གནང་མདོག་འདིར་དགོད་མོ་ཤོར་ཡ་གཅིག་རེད། ཟླ་ཤས་སྔོན་ཁོང་རང་རང་གིས་བཀའ་བཏང་ནས་མ་སུ་རིའི་སློབ་གྲྭའི་ཕྲུ་གུ་གསར་འབྱོར་བ་བཅུ་གྲངས་ཞིག་བོད་དུ་ཕྱིར་བསྐྱལ་བརྩི་བྱས་པ་ཡིན་པ།
གསར་འབྱོར་བ་སློབ་ཕྲུག་དགོས་ཀྱི་ཡོད་ན་ཁོ་ཚོ་ཕྱིར་བསྐྱལ་བརྩི་བྱས་ནས་ཅི་ཡིན་ནམ། མ་གཞི་ནས་བླ་རྒན་འདི་རྒད་ཧན་ལོག་པ་ཡིན་པར་འདྲ། མ་རེད་པས། དྲ་གྲོགས་ཚོ། སྐད་ཆ་ཕན་ཐོག་ཡོད་པ་སྣ་གཅིག་ཀྱང་གསུངས་ཀྱི་མེད་པར་འདི་བོད་མིའི་ལས་རྫོགས་པའི་རྟགས་མཚན་གཅིག་རེད།
དེང་སང་སློབ་གྲྭ་དང་དགོན་པ་ཁག་ཏུ་སློབ་ཕྲུག་ཉུང་དུ་འགྲོ་བཞིན་ཡོད་པ་གསལ་པོ་རེད། འདིའི་རྒྱུ་རྐྱེན་ཇི་ཡིན་ཞིབ་འཇུག་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེན་རེད། ངས་སློབ་གྲྭ་དང་དགོན་པ་ཁག་ཏུ་བོད་ནས་ཕེབས་མཁན་ཉུང་བའི་རྐྱེན་རྩ་ཁ་ཤས་མཐོང་བ་ནི། ས་མཚམ་ཁག་ཏུ་དམ་དྲག་ཤུགས་ཆེན་བྱ་བཞིན་པ་གཅིག དེང་སང་ལམ་ཁྲིད་པར་རྒྱ་སྒོར་ཉིས་ཁྲི་ལྷག་མ་སྤྲད་ན་ཁྲིད་ཀྱི་མེད་པ་རེད། དེའི་དབང་གིས་འོང་ཐུབ་ཀྱི་མེད། དེ་ཡིན་པ་ནི་ཉིས་སྟོང་བརྒྱད་ཀྱི་རྗེས་སུ་བོད་ནང་གི་དགོན་པ་ཁ་ཤས་ལ་གྲྭ་རྒྱུན་མང་དུ་སོང་བ་དེས་ཤེས་ནུས། གང་ཡིན་ཞེ་ན། གྲྭ་རྒྱུན་དེ་དག་གིས་གྲྭ་ས་ལས་གཞིས་དགོན་གདམ་པ་དེ་ཁོང་ཚོར་ཐབས་ཟད་པའི་རྟགས་མཚན་ཞིག་ཡིན་པ་ལས་གཞིས་དགོན་དེ་དག་གྲྭ་ས་ལས་བཟང་བས་རྒྱུ་མཚན་གྱིས་གཏན་ནས་མ་ཡིན། སློབ་གྲྭ་ཡང་དེ་མཚུངས་ཏེ་བོད་ནང་གི་སློབ་གྲྭ་ཁ་ཤས་ལ་འཛུལ་བར་ལོ་གཅིག་གི་སྔོན་ནས་ཐོ་འགོད་མ་བྱས་པར་ཞུགས་ཐུབ་ཀྱི་མེད་པ་རེད།
མཆོག་གསུམ་ལ་གསོལ་འདེབས་ཞུ་ཏེ་ལས་དོན་འདི་དོན་སྙིང་ལྡན་པ་ཞིག་ཡོང་བ་ཤོག།།
ཁ་ནས་གསུང་ནས་འདུག་རྒྱུ་ལས་ཅི་ཡང་མི་ནུས་ན་ལོ་བཅུ་ལ་བཀའ་བློན་ཁྲི་བར་འདུག་དོན་ཅི། ཟམ་གདོང་ཀླད་རྒན་ཁྱེད་ཀྱིས་ལོ་རེར་བཙན་བྱོལ་གཞུང་གི་གཞུང་གི་སྐྱིས་སྒོར་ཕྱིར་མཇལ་བར་ཤུགས་རྒྱབ་པ་ལས་ཅི་ཞིག་སྒྲུབ་ཡོད།
རྒྱུན་པར་གོང་ས་མཆོག་གི་ཁ་ནང་ལ་ལྟོས་ནས་ཉིན་མ་བཏང་བ་མ་ཡིན་ནམ།
བཙན་བྱོལ་བ་ཡ། བོད་མི་བཙན་བྱོལ་བ་ཚོ། སྒྱིད་ལུག་དང་ལེ་ལོ།
རྣམ་གཡེང་ལ་ཆགས་ནས་འདུག་རྒྱུ་ན་བོད་ནང་དུ་ཕེབས་དང་དགྱ་ནག་གིས་ཁྱེད་ལ་མུག་སྐྱོབ་མང་པོ་སྟེར་ངེས། ཡིད་ཐང་ཆད་པའི་གསུང་བཤད་ཅིག་རེད།
མི་དགའ་ན་སྡུག་གྱོང་ཡིན།
བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཙན་བྱོལ་བོད་མིའི་ད་ལྟའི་གནས་བབ་དོན་ཚན་དྲུག་ཏུ་བགོས་ཏེ་གསུངས་ས་དེ་ནི་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་སྒར་རེད། དོན་ཚན་དྲུག་པོ་གཞིས་ཆགས་ཁག་གིས་ཉན་དགོས་པ་གལ་ཆེན་པོ་འདུག
༄༅ ། །བཀྲ ་ཤིས་པར་གྱུར་ཅིག བོད་གཞུང་དམངས་རྒྱལ་ཡོངས་
ཚོགས་ཆེན་སྤོབས ་པ་ཆེན་པོས་འདུས་ཤིང་། མཛའ་བརྩེ་ཆེན་པོས་ཚོགས་
ནས ། རྒྱལ་ཁ་ཆེན་པོས་གྲོལ་ཐུབ་པའི་བཀྲ་ཤིས་བདེ་ལེགས་ཞུ་ཞུ །
རྩོམ་སྒྲིག་པ་ལགས།
༼ཕྱི་ལོ་ ༡༠༠༠ ལོའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་འབོར་གྲངས་བཤེར་སྐབས་བོད་རིགས་མི་གྲངས་ ༥༤༡༦༠༣༤ ལས་མེད་༽ཅེས་པ་དེར་ནོར་སྐྱོན་ཤོར་འདུག་པས་འཕྲལ་དུ་བཟོ་བཅོས་གནང་རོགས།
དུས་ཐོག་ཏུ་གསར་འགྱུར་མཁོ་སྤྲོད་གནང་བ་བཀའ་དྲིན་ཆེ།
ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་དངོས་སུ་དབུ་འཛུགས་གནང་ཐུབ་པར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། ལྷག་པར་ཚོགས་བཅར་བ་ཚང་མར་དམིགས་བསལ་གུས་བཀུར་ཞུ་རྒྱུ་ཡིན། ཕོ་རབ་གཅིག་གི་བློ་རྩེ་ལས། །ཕོ་འབྲིང་གསུམ་གྱི་གྲོས་བསྡུར་དགའ། །ཞེས་པའི་དཔེ་ལྟར། ལྷན་འཛོམས་ཐོག་གནད་དོན་ཆེ་ཕྲ་ཆུང་གསུམ་ལ་དོན་ཕན་པའི་གླེང་སློང་དང་། ད་རེས་ལྷན་ཅིག་ཏུ་འཛོམས་པའི་རྒྱུ་ཚོགས་དེས་བོད་མི་རིགས་ཆག་འཇིག་གི་གནས་སྟངས་སྐྱོབ་ཐབས་ལ་ཆར་པ་ཆུ་གྲོགས་དང་ཉི་མ་མེ་གྲོགས་ལྟར་ཡོང་བའི་རེ་སྨོན་ཞུ་རྒྱུ་ཡིན། །
བསེ་རུས། མལ་ཁང་གྲུ་བཞི་ནས།
གསར་འགོད་པར་ཞུ་རྒྱུར།
གྲོས་མཆོད། གྲོས་ཆོད།
མཐིན་ཕྱིན། མཐིལ་ཕྱིན།
རོམ་ཙམ། རོབ་ཙམ།
སྒྱུད་ལུག སྒྱིད་ལུག
སོ་ནམས། སོ་ནམ།
འཆམ་སྤྱོད། འཆལ་སྤྱོད།
བོད་ཀྱི་སྐད་ཡིག་ལ་ཞབས་འདེགས་ཡིན།
བོད་ཀྱི་སྐད་ཡིག་ལ་སྲུང་སྐྱོབ་ཡིན།
བོད་ཀྱི་སྐད་ཡིག་ལ་ཆེ་མཐོང་ཡིན།
བོད་ཀྱི་སྐད་ཡིག་ལ་བཅངས་པའི་བརྩེ་བ་རྣལ་མ་དེ་ཡིན་ནོ།།
བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ།།
མ་གཞི་ནས་མཉམ་འབྲེལ་རྒྱལ་ཚོགས་གཙོས་རྒྲ་གར་གཞུང་དང་རྒྲལ་སྤྲི་སྒང་དུ་རྒྱ་གར་དུ་ཡོད་པའི་བོད་མི་རྣམས་བཙན་བྱོལ་བ་ཡིན་པ་ངོས་འཛིན་མེད་པ་མ་ཟད་བོད་གཞུང་འདི་ཡང་བཙན་བྱོལ་གྱི་གཞུང་ཞིག་ཡིན་པ་ངོས་ལེན་རྩ་བ་ནས་མེད་པ་བཀའ་ཁྲི་མཆོག་གིས་དེ་དོན་སྙེལ་སོང་པ་ཡིན་གྱི་མ་རེད།
བོད་ཀྱི་རྩ་དོན་གྱི་ཆེད་འཐད་རྩོད་བྱེད་མཁན་ཞིག་ཡིན་ན་ངེས་པར་དུ་རྒྱ་གར་ནས་་བསྡད་དགོས་པའི་རྒྱ་མཚན་ཅི་ཡང་མི་འདུག།