ཟླ་འདིའི་ཚེས་དགུ་ཉིན་མདོ་སྨད་རེབ་གོང་གསེར་མོ་ལྗོངས་ཀྱི་སློབ་གསོ་མགྲོན་ཁང་དུ་ ༼ སྐབས་དང་པོའི་བོད་ཀྱི་སྒེར་གཉེར་རྩོམ་སྒྲིག་པའི་མཐུན་ཚོགས་ཀྱི་ཚོགས་འདུ། ༽ ཞེས་པ་དེ་སྐོང་ཚོགས་གནང་ཡོད་འདུག་ལ། ཚོགས་འདུ་དེའི་སྟེང་ཀན་སུའུ་དང་མཚོ་སྔོན། སི་ཁྲོན་བཅས་ཀྱི་སྒེར་གཉེར་དུས་དེབ་དང་ཚགས་པར། དྲ་སོགས་ཀྱི་རྩོམ་སྒྲིག་ཁང་ ༢༧ ཙམ་གྱི་སྐུ་ཚབ་འཐུས་མི་མཉམ་ཞུགས་གནང་ཡོད་འདུག་ཅིང་། རྩོམ་སྒྲིག་པ་རྒན་གྲས་སྡོང་ཡོན་ཏན་རྒྱ་མཚོ་དང་རྫ་ཤུལ་བླ་བཟང་རྒྱ་མཚོ། འགར་རྩེ་འཇིགས་མེད། ཧོར་གཙང་ཀླུ་རྒྱལ་སོགས་ཀྱིས་སྤྱི་ཁྱབ་ལྟ་སྐུལ་བའི་ཐུགས་འགན་བཞེས་ཡོད་འདུག
ཚོགས་འདུ་དེའི་སྟེང་བོད་ཀྱི་རིག་གནས་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ། ས་གནས་མི་དམངས་ཀྱི་བསམ་བློ་གོང་སྤེལ་སོགས་གཞི་རྩར་བཟུང་སྟེ། བོད་ཁུལ་གྱི་དུས་དེབ་དང་ཚགས་པར་དྲ་རྒྱ་སོགས་ཀྱི་རྩོམ་རིག་གི་ཁ་ཕྱོགས་དང་རྩོམ་པ་པོའི་ཀུན་སྤྱོད། རྩོམ་ཡིག་གི་ཚིག་སྦྱོར་སོགས་ཀྱི་སྤྱི་བྱེ་བྲག་གི་གནད་དོན་ལ་ཞིབ་ཚགས་ཀྱིས་གོ་བསྡུར་བྱས་ཏེ། བརྡ་འཕྲིན་དུས་རབས་ཀྱི་བོད་པའི་རྩོམ་རིག་དེ་སྒྲིག་མེད་ཁྲིམས་ལྟ་བུ་ཞིག་མིན་པར་རིང་ལུགས་ཡོད་པའི་ཐོག་བསྐྱོད་ཆེད་གྲོས་ཆོད་དོན་ཚན་ ༨ ཙམ་བཞག་ཡོད་འདུག ཐེངས་འདིའི་ཚོགས་ཐོག་ཏུ་རྩོམ་སྒྲིག་པའི་མཐུན་ཚོགས་ཀྱི་བློ་འདོན་པར་སྡོང་ཡོན་ཏན་རྒྱ་མཚོ་དང་ཚོགས་གཙོར་འགར་རྩེ་འཇིགས་མེད། རྒྱུན་ལས་ ༡༠ ཙམ་གསར་འདེམས་བྱས་ཡོད་འདུག
གྲོས་ཆོད་དོན་ཚན་ཁག་ནི། དང་པོ། མཐུན་ཚོགས་འདིའི་ནང་དུ་ཞུགས་ཡོད་པའི་རྩོམ་སྒྲིག་ཁང་སོ་སོས་རང་མོས་སྙན་ངག་མ་ཡིན་པའི་རྩོམ་ཡིག་གི་ཁ་བྱང་དང་དངོས་གཞི་གཉིས་ཀར་དབུ་ཁྱུད་འཇོག་རྒྱུ། གཉིས། རིག་གནས་གཞན་གྱི་ཤན་ཞུགས་ཡོད་པའི་ཚབ་རྟགས་ཚང་མ་འདོར་དགོས་པ། གསུམ། མཐུན་ཚོགས་འདིའི་ནང་དུ་ཞུགས་ཡོད་པ་དག་གིས་དུས་དེབ་དང་ཚགས་པར་དུས་ལྟར་རྩོམ་སྒྲིག་ཁང་ཕན་ཚུན་ལ་བསྐུར་དགོས་པ། བཞི། རྩོམ་ཡིག་དེབ་སྟེང་བཀོད་ཟིན་པ་དག་གི་རྩོམ་པ་པོ་རྣམས་ལ་དུས་དེབ་དང་ཚགས་པར་གཅིག་རེ་བསྐུར་རྒྱུ།
ལྔ་བ། སྐབས་གཉིས་པའི་འཐུས་ཚབ་ཚོགས་འདུའི་སྟེང་རྩོམ་སྒྲིག་ཁང་གསུམ་གཟེངས་བསྟོད་བྱ་དགའ་འབུལ་རྒྱུ་དང༌། ཕྱི་ལོ་ ༢༠༡༠ དང་ ༢༠༡༡ གཉིས་ཀྱི་ཁྱད་འཕགས་རྩོམ་ཡིག་ལྔ་བདམས་ཏེ་ཕུལ་བྱུང་བྱ་དགའ་འབུལ་རྒྱུ། དྲུག ལོ་གཉིས་རེའི་ནང་དུ་འགན་འཛིན་ལྷན་ཚོགས་ཐེངས་རེ་བསྐང་དགོས་ལ། ཚོགས་གཙོའི་ལས་འགན་ཐེངས་གཉིས་ལས་བདམས་མི་ཆོག བདུན་པ། འགན་འཛིན་ཚན་ཆུང་གི་ལས་དོན་རིགས་ལ་སྲིད་གཞུང་གི་མཆོག་མཆན་ཐོབ་རྒྱུར་འབད་བརྩོན་བྱ་དགོས། བརྒྱད་པ། མཐུན་ཚོགས་ནང་ཞུགས་ཡོད་པའི་རྩོམ་སྒྲིག་པ་རྣམས་ཀྱིས་ཕན་ཚུན་ལ་རང་ནུས་ཅི་ཡོད་ཀྱིས་རྩོམ་ཡིག་བསྡུ་རུབ་ཐད་རོགས་རམ་གནང་དགོས་པ་བཅས་ཡིན་འདུག
གསར་འགོད་པ། དོན་འགྲུབ་བཀྲ་ཤིས།
འདིའི་ནང་ལ་བུད་མེད་གཅིག་ཀྱང་མེད་པ་འདིར་ཅི་མ་ཉན་ནི་རེད། ཨ་བྱ་འདི།
ཁྱོད་ཚོ་ཚང་མར་བཀྲ་ཤིས་བདེ་ལེགས་དང་འཚམས་འདྲི་ཞུ། ད་དུང་བྱ་བཞག་ཚང་མ་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུ།