ཉེ་སྔོན་ནས་བོད་ཡིག་གི་ད་ལྟའི་འབྲི་སྲོལ་འདི་རྗེས་ལུས་ཡིན་པ་དང་། གཅོད་མཚམས་མི་གསལ་བ། བཀླག་དཀའ་བ་སོགས་ཀྱི་རྒྱུ་མཚན་སྐོར་ཞིག་བགྲངས་ཏེ། ན་གཞོན་རྣམས་ལ་ལོབས་སྐྱེན་པ། ཕྱི་རྒྱལ་བས་ཤེས་སླ་བ། གསར་བརྗེའི་ལུགས་དང་མཐུན་པ་སོགས་བསྒྲུབ་ཕྱིར། ཚིག་རྡོག་མ་རེ་རེ་བཞིན་མཚམས་དབྱེ་དགོས་པ་དང་། ཚེག་ཆེ་ཆུང་གཉིས་དགོས་པ། ཡང་ན་དབྱངས་གསལ་སྐོར་ཞིག་གསར་དུ་སྣོན་དགོས་པ་སོགས་ཀྱི་གླེང་བརྗོད་སྔ་ཕྱིར་བྱུང་བ་དག་ལ་བསམ་འཆར་མདོར་བསྡུས་ཤིག་ཞུ་རྒྱུར།
མཚམས་དབྱེ་བ་དང་ཚེག་ཆེན་ཚེག་ཆུང་གཉིས་དགོས་པ་གང་ཞིག་ཡིན་ཀྱང་། སྒྲུབ་བྱེད་མཐར་ཐུག་པ་ནི་བཀླག་བདེ་བ་དང་། གཅོད་མཚམས་ཤེས་པར་ཕན་ཞེས་པ་ཡིན་འདུག་ལ། གཉིས་ཀའི་དགོངས་པ་གཅིག་ཏུ་མཐུན་པར་མ་ཟད། མི་རིགས་འདི་ལ་བསམ་དཀར་གྱི་ལས་ཤིག་ཏུའང་རློམ་གྱི་ཡོད་ངེས། འོན་ཀྱང་། ད་ལྟའི་བོད་ཡིག་གི་འབྲི་སྲོལ་འདི་བཀླག་དཀའ་སོང་བའི་མི་དེ་མཐར་གཏུགས་ན་བྱིས་པ་ཚོའམ་ཡང་ན་ཕྱི་རྒྱལ་བ། དེ་ཡང་མིན་ན་བོད་ཡིག་གི་བཀླག་དེབ་ཧྲིལ་བོ་ཞིག་ཀྱང་ཀློག་མ་མྱོང་བའི་བོད་རིགས་དར་མ་ཚོའི་ཆེད་དུ་ཡིན་པ་སྔ་ཕྱིར་གསལ་བཤད་བྱེད་ཀྱི་འདུག ཡིག་རིགས་གང་འདྲ་ཞིག་ཡིན་ཀྱང་འབྲི་ཀློག་སྦྱངས་གསུམ་གྱི་གོམས་པ་མ་བསྟེན་པར་ཤེས་འགྲོ་བ་ཞིག་ཡོད་མི་སྲིད་ལ། བརྩོན་པས་བསླབ་ན་མི་ཤེས་པ་ཞིག་ཀྱང་མེད་ངེས་ཡིན། ཕྱི་རྒྱལ་བས་བོད་ཡིག་གི་གཅོད་མཚམས་མི་ཤེས་པ་ནི་། གཅིག་ན་ཐ་སྙད་ལ་རྨོངས་པ་དང་། གཉིས་ན་བོད་སྐད་ཀྱི་གཤིས་ལུགས་མ་ངེས་པ། གསུམ་ན་རང་སྐད་ཀྱི་གཅོད་མཚམས་གོམས་ཆེ་བས་ཡིན་ལ། བྱིས་པ་ཚོ་ལ་ནི་ཟ་སྐད་འཐུང་སྐད་ཙམ་གྱི་མྱོང་བ་ལས་མེད་སྟབས། གཞི་ནས་ཐ་སྙད་དང་བརྗོད་