མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཟམ་གདོང་རིན་པོ་ཆེའི་གསུང་བཤད།

བོད་ཀྱི་དུས་བབ།
༢༠༡༠/༠༨/༢༨
Share on FacebookShare on TwitterShare on EmailShare on Whatsapp

བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོའི་སྟེང་སྒྲོག་སྦྱོང་གནང་བའི་བཀའ་ཤག་གི་གསུང་བཤད། སྒྲོག་སྦྱོང་གནང་མཁན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ།

 

བཀུར་འོས་ཚོགས་གཙོ་མཆོག ལོ་འཁོར་ལས་བསྡོམས་ཚོགས་ཆེན་ལྟ་བུའམ་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་ དང་པོ་ཞེས་པའི་ཚོགས་འདུ་འདིར་ཚོགས་ཕེབས་གནང་བའི་སྐྱབས་ཡུལ་དགེ་འདུན་གྱི་ སྡེ་རྣམ་པ། དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་ཁྲིམས་ཞིབ་པ་གཞན་གཉིས། བཀུར་འོས་ཚོགས་གཙོ་སྦྲེལ་པོས་དབུས་པའི་སྤྱི་འཐུས་རྣམ་པ། ཕྱག་སྦྲེལ་བཀའ་བློན་རྣམ་པ། ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པའི་གྲྭ་བཙུན་གྱི་སྐུ་ཚབ། ས་གནས་འཐུས་ཚོགས་ཁག་གི་སྐུ་ཚབ་དང་ས་གནས་མི་མང་གི་སྐུ་ཚབ། རང་བདེན་ཚོགས་ཆུང་ཁག་གི་སྐུ་ཚབ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། སློབ་གྲྭའི་འདུན་ལམ་སློབ་སྟོན་པའི་སྐུ་ཚབ། རང་སྐྱོང་སྡེ་ཚན་ཁག་གི་སྐུ་ཚབ། བོད་སྨན་དང་ཕྱི་ལུགས་སྨན་པའི་སྐུ་ཚབ། བོད་དོན་ཐོག་ཐུགས་སྣང་དང་འགན་ཁུར་གནང་མཁན་གྱི་མཁས་དབང་ཆེད་ལས་པ་དང་སྤྱི་ ཚོགས་ཞབས་ཞུ་བ་སོགས་དྭང་བླངས་ཚོགས་མི་རྣམ་པ། སྐུ་མགྲོན་རྣམ་པ་ལྷན་རྒྱས་བཅས་ལ་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་གུས་བརྩེའི་འཚམས་འདྲི་དང་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཙན་བྱོལ་དུ་མང་གཙོ་དབུ་བརྙེས་ ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་དང་བསྟུན་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ ཐེངས་དང་པོ་བསྐོང་ཚོགས་གནང་བར་ཡི་རངས་བསྔགས་བརྗོད་དང་། ཚོགས་འདུ་དོན་ལྡན་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།ད་རེས་ཚོགས་ཆེན་འདིའི་ནང་ སྐུ་ཚབ་དོན་གཅོད་རྣམ་པ་དང་། གཞུང་ཞབས་རྣམ་པ།  ས་གནས་འགོ་འཛིན་རྣམ་པ། སློབ་གྲྭའི་དགེ་ལས་རྣམ་པ་བཅས་ཚོགས་མིའི་ཐོ་གཞུང་དུ་གསལ་འདུག་ཀྱང་འཛིན་ སྐྱོང་ནས་དགོངས་ཁྲོལ་ཞུས་པ་ཡིན། དེའི་རྒྱུ་མཚན་ནི་ཚོགས་འདུ་འདི་གལ་ཆེར་མ་བརྩི་བའམ་གྲོས་ཚོགས་ཀྱི་གྲོས་འཆར་ ལ་བརྩི་བཀུར་མ་ཞུས་པ་མིན་རུང་། ཕྱོགས་གཅིག་ནས་སྐུ་ཚབ་དོན་གཅོད་དང་། གཞུང་ཞབས་ལས་བྱེད། ས་གནས་འགོ་འཛིན་བཅས་ས་ཐག་རིང་པོར་ཉིན་གྲངས་མང་བའི་ཚོགས་འདུར་བཅར་ན་དྷ་ས་ལས་ ཁུངས་ཁག་གིས་མཚོན་སོ་སོའི་ལས་ཁུངས་ནང་འགན་ཁུར་ཐུབ་པའི་ལས་བྱེད་རྒན་རིམ་མེད་ པར་ཉིན་མང་ལུས་རྒྱུར་བརྟེན། གཞུང་དོན་འཐུས་ཤོར་འགྲོ་ཉེན་དང་། ལས་བྱེད་པ་རྣམས་ལ་ཆབ་སྲིད་དང་འཛིན་སྐྱོང་གང་ཐད་རྒྱུན་དུ་དགོངས་འཆར་གནང་ རྒྱུའི་གོ་སྐབས་ཡོད་བཞིན་པར་བརྟེན་ཚོགས་འདུ་འདི་འདྲའི་སྐབས་ཕྱི་ནས་ཕེབས་ པའི་ཚོགས་མི་རྣམས་ལ་དགོངས་འཆར་གནང་རྒྱུའི་གོ་སྐབས་མང་བ་འབུལ་དགོས་པ། དེ་སྔོན་ཚོགས་འདུ་ཁག་ཏུ་གཞུང་ཞབས་མང་བས་མི་མང་སྐུ་ཚབ་རྣམ་པར་གནོན་ཤུགས་ བྱུང་བ་དང་། གོ་སྐབས་ཇི་བཞིན་མ་ཐོབ་པའི་དགོངས་ཚུལ་བྱུང་བ། གཞུང་གྲོན་བསྲི་ཚགས་བཅས་གལ་ཆེའི་རྒྱུ་མཚན་བཞི་ལ་བརྟེན་ནས་དགོངས་ཁྲོལ་ཞུས་པ་ བཞིན་དགོངས་པ་བསྩལ་སོན་བྱུང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཚོགས་ཆེན་འདིའི་གྲོས་གཞིའི་ནང་ཆབ་སྲིད་དང་། མང་གཙོ་འཕེལ་རྒྱས། ཆོས་དང་རིག་གཞུང་། གཞིས་ཆགས་སྲ་བརྟན། ཤེས་ཡོན། འཕྲོད་བསྟེན། དཔལ་འབྱོར། བོད་དོན་དྲིལ་བསྒྲགས་དང་། རྒྱ་བལ་འབྲུག་གསུམ་ཕུད་ཁ་ཐོར་བོད་མིའི་གནས་སྟངས་སྐོར། བོད་དོན་བདེན་མཐའ་གསལ་ཐབས་དང་། བཙན་བྱོལ་དུ་མང་གཙོ་དབུ་བརྙེས་ནས་ལོ་ལྔ་བཅུའི་འདས་པའི་ཉམས་མྱོང་ལ་བསྟུན་མ་ འོངས་ལེགས་སྤེལ་བྱ་ཕྱོགས་ཇི་དགེའི་སྐོར་བཅས་བཞག་གནང་འདུག གནས་ཚུལ་འདི་དག་ཕལ་ཆེར་འཛིན་སྐྱོང་དང་འབྲེལ་བ་ཆགས་པར་སོང་། ད་ལྟའི་གནས་བབ་མདོར་བསྡུས་རེ་སྙན་གསན་ཞུ་གལ་ཆེ་བ་དང་། དེའི་ཆེད་དུ་གོ་སྐབས་གནང་བར་བཀུར་འོས་ཚོགས་གཙོ་མཆོག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ ཡིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཐུགས་རྗེ་ དང་བཀྲིན་ཉག་གཅིག་ལ་བརྟེན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། སྤྱི་ཚོགས། ཤེས་ཡོན། འཕྲོད་བསྟེན་སོགས་སྒོ་གང་ས་ནས་སྐྱབས་བཅོལ་བ་གཞན་དང་མི་འདྲ་བའི་མི་སྨོན་རང་ སྐྱིད་ལྟ་བུ་ཡོད་ནའང་། བོད་དོན་བདེན་མཐའ་གསལ་མིན་དང་། བཙན་བྱོལ་བའི་གནས་བབ་ད་མུས་བཞིན་རྒྱུན་གནས་ཐུབ་མིན་སྤྱིར་བོད་མིའི་སྤྱི་ མཐུན་གྱི་བསོད་ནམས་དང་། ལྷག་པར་བཙན་བྱོལ་བོད་མིའི་བསམ་སྤྱོད་ལ་རག་ལས་པ་དང་། ཕྱི་ལོ་ ༡༩༥༩ ནས་བཟུང་ ༡༩༧༠ དོན་གྲངས་བར་བཙན་བྱོལ་བའི་འཚོ་བ་དང་། སྤྱི་ཚོགས་ཀྱི་གནས་བབ་གང་ས་ནས་ཐོག་མའི་དཀའ་རྙོག་ཁག་རིམ་སེལ་གྱིས་བརྟན་ལྷིང་ གང་ལེགས་བྱུང་ཡོད་ནའང་། ཕྱི་ལོ་ ༡༩༨༠ གྱ་གྲངས་ནས་བཟུང་། ལྷག་པར་འདས་མ་ཐག་པའི་ལོ་བཅོ་ལྔ་ཉི་ཤུའི་ནང་བཙན་བྱོལ་བོད་མིའི་མི་འབོར་དང་། བསམ་བློ་འཁྱེར་ཕྱོགས། སྤྱོད་ལམ། ཕུགས་དམིགས་བཟུང་ཕྱོགས་སོགས་གང་ཅིའི་ཐོག་འགྱུར་བ་ཤུགས་ཆེ་ཞིག་བྱུང་དང་ཡོང་ བཞིན་པ་དེ་དག་གི་ཐོག་ད་རེས་ཚོགས་ཆེན་འདིའི་ནང་དཔྱད་ཞིབ་དང་བཀའ་བསྡུར་གནང་ རྒྱུ་གལ་ཆེ་མཐོང་གི་འདུག གང་ལགས་ཤེ་ན། འགྱུར་འགྲོས་དེ་དག་ད་ལྟ་ནས་བོད་མི་མི་རེ་ངོ་རེས་གོ་རྟོགས་དང་ངོས་འཛིན། གདོང་ལེན་ཚད་ལྡན་ཞིག་གནང་མ་ཐུབ་ན་འབྱུང་འགྱུར་བོད་རིགས་སྤྱི་དང་། ཁྱད་པར་བཙན་བྱོལ་བོད་མིའི་ལས་དབང་ལ་ཕན་གནོད་ཤུགས་ཆེ་འབྲེལ་རྒྱུར་ངེས་པས། ད་ལྟའི་གྲོས་གཞི་ཁག་གི་ཐོག་བཀའ་བསྡུར་དང་དགོངས་འཆར་ཇི་ཙམ་གནང་ཡང་ནམ་ཞིག་ འབྲེལ་མེད་ཆགས་རྒྱུའི་ཉེན་ཁ་འདུག འགྱུར་འགྲོས་དེ་དག་གི་ནང་གལ་གནད་ཆེ་རིགས་ཁག་རོབ་ཙམ་ཞུས་ན།

༡ མི་འབོར།
ས་ སྟེང་འདིར་འགྲོ་བ་མིའི་བྱུང་རབས་ཀྱི་ནང་། ཆོས་དང་རིག་གནས་ལེགས་བྱང་བཅས་ཀྱི་ཐོག་འབུར་ཐོན་གྱི་ལག་རྗེས་ཡོད་པའི་བོད་མི་ རིགས་ཀྱི་གྲངས་འབོར་ནི་ས་ཁྱོན་ལ་ལྟོས་པའི་ཧ་ཅང་ཉུང་ངུ་ས་ཡ་དྲུག་ལས་མ་བརྒལ་ བ་ཞིག་ཏུ་གནས་པ་དང་། ཕྱི་ལོ་ ༡༩༤༩ ནས་བཟུང་བཙན་འཛུལ་འགོག་རྒོལ་དང་། གྱེན་ལངས་ཟིང་འཁྲུགས། རྩད་ཞིབ་དྲག་གནོན། རིག་གནས་གསར་བརྗེ་སོགས་ཀྱི་སྐབས་བོད་མི་ཕོན་ཆེ་རྐྱེན་ལམ་དུ་སོང་ཞིང་། ཉུང་ཤས་བཙན་བྱོལ་དུ་འབྱོར་བ། དེའི་རྗེས་སྐྱེ་སྒོ་བཀག་པའི་སྲིད་བྱུས་བཅས་ཀྱི་འོག་ཕྱི་ལོ་ ༢༠༠༠ ལོའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་འབོར་གྲངས་བཤེར་སྐབས་བོད་ རིགས་མི་གྲངས་ ༥༤༡༦༠༣༤ ལས་མེད་པ་དང་། བཙན་བྱོལ་བོད་མིའི་ནང་ཕྱི་ལོ་ ༡༩༨༧ ནས་ ༨༩ བར་ཕྲུ་གུ་སྐྱེ་འཕེལ་ཚད་གཞི་ (TFR) ༤་༩ ཡིན་ཡང་ ༡༩༩༨ ལོར་མི་འབོར་གྲངས་བཤེར་སྐབས་ ༡་༢༢ བར་མར་ཆག་པ་དང་། ༢༠༠༩ ལོའི་མི་འབོར་གྲངས་བཤེར་གཉིས་པའི་སྐབས་སྐྱེ་འཕེལ་ཚད་གཞི་ ༡་༡༨ བར་ཆག་འདུག གནས་ཚུལ་འདི་ལ་མགྱོགས་མྱུར་བཟང་ཕྱོགས་ཀྱི་འགྱུར་བ་མ་ཕྱིན་ན་འབྱུང་འགྱུར་ལོ་ ལྔ་བཅུའི་ནང་བཙན་བྱོལ་བོད་མིའི་གྲངས་འབོར་བརྒྱ་ཆ་ ༤༠ ནས་ ༤༥ བར་ཙམ་ཉུང་དུ་འགྲོ་རྒྱུ། ད་ཡོད་བོད་མིའི་སློབ་གྲྭ་མང་པོའི་དམའ་རིམ་འཛིན་གྲྭ་སྒོ་བརྒྱབས་ཟིན་ཅིང་། འབྱུང་འགྱུར་སློབ་གྲྭ་ཁག་རིམ་བཞིན་སྒོ་ཐེབས་རྒྱུ།བར་སྐབས་དགོན་སྡེ་དང་སློབ་ གྲྭ་ཁག་ཏུ་བོད་ནས་གསར་འབྱོར་གང་ཙམ་ཡོང་བཞིན་ཡོད་རུང་ཕྱི་ལོ་ ༢༠༠༨ རྗེས་གསར་འབྱོར་ཇེ་ཉུང་དུ་ཕྱིན་པ་དང་། འབྱུང་འགྱུར་གནས་ཚུལ་ཇི་ཆགས་བརྗོད་དཀའ། རྒྱ་གར་ཙམ་མ་གཏོགས་རྒྱལ་ཁབ་གཞན་དུ་གནས་སྡོད་བོད་མི་ཚང་མས་གནས་ཡུལ་སོ་སོའི་ ཡུལ་མི་མ་བྱས་ཐབས་མེད་ལ་བརྟེན། འབྱུང་འགྱུར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཕྱི་སྡོད་བོད་མིའི་སྤྱི་ཚོགས་ཀྱི་ ངོ་བོར་འགྱུར་ཏེ་བཙན་བྱོལ་བ་གཅིག་ཀྱང་མེད་པའི་གནས་སྐབས་ཀྱང་ཡོང་ངེས་པ་དང་། དེ་འདྲ་བྱུང་སྐབས་བོད་ཀྱི་རྩ་དོན་འཐབ་རྩོད་དང་། བཙན་བྱོལ་སྒྲིག་འཛུགས་ཁག་བཅས་ད་ལྟའི་གནས་བབ་དང་མི་འདྲ་བ་ཞིག་ཏུ་འགྱུར་རྒྱུ་ ཟུར་བལྟས་ལེབ་མཐོང་དུ་གནས།

༢ ཤེས་ཡོན།
༧གོང་ས་ ༧སྐྱབས་མགོན་ཆེན་པོའི་བཀྲིན་ཉག་གཅིག་ལས་རྒྱ་བལ་འབྲུག་གསུམ་དུ་གནས་པའི་བཙན་ བྱོལ་བོད་རིགས་ན་གཞོན་ཡོངས་ལ་གཞི་རིམ་དང་མཐོ་རིམ་ཤེས་ཡོན་སློབ་སྦྱོང་གི་གོ་ སྐབས་འགྲན་ཟླ་མེད་པ་ཞིག་ཐོབ་སྟེ་བོད་ཕྲུག་གཅིག་ཀྱང་སློབ་སྦྱོང་གི་གོ་སྐབས་ མ་ཐོབ་པ་མེད་ནའང་། གཞི་རིམ་སློབ་ཐོན་པ་རྣམས་ཀྱི་ཤེས་ཡོན་གནས་ཚད་དང་རྒྱུགས་སྤྲོད་བརྒྱ་ཆ་དམའ་ བས་ཆེད་ལས་པ་དང་རིགས་གཅིག་རྐང་འཛིན་གྱི་ཁྱད་ལས་པ་དཀོན་ཁར། གནའ་དེང་གི་ཤེས་ཡོན་གཉིས་ཀའི་ངོ་མཐོང་ཙམ་ལས་མཐར་སོན་པ་ཆེས་དཀོན་པ་དང་། དེང་རབས་དང་དེང་རབས་ཤེས་ཡོན་གྱི་བཟང་ཕྱོགས་ཀྱི་ཡོན་ཏན་རྣམས་མ་འགོས་པར་ཞན་ཆ་ རྣམས་འགོས་པ་ཀུན་གྱི་གཟིགས་ལམ་དུ་གྱུར་བཞིན་པ་འདི་དང་།

༣ གཞན་བརྟེན་དང་སྒྱིད་ལུག་གི་བསམ་བློ།
༧གོང་ ས་༧སྐྱབས་མགོན་ཆེན་པོའི་རླབས་ཆེན་གྱི་འཕྲིན་ལས་ལ་བརྟེན་བོད་མི་བཙན་བྱོལ་བ་ རྣམས་སྐྱབས་བཅོལ་དུ་འབྱོར་བ་ནས་བཟུང་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོའི་གཞུང་མང་ དང་། ཚོགས་སྡེ། སྒེར་ཁག་སོགས་ཀྱིས་བོད་མིར་གདུང་སེམས་མཉམ་བསྐྱེད་ཀྱིས་རོགས་སྐྱོར་ཤུགས་ཆེ་ གནང་བར་བརྟེན་ཟས་གོས་གནས་མལ་ཤེས་ཡོན་འཕྲོད་བསྟེན་གང་ས་ནས་མཐུན་རྐྱེན་འབད་ མེད་ལྷུན་འགྲུབ་ཡོད་པ་དེས་ངན་ལངས་ལྟ་བུས་ད་ཆ་གཞན་ཡུལ་དུ་འབྱོར་ནས་ལོ་ལྔ་ བཅུ་ང་གཅིག་བརྒལ་ཡང་ད་དུང་རོགས་སྐྱོར་འཚོལ་བའི་གཞན་བརྟེན་གྱི་བསམ་བློ་དང་། དཀའ་ངལ་ཇི་འཕྲད་བཙན་བྱོལ་སྒྲིག་འཛུགས་ཀྱིས་བསལ་དགོས་པའི་གཞན་བརྟེན་གྱི་བསམ་ བློ་སྔར་ལས་ཤུགས་ཆེར་གྱུར་པ་མ་ཟད། འཚོ་ཐབས་ཀྱང་སོ་ནམ་ཞིང་ལས་ལྟ་བུ་ལུས་ཀྱི་ངལ་རྩོལ་དགོས་རིགས་ལ་སྒྱིད་ལུག་དང་ དམན་འཛིན་གྱིས་རྐང་ལག་འགུལ་བསྐྱོད་མི་དགོས་པའི་འཚོ་ཐབས་ལ་རྔམས་པ་དང་། ལམ་ཐག་ཐུང་ངུའང་གོམ་བགྲོད་བྱེད་འདོད་མེད་པའི་ལེ་ལོའི་གོམས་གཤིས་ཤིག་བོད་མི་ ཕལ་ཆེར་ལ་འཇགས་ཟིན་པ།

༤ འདོད་རྔམས།
༧གོང་ས་ ༧སྐྱབས་མགོན་ཆེན་པོའི་སྐུ་དྲིན་ལས་རྒྱ་བལ་འབྲུག་གསུམ་དུ་གནས་པའི་བཙན་བྱོལ་ བོད་མི་ཚོར་སོ་སོས་འབད་བརྩོན་ཐུབ་ན་མཐའ་གཉིས་སུ་མ་ལྷུང་བའི་འཚོ་ཐབས་ཤིག་ རྙེད་ཐུབ་པ་མ་ཟད། བོད་མི་མི་ཉུང་བ་ཞིག་དངོས་ཡོད་དགོས་མཁོ་འདང་ངེས་ཀྱི་དཔལ་འབྱོར་འདུ་འགོད་ ཐུབ་པ་ཆགས་ཡོད་ཀྱང་། དེས་འདོད་བློ་མ་ཚིམས་པར་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་བསྐྱོད་སེམས་འབའ་ཞིག་བཅངས་ ཏེ་རང་ཉིད་དང་སྤྱི་ཚོགས་གཉིས་ཀར་ལྷིང་འཇགས་མེད་པའི་འགྲོ་སེམས་དང་། ལག་ཏུ་ཡོད་པའི་བྱེད་སྒོ་རྣམས་འཐུས་ཤོར་བཏང་བ།

༥ བཟང་སྤྱོད་ཉམས་ཆག
གོང་ སྨོས་ཀྱི་གནས་ཚུལ་དེ་དག་ལ་བརྟེན་ནས་རྒྱ་བལ་འབྲུག་གསུམ་དུ་གནས་པའི་བོད་མི་ཧ་ ཅང་མང་པོས་ཁྲིམས་མཐུན་མིན་པར་ཕྱི་རྒྱལ་དུ་བསྐྱོད་ཐབས་ཀྱི་འདོད་རྔམས་ལ་ བརྟེན་ནས་བོད་མིའི་ཐུན་མིན་གྱི་ཁྱད་ཆོས་བཟང་སྤྱོད་དོར་ནས་རྫུན་དང་གཡོ་སྒྱུ། ལྐོག་རྔན་སྤྲོད་ལེན། གཞན་ལ་མགོ་སྐོར་གཏོང་ཐབས་སོགས་བྱས་པ་མ་ཟད། བོད་མི་རང་གི་ཁྲོད་ནས་ཚད་ལས་བརྒལ་བའི་དངུལ་འབབ་བླངས་ཏེ་ཕྱི་བསྐྱོད་ཡིག་ཆ་ རྫུན་བཟོ་བྱེད་མཁན་ཡང་ཇེ་མང་དུ་འགྲོ་བ་བཅས་ལ་བརྟེན། ལམ་འགྲོ་མ་རྒྱུགས་པ་མང་པོ་བུ་ལོན་སྤྲོད་རྟེན་བྲལ་བ། བཙོན་ཁང་དུ་ཚུད་པ། སྨྱོན་པ་ཆགས་པ། རང་ཤི་བརྒྱབས་པ། ཤུལ་སྡོད་གཉེན་ཉེ་བུན་འོག་ཏུ་བཅུག་པ་སོགས་སྒེར་སོ་སོར་དཀའ་ངལ་སྨོས་མེད་ཐོག བོད་རིགས་ཡོངས་ཀྱི་མཚན་མཐོང་དང་ཆ་འཇོག་རྩ་མེད་བཏང་སྟེ་དེང་སྐབས་ཐོངས་མཆན་ ཞུ་ཡུལ་གཞུང་ཚབ་ཁག་དང་། གནམ་ཐང་། ས་མཚམས་ཀྱི་འབབ་ཚུགས་སོགས་གང་དུ་ཕྱིན་ཡང་བོད་མི་ཡིན་ཕྱིན་གཡོ་ཁྲམ་ཤོད་མཁན་ ཡིན་ཤག་གིས་ཡིད་དྭོགས་བྱ་ཡུལ་དུ་གྱུར་པ་དང་། ཤེས་ཡོན་དང་རིག་གཞུང་། གཞུང་དང་སྤྱི་ཚོགས་ཀྱི་ལས་དོན་གལ་ཆེའི་ཆེད་ཕྱི་བསྐྱོད་དགོས་རིགས་རྣམས་ལའང་ ཐོངས་མཆན་འཐོབ་དཀར་གྱུར་པ་མ་ཟད། མཐོང་ཆུང་དང་དམའ་འབེབས་ཁྱད་གསོད་ཀྱི་ཡུལ་དུ་ཡང་ཡང་གྱུར་པ་དང་། གཞན་ཡང་ན་གཞོན་ཁྲོད་མྱོས་རྫས་ངན་གོམས་དང་འཆལ་སྤྱོད་ལ་བརྟེན་པའི་ནད་རིགས་སྣ་ ཚོགས་ཀྱིས་རང་ཉིད་དང་སྤྱི་ཚོགས་གཉིས་ཀའི་བདེ་འཇགས་དང་། འཕྲོད་བསྟེན། ཆེ་མཐོང་བཅས་ལ་གནོད་གཞིར་གྱུར་པ།

༦ ཆབ་སྲིད་ཀྱི་གོ་རྟོགས་དང་འཆར་སྣང་ཞན་པ།
སེམས་ ཤུགས་དང་དོ་ཁུར་ཆེ་བའི་ན་གཞོན་མང་ཡང་དེ་དག་རྒྱལ་སྤྱི་དང་། རྒྱ་ནག་གི་ཆབ་སྲིད་ཀྱི་གནས་བབ་དང་འགྱུར་འགྲོས་ལ་གོ་རྟོགས་ཆུང་ཞིང་། གནད་དོན་རྣམས་ཕྱོགས་ཡོངས་ནས་བརྟག་དཔྱད་ཞིབ་འཇུག་མ་ཐུབ་པར་སྣང་བ་གདོང་དེད་ དང་། སེམས་ཚོར་ཁོ་ནར་བརྟེན་པའི་ལྟ་ཕྱོགས་དང་བྱེད་ཕྱོགས་གྲུབ་འབྲས་མེད་ཅིང་རྒྱུན་ གནས་མི་ཐུབ་པའི་རིགས་ལ་ཧར་རྒྱུགས། ཡང་ན་རང་མིང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་པ་ཙམ་གྲུབ་འབྲས་སུ་རློམ་པའང་མི་ ཉུང་བ་ཞིག་ཡོད་པ་དེ་དག་གི་ལྷག་བསམ་ལ་སྐྱོན་མེད་ཀྱང་། མཇུག་འབྲས་ཕན་མེད་གནོད་སྐྱེལ་ལམ། ཡང་ན་ངལ་བ་དོན་མེད་དུ་སོང་བ་ཡོང་བཞིན་པ་དང་། དངོས་དོན་མ་རྟོགས་ཤིང་བློ་རྒྱ་ཆུང་བའི་བསམ་ཚུལ་ཡ་མཚན་ཅན། དཔེར་ན་༸གོང་ས་མཆོག་མང་ཚོགས་དང་འདྲེས་ནས་སྲང་བར་གྱི་ལས་འགུལ་དབུ་ཁྲིད་མཛད་ དགོས་ཞུས་པ་ལྟ་བུ་སུས་ཀྱང་བློ་ཡུལ་དུ་མི་ཤོང་བའི་འཆར་སྣང་ཡོད་མཁན་ཇེ་མང་དུ་ འགྲོ་བཞིན་པ། མདོ་དོན་བོད་ཀྱི་རྩ་དོན་སླད་ཆབ་སྲིད་ཀྱི་ལས་འགུལ་སྲང་བར་དུ་རྔམ་སྟོན་སྐད་ འབོད་ཁོ་ན་ལས་རྒྱུན་སྐྱོང་འབད་རྩོལ་དང་། དཀའ་སྤྱད་དགོས་པའི་སྒྲུབ་ཕྱོགས་ཀྱི་ལས་འགུལ་སྤེལ་རྒྱུའི་བསམ་བློ་དང་ཆོད་ སེམས་མེད་པ་བཅས། གོང་བཀོད་ཀྱི་གནས་བབ་ཁག་ལ་བོད་མི་མི་རེ་ངོ་རེས་འགན་ཁུར་ཡོད་པའི་ཐོག་ནས་བསམ་ ཞིབ་དང་བླང་དོར་ཞིག་མ་བྱུང་ན་ནམ་ཞིག་བཙན་བྱོལ་བོད་མིའི་སྤྱི་ཚོགས་འཐོར་ཞིག་ དང་། ད་ལྟའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོས་ཚོད་དཔག་བྱས་པ་ ལྟར་ནམ་ཞིག་བོད་ཀྱི་རྩ་དོན་རང་ཡལ་དུ་འགྲོ་བའི་ཉེན་ཁ་མེད་པ་མིན་པ་དང་། ལྷག་པར་དེང་སྐབས་བཙན་བྱོལ་བོད་མི་ཕྱིར་འགུགས་བྱེད་ཐབས་དང་། བོད་ས་ཡོངས་སུ་དཔལ་འབྱོར་ཡར་རྒྱས་དང་། མི་འབོར་སྤོ་ཤུགས་ཀྱི་ལམ་ནས་བོད་ཀྱི་གནད་དོན་རྩ་མེད་གཏང་རྒྱུའི་འཆར་གཞི་ ལྡན་པའི་སྲིད་བྱུས་འདི་ལམ་ལྷོང་ཡོང་རྒྱུར་ཕྱི་སྡོད་བོད་མིས་མཐུན་འགྱུར་ བྱེད་མི་སྲིད་པ་མིན་པ་ཡོང་ཉེན་ཆེ། དེ་དང་དེ་འདྲའི་སྤྱི་ཚོགས་ཀྱི་འགྱུར་འགྲོས་རྣམས་ཀྱི་སྐོར་ད་རེས་ཚོགས་ཆེན་ འདིའི་ཐོག་ཉམས་ཞིབ་གྲོས་བསྡུར་གནང་ཐབས་བྱུང་ཚེ་འཕྲལ་ཕུགས་གཉིས་སྨན་ཡོང་རེ།