པ་གསར་བར་ཞུགས་ན་གཅོད་མཚམས་ཙམ་མ་ཟད། མིང་རྐྱང་རེ་རེ་བ་དང་། མིང་རྣམས་གྲངས་པ་དག་གིས་ཀྱང་མགོ་ཉོག་ཆེན་པོ་སྤྲོད་བཞིན་པ་མཐོང་གསལ་དང་། དེ་ཡང་སྐད་རིགས་ཡོངས་རྫོགས་ཀྱི་ཐུན་མོང་གི་ཆོས་ཉིད་ཅིག་ལས་བོད་ཡིག་ཁོ་ནའི་སྐྱོན་ངན་ཞིག་ཡིན་ཨེ་སྲིད།
མཚམས་འདི་ན་གནད་དོན་ཚབས་ཆེན་ཞིག་འབྱུང་བཞིན་པ་ནི་བོད་ཡིག་གི་སློབ་ཚན་ཡོད་པའི་འཛིན་གྲྭ་རིམ་བརྒྱུད་ཀྱིས་འཛིན་རིམ་བཅུ་གཉིས་ཐོན་པའི་ན་གཞོན་ཚོས་ཀྱང་བོད་ཡིག་གི་གཅོད་མཚམས་མི་ཤེས་པ་དེ་ཡིན། དེ་ཡང་ཁག་མི་འདུག་སྟེ། ཁོ་ཚོའི་འཁྲིས་སུ་བཅར་ན་བོད་ཡིག་བཀླག་མི་ཤེས་པ་མ་ཟད། བོད་སྐད་ཀྱང་བཤད་མི་ཤེས། དཔེར་ན། ང་རྐུབ་སྟེགས་སྒང་ནས་ move བྱས་པས་རིལ་སོང་། མི་དེ་ལ་ understand ཁྱོན་ནས་མི་འདུག class room ནང་ལ་མི་ག་ག་སླེབས་འདུག བུ་མོ་དེར་ action ཞེ་དྲག་འདུག་ཅེས་པ་སོགས་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ལས་བོད་ཡིག་དགོས་མེད་དུ་མཐོང་བ་དང་། དགེ་རྒན་གྱི་སློབ་གསོ་ལས་བོད་ཡིག་ལ་ཕུགས་འདུན་མ་མཐོང་བ། ལྷག་པར་དུ་གནའ་རབས་ཀྱི་བོད་རྩོམ་ཕལ་མོ་ཆེ་གཞུང་ལུགས་ཤ་སྟག་ཡིན་པ་དང་། དེང་རྩོམ་མང་ཆེ་བ་འགྲོ་བ་རིགས་དྲུག་གང་གི་ཡང་སྐད་ཁོངས་སུ་མ་གཏོགས་པ་རྐྱང་དུ་བྲིས་སྟབས། ལག་སྣེར་ལེན་ཆོག་ཆོག་གི་ཀློག་དེབ་ཅིག་ཀྱང་དཀའ་ཚོད་དུ་ཡོད།
རྒྱུ་རྐྱེན་འདི་དག་གིས་མི་རབས་གསར་པ་ཚོའི་བློ་ངོ་ན་བོད་ཡིག་གི་ཐ་སྙད་ཧ་ཅང་ཉུང་ལ། བོད་སྐད་ཀྱི་བརྗོད་པ་ངག་ཏུ་མི་བདེ་བའི་སྣང་ཚུལ་འདི་བྱུང་བ་རེད། རྒྱུ་རྐྱེན་འདི་དག་ལ་བཅོས་ཐབས་ཤིག་མ་བྱུང་ཕྱིན། བོད་ཡིག་ལ་མཚམས་དབྱེ་བ་དང་། ཚེག་ཆེ་ཆུང་གཉིས་ཀྱིས་མི་ཚད། ཡིག་འབྲུ་རེ་ཤོག་ངོས་རེར་འབྲི་རྒྱུ་བྱས་ཀྱང་ཕན་ཆ་མ་མཐོང་།
སྤྱིར་བཏང་ད་ལྟའི་མི་སྐོར་ཞིག་གི་སྙིང་ཁམས་ནི་དངོས་གནས་བརྗོད་དཀའ་བ་ཞིག་ཏུ་འདུག་སྟེ། མཚམས་དབྱེ་དགོས་པར་རྗོད་མཁན་བུ་མོ་དེ་དང་། ཚེག་གཉིས་ཀྱི་སྲོལ་འབྱེད་པོ་བླ་མ་ཁོང་སུ་ཡིན་ཀྱང་། ཨུ་ཚུགས་མཐར་སྐྱེལ་གྱིས་བདེན་པ་རྩོད་པ་ལྟ་བུའི་རྣམ་པ་ཞིག་ལས། བསམ་འཆར་རམ་རང་འདོད་བརྗོད་པའི་སྲོལ་ཙམ་ཡང་མི་འདུག ཇི་ལྟར་རུང་བོད་ཡིག་ལ་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གིས་ལོ་རྒྱུས་ལྡན་ལ། འདིའི་ནང་བྱུང་བའི་རིག་པའི་གཞུང་ལུགས་ཀྱང་སྒྲོ་འདོགས་མིན་པར་གཏིང་ཟབ་ཅིང་རྒྱ་ཆེ་བ་སྣ་ཚོགས་ཡོད་པ་རེད།
ཡི་གེ་འདིའི་བདག་པོ་ཡང་ཧི་མ་ལ་ཡ་ཕྱི་ནང་གི་བོད་རིགས་སུ་གྱུར་བ་ཡོད་དོ་ཅོག་སྟེ་ཕལ་ཆེར་བྱེ་བ་གཅིག་ཡས་མས་ཀྱི་གྲངས་ཚད་ལོངས་པའི་མི་རིགས་འདི་རེད། ངེད་ཅག་སྐོར་ཞིག་གིས་ཅི་བསམ་ལག་ཏུ་ལེན་པ་དང་། གང་དྲན་པར་དུ་བསྒྲིགས་ཆོག་ཆོག་ཅིག་ག་ལ་ཡིན་ཨང་སྙམ་པ་དབང་མེད་དུ་དྲན་འོང་མོད། ལེགས་ཉེས་འབྱེད་པའི་རྣམ་དཔྱོད་སྟོར་ཞིང་། ཞིབ་འཇུག་གི་འབྲས་བུ་ཡིན་སྐད་ཀྱི་ལོག་གཏམ་དོན་མེད་རྡོལ་བ་འདིས་གནོད་ཆེན་པོ་ཞིག་སྐྱེལ་ཐུབ་པ་དཀའ་ཡང་། མི་རིགས་འདིའི་སྐད་ཡིག་དང་མི་རིགས་འདི་ལ་མཐོང་མེད་དང་ཆག་མ་བཞག་པའི་རློམ་སེམས་དེ་མངོན་པར་སྟོན་གྱི་འདུག
ལེགས་པར་སྦྱངས་ཤིང་བསླབ་ན་བོད་ཡིག་ལ་སྟོན་མི་ཐུབ་པའི་རིག་ཚན་ཞིག་མེད་ངེས་ཀྱི་སྤུས་ཚད་འཛོམས་ཡོད་ཀྱང་། དཔེ་དེབ་ཧྲིལ་བོ་ཞིག་ཀྱང་བཀླག་ཨེ་ཐུབ་མི་བལྟ་བར་གཅོད་མཚམས་མི་གསལ་བའི་སྐྱོན་འདོགས་གང་མིན་དུ་སྒྲོག་པ་ནི་རང་ཉིད་ཀྱི་སྔོ་ལོ་འཕྱར་བ་ཙམ་ལས་མ་འདས། བོད་སྐད་ཀྱི་བྱ་