དེ་ནས་གཞུང་འབྲེལ་གྲོས་གཞིའི་ནང་།
དང་པོ། ཆབ་སྲིད་ཀྱི་ཐད།
ཕྱི་ ལོ་ ༡༩༧༤ ནས་ད་བར་རྒྱུན་འཛིན་གནང་བཞིན་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ སྒྲོམ་གཞི་འགྱུར་མེད་ཐོག་ཞིབ་ཆའི་ནང་དོན་ཁག་དུས་བསྟུན་གྱི་འགྱུར་བ་རིམ་སོང་ རྣམས་ཀྱི་མཐའ་དོན་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་ བསམ་འཆར་དང་། དེའི་འགྲེལ་བརྗོད་ཡིག་ཆ་གཉིས་ཀྱི་ནང་གསལ་འཁོད་ཡོད་པ་དང་། ཕྱི་ལོ་ ༢༠༠༨ ཟླ་ ༡༡ ནང་དམིགས་བསལ་ཚོགས་ཆེན་བརྒྱུད་མང་ཚོགས་ཀྱི་ཚད་མཐོའི་མང་མོས་དང་། འདི་ལོ་ཕྱི་ཟླ་གསུམ་པའི་ནང་གྲོས་ཚོགས་ཀྱི་སྤྱི་མོས་རྒྱབ་སྐྱོར་ཡོད་པ་བཅས་ལ་ བརྟེན་གནས་སྐབས་སྲིད་བྱུས་ལངས་ཕྱོགས་སྐོར་མང་ཚོགས་ལ་བསྐྱར་དུ་གྲོས་འདྲི་ཞུ་ བའི་དགོས་གལ་མ་མཐོང་། ལག་བསྟར་ཞུ་ཕྱོགས་ཐད་དོན་ཕན་ཡོད་པའི་ལམ་སྟོན་བྱུང་ན་དགའ་བསུ་ཞུ་རྒྱུ་དང་། ད་ལྟ་ང་ཚོས་རྒྱུན་སྐྱོང་ཞུ་བཞིན་པའི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་བྱུང་ རིམ་དང་ངོ་བོ་གྲུབ་འབྲས་བཅས་ཀྱི་སྐོར་མང་ཚོགས་སུ་གསལ་བཀྲོལ་ཆེད་ཡིག་ཆ་ འགྲེམས་སྤེལ་ཞུས་ཡོད། རྒྱལ་སྤྱིའི་ནང་མང་ཚོགས་དང་གཞུང་ཁག་གི་རྒྱབ་སྐྱོར་ཚད་མཐོ་དང་རྒྱུན་གནས་ཡོང་ ཐབས། རྒྱ་རིགས་མང་ཚོགས་དང་འབྲེལ་བ་རྒྱ་བསྐྱེད་གཏོང་ཐབས་དང་། ད་ལྟའི་རྒྱ་ནག་གི་གཞུང་དང་གཞུང་ཚབ་ཁག་ལ་གང་བྱུང་འབྲེལ་བ་མི་བྱེད་པ་སོགས་ས་ གནས་གང་སར་ཡོད་པའི་མི་མང་གིས་གནང་ཐུབ་པའི་ཆབ་སྲིད་ལས་དོན་རྣམ་མང་ཞིག་ཡོད་པ་ རྣམས་ལ་ཐུགས་སྣང་དགོས་གལ་དང་། སྒྲུབ་ཕྱོགས་ཀྱི་ལས་འགུལ་སྤེལ་ཐབས་ལ་གོ་བསྡུར་དགོངས་འཆར་བྱུང་ན་ཕན་ཐོགས་ ཡོང་ངེས།

གཉིས་པ། མང་གཙོ་འཕེལ་རྒྱས་སྐོར།
འཛིན་ སྐྱོང་གིས་མང་གཙོའི་འཕེལ་རིམ་སྐྱབས་བཅོལ་བའི་གནས་བབ་ལ་གཞིགས་པའི་ཚད་མཐོ་གང་ ལེགས་ཡོད་པར་ངོས་འཛིན་ཞུས་ཀྱི་ཡོད། ད་དུང་གཞི་རིམ་མང་ཚོགས་སུ་མང་གཙོའི་གོམས་གཤིས་དང་། སྤྱི་འཐུས་ཀྱི་གནས་ཚད། ས་གནས་འཐུས་ཚོགས་དང་ས་འགོ་འོས་འདེམས་སོགས་ཀྱི་སྐོར་ཡར་རྒྱས་གཏོང་ཕྱོགས་ཀྱི་ དགོངས་འཆར་བྱུང་ན་དོན་ཕན་ཡོང་རྒྱུ། དེང་སྐབས་ངལ་གསོའི་ཞབས་སྟེགས་ཐོག་ནས་བོད་མིའི་མང་གཙོའི་སྐོར་མཚར་སྣང་བཀྲ་ བའི་དགོངས་འཆར་མང་པོ་དང་། ལྷག་པར་༸གོང་ས་༸སྐྱབས་མགོན་ཆེན་པོའི་དབུ་ཁྲིད་ལ་ལྟོས་མི་དགོས་པའི་བོད་མིའི་ མང་གཙོ་ཞིག་དགོས་ཚུལ་གསུང་མཁན་རེ་ཟུང་ཡོང་བཞིན་འདུག་ན། དེ་དག་ལ་གཞི་རིམ་མང་ཚོགས་ཀྱི་གཟིགས་ཚུལ་ཇི་ཡིན་གསལ་སྟོན་གནང་གལ་ཆེ་བ་མཐོང་།

གསུམ་པ། ཆོས་དང་རིག་གཞུང་།
ཆོས་དང་རིག་གཞུང་ གི་འཛིན་སྐྱོང་ནི་མི་སྒེར་སོ་སོ་དང་། ཆོས་སྡེ་ཁག ཆོས་ཚོགས་ཁག་བཅས་ཀྱིས་གཙོ་བོར་གནང་དགོས་པ་ལས། གཞུང་གིས་དེ་ཙམ་ནུས་རྩལ་བཏོན་རྒྱུ་མེད་ནའང་། བཙན་བྱོལ་བོད་གཞུང་ཆོས་རིག་ལས་ཁུངས་ཀྱིས་ཆོས་ཕྱོགས་ཀྱི་སྡེ་ཁག་དང་འབྲེལ་ མཐུད་དང་། ཆོས་ཀྱི་དབུ་ཁྲིད་རྣམ་པའི་ཆོས་ཚོགས་གོ་སྒྲིག ཐོས་བསམ་སློབ་གཉེར་དང་སྒོམ་སྒྲུབ་ཉམས་ལེན་ཡར་རྒྱས་གཏོང་ཕྱོགས་ལ་རམ་འདེགས་ ཙམ་ཞུ་བཞིན་པ་ཡིན། བཙན་བྱོལ་དུ་འབྱོར་ནས་ད་བར་གཞུང་གྲོན་བཏང་ནས་བཞེངས་པའི་དགོན་པ་ལྷ་ཁང་སྐུ་ གསུང་ཐུགས་རྟེན་སོགས་གཅིག་ཀྱང་མེད་རུང་། བཙན་བྱོལ་དུ་གྲྭ་བཙུན་སྔགས་གསུམ་གྱི་ཆོས་སྡེ་དང་ལྷ་ཁང་། སྐུ་གསུང་ཐུགས་རྟེན་བསམ་ཡུལ་ལས་འདས་པ་ཞིག་ཡོད་པ་དེ་དག་བླ་ཆེན་ཁག་དང་། འདུས་སྡེ་ཁག མཁན་བླ་དང་སྦྱིན་བདག་རྣམས་ཀྱིས་རང་འགུལ་གྱིས་བཞེངས་པ་ཤ་སྟག་ཡིན། རྒྱ་བལ་འབྲུག་གསུམ་ནང་ཆོས་རིག་ལས་ཁུངས་དང་འབྲེལ་བ་ཡོད་པའི་ཆོས་ལུགས་རིས་ མེད་ཀྱི་དགོན་པ་ ༢༠༩ དང་། བཙུན་དགོན་ ༡༧ བཅས་ཡོད། དེ་དག་གི་ནང་གྲྭ་པ་ ༢༧༦༢༨ དང་བཙུན་མ་ ༡༦༩༦ ཡོད། རྒྱལ་སྤྱིའི་ནང་རིས་མེད་ཆོས་བརྒྱུད་ཁག་གི་ཆོས་ཚོགས་ ༦༢༣ དང་འབྲེལ་བ་ཡོད། ཆོས་སྡེ་ཁག་ཏུ་ཐོས་བསམ་ཡར་རྒྱས་དང་། དབང་ལུང་དཀོན་རིགས་ཁྱབ་སྤེལ། བོད་མི་མང་ཚོགས་ལ་ཆོས་ཀྱི་གོ་རྟོགས་སྤེལ་བའི་བགྲོ་གླེང་སོགས་ལ་མཐུན་འགྱུར་ གང་ཐུབ་ཞུ་བཞིན་པ་དང་། རིས་མེད་ཆོས་སྡེ་ཁག་ཏུ་བོད་ནས་གསར་ཕེབས་གྲྭ་བཙུན་ ༧༡༣༩ དང་རུ་སོག་གྲྭ་བཙུན་ ༩༣ བཅས་ལ་འཚོ་སྣོན་སྟོང་མིན་ཙམ་རེ་འབུལ་མུས་ཐོག བྱ་བྲལ་བ་དང་གྲྭ་བཙུན་ཁ་ཐོར་འཚོ་ངལ་ཅན་ ༢༠༤ ལ་འཚོ་སྣོན་འབུལ་བཞིན་པ་ཡིན། བཙན་བྱོལ་བོད་གཞུང་བསྟི་གནས་དྷ་ས་གངས་སྐྱིད་དུ་ཡིག་མཛོད་གསར་འཛུགས་ཀྱི་ལས་ གཞི་ཆོས་རིག་ལས་ཁུངས་ཀྱིས་ལྟ་སྐྱོང་ཞུ་མུས་ཡིན། ཆོས་རིག་གི་ཞུ་དོན་གལ་ཆེ་གཞན་ཞིག་ནི་བོད་ཀྱི་ཆོས་ལུགས་ཆོས་བརྒྱུད་ཡོངས་ཀྱི་ སྐུ་ཚབ་ཡོད་པའི་ཆོས་རིག་ལྷན་ཚོགས་ཤིག་གསར་འཛུགས་བྱ་རྒྱུའི་ཁྲིམས་ཡིག་སྤྱི་ འཐུས་ལྷན་ཚོགས་ནས་གཏན་འབེབས་ཟིན་པ་ལྟར་ལག་ལེན་འཁེལ་ཐབས་ཞུ་བཞིན་ཡོད། དེ་བཞིན་རིག་གཞུང་གཅེས་སྐྱོང་དང་འབྲེལ་བའི་ཚོགས་སྡེ་དང་སྒེར་ཁག་བཅས་ལ་མཐུན་ འགྱུར་དང་། ཆོས་ལུགས་ཆོས་བརྒྱུད་དབུ་ཁྲིད་བླ་ཆེན་རྣམས་ཀྱི་ཆོས་ཚོགས་སྔ་རྗེས་ཀྱི་གྲོས་ ཆོད་ཆོས་རིག་ལས་ཁུངས་ནས་ལག་བསྟར་ཞུ་དགོས་རིགས་ཞུ་བཞིན་པ་ཡིན།