ཚིག་རིགས་སྣ་ཚོགས་དང་། བརྗོད་བྱའི་ཁྱད་ཆོས། རྣམ་འགྱུར། བྱེད་ལས། ཚད་གཞི་སོགས་སྟོན་པའི་ཚིག་རྣམས་ལ་དབྱེ་བ་དགར་དགོས་ངེས་ཀྱི་ཚད་དུ་སླེབས་ཡོད་པ་དང་། རིག་གནས་གསར་པ་དང་། ཐོན་རྫས་གསར་པ། བྱ་བ་གསར་པའི་སྐོར་ཚན་དག་ལ་མིང་བརྡ་གསར་དུ་སྦྱོར་དགོས་པ་དེ་བས་ཀྱང་གལ་ཆེན་དུ་གྱུར་ཡོད་མོད། ཕྱོགས་འདི་དག་གླེང་ཙམ་ཡང་བྱ་མི་ནུས་པར། ཚེགས་དང་བར་སྟོང་དགོས་སྐོར་གྱི་སྟོང་སྐད་དེས་ནི་རང་གི་དེ་ཉིད་འཛེམས་མེད་དུ་སྟོན་པ་དང་། མེས་པོའི་དམ་པའི་བླ་སྒུལ་བ་ཙམ་ལས་ཅི་ཡང་འཇོན་པ་མི་འདུག་གོ།
བྱིས་པ་ཆུང་ཆུང་ཚོའི་བསླབ་དེབ་ལ་གཅོད་མཚམས་བཞག་པ་ཙམ་གྱིས་བཀའ་འགྱུར་བསྟན་འགྱུར་ལ་ཅི་ཞིག་གནོད་ཨང་། བྱིས་པ་སུས་བཀའ་འགྱུར་ཀློག་གིན་འདུག དོན་དག་ཆུང་ཆུང་ཞིག་ལ་ཡང་གོང་ས་མཆོག་དང་གོང་ས་མཆོག ཡང་ན་བཀའ་འགྱུར་དང་བསྟན་འགྱུར་ཞེས་པའི་ཐ་སྙད་འདི་རིགས་ཁྱེར་མ་ཡོང་ན་མི་ལེགས་སམ། རིག་གཞུང་ལ་བཅོས་སྒྱུར་མེད་ན་ཡར་རྒྱས་མེད་པའི་གནས་ལུགས་འདི་མཁྱེན་ན་ལེགས།
བོད་ཡིག་ཚེག་ཆེན་ཚེག་ཆུང་ཟེར་བ་དགོས་རབས་དང་། གཅོད་མཚམས་དགོས་རབས་གསུང་མཁན་ཚོ་ངོ་མ་མེས་པོའི་བརླ་བཙོང་བ་རང་རེད། ད་ལྟ་བར་དུ་བཀའ་འགྱུར་པོ་ཏི་བརྒྱ་དང་བསྟན་འགྱུར་པོ་ཏི་ཉིས་བརྒྱ་ལྷག་ཡོད་པ་དེ་རྣམས་ཀྱི་དོན་ཚེགས་མེད་དུ་མཁྱེན་པ་ཟད། ཀློག་ཐུབ་པ་སོགས་ལ་ཚེག་ཆེ་ཆུང་དང་བར་སྟོང་མི་དགོས་པའི་རྒྱུ་མཚན་ག་རེ་ཡིན་མིན་ཤེས་ཀྱི་ཡོད་དམ།
དེ་ནི་བོད་ཡིག་ལ་ལྷག་བསམ་རྣམ་དག་གིས་སྦྱངས་ནས་ཤེས་པའི་སྟབས་ཀྱིས་ཚེག་ཆེ་ཆུང་དང་བར་སྟོང་མི་དགོས་པའི་ར་སྤྲོད་གསལ་པོ་བྱས་པ་རེད། ང་ལ་ཚེག་ཆེ་ཆུང་མེད་པ་དང་། བར་སྟོང་མེད་པའི་རྐྱེན་ཀྱིས་དཀའ་ངལ་ཞིག་འཕྲད་མ་མྱོང་། སོ་སོའི་ཤུགས་བརྒྱབ་ནས་སྦྱངས་པ་ཡིན་ན་ཤེས་འགྲོ་ཡི་འདུག འགྲིག་འགྲོ་ཡི་འདུག དེ་ཡང་སྦྱངས་པའི་འབྲས་བུ་ཞིག་རེད།