བཞི་པ། གཞིས་ཆགས་སྲ་བརྟན།
སྐབས་ བཅིུས་པའི་བཀའ་ཤག་གིས་རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་གཞིས་ཆགས་སྤྱི་དང་། ཁྱད་པར་རྒྱ་གར་ཁུལ་ཡོད་གཞིས་ཆགས་ཆེ་ཁག་སྲ་བརྟན་དང་གཞིས་མི་ཁ་འཐོར་མི་འགྲོ་ བའི་ཆེད་གཞིས་ཆགས་སོ་སོའི་ནང་འཚོ་ཐབས་དང་དཔལ་འབྱོར་འདུ་འགོད་ཡར་རྒྱས་གཏོང་ ཐབས། ན་གཞོན་རྣམས་གཞིས་ཆགས་ནང་ངམ་གཞིས་ཆགས་ཀྱི་ཐག་ཉེ་འབྲེལ་མཚུངས་སུ་འཚོ་རྟེན་ རྙེད་ཐབས་བཅས་ལ་འབད་བརྩོན་བྱས་པ་ཡིན། དེའི་ཆེད། ཀ༽ སོ་ནམ་དང་བཟོ་ལས་ཡར་རྒྱས། ཁ༽ མཉམ་འབྲེལ་རོགས་སྐྱོར། ག༽ན་གཞོན་ལས་མེད་ལྟ་སྐྱོང་བཅས་ཀྱི་བརྒྱུད་འབད་བརྩོན་ཞུས་ཤིང་། བོད་མིའི་གཞིས་སྒར་ཆེ་ཁག་སོ་ནམ་གཞིས་ཆགས་ཡིན་སྟབས། སྐྱེ་ལྡན་སོ་ནམ་གྱི་ལས་གཞི་དང་། ས་ཆུ་བདག་གཅེས། སྦྱར་ལུད་དང་འབུ་ལུད། སོན་འབྲུ་བདག་གཅེས། སྒོ་ཕྱུགས་གསོ་སྐྱོང་ལས་གཞི། དེ་དག་གི་ཆེད་དུ་སྦྱོང་བདར་དང་དཔེ་སྟོན། མཐུན་རྐྱེན་སྦྱོར་སྤྲོད། སྐྱེ་ལྡན་སོ་ནམ་གྱི་ལག་འཁྱེར་དང་ཁྲོམ་རྭ་འཚོལ་ཐབས་སོགས་ཀྱི་ལས་གཞི་གཞི་རྒྱ་ ཆེ་ཙམ་སྤེལ་དང་སྤེལ་བཞིན་པ་དང་། མཉམ་འབྲེལ་རོགས་སྐྱོར་ཆེད་ཤས་བདག་མང་ཚོགས་དང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་ མི་རྣམས་ལ་ཟབ་སྦྱོང་། མཉམ་དྲུང་ཆེད་ན་གཞོན་སློབ་ཐོན་རྣམས་ལ་མཉམ་འབྲེལ་སྦྱོང་བདར་རིམ་པ་སྔ་ཕྱི། དཔེ་སྟོན་མཉམ་འབྲེལ་འདེམས་སྒྲུག སྐོར་རྒྱག་མ་དངུལ་རོགས་སྐྱོར། ལྷག་པར་སྤྱི་མཐུན་མཉམ་འབྲེལ་གསར་འཛུགས་ཀྱིས་འབྱུང་འགྱུར་མཉམ་འབྲེལ་ཡོངས་ རྫོགས་ཀྱི་ལྟ་རྟོག་འཛིན་སྐྱོང་སྤྱི་མཐུན་མཉམ་འབྲེལ་བརྒྱུད་ཡོང་ཐབས་ཞུས་ ཡོད།  ན་གཞོན་རོགས་སྐྱོར་ཆེད་ལས་རིགས་རྣམ་གྲངས་ ༡༡ ཙམ་གྱི་དུས་ཡུན་རིང་ཐུང་སྣ་ཚོགས་ཀྱི་སྦྱོང་བདར་དང་དེ་རྗེས་ལས་རིགས་འགོ་ འཛུགས་ཆེད་སྐྱེད་ཆུང་བུན་གཡར། ལས་འཕེར་དབུལ་ཕོངས་ཅན་རྣམས་ལ་སྐྱེད་མེད་དང་སྐྱེད་ཆུང་བུན་གཡར་གྱི་ལས་གཞི་ སོགས་འགྲོ་བཞིན་པ་ཡིན། གཞིས་ཁག་སོ་སོའི་ནང་རྒས་གཅོང་ཉམ་ཐག་ ༥༧༠༠ ཙམ་ལ་འཚོ་སྣོན་དང་། རྒས་གསོ་ཁང་ ༡༤ ནང་རྒས་འཁོགས་ ༨༤༠ ཙམ་ལྟ་སྐྱོང་ཞུ་མུས་དང་། ས་ཞིང་མེད་པའི་བཟོ་གཞིས་ཆུང་ཁག་གི་ཆེད་བཟོ་ལས་རིགས་འོས་འཚམས་ཐབས་ཤེས་ཞུ་ མུས་ཡིན། ད་བར་གཞིས་ཆགས་ཁག་ཏུ་འཛུགས་སྐྲུན་ལས་གཞི་སྣ་མང་ཐོག་འགྲོ་གྲོན་ཧ་ཅང་འབོར་ ཆེན་བཏང་ཡོད་ནའང་གྲུབ་འབྲས་འདོད་བློ་ཁེངས་ངེས་མ་བྱུང་སྟབས། འབྱུང་འགྱུར་ལས་གཞི་ཁག་རྒྱུན་གནས་ཐུབ་པ་ཡོང་སླད་ (Techno serve) ཞེས་པའི་ཆེད་ལས་པའི་སྒྲིག་འཛུགས་གྲགས་ཅན་གླ་གཡར་གྱིས་རྒྱ་གར་གྱི་གཞིས་ཆགས་ ༢༨ ནང་ཉམས་ཞིབ་ཟིན་ཏེ་གྲུབ་དོན་སྙན་ཐོ་བཏང་ཟིན་པ་ལྟར། འདི་ལོ་ནས་ཨ་རི་གཞུང་སོགས་ཀྱི་མཐུན་འགྱུར་ལ་བརྟེན་ལས་གཞི་ཅི་རིགས་འགོ་ འཛུགས་ཀྱིས་འབྱུང་འགྱུར་ལོ་ལྔའི་ནང་གཞིས་ཆགས་སྲ་བརྟན་ལས་གཞི་གང་ཐུབ་ཞུ་ རྒྱུའི་འཆར་འགོད་ཟིན་ནའང་གྲུབ་འབྲས་ཇི་ཙམ་ཡོང་མིན་གཙོ་ཆེ་གཞིས་མི་སོ་སོའི་ མཉམ་ཞུགས་དང་མཐུན་འགྱུར་ལ་རག་ལུས་པ་ཞིག་རེད། གཞིས་ཆགས་ཁག་ནང་ས་ཁང་སྒྲིག་གཞི་ལག་བསྟར་ཇི་བཞིན་ཐུབ་མིན་དང་། མཉམ་འབྲེལ་ཁག་གིས་མཚོན་ཚོགས་པ་དེབ་སྐྱེལ་ཡོད་རིགས་ཀྱི་སྒྲིག་གཞི་ལྟར་གྱི་ ལས་རིམ་མ་བྱུང་བ་སོགས་དཀའ་ངལ་ཅི་རིགས་འཕྲད་བཞིན་པ་འདི་དག་སེལ་ཐབས་དགོངས་ བཞེས་གནང་གལ།

ལྔ་པ། ཤེས་ཡོན།
༡༽ ཤེས་རིག་ལས་ཁུངས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༡༧ ནང་གསལ་ཁག་ལག་བསྟར་ཐུབ་ཐབས་ཀྱི་འབད་བརྩོན་སྒོ་ཀུན་ནས་ཞུ་བཞིན་པའི་ཐོག དོན་དམ་བོད་ཀྱི་གཞི་རྩའི་དགོས་མཁོ་དང་འཚམས་པའི་བཙན་བྱོལ་བོད་མིའི་གཞི་རིམ་ ཤེས་ཡོན་སྲིད་བྱུས་ཡང་དག་པ་ཞིག་ཕྱི་ལོ་ ༢༠༠༤ ལོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་གཏན་འབེབས་གནང་བ་ ལག་བསྟར་ཆེད་ཤེས་ལས་ནས། ཀ༽ དཔེ་སྟོན་སློབ་གྲྭ་གསར་འཛུགས་དང་། ཁ༽ མཐོ་འབྲིང་དམའ་གསུམ་གྱི་སློབ་དགེ་དང་། སློབ་སྤྱི། དགེ་ཆེ་ ༤༧༧ ལ་ཟབ་སྦྱོང་གནད་སྨིན། ག༽ འོས་ཆོས་ཚང་བའི་མི་འགྲོ་ ༡༢༩ ལ་དགེ་རྒན་འོས་སྦྱོང་ཚད་ལྡན། ང༽ ཕྱི་ལོ་ ༢༠༠༦ ནས་བཟུང་སམ་བྷོ་ཊའི་ཁྱབ་ཁོངས་སློབ་ཁག་ཡོངས་སུ་ཤེས་ཡོན་སྲིད་བྱུས་ལག་བསྟར་ དང་། ༢༠༠༨ ནས་དྷ་ས་བོད་ཁྱིམ་ཁྱབ་ཁོངས་ལ་དྭགས་བྱང་ཐང་སློབ་ཁག་གསུམ་གྱི་སྔོན་འགྲོ་ནས་ ལག་བསྟར་འགོ་འཛུགས། ཅ༽ གཞི་རིམ་འོག་མ་དང་། གཞི་རིམ་བར་མའི་བསླབ་གཞི་རྩ་འཛིན་དང་སློབ་ཚན་འཆར་གཞི་གཏན་འབེབས།   ཆ༽ བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་། ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་སྒྲིག་གཞི་གཏན་འབེབས། ཇ༽ གཞི་རིམ་གོང་འོག་བར་གསུམ་གྱི་སློབ་དེབ་སྤྱི་དང་། གཞི་རིམ་བར་མའི་འཛིན་གྲྭ་གསུམ་གྱི་སྤྱི་ཚོགས་ཚན་རིག་གི་སློབ་དེབ་གསར་རྩོམ། གཞི་རིམ་བར་མའི་ཚན་རིག་དང་ཨང་རྩིས་བཅས་ཀྱི་སློབ་དེབ་བོད་སྐད་དུ་ཕབ་བསྒྱུར། ཉ༽ ཤེས་ཡོན་སྲིད་བྱུས་དགོངས་དོན་བཞིན་སྔོན་འགྲོ་དང་གཞི་རིམ་འོག་མའི་དགེ་རྒན་ འོས་སྦྱོང་ཁག་ནང་འཛིན་རིམ་བཅོ་ལྔ་ (B.A)  ངེས་པར་དགོས་པའི་ཆ་རྐྱེན་བསྐྲུན་ནས་ཕྱི་ལོ་ ༢༠༠༦ ནས་སྔོན་འགྲོ་དང་གཞི་རིམ་འོག་མའི་དགེ་རྒན་འོས་སྦྱོང་ཁག་གཉིས་གོ་སྒྲིག་གིས་ སློབ་ཐོན་རྣམས་སློབ་གྲྭ་ཁག་ཏུ་དགེ་རྒན་བསྐོ་གཏོང་བྱས་པ་དང་།

༢༽ བཙན་བྱོལ་བོད་མིའི་ཤེས་ཡོན་ཐོག་འཕྲད་པའི་དཀའ་ངལ་གཞན་ཞིག་ནི་གཞི་རིམ་ཤེས་ ཡོན་གྱི་གནས་ཚད་འདོད་བློ་ཁེངས་ངེས་མེད་པ་དང་། དེ་ལ་བརྟེན་ནས་རིགས་གཅིག་རྐང་འཛིན་དང་། ཆེད་ལས་པ་མང་པོ་འཐོན་མི་ཐུབ་པ་དེ་ཡིན། དེའི་ཆེད་ཤེས་རིག་ལས་ཁུངས་ནས་འབད་རྩོལ་ཞུས་དང་ཞུ་འཆར་ཁག་གཤམ་གསལ།

ཀ༽ ༧གོང་ས་༧་སྐྱབས་མགོན་ཆེན་པོ་མཆོག་ནས་བོད་ཁྱིམ་དང་དམིགས་བསལ་ཚོགས་ཆེན་གྱི་ ཚོགས་བཅར་བ་རྣམས་ལ་བཀའ་སློབ་ཕེབས་ཉིད་ཕྱི་ལོ་ ༢༠༠༩ ལོར་དྷ་ས་གཡས་གཡོན་གྱི་བོད་རིགས་ཤེས་མྱོང་ཅན་དང་ཤེས་ཡོན་སྡེ་ཚན་ཁག་གི་སྣེ་ མོ་བ་རྣམས་ཉིན་གཉིས་རིང་རིགས་གཅིག་རྐང་འཛིན་གསོ་སྐྱོང་ཡོང་ཐབས་ཆེད་ཚོགས་ འདུ་བསྐྱངས་པའི་ཚིག་ཐོའི་སྙིང་དོན་རྣམས་ཤེས་རིག་ཚོགས་ཆེན་ཐེངས་ལྔ་པའི་ཐོག་ ཚོགས་ཆུང་སོ་སོར་འགྲེམས་སྤྲོད་ཀྱིས་ཚོགས་ཆེན་གྱི་གྲོས་ཆོད་ཇི་བྱུང་ལག་བསྟར། ཁ༽ ཕྱི་ལོ་ ༢༠༠༩ ལོར་མཐོ་སློབ་སློབ་ཡོན་བསྡོམས་གྲངས་ཀྱི་བརྒྱ་ཆ་ ༥༩ ཁྱད་ལས་སློབ་སྦྱོང་གི་ཆེད་དུ་སྤྲད་ཅིང་། རྗེས་ལོ་ནས་ཆེད་ལས་དང་ཁྱད་ལས་པའི་སློབ་ཡོན་འབུལ་ཕྱོགས་ལ་བསྐྱར་ཞིབ་ཀྱིས་ སྤར་ཆ་ཞུ་གཏན་འཁེལ་བ། ག༽ ཕྱི་ལོ་ ༢༠༠༤ ནས་བཟུང་ཤེས་ལས་ནས་ལོ་རེར་རིགས་གཅིག་རྐང་འཛིན་སྒྲིག་ཞུགས་མི་འགྲོ་ ༥ རེ་དང་། སྒྲིག་ཞུགས་མ་ཡིན་པ་ ༥ རེ་ལ་མཐོ་རིམ་ཉམས་ཞིབ་ཀྱི་སློབ་ཡོན་འབུལ་མུས། འོན་ཀྱང་སྒྲིག་ཞུགས་རིགས་གཅིག་རྐང་འཛིན་ནང་ཞུགས་མཁན་ཧ་ཅང་ཉུང་ཉུང་ཞིག་ལས་མ་ བྱུང་། ང༽ འཛིན་རིམ་དྲུག་པ་ནས་བཅུ་གཉིས་བར་གྱི་རིགས་ལམ་སློབ་དེབ་རྩོམ་སྒྲིག་དང་འབྲེལ། རིགས་ལམ་སློབ་ཁྲིད་སྐད་ཡིག་ཚོགས་ཐུན་ལས་ལོགས་སུ་ཕྱེ་སྟེ་ཁྲིད་སྦྱོང་དགོས་པ་ བཟོས་ཤིང་། འབྱུང་འགྱུར་སློབ་ཚན་གཞན་རྣམས་ཀྱང་རིགས་ལམ་དང་སྦྱར་ནས་སློབ་ཐབས་ཞུ་འཆར། ཅ༽ གཞི་རིམ་ནས་རིགས་གཅིག་རྐང་འཛིན་དང་ཆེད་ལས་པའི་ས་བོན་སྐྲུན་ཐབས་སུ་དགེ་རྒན་ དང་འདུན་ལམ་སློབ་སྟོན་པས་རྒྱུན་དུ་ལམ་སྟོན་འབུལ་མུས།  ཆ༽ ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་གཏན་འབེབས་བྱས་པའི་སྔོན་འགྲོ་ནས་ འཛིན་རིམ་བརྒྱད་པ་བར་གྱི་བསླབ་གཞིའི་རྩ་འཛིན་ནང་། སློབ་ཕྲུག་རྣམས་ཆུང་དུས་ནས་རིགས་གཅིག་རྐང་འཛིན་ཐོག་འཇུག་རྒྱུར་དམིགས་བསལ་ ཤུགས་སྣོན་རྒྱག་ཆེད་འཛིན་རིམ་ལྔ་པ་ཙམ་ནས་སློབ་ཕྲུག་སོ་སོའི་རྣམ་དཔྱོད་དང་ སློབ་ཚན་གང་ལ་འདུན་པ་དང་སྐྱེས་སྟོབས་ཡོད་པ་རྟོག་ཞིབ་དང་གསོ་སྐྱོང་བྱ་འཆར་ བཅས། ༣༽  གཞན་ཡང་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་སློབ་ཁག་གི་དཀའ་ངལ་མི་ ཉུང་བ་ཞིག་ཡོད་པ་སེལ་ཐབས་ཞུ་བཞིན་པ་ཡིན། གཞི་རྐང་ལོ་ལྟར་སློབ་ཕྲུག་གསར་འཇུག་ཇེ་ཉུང་དུ་གྱུར་པ་དང་། ཕ་མ་རྣམས་ཀྱིས་ཕྲུ་གུའི་འདུན་ལམ་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་། བཟང་སྤྱོད་བཅས་དགོས་གལ་ཆེན་པོ་མི་བརྩི་བའི་བསམ་སྤྱོད་བཅས་བོད་མིའི་ཤེས་ཡོན་ རྒྱུན་འཛིན་དང་དར་ཁྱབ་ལ་འགོག་རྐྱེན་ཆེ་ཤོས་ཤིག་ཡིན་པ་དང་། དེ་ནི་ཤེས་རིགས་ལས་ཁུངས་ཀྱིས་སེལ་ཐབས་དཀའ་བ་ཞིག་ཏུ་སྣང་།

དྲུག་པ། འཕྲོད་བསྟེན།
འཕྲོད་ བསྟེན་ལས་ཁུངས་ནས་ཁྱབ་ཁོངས་སྨན་ཁང་ ༥༤ བརྒྱུད་བཙན་བྱོལ་བོད་མིའི་འཕྲོད་བསྟེན་ལ་མཐུན་འགྱུར་ཞུ་བཞིན་པ་ནས་གལ་གནད་ ཆེ་བའི་སྔོན་འགོག་དང་སྨན་བཅོས་ལས་གཞིའི་གྲས། ཀ༽ གློ་ནད་ཊི་སྦི། ཁ༽ མཆིན་པའི་གཉན་ཚད། ག༽ གཉན་གནད་རེག་དུག ང༽ མྱོས་རྫས་ངན་གོམས་བཅས་ཡིན་ཞིང་། འདི་དག་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ཧ་ཅང་ཉེན་ཁ་ཆེ་བའི་གནས་བབ་ཅིག་ཡིན་ སྟབས། སྔོན་འགོག་དང་སྨན་བཅོས་ལས་གཞི་གཞི་རྒྱ་ཆེ་ཙམ་ཞིག་སྤེལ་དང་སྤེལ་འཆར་ཡིན། དེ་བཞིན་མཛེ་ནད་ཅན་ལའང་དམིགས་བསལ་ལྟ་སྐྱོང་ཞུ་མུས།འབྱུང་འགྱུར་མི་རབས་ཚད་ ལྡན་ཡོང་ཆེད་མ་དང་བྱིས་པའི་འཕྲོད་བསྟེན་ལ་དམིགས་བསལ་ཤུགས་སྣོན་ཞུས་ཀྱི་ཡོད། དབང་པོ་སྐྱོན་ཅན་གྱི་སློབ་གྲྭ་འཛིན་སྐྱོང་དང་། སྒེར་སྐྱོང་དབང་པོ་སྐྱོན་ཅན་སློབ་གྲྭ་དང་ཕ་མ་བཅས་ལ་ལམ་སྟོན་མཐུན་འགྱུར་ཞུ་ བཞིན་པ་ཡིན། སྤྱི་ཚོགས་སུ་གཞི་རིམ་འཕྲོད་བསྟེན་ཆེད་གཞིས་ཆགས་སོ་སོར་འཐུང་ཆུ་གཙང་མ་དང་། གསང་སྤྱོད་ཁྲུས་ཁང་། ཡུར་བ་དང་ཆུ་རགས། གད་སྙིགས་འདུ་འགོད་བཅས་ཀྱི་ལས་གཞིའང་འགྲོ་མུས་ཡིན། རྒྱུན་ལྡན་བོད་མི་ཚབས་ཆེའི་ནད་མནར་གྱི་སྨན་གྲོན་དཀའ་ངལ་འཕྲད་རིགས་ལ་འཕྲོད་ ལས་ནས་སྨན་གྲོན་བརྒྱ་ཆ་ ༢༠ ནས་ ༨༠ བར་བབ་བསྟུན་གྱི་མཐུན་འགྱུར་ཞུ་བཞིན་པ་ཡིན། འདིའི་ཐད་གཞུང་ལ་ལོ་ལྟར་ཧིན་སྒོར་ས་ཡ་བཅུ་ལྷག་འགྲོ་གྲོན་འགྲོ་བཞིན་ཡང་ནད་པ་ ཚོར་མཐུན་འགྱུར་ཆ་ཚང་མི་ཡོང་བའི་དཀའ་ངལ་ལ་བརྟེན། འབྱུང་འགྱུར་བཙན་བྱོལ་བོད་མི་ཚོར་སྨན་བཅོས་ཉེན་སྲུང་ལྟ་བུའི་ལྟ་སྐྱོང་གི་ ལམ་ལུགས་ཤིག་བཟོ་རྒྱུའི་གྲ་སྒྲིག་བྱེད་བཞིན་པ་ཡིན། ལག་བསྟར་ལམ་ལྷོང་ཡོང་མིན་ད་ལྟ་ཞུ་ཚོད་དཀའ།

བདུན་པ། དཔལ་འབྱོར།
བཙན་ བྱོལ་བོད་གཞུང་གི་དཔལ་འབྱོར་གནས་བབ་ཉེན་ཚབས་ཅན་ལས་བསྐྱབས་ཏེ་ད་ཆ་མི་མང་གི་ བུན་དངུལ་མ་སྐྱེད་ཆ་ཚང་གཙང་སེལ་དང་། ཡོང་བསྡད་ཕོན་ཆེ་བསྡུ་རུབ། གཞུང་དངུལ་ཆུད་ཟོས་འགྲོ་ལམ་གཙོ་བོ་བཟོ་ཚོང་སྡེ་ཚན་ཡོངས་རྫོགས་སྒོ་རྒྱག་དང་ སྒེར་བདག་ཅན་དུ་བསྒྱུར་རྒྱུ་བཅས་ཀྱི་ལས་རིམ་ཆ་ཚང་ཟིན་ཏེ་ད་ཆ་ ༢༠༡༠ ཕྱི་ཟླ་ ༣ ཚེས་ ༣༡ ཉིན་གཏན་འཇགས་མ་དངུལ་ཧིན་སྒོར་ས་ཡ་ ༤༠༢་༦༣ ཉེན་མེད་སྐྱེད་བཅོལ་དུ་ཡོད་པ་དང་། གོང་ཚེས་ཉིན་དཔལ་ལས་སུ་སྔོན་རྩིས་སྐོར་རྒྱག་མ་དངུལ་ཧིན་སྒོར་ས་ཡ་ ༢༠༥་༨༥ ཡོད། དེ་བཞིན་དབུས་ལས་ཁུངས་སོ་སོར་གཏན་འཇགས་མ་དངུལ་དུ་བཅུག་མ་ཟིན་པའི་མ་དངུལ་ ཧིན་སྒོར་ས་ཡ་ ༧༤༢་༩༡ ཡོད། དེ་ལྟར་དབུས་ལས་ཁུངས་ཁག་གི་གཏན་འཇགས་དང་། གཏན་འཇགས་མིན་ཡང་ལས་གཞིའི་མ་ཡིན་པའི་མ་དངུལ་ཁྱོན་བསྡོམས་ ༢༠༡༠།༣།༣༡ ཉིན་ཧིན་སྒོར་ས་ཡ་ ༡༣༥༡་༣༩ ཡོད།འབྱུང་འགྱུར་གཏན་འཇགས་མ་དངུལ་ཡར་རྒྱས་ཆེད་རྒྱལ་སྤྱིའི་མང་ཚོགས་ནས་ཞལ་ འདེབས་ཞུ་རྒྱུའི་ལས་དོན་དེབ་སྔོན་པོ་རྒྱ་བསྐྱེད་གཏོང་ཐབས་དང་། དྭང་བླངས་དཔྱ་ཁྲལ་བསྡུ་འབབ་གོང་མཐོར་གཏོང་བའི་ལས་གཞི་སྤེལ་འཆར་ཡིན། དཔལ་ལས་ཀྱི་དམིགས་ཚད་ནི་བཙན་བྱོལ་གཞུང་གི་ལོ་རེའི་རྒྱུན་གྲོན་དྭང་བླངས་དཔྱ་ དངུལ་དང་གཏན་འཇགས་མ་དངུལ་གྱི་སྐྱེད་འབབ་ནས་འདང་བ་ཞིག་ཡོང་རེ་ཡིན།

བརྒྱད་པ།
བོད་ དོན་དྲིལ་བསྒྲགས།ཕྱི་དྲིལ་ལས་ཁུངས་བརྒྱུད་སྐུ་ཚབ་དོན་ཁང་ ༡༡ དང་འབྲེལ་མཐུད་ཁང་ ༣ ལྡི་ལིར་ཡོད་པའི་འཕགས་བོད་འབྲེལ་མཐུད་ལས་ཁུངས་བཅས་བརྒྱུད་རྒྱལ་སྤྱིའི་ནང་ བོད་དོན་དྲིལ་བསྒྲགས་དང་། དབུས་དྲིལ་བསྒྲགས་ལས་ཁུངས་ནང་ཟླ་རེའི་ཤེས་བྱ་དུས་དེབ། བདུན་རེའི་བོད་མིའི་རང་དབང་གསར་ཤོག གལ་ཆེའི་ཆབ་སྲིད་དྲིལ་བསྒྲགས། དབྱིན་ཡིག་དུས་དེབ། ཟླ་རེའི་ཧིན་ཡིག་དུས་དེབ། དབྱིན་བོད་རྒྱ་ཧིན་བཞིའི་སྐད་ཡིག་ནང་དྲྭ་རྒྱ་དང་། དྲྭ་རྒྱ་བརྒྱུད་ཀྱི་བརྙན་འཕྲིན། ལྷ་སའི་ཁུལ་བོད་ཀྱི་བརྙན་འཕྲིན། འགྲེམས་སྟོན་ཚན་པ་བཅས་ཀྱི་བརྒྱུད་དྲིལ་བསྒྲགས་དང་། སྐུ་ཚབ་དོན་གཅོད་ལས་ཁང་སོ་སོར་དབྱིན་ཇི་དང་། ཇར་མན། ཨི་སི་པེ་ནི་ཤ། ཨུ་རུ་སུ། རྒྱ་ཡིག ཉི་ཧོང་བཅས་ཀྱི་སྐད་ཡིག་ནང་དྲྭ་རྒྱ་དང་། གསར་འཕྲིན་དུས་དེབ་བཅས་ཀྱི་ལམ་ནས་དང་། དེ་བཞིན་དོན་ཁང་ཁག་གསུམ་ནང་རྒྱ་སྐད་ཐོག་འབྲེལ་མཐུད་ལས་བྱེད་ཟུར་འཛུགས་ཀྱིས་ དྲིལ་བསྒྲགས་ཞུ་བཞིན་པ་ཡིན། འབྱུང་འགྱུར་ཡུལ་གྲུ་གང་སར་བརྙན་འཕྲིན་གྱི་ལམ་ནས་གསན་གཟིགས་གཏམ་གླེང་ཐུབ་ པའི་ཐབས་ལམ་ Video Conference ཞེས་པའི་བརྒྱུད་ལམ་འཛུགས་སྐྲུན་བྱེད་འཆར་ཡོད། གཞན་ཡང་ཕྱི་དྲིལ་ལས་ཁུངས་ནས་རྒྱལ་སྤྱིའི་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ དང་འབྲེལ་མཐུད་དང་། གསར་འགྱུར་བརྒྱུད་ལམ་ཁག རྒྱ་རིགས་མང་ཚོགས། ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་དང་བོད་རིགས་ཚོགས་པ་ཁག་ལ་འབྲེལ་བ་རྒྱུན་ལྡན་ ཞུ་བཞིན་པ་བཅས་ཀྱི་གནས་ཚུལ་མདོར་བསྡུས་རེ་སྙན་གསན་ཞུ་རྒྱུ་བཅས་བཀའ་ཁྲི་ མཆོག་གི་གསུང་བཤད་གྲུབ་བསྟུན་ཚོགས་དྲུང་ལས་ཁུངས་ཀྱི་དྲུང་ཡིག་ཆེན་མོ་སྟོབས་ རྒྱལ་ལགས་ཀྱིས་མཛད་སྒོ་དངོས་གཞི་གྲོལ་བའི་དང། དེ་རྗེས་ཚོགས་བཅར་བ་རྣམས་ཚོགས་ཆུང་བརྒྱད་ལ་ཆ་བགོས་ཀྱིས་ཚོགས་ཁང་སོ་སོར་ ཕེབས་ཏེ་ཚོགས་ཆུང་གི་ཚོགས་མི་རྣམས་ནས་ཚོགས་གཙོ་དང་ཚོགས་དྲུང་བདམས་ཏེ་ཚོགས་ གཙོས་ཚོགས་ཆུང་གི་ལས་དོན་བྱ་ཕྱོགས་སྐོར་གསལ་བཤད་གནང་འདུག་པ་བཅས།།

དྲ་ངོས་ལ་འཇོག་མཁན། ལུང་རིགས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

 མགོན་པོ་སྐྱིད་ལགས་ཀྱིས་སླར་ཡང་རང་སྲོག་བློས་གཏོང་གིས་ལས་འགུལ་སྤེལ།

ཆུ་ཚོད་ ༥ སྔོན་ལ།
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤

མཆན། 19

  1. བདེན་ཚིག་སྨྲ་བ། says:
    ལོ་ 15 སྔོན།

    བཙན་བྱོལ་བསྒྲིགས་འཛུགས་སམ་བཙན་བྱོལ་བོད་གཞུང་གི་བཀའ་ཁྲི་ཟམ་གདོང་བླ་མས་བཀའ་ཁྲིའི་ཐུགས་འགན་ལེན་སྟེ་མི་ལོ་བཅུར་ཉེར་ཁར་ཉེ་ཆར་་་་ཏེ་མེ་འབུམ་་་་གསུམ་དུ་བལྟ་སྐོར་བསྐྱོད་རེད་ཞེས་གོ་ཐོས་བྱུང་བ་དགའ་སྤྲོ་ཆེ།
    བཀའ་ཤག་གི་གསུང་བཤད་ནང་བཙན་བྱོལ་དུ་ཡོད་པའི་གཞིས་ཆགས་ཁག་སྲ་གཏན་ཡོང་ཐབས་འཆར་གཞི་བཀོད་ཡོད་འདུག་་་་་་བཀའ་ཁྲིའི་གཞུང་འབྲེལ་ཕྱོགས་བསྐྱོད་ལོ་རྒྱུས་ནང་བཀའ་ཁྲི་བོད་མིའི་གཞིས་ཆགས་ཁག་ལས་མང་བ་ཕྱི་རྒྱལ་དུ་གཞུང་འབྲེལ་སྐྱོད་ཡོད་ཚོད་འདུག
    ཏེ(ཏེ་ཛུ)མེ་(མེའོ)འབུམ(འབུམ་ལ་བསྟན་སྒང)གསུམ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཉམ་སྐྱོ་འོ་ད་བར་རྩིས་ཏེ་ཡོད་རུང།
    ་་་་་་་ཉེ་ཆར་ཁེ་ཎ་ཌར་བོད་མི་༡༠༠༠་སྐོར་གོ་མ་ཐག་སྤྱི་ཚོགས་ནང་གཞིས་ཆགས་འདི་གསུམ་ལས་ཉམ་སྐྱོ་བ་ས་གནས་གཞན་ཡོད་ཚུལ་འཐོན་བཞིན་འདུག

    Reply
  2. མཚོ་པདྨ། says:
    ལོ་ 15 སྔོན།

    སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་ལ་ན་མོ།།
    སྐྱེ་འགྲོ་སྤྱི་ལོ་སྨན་པའི་བོད་ཀྱི་ཆོས་དང་རིག་གཞུང་དང་ལྷག་པར་དུ་བོད་མི་རིགས་ཀྱི་བདེ་སྐྱིད་། དེ་ཡུན་དུ་གནས་ཐབས་དང་རང་དོན་ཡོངས་སུ་བློས་བཏང་ནས་སྐུ་ཙེ་ཧྲིལ་པོ་བོད་ཀྱི་རྩ་དོན་ཁོ་ནར་ཐུགས་བསམ་བཞེས་མཁན་༸ སྐྱབས་མགོན་ཕྱག་ན་པདྨོ་ཡར་ཕུད་གཞུན་དུ་སློབ་དཔོན་ཟམ་གདོང་བླ་མ་མ་གཏོགས་བླ་ཆེན་སྤྲུལ་སྐུ་དང་མི་སེར་སྐྱ་བོ་ནང་དུ་མི་མཇལ། ཟམ་གདོང་བླ་མའི་མཁྱེན་རྒྱ་གཟིགས་རྒྱ་དང་ཐུགས་ཀྱི་བཞེད་དགོངས་རྣམས་ཐོས་མ་དག་གང་ཟག་རང་ག་བའི་བློར་འཕྲལ་དུ་ཆུབ་པ་དཀའ། ཤ་ཚའི་ཁ་ལ་གཏམ་སྙན་མེད་པ་བཞིན་རིན་པོ་ཆེའིགསུང་བཤད་འདིའི་ནང་ཡོད་པའི་ཉེན་བརྡ་དང་གང་མྱུར་ཐུགས་བསམ་དང་ལས་འགུལ་ཤུགས་ཆེར་སྤེལ་དགོས་པའི་དཀའ་གནད་རྣམས་བཏང་སྙོམས་སུ་བཞག་ཅིང་རྩ་བ་དོར་ནས་ཡལ་ག་ལེགས་ཉེས་ལ་བསྙད་བཏགས་བོད་མི་ནང་ཕན་ཚུན་བར་དབྱེན་སྦྱོར་གྱི་ལས་འགུལ་འདི་མ་ཤེས་པའམ་ཤེས་བཞིན་དུ་སྤེལ་པ་གང་ཡིན་ཡང་བློ་ཕམ་གྱི་གནས་ཡིན།
    བློ་གཟུ་བོར་གནས་ནས་གཏམ་གླེང་བ་མི་ཉག་བཙན་པོ་ལ་བཀྲིས་བདེ་ལེགས་ཞུ། བོད་རྒྱལ་ལོ།། སློབ་དཔོན་ཟམ་གདོང་བླ་མ་སྐུ་ཚེ་ཡུན་དུ་གནས་གྱུར་ཅིག །

    Reply
  3. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཨོ་རྒྱན་རང་ཤར་ལགས་ཀྱིས་གནས་ལུགས་དང་ལྡན་པའི་བཀའ་མོས་ཞིག་གསུངས་འདུག་པས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ང་རང་ཚོས་ཚིག་གཅིག་ལས་འབྲི་མ་ཐུབ་ཀྱང་བོད་མི་ཉམ་ཐག་ཚོའི་ཆེད་དུ་འབྲི་དགོས་པ་རང་མི་ལ་ཤ་ཚ་ཡོད་པའི་བོད་མི་རྣམས་ཀྱི་ལས་འགན་རེད།

    ཐུགས་རྗེ་ཆེ།

    Reply
  4. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཕྱི་རྒྱལ་དུ་འགྲོ་བ་ལ་བསམ་གཞི་མེད་པའི་མི་རེ་གཉིས་ཀྱིས་བཀག་བསམ་ཀྱང་འགོག་ཐབས་མེད་པ་ཞིག་རེད། དེ་ལས་ཨ་རིའི་ལྟ་བུ་ཕྱོགས་གཅིག་ལ་གཏོང་པ་ཡིན་ན་གཅིག་ནས་བོད་མིའི་མདུན་ལམ་ཡག་བ་དང། གཉིས་ནས་བོད་མི་ཁ་འཐོར་དུ་མི་འགྲོ་བའི་དགེ་མཚན་ཆེན་པོ་ཡོད།

    ཟམ་གདོང་བླ་མས་བཀའ་ཁྲི་ལོ་བཅུ་གནང་རིང་རྒྱལ་ཁབ་༣༧་ནང་དུ་བོད་མི་ཁ་འཐོར་དུ་སོང་བ་རེད། བཀག་འགོག་མ་བྱས་པ་ཕྱོགས་གཅིག་ལ་གཏོང་བ་ཡིན་ན་གནས་སྟངས་འདི་འདྲ་ཡོང་དགོས་པ་རྩ་ནས་མེད།

    རྒྱ་གར་གཞི་ཆགས་ཁག་གི་གཞོན་སྐྱེས་བོད་སྐད་བོད་ཡིག་ཡག་བ་དང་ནུབ་ཕྱོགས་པའི་བོད་མི་གཞོན་སྐྱེས་རྣམས་བོད་སྐད་བོད་ཡིག་སྐྱོ་བའི་ཁྱད་པ་ཆེན་པོ་དེ་ཙམ་མེད། སྔར་ནས་བཤད་ཟིན།

    གྲྭ་རྒྱུན་མང་དགོས་གྲྭ་ལོག་ཉུང་དགོས་ཟེར་བ་དང་མི་འབོར་གོང་འཕེལ་གཏོང་དགོས་ཟེར་བ་འདི་གཉིས་ནང་འགལ་ཡིན་པར་ལོ་བརྒྱད་ལོན་པའི་ཕྲུ་གུ་ཞིག་གིས་ཀྱང་ཤེས་ངེས་རེད། ཁྱེད་མི་ཉག་བཙན་པོས་མ་ཤེས་པ་ག་ན་ཡོད།

    རྨོངས་དད་ཀྱི་ཞྭ་མོ་ནག་པོ་ཞིག་གྱོན་ནས་ཅིག་གྲགས་རྒྱག་མ་བསྡད་མ་གཏོགས་བོད་ཉམ་ཐག་ཚོའི་འཚོ་བའི་ལྟོ་གོས་ལ་གནོད་པ་ཡོང་གི་འདུག་པས་ཐུགས་བསམ་བཞེས་རོགས།

    Reply
  5. མི་ཉག་བཙན་པོ says:
    ལོ་ 15 སྔོན།

    ་བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བོད་མི་ཉམ་ཐག་འཚོ་བའི་
    དཀའ་ངལ་ཡོད་པ་རྣམས་ཕྱི་རྒྱལ་ལ་གཏོང་ཐབས་བྱ་རྒྱུ་ཡིན་ཅེས་གསུངས་པ་ནི་ཅོ་རི་ཉི་མ་ལྟ་བུའི་བསམ་མེད་མི་སྣ་རེ་ཟུང་གི་འོས་རེག་ཐབས་སུ་དམིགས་ནས་གསུངས་པ་མ་གཏོགས་ཁོང་གི་མ་འོང་ཆབ་སྲིད་ལངས་ཕྱོགས་དང་འབྲེལ་བའི་གཏམ་བཤད་ཞིག་ག་ལ་ཡིན་སྲིད།བཙན་འབྱོལ་བོད་མི་ཁ་ཐོར་དང་རིག་གཞུང་སྐད་ཡིག་ལེགས་ཉམས་རྒུད་ཏུ་
    འགྲོ་བཞིན་པ་དང་གཞིས་ཆགས་རྣམས་སྟོང་ལ་ཉེ་བ་དང་སློབ་ཕྲུག་ཇེ་ཉུང་དུ་སོང་བའི་རྒྱུ་རྐྱེན་གང་ཡིན་དང་དགོན་པ་གྲྭ་ཚང་རྣམས་ཀྱི་སློབ་གཉེར་ཉམས་ཆག་ཕྱིན་པ་
    དང་གྲྭ་ལོག་ཇེ་མང་ཇེ་མང་དུ་འགྲོ་བའི་རྒྱུ་རྐྱེན་རྣམས་མ་ཤེས་པ་ག་ལ་ཡིན།་ཉེས་ཁ་ད་དག་གི་རྒྱུ་རྐྱེན་མི་ཤེས་ན་མ་འོང་པའི་བཀའ་ཁྲི་ལ་ག་ལ་འོས།

    Reply
  6. རོང་རྒྱལ་ཐང༌། says:
    ལོ་ 15 སྔོན།

    ང་ནི་བཙན་བྱོལ་སྒྲིག་འཛུགས་ལ་འབྱོར་ནས་བགྲང་བྱ་བཅུ་གསུམ་འགྲོ་བཞིན་ཡོད་ལ། འཛམ་གླིང་འགྱུར་འགྲོས་དང་བསྟུན་དེ་གཞིས་བྱེས་གང་ཡིན་ནའང་བོད་རིགས་མི་གྲངས་ཉུང་དུ་འགྲོ་བ་དངོས་ནས་རེད། གཞིས་ཀྱི་བོད་རིགས་རྣམས་རྒྱའི་ཆབ་སྲིད་ཀྱིད་དབང་བསྒྱུར་འོག་འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་ཀྱིས་སྐྱེ་རུ་མ་བཅུག་པ་རེད། བཙན་བྱོལ་སྤྱི་ཚོགས་ལ་མཚོན་ན་སྒྲིག་འཛུགས་དང་ཁོར་ཡུག་གིས་སྐྱེས་རུ་མ་བཅུག་པ་རེད། གང་ཡིན་ཟེར་ན། ཕྲན་ལ་མཚོན་ན་བཙན་བྱོལ་དུ་འབྱོར་ནས་ཐོབ་ཐང་གཅིག་ཡོད་པ་ནི་གསོག་སྒར་སློབ་གྲྭ་གཅིག་པོ་རེད། དེ་མ་གཏོགས་གཞན་ང་ལ་གོ་སྐབས་སྤུ་ཉག་ཙམ་ཞིག་མེད་པ་ཚང་མས་མཁྱེན་གསལ་རེད། བྱས་ཙང༌། རང་ཉིད་རང་གི་མགོན་མ་གཏོགས། བཙན་བྱོལ་སྒྲིག་འཛུགས་དང་གཞན་སྐྱབས་རེ་ས་མེད་པ་ན། བྱིས་པ་སྐྱེས་རྒྱུ་ཁག་པོ་རེད། བྱས་ཙང༌། རང་ཉིད་གྱི་ལྟོ་གོས་སོང་བ་ཙམ་གྱིས་མི་ཆོག་པར་ཕ་ཆགས་པའི་ཉིན་མོ་ནས་བུ་དེའི་འབྱུང་འགྱུར་གྱི་འགན་དབང་ཆ་ཚང་སོ་སོའི་ཕྲག་སྟེང་ན་ཡོད་པས་ཡིན། བཙན་བྱོལ་གཞུང་ངམ་བཙན་བྱོལ་སྒྲིག་འཛུགས་ཀྱིས་འདི་ལ་ག་རེ་བྱེད་ཀྱི་ཡོད་དམ། དེ་གཅིག་དང༌། གཉིས་པ་དམའ་རིམ་སློབ་གྲྭ་མང་པོ་ཞིག་སྒོ་བརྒྱབ་ཡོད་པ་ད་ཐེངས་གོ་སོང་ལ། དེ་ནི་བཙན་བྱོལ་སྒྲིག་འཛུགས་ཀྱི་གཞིས་ཆགས་ཁག་ལ་སློབ་ཕྲུག་མེད་སོང་བ་རེད། གསར་འབྱོར་གྱི་སློབ་ཕྲུག་མ་ཚུད་པ་རེད་དམ།
    སྨྲ་ཤེས་ཤིང་དོན་དོ་གོ་བའི་མི་ཞིག་ཡིན་ན་བདེ་བ་འདོད་པ་ལས་སྡུག་བསྡལ་མི་འདོད་པ་སྤྱི་མཚུངས་ལྟར་ཡིན་ལ། རྒྱ་ནག་གིས་ནུབ་བརྒྱུད་ཐོན་འབྱེད་ཆེན་མོའི་སྲིད་ཇུས་ལག་བསྟར་བྱས་ཏེ་ལོ་ངོ་དུ་མ་འགྲོ་བཞིན་ཡོད་ལ། རྒྱ་ནག་གི་དཔལ་འབྱོར་ད་སྐབས་འཛམ་གླིང་སྟེང་ཚད་ངེས་ཅན་ཞིག་ལ་སླེབས་ཡོད་པ་མ་ཟད། ད་དུང་བོད་ལའང་དེ་ལྟར་དཔལ་འབྱོར་ཡར་རྒྱས་སུ་འགྲོ་བཞིན་ཡོད། གང་ཡིན་ཟེར་ན། དགུ་བཅུ་གོ་གྲངས་ནས་ད་བར་ཕར་སོང་ཚུར་ཡོང་གྱི་མི་སྣ་མང་པོ་ཞིག་ཆགས་བཞིན་ཡོད་པ་ན། ཕ་ཡུལ་དུ་སོང་བའི་གཞིས་གྲོགས་མང་པོས། ཁ་པར་དུ་ད་ནི་ཕ་ཡུལ་ལ་ཕྱིར་ལོག་ན་ཡག་པོ་ཡོད་རབས་བཤད་སོང༌། དེ་ནི་གནས་ལུགས་དང་རྒྱུ་མཚན་ཡོད་པས་བཤད་པ་རེད། ཁོ་ཚོས་གསར་འབྱོར་གྱི་ཐབ་ཐང་ཁོ་ཚོས་མཁྱེན་གྱི་ཡོད་ལ། སྤྱི་འཐུས་ཀྱི་གྲོས་ཆོད་གྲོས་འཆར་ཁག་དུ་གཞིས་ཆགས་ནང་བོད་མི་ལ་ཁང་པ་མེད་ན་དེ་ནི་སྐྱོ་བོའི་ཁོངས་གཏོགས་ཡིན་པ་ངོས་འཛིན་བྱེད་བཞིན་ཡོད་འ྄ང་མཁྱེན་གྱི་ཡོད་པ་རེད། བོད་མི་ཞིག་ཡིན་པས་ཆ་ནས་སྤྱི་ཡོངས་ལྟར་ཐོང་ཐང་ཆ་སྙོམས་དགོས་ཀྱི་ཡོད་པ་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་སྲིད་གཞུང་ཁག་གི་སྒྲིག་འཛུགས་ནང་ལག་བསྟར་བྱེད་བཞིན་ཡོད་ནི་རེད།

    Reply
  7. གཅན་ཚ་དཔལ་ལྡན། says:
    ལོ་ 15 སྔོན།

    སྐུ་ཞབས་ཨོ་རྒྱན་རང་ཤར་གྱིས་གསུངས་པ་དེ་བདེན་པ་རེད། གནས་ལུགས་རྒྱུ་མཚན་འདུག རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད་ད།

    Reply
  8. ཨོ་རྒྱན་རང་ཤར། says:
    ལོ་ 15 སྔོན།

    དུས་བབ་ཚང་ལ་ཞུ་རྒྱུ། མདང་དགོང་རིག་པ་འདོན་པ་འདི་ཡང་བསྐྱར་འཇུག་གི་ཡོད་པས་འདོན་སྤེལ་ཡོང་བ་ཞུ།

    ཟམ་གདོང་རིན་པོ་ཆེའི་གསུང་བཤད་དུ་སྤྱིར་དགའ་བསུ་ཞུ་འོས་པའི་གནས་ཚུལ་མང་པོ་ཞིག་འདུག་ནའང་། འདོད་རྔམས་དང་བཟང་སྤྱོད་ཉམས་ཆག་གཉིས་ཀྱི་ཐད་རྒྱུ་རྐྱེན་གཙོ་བོ་གང་དུ་ཐུག་གི་ཡོད་པ་དང་། གནས་ཚུལ་ཇི་ལྟར་ཡོང་གི་ཡོད་པ་མཁྱེན་ཐབས་རྩ་བ་ནས་གནང་མེད་པ་ལྟ་བུ་ཚོར། རིན་པོ་ཆེ་རང་ཉིད་ཀྱི་ཉེ་འཁོར་དུ་ཡོད་པའི་ཁྲིམ་ཞིབ་པ་ཆེན་མོ་དང་། བཀའ་བློན་ཁག བཙན་བྱོལ་གཞུང་གི་འགོ་འཁྲིད་མང་ཆེ་བས་གཞུང་དེ་ལག་ཆ་ལྟ་བུ་བྱས་ཏེ་ཡང་ན་རང་དང་རང་གི་ནང་མི་ཚང་མ། དེ་མིན་ན་རང་གི་ཆུང་མ་དང་བུ་ཕྲུག དེ་མིན་ན་རང་གི་གཉེན་ཉེ་བ། སྤུན་མཆེད་སོགས་གཞུང་གི་གོ་གནས་དང་གཞུང་གི་དབང་ཆ་ལག་ཆར་བྱས་ཏེ་ནུབ་ཕྱོགས་སུ་གནས་སྤོས་ཐུབ་པ་བྱུང་ཡོད། དེ་དག་ཕལ་མོ་ཆེའི་ཡིག་ཆ་ཁྲིམས་མཐུན་ཡིན་ནའང་ཐབས་ཤེས་མགོ་བདེ་དྲན་འཕྲུལ་གྱིས་བྱུང་བ་ཞིག་ཡིན། འོ་ན། མི་དམངས་ཉམ་ཐག་ཚོར་འདོད་རྔམས་ཅན་གསུངས་ནུས་པ་འདུག་གམ། ང་ཚོ་ནུབ་ཕྱོགས་སུ་འགྲོ་འདོད་མེད་དགོས་པ་གང་ཡིན་ནམ། ང་ཚོ་ཡང་རང་དང་རང་གི་ནང་མི་ལ་བདེ་སྐྱིད་དགོས་མཁན་ཁོ་ཚོ་དང་གཅིག་པ་ཡིན། འོན་ཀྱང་ཁོ་ཚོར་བེད་སྤྱོད་བྱེད་རྒྱུའི་ལག་ཆ་བཞིན་ང་ཚོར་མེད་པར་བརྟེན་རང་སོ་སོའི་ཐབས་ཤེས་གང་ཐུབ་ཐོག་ནུབ་ཕྱོགས་སུ་སླེབས་པ་བྱེད་ཀྱི་ཡོད། ད་ཆ་རང་ཉིད་བསླེབས་པ་ཙམ་དུ་མ་ཟད་རང་གི་ཕ་མ་དང་སྤུན་ཉེ་ཚང་མར་ཕན་ཐོགས་སྒྲུབ་ཐུབ་པ་ཡོང་གི་འདུག་པས་དེ་ནི་བཟང་སྤྱོད་ཉམས་པའི་རྟགས་ཡིན་ནམ། གནས་ཚུལ་འདིའི་ཐོག་རིན་པོ་ཆེར་བློ་ཕམ་ཡོད་ཞུ་རྒྱུ་ཡིན། ཕྲན་ནས་དུས་བབ་ཚང་ལ་བོད་བཙན་བྱོལ་གཞུང་གི་འགོ་འཁྲིད་ག་ཚོད་ནུབ་ཕྱོགས་སུ་བསླེབས་ཡོད་པ་དང་། ད་ཡོད་འགོ་འཁྲིད་ག་ཚོད་ཀྱི་ནང་མི་སྤུན་མཆེད་ནུབ་ཕྱོགས་སུ་བསླེབས་པ་ཙམ་དུ་མ་ཟད་རང་ཉིད་རྒན་ཡོལ་ཐོབ་པ་དང་ནུབ་ཕྱོགས་སྐྱོད་ཆོག་བྱེད་བཞིན་པ་སོགས་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་གནང་བའི་ཟིན་ཐོ་ཞིག་འདོན་སྤེལ་གནང་ཐུབ་ན། འདོད་རྔམས་ཅན་དང་བཟང་སྤྱོད་ཉམས་གཞིའི་རྩ་བ་དེ་བོད་མི་ཡོངས་ཀྱི་གསལ་པོ་ཤེས་ཐུབ་པ་ཡོང་གི་རེད། བཀྲིས་བདེ་ལེགས་ཞུ།

    Reply
  9. ཁྲ་གླག་སྤྱང་གསུམ། says:
    ལོ་ 15 སྔོན།

    ༡༽སྤྱི་འཐུས་སུ་དྭང་བླང་བྱས་པ་ཡིན་ན་སྔོན་འགྲོའི་འོས་བསྡུའི་འགྲན་བསྡུར་ནང་ཞུགས་མི་དགོས་པར་ཐད་ཀར་དངོས་གཞི་འོས་བསྡུའི་ནང་འགྲོ་ཆོག་པ་ཡིན་མོད། བཀའ་ཁྲིར་དྭང་བླང་བྱེད་མཁན་ཡང་དེ་དང་གཅིག་མཚུངས་ཀྱི་སྔོན་འགྲོའི་འགྲན་བསྡུར་མི་དགོས་པར་ཐད་ཀར་དངོས་གཞིའི་འགྲན་རྩོད་ནང་ཞུགས་ཨི་ཆོག །མི་ཆོག་ན་དེ་གཉིས་འགལ་འདུ་ཆགས་པ་མ་རེད་དམ།

    ༢༽ཆོས་བརྒྱུད་ཀྱི་སྤྱི་འཐུས་ལ་འོས་ཤོག་བླུག་མཁན་ཡིན་ན་ངེས་པར་དུ་དགེ་འདུན་གྱི་སྡེ་ཡིན་དགོས་པ་ལ། ཆོས་བརྒྱུད་ཀྱི་སྤྱི་འཐུས་ཡིན་ན་ཡང་དགེ་འདུན་པ་ཞིག་ཡིན་ཨི་དགོས། མི་དགོས་ན་དེ་གཉིས་འགལ་འདུ་ཆགས་པ་མ་རེད་དམ།

    ༣༽བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་བླུག་པས་མཚོན་ད་དུང་ཡང་མང་གཙོ་ཚད་ལྡན་དགོས་ཟེར་བ་དང༌། ༧གོང་ས་མཆོག་ལ་བླ་ན་མེད་པའི་སྐུ་དབང་ཡོད་དགོས་པ་དང་ཕྱེད་བསྒྲེས་ཡོལ་ཙམ་ཡང་ཕེབས་གནང་མེད་པའི་ཞུ་འབུལ་བྱེད་པ་གཉིས་འགལ་འདུ་མ་རེད་དམ། ཆུང་ས་ནས་བཤད་ན། བཀའ་ཁྲི་མི་མང་གིས་ཐད་ཀར་འོས་བླུགས་པ་དེས་༧གོང་ས་མཆོག་གིས་བཀའ་བློན་བསྐོ་བཞག་བྱེད་པའི་དབང་ཚད་མེད་པ་ཆགས་པ་མ་རེད་དམ། གལ་སྲིད་༧གོང་ས་མཆོག་གིས་འདོད་མོས་མེད་པའི་མི་ཞིག་མི་མང་གིས་འོས་བླུགས་པ་ཡིན་ན་་་་་་་་་་་་་་

    ༤༽དྲན་ཐོག་ལ་དྲིས་བཞག་ན། ༧གོང་ས་མཆོག་གིས་འོས་བསྡུ་དེབ་སྐྱེལ་དང་འོས་འཕེན་གནང་གི་ཡོད་དམ་མེད། རྒྱལ་གླུ་གཏོང་སྐབས་ཡིན་ན་ངེས་པར་སྐུ་བཞེངས་གནང་གི་འདུག །འོ་རེད། ༧གོང་ས་མཆོག་ལ་བོད་པའི་སྤྱི་ཚོགས་ནང་གི་འདེམས་བྱེད་ཀྱི་ཐོབ་ཐང་ཡོད་ཀྱང༌། གདམ་བྱ་གང་གི་ཡང་ཐོབ་ཐང་མེད་པ་འདྲ་པོ་མཐོང་གི་འདུག །དེ་ལྟར་ཡིན་ནམ། དེ་བཞིན་ཁྲིམས་དཔོན་སོགས། མེད་ན་མི་ཚང་མར་གདམ་བྱ་དང་འདེམས་བྱེད་ཀྱི་ཐོབ་ཐང་ཡོད་ཟེར་བ་ལ་འགྲེལ་བཤད་དམ་མཆན་ཞིག་དགོས་པ་མ་རེད་དམ།

    ༥༽མ་གཞི། གདམ་བྱ་འདེམས་བྱེད་ཟེར་བ་ཁ་རྒྱུན་ཙམ་ཡིན་ནམ་རྩ་ཁྲིམས་དང་སྒྲིག་གཞི་ནང་ག་འདྲ་ཡོད་ཡག་པོ་མི་དྲན། ལར་ནས་བོད་གཞུང་གི་རྩ་ཁྲིམས་དང་འོས་བསྡུ་སྒྲི་གཞི་དེ་ཚོ་དྲ་རྒྱ་ནང་ཨེ་ཡོད། ངས་ཁྱོན་ནས་རྙེད་མ་སོང༌། རྒྱ་ནག་གཞུང་དང་བོད་རང་སྐྱོང་ལྗོངས་གི་ཁྲིམས་ཡིག་དེ་ཚོ་ཚང་མ་དྲ་རྒྱ་ནང་ལྟ་ཆོག་ཆོག་འདུག །སྔོན་མ་སྤྱི་འཐུས་གྲོས་ཚོགས་ཀྱི་དེ་བོད་གཞུང་གི་དྲ་རྒྱ་ནང་འདུག་ཀྱང༌བར་སྐབས་ནས་དེ་ཡང་མེད་པ་ཆགས་སོང༌།

    ༦༽ད་དུང་གཅིག་དྲན་བསྡད་ཡོད། འོ་རེད། མི་འབོར་ཉུང་དྲགས་པས་འཕེལ་རྒྱས་གཏོང་དགོས་ཟེར་བ་དང་བུད་མེད་ཀྱི་ལས་བྱེད་དང་འགོ་ཁྲིད་མང་ཙམ་ཐོན་རྒྱུའི་འབད་བརྩོན་བྱེད་པ་གཉིས་འགལ་འདུ་མ་རེད་དམ། བུད་མེད་རྣམས་ཆབ་སྲིད་དང་སྤྱི་ཚོགས་ཀྱི་འགྲན་བསྡུར་ནང་ཞུགས་རྒྱུའི་ངར་ཤུགས་སླངས་པ་ཡིན་ན། དེས་ཕྲུ་གུ་གསོ་སྐྱོང་བྱེད་པའི་བསམ་བློ་ལ་གནོད་ཀྱི་ཡོད་པ་མ་རེད་དམ། དེ་མིན་ན། ཁ་ཆེ་དང་ཨ་ཕི་རི་ཀ །ལྷོ་ཤར་ཨེ་ཤ་ཡའི་བུད་མེད་ཚོས་ཕྲུ་གུ་མང་བ་གསོ་སྐྱོང་བྱེད་པ་དང༌། ནུས་ཕྱོགས་བུད་མེད་ཚོས་དེ་ཙམ་གསོ་སྐྱོང་མི་ཐུབ་པའི་རྒྱུ་མཚན་ག་རེ་རེད། ཡང་ན་ནུབ་ཕྱོགས་ཀྱི་འབྱོར་ལྡན་པ་དེ་ཚོས་དངུལ་སྤྲད་ནས་གཞན་གྱི་ཁོག་པར་རང་གི་ཕྲུ་གུ་ཆགས་བཅུག་པ་ལྟར་གྱི་མཐུན་རྐྱེན་ཞིག་སྤྲོད་རྒྱུ་ཡིན་ནམ། དེ་ནི་སྐུ་རྩེད་རང་ཡིན།

    དེ་ལ་སོགས་པ་བཀའ་ཤག་གི་གཏམ་བཤད་དེ་ཚོའི་དོན་གནད་རེ་རེ་བཞིན་དོགས་ཆོད་དགོས་པ་མང་པོ་འདུག་སྟེ། ད་མཚམས་བཞག་ཤོག

    Reply
  10. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    དྲང་སྲོང་གི གོམ་པ་སྤོས། གཞན་གྱི་གོམ་པ་བརྒྱབ། སོགས་ཕན་ཐོགས་ཆེ།