ངས་ཀློག་སྟངས་ཤེས་ཀྱི་མི་འདུག དེར་བརྟེན་བོད་ཡིག་དེ་ལ་སྐྱོན་འདུག་ཟེར་ན། ངོ་མ་རྒན་བློ་དབང་གིས་གསུངས་པ་བཞིན། སྔོ་ལོ་འཕྱར་བ་ཞིག་མིན་ན་ཅི་ཡིན།
རྭ་རྒྱ་བློ་དབང་ལསགས་ཀྱིས་ཧ་ལས་པའི་དགོངས་ཚུལ་བཟང་པོ་ཞིག་བཀོད་འདུག་པས་ངས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་ཡི་ཡོད། གལ་ཏེ་བུ་མོ་དེས་བཤད་པ་ལྟ་བུའི་གཅོད་མཚམས་ཡོད་ན་ཀློག་པ་པོ་མང་པོ་ཡོང་གི་ཡོད་ཅེས་ན་འབྲས་ལྗོངས་ཀྱི་ལྷོ་ཡིག་ཅེས་པའི་སྐད་ཡིག་དེ་ལོ་རེ་ནས་ལོ་རེར་བེད་སྤྱོད་གཏོང་མཁན་ཇེ་ཉུང་དུ་འགྲོ་བཞིན་ཡོད་པར་བུ་མོ་དེས་རྒྱུ་མཚན་གང་ཞིག་ཡིན་པ་བཤད་གྲབས་ཡོད་པ་ཡིན་ནམ། འབྲུག་གི་རྫོང་ཁ་ཡིག་གེ་ནི་བོད་ཡིག་གི་གཅོད་མཚམས་དང་མཚུངས་པས་གཅོད་མཚམས་ལ་དཀའ་ངལ་ཤོད་མཁན་མེད། མདོར་ན་མི་ཁ་བདེ་པོ་རེ་གཉིས་ཀྱིས་བསམ་ཚུལ་རང་ཡིན་པ་ཐག་ཆོད་ཐུབ་ཀྱི་འདུག བཀྲིས་བདེ་ལེགས།
ཡ་་་དྲ་གྲོགས་ལགས། ངས་ཁྱེད་དེ་འདྲ་ཞིག་རེད་ཅེས་ཡེ་ནས་ཡེ་ནས་ཞུ་མི་ཐུབ་མོད་ཁྱེད་ཀྱི་ཕྱོགས་འཛིན་མཁན་ཚོའི་ནང་དུ་བོད་ཡིག་ལ་ཤ་ཞེན་མདོག་དང་། བོད་ཡིག་གི་གནས་ཚད་ཡོད་མདོག་སྟོན་ཆེད་དུ་འདི་ལྟར་བཤད་མཁན་ཡང་མང་།
བུ་མོ་དང་བླ་རྒན་གྱིས་གསུང་པ་དེ་གང་རུང་ཞིག་ལ་མཐའ་གཅིག་ཏུ་འགྲོ་དགོས་པའི་བསམ་ཚུལ་ཅང་མེད་མོད། བོད་ཡིག་གི་གཅོད་མཚམས་ཇེ་གསལ་དུ་གཏོང་ཐབས་ཤིག་ཡོད་ན་བོད་ཡིག་འཚོ་གནས་ལ་དགེ་མཚན་གཞལ་དུ་མེད་པ་ཞིག་ཡོད་པ་རང་ཅག་གིས་ཁས་ལེན་དགོས། བོད་ཡིག་ལ་གཅོད་མཚམས་ལོགས་སུ་མེད་པ་སྐྱོན་དུ་ཁས་མི་ལེན་རུང་གཅོད་མཚམས་ལོགས་སུ་འམ་ཇེ་གསལ་དུ་གཏོང་ཐབས་ཤིག་ཡོད་ན་རྣམ་རྟོག་མེད་པར་འཚམས་སྦྱོར་བྱེད་རན་འདུག “བརྩོན་པས་བསླབ་ན་མི་ཤེས་པ་ཞིག་ཀྱང་མེད་”པ་བདེན་ཀྱང་ཤེས་དཀའ་སླ་ཡོད་པ་ནི་ཁྱེད་རིག་པ་བ་ཞིག་གིས་ཁས་ལོས་ལེན། ངས་ཧིན་དི་འདི་ཉིན་གཅིག་གི་འཛིན་གྲར་འགྲོ་བ་ཕར་ཞོགས་འབད་བརྩོན་ཡང་བྱེད་མ་མྱོང་ཡང་ཚགས་དཔར་དཀྱུས་མ་རྣམས་སྔོན་ཞིག་ནས་ཀློག་ཐུབ་ཀྱི་འདུག གལ་སྲིད་བོད་ཡིག་འདིའི་ཚབ་ཏུ་ཡོད་ན་འདི་མི་སྲིད་པ་ཞིག་ཏུ་སྣང་། དྲང་བཤད་ཡིན།
རྭ་རྒྱ་ བློ་བཟང་ལགས་ཀྱི་ ཟིན་བྲིས་ འདི་ནི། སྙིང་ཞེན་ ལ་རྒྱའི་ རྭ་བ་ བརྒལ་ མ་ཐུབ་པའི་ བློ་གྲོས་ཀྱི་ བཟང་གཏམ་ ཆེད་བསྟོད་ ཙམ་ལས། དུས་རབས་ ༢༡པའི་ བོད་ཕྲུག་ མི་རིགས་ལ་ མཁོ་བའི་ གཅེས་ཞེན་དང་ ཉམས་མྱོང་ དམན་པའི་ བཀའ་མོལ་དུ་ མཐོང་བགྱིད་འདུག
རྭ་བློ་དབང་ལགས།དེང་སང་སུ་སིད་ལ་བེད་སྤྱོད་གཏོང་བཞིན་པའི་བོད་ཡིག་དེ་དག་ང་ཚོའི་བརྡ་སྤྲོད་དང་རྩ་བ་ཉིད་ནས་མཐུན་གྱི་མི་འདུག་པས།དེ་སྐོར་ལའང་བཀའ་བཀྱོན་ཞིག་ཐོངས་རོགས།
ཧཧཧ་གནད་དུ་འཁེལ་བ་ཞིག་བྲིས་འདུག
བམ་ཀློག་གཅིག་དང་ཞིབ་ཀློག་གཅིག་ཀྱང་བྱས་ཚར་ཡིན།
ལས་ཀ་འདི་དངོས་གནས་འབྲས་བུ་མེད་པའི་ལས་ཀ་རང་རེད། ཁོང་ཚོས་བཤད་པ་ལྟར་ཚིག་རེ་རེའི་བར་དུ་སྟོང་ཆ་འཇོག་པའི་དབང་དུ་བཏང་རུང་། མིང་གཞི་ལ་གོ་རྟོགས་གང་ཡང་མེད་པའི་བོད་ཕྲུག་ཚོར་གང་ཡང་ཕན་མི་སྲིད། དེ་ཡང་ཡིན་ཏེ་གོ་དོན་མ་རྟོགས་ན་ཀློག་མི་འདོད་ཅིང་། ཀློག་མ་འདོད་ན་བྱ་བ་འདིའི་འབྲས་བུ་མ་བྱུང་བ་རེད། གོ་དོན་རྟོགས་ན་གཅོད་མཚམས་མི་ནོར་ལ་གཅོད་མཚམས་མ་ནོར་ན་ལས་ཀ་འདི་བྱེད་དགོས་དོན་མེད། དེའི་ཕྱིར་བོད་ཕྲུག་བོད་ཡིག་གི་མིང་གཞིའི་ཤེས་བྱ་མེད་མཁན་ཚོར་མིང་གཞི་ཡག་པོ་ཞིག་མ་བསླབ་ན་བོད་ཡིག་གི་གནས་ཚད་ཡར་རྒྱས་གཏོང་བའི་ཐབས་གང་ཡང་མེད་དོ།
རྗིད་པོ་ཞིག་གསུངས་འདུག་པས་ཐུགས་རྗེ་ཆེ་ཞུ་རྒྱུ་
བཀླགས་ཟིན་ཡག་པོ་འདུག
བོད་ཡིག་ཀློག་བདེབ་དང་ཤེས་སླ་བས་ཆེད ། ཚེག་ཆེ་ཆུང་གཅོད་མཚམས་གོ་བགོས་པའི་གསར་རྗེ་བྱེད་པ་དང་། གསར་རྗེ་དེ་ནི་གནས་ལུགས་འགལ་ཚུལ་གླེང་ནས་ལན་སློག་པ་གང་བྱས་ཀྱང་ ། བཙན་བྱོལ་བའི་ནང་ལ་བོད་ཡིག་གི་ཁོར་ཡུག་དོག་ལ་བེད་སྤྱད་ཀྱིས་རིན་ཐང་ཡང་ཆུང་ནས་ཆུང་་དུ་འགྲོ་བཞིན་ཡོད། གཞིར་རིམ་སློབ་གྲྭ་མང་པོ་ཞིག་སྒོ་བརྒྱབས་པ་ཟིན་པ་ཡིན་ཞེས་བཀའ་ཁྲིས་གསུང་བ་ལྟར།
མང་ཚོགས་ཀྱང་ཁ་འཐོར་སྣ་འཐོར་གྱི་གོམ་པ་མདུན་དུ་ཆས་ཀྱིན་པ་མིག་ནང་གི་ཁབ་ལྟ་བུར་ཆག་ཡོད། སྒྱུར་བཅོས་དང་མཁྲེགས་འཛིན་ཇི་ལྟར་བྱས་ཀྱང་བོད་ཡིག་གསོན་ཐབས་ཧ་ཅིང་དཀའ་མོ་རེད །
རྩོམ་ཡིག་འདི་ཞིབ་ཀློག་བྱས་པས་ངོ་མ་རྒྱུ་མཚན་ལྡན་པའི་སྐད་ཆ་ཞིག་བཤད་འདུག མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད། མུ་མཐུད་རོགས།
བློ་དབང་གིས་དེ་རིང་དངོས་གནས་སེམས་ལ་ལྷུང་འགྲོ་བ་ཞིག་བཤད་སོང་། ཉེ་ཆར་ཨ་རིའི་རླུང་འཕྲིན་ཁང་ནས་འདིའི་སྐོར་ལ་བགྲོ་གླེང་ཞིག་བྱས་སྐབས། འདི་གསར་གཏོད་བྱེད་མཁན་བླ་རྒན་དེས་དངོས་གནས་གནས་ལུགས་དང་མི་མཐུན་པའི་སྐད་ཆ་འགའ་རེ་བརྗོད་སོང་མོད། འོན་ཀྱང་དེར་ཉན་ནས་འདུག་པ་ལས་ཐབས་ཤེས་ཤིག་མི་འདུག དེའི་སྐོར་ལ་བསམ་ཚུལ་ཞིག་འབྲི་དགོས་འདོད་ཀྱང་། ལེ་ལོ་དང་སྒྱིད་ལུག་གིས་ལུས་སོང་། དེ་རིང་བློ་དབང་གིས་དངོས་གནས་གནས་དོན་དང་ལྡན་པའི་རང་གི་རིག་གཞུང་ལ་ཤ་ཚ་བའི་སྐད་ཆ་ཞིག་བཤད་པར་རྒྱབ་སྐྱོར་ཡོད།