    Reply
  11. དྲང་སྲོང་། says:
    ལོ་ 15 སྔོན།

    རྒྱ་བལ་སོགས་ཡུལ་གཞན་ན་གནས་པའི་བོད་སྐད་ཀྱི་བྱ་ཚིག་མ་དག་པ།

    བྱ་ཚིག་གི་འགྲོས་ངོ་མ། བྱ་ཚིག་མ་དག་པ།
    གོམ་པ་སྤོས། གོམ་པ་བརྒྱབ།
    གུར་ཕུབ། གུར་བརྒྱབ།
    མེ་བསྲེགས། མེ་བརྒྱབ།
    སློང་མོ་བསླངས། སློང་མོ་བརྒྱབ།
    རི་དྭགས་རྔོན། རི་དྭགས་བརྒྱབ།
    རྩིག་པ་བརྩིགས། རྩིག་པ་བརྒྱབ།
    ཆར་བ་ཕབ། ཆར་བ་བརྒྱབ།
    སྤོ་ལོ་རྩེས། སྤོ་ལོ་བརྒྱབ།
    རྩོམ་བྲིས། རྩོམ་བརྒྱབ།
    ཆམ་པ་ཕོག ཆམ་པ་བརྒྱབ།
    མེ་མདའ་འཕངས། མེ་མདའ་བརྒྱབ།
    བསླབ་བྱ་གནང་། བསླབ་བྱ་བརྒྱབ།
    བོད་སྐད་བཤད། བོད་སྐད་བརྒྱབ།
    ན་ཟུག་ལངས། ན་ཟུག་བརྒྱབ།
    རྟ་ལ་སྒ་བསྟད། རྟ་ལ་སྒ་བརྒྱབ།
    མཐུ་བཏང་བ། མཐུ་བརྒྱབ།
    སོ་བཏབ་པ། སོ་བརྒྱབ།
    ཆུ་ལོག་རྒྱུགས། ཆུ་ལོག་བརྒྱབ།
    རྭ་བ་བསྐོར། རྭ་བ་བརྒྱབ།
    རྔུར་བ་འཐེན། རྔུར་བ་བརྒྱབ།
    ལྷན་པ་གླན། ལྷན་པ་བརྒྱབ།
    མིག་ལོག་བལྟས། མིག་ལོག་བརྒྱབ།
    འཛེར་མ་བརྡབ། འཛེར་མ་བརྒྱབ།
    མིག་ཤེལ་མནབས། གྱོན། མིག་ཤེལ་བརྒྱབ།
    ལམ་ཁ་བཟོས། ལམ་ཁ་བརྒྱབ།
    ཞོ་བསྙལ། ཞོ་བརྒྱབ།
    འོད་འཕྲོས། འོད་བརྒྱབ།
    ལ་ལུང་བརྒྱུད། ལ་ལུང་བརྒྱབ།
    ནད་ལོག་འཕར། ནད་ལོག་བརྒྱབ།
    རླུང་གཡུག རླུང་བརྒྱབ།
    འུ་ཚུགས་བྱས། འུ་ཚུགས་བརྒྱབ།
    རྡོ་ཡིས་བཞུས། རྡོ་བརྒྱབ།
    དེབ་ཀྱི་ཁ་བསུམས་པ། དེབ་ཀྱི་ཁ་བརྒྱབ།
    ཁ་བ་བབས། ཁ་བ་བརྒྱབ།
    སྨུགས་པ་འཐིབས། སྨུགས་པ་བརྒྱབ།
    ཞབས་བྲོ་འཁྲབ། ཞབས་བྲོ་བརྒྱབ།
    བག་ལེབ་བཟོས། བག་ལེབ་བརྒྱབ།
    གད་ཕྱགས་པ། གད་བརྒྱབ་པ།

    Reply
  12. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    དཔལ་ལྡན་བཀའ་ཁྲི་བཀའ་དྲིན་ཅན་གྱིས། སྦས་གསང་མེད་པར་སྤང་བྱ་དོན་ཚན་དྲུག་དུ་གསུངས་པ་ནི། བཀའ་དྲིན་བླ་ལྷག་ཏུ་ཆེ་ན་ཡང་། གཉེན་པོ་པའམ་ཐབས་ཤེས་ཡར་རྒྱས་གཏོང་དགོས་སྟངས་གསལ་པོ་ཅིག་མཐོང་མ་སོང་བས། དེ་དག་གསལ་པོ་བཟོ་ཐུབ་ན་ཕན་ཐོགས་ཆེ་བ་ཡོང་བ་ངེས་འདུག བོད་ཀྱི་བཀའ་ཁྲི་རྒྱལ་གྱུར་ཅིག །

    Reply
  13. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཕྱི་རྒྱལ་ཁབ་ཁག་གི་ལག་ཁྱེར་ཡོད་མཁན་བོད་མི་ཚང་མ་བཙན་བྱོལ་བོད་མི་མ་རེད་ཟེར་བ་དེ་ལས་དཀྲུགས་ཤིང་ཆེ་བ་ག་རེ་དགོས་ཀྱི་འདུག

    བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བོད་མི་ཉམ་ཐག་ཚོའི་འཚོ་བའི་དཀའ་ངལ་མཐོང་པས་ཐོག་ནས་བོད་མི་རྣམས་ཕྱི་རྒྱལ་ལ་གཏོང་ཐབས་བྱེད་ཀྱི་ཡིན་གསུངས་པར་ཤེས་མ་སོང་ངམ།

    Reply
  14. མི་ཉག་བཙན་པོ says:
    ལོ་ 15 སྔོན།

    མཁས་དབང་བཀའ་ཁྲི་རིན་པོ་ཆེ་མཆོག་གི་ཞབས་ལ་ཕྱག་འཚལ་ལོ་སྐྱབས་སི་མཆིས་།
    མཁས་དབང་བཀའ་ཁྲི་མཆོག་གི་ལམ་སྟོན་བཀའ་སློབ་དང་སྲིད་བྱུས་དགོངས་པ་གང་ཡིན་རྟོགས་པ་བྱས་ནས་བཀའ་བཞིན་གཙུག་ཏུ་བཀུར་བ་དང་མི་རེ་དངོས་རེ་ནས་
    བསྒྲུབ་གང་ཐུབ་ལ་འབད་རྒྱུའི་ཆོས་སེམས་བརྟན་པོ་ཡོད་ན་བོད་ལ་མགྱོགས་པོ་ལོག་ཐུབ་པ་ངེས།གལ་སྲིད་མགྱོགས་པོ་མ་བྱུང་ན་ཡང་མེས་པོ་གོང་མ་རྣམས་ཀྱི་ཤུལ་
    བཞག་གཅེས་ནོར་རིག་གཞུང་དང་བོད་མི་རིགས་རྒྱུན་གནས་ཐོག་ནམ་ཞིག་བདེན་
    མཐར་གསལ་བ་ནི་ངེས་པ་རེད་འདུག་མོད།
    ་བོད་མི་རེ་ཟུང་ནས་རིན་པོ་ཆེ་མཆོག་གི་བཀའ་སློབ་དང་དགོངས་དོན་གང་ཡིན་
    རྟོགས་མ་ཐུབ་པ་དང་སྒེརསོ་སོའི་འཚོ་ཐབས་ཁོ་ན་བསམ་ནས་སྐྲ་སེར་རིགས་ཀྱི་
    གཡོག་རྒྱུགས་མཁན་རེ་ཟུང་ནས་རིན་པོ་ཆེ་མཆོག་གི་བཀའ་སློབ་དེ་དག་ལ་རྩིས་
    བཀུར་དྭང་ལེན་མེད་པའི་ཁར་རིན་པོ་ཆེ་མཆོག་གི་བཀའ་སློབ་ཚིག་སྣ་རེ་ཟུང་གི་དོན་སོ་སོའི་འཚོ་ཐབས་དང་སྒེར་དོན་དང་མི་མཐུན་པར་སྣང་བར་རྒྱུ་མཚན་དུ་བྱས་ནས་དགྲ་དགའ་གཉེན་རྡུང་གི་གཏམ་འཆལ་དང་མི་དམངས་དང་བཙན་འབྱོལ་གཞུང་གི་དཔོན་རིགས་པར་དཀྲུག་གང་ཐུབ་བྱས་པ་ནི་རྒྱ་དམར་གྱི་རེ་བ་འགྲུབ་ཐབས་སུ་ཕྱིན་
    པ་དང་བོད་དོན་ལ་གནོད་ཚབས་ཤིན་ཏུ་ཆེ་བའི་བྱ་སྤྱོད་ཁོ་ན་རེད།རྒྱ་དམར་གཞུང་
    གིས་བོད་ལ་འཛིན་པའི་སྲིད་བྱུས་ནང་ཨང་དང་པོ་གྲལ་ཏུ་གཏོགས་པ་ནི་བོད་མི་
    རིགས་རྩ་མེད་བཟོ་ཐབས་དང་བོད་ཀྱི་སྐད་ཡིག་རིག་གཞུང་ལེགས་བྱང་རྣམས་མིང་མེད་དུ་གཏོང་རྒྱུ་དེ་ཡིན།སྲིད་བྱུས་དེ་དག་འགྲུབ་མི་ཐུབ་པ་ཞིག་དགོས་ན་མཁས་
    དབང་བཀའ་ཁྲི་མཆོག་གི་ལམ་སྟོན་དང་སྲིད་བྱུས་རྣམས་ལག་བསྟར་དགོས་པ་
    ནི་བོད་ཀྱི་རྩ་དོན་དང་བོད་པ་ཚང་གི་སྲོག་ཤིང་ཡིན།

    Reply
  15. kalsang says:
    ལོ་ 15 སྔོན།

    ད་ལྟའི་བཀའ་བློན་ཁྲི་བས་བཙན་བྱོལ་གཞུང་ཞེས་བ་དེ་བསྒྱུར་ནས་བཙན་བྱོལ་སྒྲིག་འཛུགས་ཟེར་དགོས་དོན་གང་ཡིན་ནམ།

    Reply
  16. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    ཡག་པོ་རེད།ཡིན་ནའང་ཟམ་གདོང་བླ་མས་མཚམས་རེ་བཙན་བྱོལ་སྒྲིག་འཛུགས་ཟེར།མཚམས་རེ་བོད་གཞུང་ཟེར།དེ་ལྟར་མགོ་གཉིས་ཅན་ཤིག་གསུངས་དགོས་དོན་ཅི་ཡིན་ནམ།
    གཞུང་གིས་ཉམ་ཐག་ལ་རོགས་པ་བྱེད་བཞིན་ཡོད་ཀྱང་དེ་ཡི་ཐོག་དོ་སྣང་དང་བརྟག་དཔྱད་ཡག་པོ་ཞིག་མ་བྱེད་ན་མང་པོ་ཞིག་ལ་ཤ་ཐོག་ཚིལ་སྣོན་འགྲོ་བཞིན་འདུག་པའི་ཐུགས་ལ་འཇོག་རོགས་གནོང་།

    Reply
  17. མཁའ་དབུགས་གསར་བ says:
    ལོ་ 15 སྔོན།

    ༣ གཞན་བརྟེན་དང་སྒྱིད་ལུག་གི་བསམ་བློ།
    ༧གོང་ ས་༧སྐྱབས་མགོན་ཆེན་པོའི་རླབས་ཆེན་གྱི་འཕྲིན་ལས་ལ་བརྟེན་བོད་མི་བཙན་བྱོལ་བ་ རྣམས་སྐྱབས་བཅོལ་དུ་འབྱོར་བ་ནས་བཟུང་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོའི་གཞུང་མང་ དང་། ཚོགས་སྡེ། སྒེར་ཁག་སོགས་ཀྱིས་བོད་མིར་གདུང་སེམས་མཉམ་བསྐྱེད་ཀྱིས་རོགས་སྐྱོར་ཤུགས་ཆེ་ གནང་བར་བརྟེན་ཟས་གོས་གནས་མལ་ཤེས་ཡོན་འཕྲོད་བསྟེན་གང་ས་ནས་མཐུན་རྐྱེན་འབད་ མེད་ལྷུན་འགྲུབ་ཡོད་པ་དེས་ངན་ལངས་ལྟ་བུས་ད་ཆ་གཞན་ཡུལ་དུ་འབྱོར་ནས་ལོ་ལྔ་ བཅུ་ང་གཅིག་བརྒལ་ཡང་ད་དུང་རོགས་སྐྱོར་འཚོལ་བའི་གཞན་བརྟེན་གྱི་བསམ་བློ་དང་། དཀའ་ངལ་ཇི་འཕྲད་བཙན་བྱོལ་སྒྲིག་འཛུགས་ཀྱིས་བསལ་དགོས་པའི་གཞན་བརྟེན་གྱི་བསམ་ བློ་སྔར་ལས་ཤུགས་ཆེར་གྱུར་པ་མ་ཟད། འཚོ་ཐབས་ཀྱང་སོ་ནམ་ཞིང་ལས་ལྟ་བུ་ལུས་ཀྱི་ངལ་རྩོལ་དགོས་རིགས་ལ་སྒྱིད་ལུག་དང་ དམན་འཛིན་གྱིས་རྐང་ལག་འགུལ་བསྐྱོད་མི་དགོས་པའི་འཚོ་ཐབས་ལ་རྔམས་པ་དང་། ལམ་ཐག་ཐུང་ངུའང་གོམ་བགྲོད་བྱེད་འདོད་མེད་པའི་ལེ་ལོའི་གོམས་གཤིས་ཤིག་བོད་མི་ ཕལ་ཆེར་ལ་འཇགས་ཟིན་པ།
    འདི་ནི་བཙན་བྱོལ་བོད་མི་དག་འཕེལ་རྒྱས་མེད་པའི་རྒྱུ་གཙོ་བོ་རེད་འདོད།

    Reply
  18. སྒྲོལ་དཀར་བུ says:
    ལོ་ 15 སྔོན།

    ཨ་པ་ཨ་མ་ག་རེ་རེད་དྲ་ནང་ལ་མི་ཡོང་ནོ།

    Reply
  19. སྒྲོལ་དཀར་བུ says:
    ལོ་ 15 སྔོན།

    ༄༅།། སྐྱབས་སུ་འཆི་ཟམ་གདོང་བླ་མ་ཆོས་དང་འཇིག་རྟེན་གང་གི་ཐད་ནས་ཀྱང་བོད་ལ་བཀའ་དྲིན་ཆེན་པོ་རེད་ཁོངས་ལྟ་བུ་མང་པོ་ཞིག་ཡོད་ན་ཅི་མ་རུང་།
    མ་འོངས་བོད་ཀྱི་བཀའ་ཁྲི་རྩམ་གཟན་ཞིག་ཡིན་ནམ་སྐྱག་ཟན་ཞིག་ཡིན་ངོ་མ་སེམས་ཁྲལ་ཡོང་གི་བོད་མི་རིགས་འདི་ངོ་མ་ཉམ་དམའ་ཉག་ཕྲ་བའི་གནས་སྐབས་འདིར་སྐྱོབས་ན་སྐྱབས་གཅིག་ལ་ལྷུང་ན་ལྷུང་གཅིག་གི་དུས་རེད་ངོ་མ་སེམས་ཁྲལ་ཆེ་གི

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese