བཙན་བྱོལ་སྤྱི་ཚོགས་ཁྲོད་སྐབས་བཅུ་བཞི་བའི་བཀའ་བློན་ཁྲི་པའི་འོས་འདེམས་ཀྱི་ལས་གཞི་ཚ་ཚ་འུར་འུར་བྱེད་ཀྱི་པའི་སྒང་འདིར་གནད་དོན་བྱེ་བྲག་པ་ཁག་ཅིག་གི་ཐོག འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ཁྲིམས་རྩོད་པ་བློ་བཟང་སེངྒེ་ལགས་སུ་བཅར་འདྲི་ཞུས་ཡོད།
དྲི་བ། འདས་པའི་ཟླ་འགའི་རིང་སྐུ་ཉིད་བཀའ་བློན་ཁྲི་པའི་བགྲོ་གླེང་མང་དག་ཅིག་ནང་མཉམ་ཞུགས་གནང་ཡོད། སྐུ་ཉིད་ཀྱིས་གཟིགས་ཚུལ་ལ་མང་ཚོགས་ནང་ཁྱེད་ལ་དགའ་བསུ་བྱེད་ཕྱོགས་དང་ཁྱེད་རང་སྐབས་རྗེས་མའི་བཀའ་ཁྲིར་བསླེབ་རྒྱུར་རེ་བ་གང་འདྲ་ཞིག་མཐོང་གི་འདུག
ལན། དེ་གཙོ་བོ་མི་མང་ལ་རག་ལས་གི་རེད། གཞི་རྩའི་ཆ་ནས་ང་རང་བཀའ་བློན་ཁྲི་པར་འཛུལ་ཞུགས་བྱེད་དོན། དང་པོ། ༧གོང་ས་མཆོག་གི་ཞབས་ཞུ་བསྒྲུབ་རྒྱུ་དང་། གཉིས་པ་རྒྱ་ནག་གཞུང་ལ་བརྡ་གཏོང་རྒྱུ་དེ་རེད། དཔེར་ན། མི་རབས་རྒན་པ་མ་བཞུགས་པའི་སྐབས་སུ་མི་རབས་གསར་བས་འགན་འཁུར་གི་རེད་ལ། ང་ཚོས་འཐབ་རྩོད་བྱ་རྒྱུར་མུ་མཐུད་དེ་ལོ་ལྔ་བཅུར་རྩོད་དགོས་ཀྱང་རྩོད་རྒྱུ་ཡིན་ཞེས་བརྡ་གཏོང་རྒྱུ་དེ་རེད། གསུམ་པ། བོད་ནང་གི་གཞིས་ལུས་མི་མང་ཚོར་ང་ཚོར་མང་གཙོའི་ལམ་ལུགས་ཡོད་བཞིན་པ་དེ། བོད་ནང་གི་མི་སེར་སྤེལ་བའི་ལམ་ལུགས་ལས་ལེགས་པ་དང་བོད་ནང་གི་བོད་མིར་རེ་བ་དང་ཡིད་ཆེས། སྙིང་སྟོབས་སྤར་ཆེད་ཡིན། བཞི་བ། བཙན་བྱོལ་གྱི་མང་གཙོ་གཞི་བརྟན་དུ་གནས་ཚེ་བོད་མིའི་རྩ་དོན་རྩོད་པའི་སྒྲིག་འཛུགས་བརྟན་པོ་ཆགས་གི་རེད། དེར་བརྟེན་ང་རང་ཉིད་བཀའ་ཁྲིའི་འོས་གཞིའི་ནང་འཛུལ་ཞུགས་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་མང་གཙོ་གཞི་བརྟན་གནས་ཆེད་ཡིན་སྟབས། ཉེ་ཆར་བགྲོ་གླེང་བྱས་ཏེ་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཀྱིན་འདུག སྤྱིར་མི་སུ་ལ་འོས་ཐོབ་དང་མ་ཐོབ། མང་ཚོགས་ཀྱིས་སུ་གདམ་ཀ་བྱས་མ་བྱས་དེ་ཟླ་ ༡༠ ཚེས་ ༣ ཉིན་ཐག་ཆོད་ཀྱི་ཡོད་སྟབས། དེའི་བར་དུ་བསྒུག་དགོས།
དྲི་བ། མི་ལོ་ ༥༠ རིང་གི་ཤེས་ཡོན་སྲིད་ཇུས་ཀྱི་གྲུབ་འབྲས་ཐད་དུ་གཟིགས་ཚུལ་གང་འདྲ་ཞིག་ཡོད་པ་དང་། མ་འོངས་པར་བཙན་བྱོལ་གྱི་གཞོན་སྐྱེས་ཚོ་ཡིག་རྨོངས་སེལ་བ་ཙམ་མིན་པར་ཤེས་ཡོན་ཐོག་རང་སྐྱ་འཕེར་ཆེད། སྐུ་ཉིད་ལ་ཤེས་ཡོན་སྲིད་ཇུས་ཐད་ལངས་ཕྱོགས་གསར་བ་འདྲ་ཡོད་དམ།
ལན། བོད་གཞུང་འཆར་འགོད་ལྷན་ཁང་གིས་ཉེ་ཆར་ལོ་གཉིས་ནང་མི་མང་ལ་བསམ་འཆར་བསྡུ་ལེན་བྱས་པ་ཕྱོགས་བསྡོམས་བྱས་པའི་ནང་བཙན་བྱོལ་དུ་སླེབས་ནས་ལོ་ལྔ་བཅུ་ཕྱིན་སྐབས་འདིར། ལོ་ལྔ་བཅུའི་མར་འདབས་ཀྱི་བོད་མིའི་གྲངས་འབོར་ནང་དུ་ཡི་གེ་འབྲི་ཀློག་ཐུབ་མཁན་བརྒྱ་ཆ་བརྒྱད་ཅུ་མ་ཟིན་ཙམ་ཆགས་འདུག དེ་བཙན་བྱོལ་གྱི་ཡི་གེ་ཤེས་པའི་གྲངས་འབོར་གནས་སྟངས་རེད་ལ། ངས་ཤེས་ཚོད་ལྟར་བྱས་ན་རྒྱ་གར་ནང་དུ་ཡི་གེ་འབྲི་ཀློག་ཐུབ་པའི་གྲངས་འབོར་བརྒྱ་ཆ་དྲུག་ཅུའི་ནང་དང་། རྒྱ་ནག་ལ་བདུན་ཅུ་དོན་གྲངས་དང་བོད་ནང་ཁུལ་དུ་ལྔ་བཅུའི་ནང་བཅས་ཡིན་སྙམ། དེར་བལྟས་ན་བཙན་བྱོལ་དུ་དངོས་གནས་ཤེས་ཡོན་ཐོག་གྲུབ་འབྲས་ཆེན་པོ་ཐོན་ཡོད་བསམ་གི་འདུག
ཡིན་ནའང་། འགག་ས་དེ་གང་དུ་འགག་ཡོད་དམ་ཟེར་ན། སྤྱིར་གཞོན་སྐྱེས་སྤྱི་བྱིངས་ཀྱིས་གཞི་རིམ་གྱི་སློབ་གྲྭའི་ནང་སློབ་སྦྱོང་བྱས། འཛིན་གྲྭ་བཅུ་གཉིས་ཐོན་པ་དང་མཐོ་སློབ་འགྲིམ་སྐབས་སློབ་ཕྲུག་ཉུང་དུ་ཕྱིན། དེའི་སྟེང་ཆེད་ལས་པ་དང་རིགས་གཅིག་རྐང་འཛིན་བྱེད་མཁན་དེ་བས་ཀྱང་ཉུང་དུ་འགྲོ་གི་ཡོད་སྟབས། ང་ཚོས་རིགས་གཅིག་རྐང་འཛིན་པ་དང་ཆེད་ལས་པར་དམིགས་བསལ་གྱིས་དོ་སྣང་བྱ་དགོས་པ་གལ་ཆེན་པོ་ཡིན། ང་རང་ཉིད་ཡིན་ནའང་སྔོན་མ་ནང་མི་གང་ཡང་མེད་མཁན་ཞིག་གི་ཕྲུ་གུ་ཡིན་ནའང་། སློབ་སྦྱོང་དང་ཤེས་ཡོན་རང་གི་ཆེད་དུ་ཨུ་ཚུགས་བརྒྱབ་སྟེ་ད་ལྟ་རང་ཉིད་ཀྱི་རྐང་བའི་སྒང་ནས་ལངས་ཐུབ་པ་དེ་ཤེས་ཡོན་གྱི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་རེད།
དེར་བརྟེན། དངོས་གནས་དྲང་གནས་ཤེས་ཡོན་གྱི་སྟེང་དུ་དམིགས་བསལ་གྱིས་འབད་བརྩོན་བྱ་རྒྱུའི་རེ་བ་ཡོད་ལ། དེའི་སྟེང་དུ་ང་རང་ཉིད་སྒེར་ངོས་ནས་ལས་ཀ་ཕྲན་ཚེགས་རེ་བྱས་པའི་ཉམས་མྱོང་ཕྲན་བུ་ཡོད་སྟབས། དམིགས་བསལ་བྱ་རྒྱུ་ཡོད། སྤྱི་ཡོངས་ནས་ཆེད་ལས་པ་དང་རིགས་གཅིག་རྐང་འཛིན་པ་དགོས་ཀྱི་ཡོད་ཚེ་དབྱིན་ཡིག་གི་ཨང་རྩིས་ཚན་རིག་ཡར་རྒྱས་གཏོང་དགོས་པ་རེད། ད་ལྟའི་ང་ཚོའི་ཤེས་ཡོན་འགྲོ་སྟངས་ཡག་པོ་ཡོད་པ་གང་ཞིག་ལ་མང་ཆེ་བ་སྤྱི་ཚོགས་ཚན་རིག་ཁག་ལ་འཛུལ་ཞུགས་མང་བ་བྱས་པ་མ་གཏོགས། འཛིན་གྲྭ་བཅུ་གཉིས་ཐོན་ཡོང་སྐབས་ཚོང་དང་ཚན་རིག་ཐོག་མཐོ་སློབ་ཐོན་ཡོང་མཁན་ཉུང་ཤོས་རེད། དེར་བརྟེན་དབྱིན་ཇིའི་ཨང་རྩིས་དང་ཚན་རིག་སྟེང་དམིགས་བསལ་འབད་བརྩོན་བྱས་ཚེ་ཆེད་ལས་པ་དང་རིགས་གཅིག་རྐང་འཛིན་པ་མང་དུ་ཐོན་རྒྱུའི་རེ་བ་འདུག་སྙམ།
གཞི་རྩའི་བོད་ཀྱི་ནང་པའི་ཆོས་དང་རིག་གཞུང་གལ་ཆེན་པོ་རེད། དེ་བཞིན་བོད་སྐད་དེ་གལ་ཆེན་པོ་རེད་ལ་དེ་དག་མ་བརླག་པ་བྱ་རྒྱུ་དེ་ཡང་གལ་ཆེན་པོ་རེད། དེ་དང་མཉམ་དུ་ཚན་རིག་དང་ཨང་རྩིས་ཤེས་ཡོང་དུས་ཆེད་ལས་པ་ཆགས་རྒྱུ་དེ་བས་ཀྱང་གལ་ཆེན་པོ་རེད།
དྲི་བ། གལ་སྲིད་སྐུ་ཉིད་སྐབས་རྗེས་མའི་བཀའ་ཁྲིར་འོས་ཐོབ་ཚེ་ངྷ་ས་དང་ལྡི་ལི། བལ་ཡུལ་སོགས་སུ་བོད་ནས་གསར་དུ་འབྱོར་ཞིང་། ལས་ཀ་དང་འཚོ་གནས་སོགས་ཀྱི་ཐད་དུ་ཧ་ཅང་གི་དཀའ་ཚེགས་ཆེན་པོ་ཡོད་མཁན་མང་བོ་ཡོད་སྟབས། དེའི་ཐད་དུ་ཐུགས་དགོངས་འདྲ་བཞེས་ཀྱི་ཡོད་དམ།
ལན། དེ་ལྟ་བུའི་དཀའ་ངལ་ཡོད་པ་དེ་ངས་གསལ་བོར་ཤེས་ཀྱི་ཡོད། གང་ཡིན་ཟེར་ན་ང་རང་ཉིད་ལ་བོད་ནས་སྤུན་མཆེད་མང་བོ་བསླེབས་བསྡད་ཡོད། དགོན་སྡེ་ཁག་དང་སློབ་གྲྭ་ཁག་ཏུ་སློབ་གཉེར་བྱེད་བཞིན་པ་དང་ངྷ་ས་སོགས་སུ་ལས་ཀ་ཙག་ཙིག་བྱས་ནས་སྡོད་མཁན། ཚོགས་པ་ཁག་ཏུ་ལས་ཀ་བྱེད་མཁན་སོགས་མང་བོ་ཡོད། ང་རང་ཉིད་ཀྱི་ནང་མིའི་གནས་སྟངས་ཐོག་ནས་རྒྱུས་ཡོད་ཡིན་སྟབས་དེ་དག་ལ་དམིགས་བསལ་གྱིས་གཞུང་ངོས་ནས་མཐུན་འགྱུར་རོགས་རམ་གནང་སྟེ། འཚོ་བ་སྐྱེལ་སྟངས་དང་རབ་བྱུང་ན་གཞིས་ཆགས་ཁག་ཏུ་གཞིས་ཆགས་སུ་གནས་ཆེད་ཁང་པ་རྒྱག་པ་དང་ས་ཞིང་སྟེར་བ། ཚོང་རྒྱག་ཆེད་མ་རྩ་ཕྲན་བུའམ་སྐྱེད་ཀ་འབུལ་བ་ལྟ་བུ་སོགས་ཀྱི་ཐད་ནས་ལྟ་རྟོག་བྱ་རྒྱུ་གལ་ཆེན་པོ་རེད་བསམ་གྱི་ཡོད། གང་ཡིན་ཟེར་ན། ཁོང་ཚོ་མང་བོ་ཞིག་ཕ་མ་དང་སྤུན་མཆེད་སོགས་ཕ་གིར་བཞག་སྟེ་བཙན་བྱོལ་དུ་ཕེབས། མང་བོ་ཞིག་སེམས་ཤུགས་རང་གི་ཐོག་ནས་སློབ་སྦྱོང་བྱེད་གི་ཡིན་བསམ་བསམ་དང་ཆོས་བྱེད་ཀྱི་ཡིན་བསམ་བསམ། འདིར་བསླེབ་རྗེས་གནས་སྟངས་ཡག་ཏུ་ཕྱིན་ན་བསམ་བསམ་བཅས་ཡོང་གི་ཡོད་སྟབས། འདིར་འབྱོར་རྗེས་བོད་གཞུང་གིས་གཟིགས་རྟོག་བྱ་རྒྱུ་གལ་ཆེན་པོ་རེད་ལ། ང་རང་ཉིད་དེའི་རིགས་ལ་རྒྱུས་ཡོད་ཡིན་སྟབས་ཁོང་ཚོའི་གནས་སྟངས་ཤེས་ཀྱི་ཡོད་ལ་གང་ཐུབ་ཅི་ཐུབ་བྱ་རྒྱུ་ཡིན།
དྲི་བ། ༢༠༠༨ ལོའི་བོད་ནང་གི་ཞི་བའི་ངོ་རྒོལ་སྐབས་བོད་གཞིས་ཀྱི་ས་ཁུལ་ཁག་ཚང་མར་གཅིག་གྱུར་གྱི་འབོད་ཚིག་ཅིག་བྱུང་བ་ནི། ༧གོང་ས་མཆོག་ཕྱིར་བོད་དུ་ཕེབས་དགོས་ཞེས་པ་ཡིན་ལ། དེང་སྐབས་བཙན་བྱོལ་དུའང་བོད་མི་མང་བོ་ཞིག་གིས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་༧གོང་ས་མཆོག་ཕྱིར་བོད་དུ་ཕེབས་དགོས་པ་གནད་འགག་ཆེན་པོ་རེད་གསུང་གི་འདུག དེའི་ཐད་དུ་དགོངས་ཚུལ་ཅི་ཡོད།
ལན། དེ་ངས་བསམ་ཚུལ་ལྟར་བྱས་ན་གཙོ་བོ་༧གོང་ས་མཆོག་གི་དགོངས་ཚུལ་རང་ལ་རག་ལས་གི་རེད། བཀའ་བློན་ཁྲི་པའི་འགན་གཙོ་བོ་ནི་༧གོང་ས་མཆོག་གི་བཀའ་གཞིར་བཞག་གི་ཐོག་ནས་ཕྱག་ལས་གནང་དགོས་ཀྱི་ཡོད་སྟབས། ༧གོང་ས་མཆོག་གི་དགོངས་གཞིའི་ནང་གང་ཡོད་ནའང་དེ་གཞིར་བཞག་གི་ཐོག་ཕྱག་ལས་གནང་རྒྱུ་དང་། དམིགས་བསལ་ཁོང་བོད་དུ་ཕེབས་རྒྱུའི་ཐད་ཁོང་གི་ཐུགས་དགོངས་སུ་ག་རེ་ཡོད་མེད་གཞིར་བཟུང་འགྲོ་དགོས་ཆགས་གི་རེད།
ངས་གོ་ཐོས་བྱུང་བ་ལྟར་ན། ༧གོང་ས་མཆོག་རྒྱ་ནག་ཏུ་གནས་གཟིགས་དང་སྐྱེ་རྒུ་མདོར་ས་ཡོམ་ཆེན་པོ་བྱུང་སྐབས་མི་མང་བོའི་ཚེ་སྲོག་ཤོར་ཡོད་སྟབས། སྐབས་དེར་བོད་དུ་ཕེབས་འདུན་ཡོད་སྐོར་གསུངས་པ་མ་གཏོགས་དེ་སྔ་གནས་ཚུལ་གཞན་གྱི་ཐོག་ནས་བོད་དུ་ཕེབས་གི་ཡིན་གསུངས་པ་དྲན་གི་མི་འདུག དེར་བརྟེན་དེའི་སྟེང་དུ་དམིགས་བསལ་ཞུ་རྒྱུ་གང་ཡང་མི་འདུག གཙོ་བོ་ཁོང་ལ་དགོངས་ཚུལ་གང་ཡོད་པ་དེར་རག་ལས་གི་རེད།
དྲི་བ། སྐུ་ཉིད་ཀྱིས་ཆིག་སྒྲིལ་དང་གསར་གཏོད། རང་མགོ་རང་ཐོན་བཅས་མ་འོངས་པའི་བཀའ་ཁྲིར་ཕྱག་ལས་གལ་ཆེན་པོ་གསུམ་གནང་རྒྱུ་ཡོད་སྐོར་གསུང་གི་འདུག་མོད། རང་མགོ་རང་ཐོན་བྱ་རྒྱུར་བཙན་བྱོལ་དུ་སོ་ནམ་ཞིང་ལས་དང་སིལ་ཚོང་རྒྱག་པ་ལྟ་བུ་ཙམ་གྱིས་ཡོང་གི་མེད་པ་གསལ་བོ་རེད། དེར་བརྟེན་མ་འོངས་པར་རང་མགོ་རང་ཐོན་བྱ་རྒྱུར་ཁེ་ལས་བཟོ་གྲྭ་ཆེན་པོ་ལྟ་བུའི་རིགས་གཉེར་རམ། ཡང་ན་དཔལ་འབྱོར་འཚོལ་བསྒྲུབ་ཀྱི་བྱེད་ཐབས་གཞན་ཡོད་དམ།
ལན། ངས་བཤད་པ་ལྟར་ཆིག་སྒྲིལ་ནི་སྡིངས་ཆ་རེད། ཆིག་སྒྲིལ་མེད་ན་རྩ་དོན་རྩོད་པའི་གཞི་ཡང་མེད་སྟབས་ཆིག་སྒྲིལ་ངེས་པར་དུ་དགོས་ཀྱི་ཡོད། སྒྲུབ་ཕྱོགས་དེ་གསར་གཏོད་རེད། ད་ལྟའི་བར་དུ་བོད་གཞུང་གི་ཕྱག་ལས་གནང་བཞག་པ་ལེགས་པ་དང་དོན་དག་འགྲུབ་པ། ནུས་པ་ཐོན་པ་དག་མུ་མཐུད་དེ་གནས་དགོས་ཀྱི་ཡོད་ལ། ཆད་པ་དང་ལྷག་པ། འགག་པ་སོགས་ཡོད་ན་དེང་དུས་དང་བསྟུན་ནས་གསར་གཏོད་དང་ནུས་པ་ཐོན་པ། ཡར་རྒྱས་གཏོང་རྒྱུ་གལ་ཆེན་པོ་རེད།
ངས་རང་མགོ་རང་ཐོན་ཟེར་དུས་ག་རེ་ཞུ་གི་ཡོད་ཟེར་ན། ལོ་ལྔ་བཅུའི་སྔོན་དུ་ང་ཚོའི་སྤོ་རྨོ་དང་ཕ་མ་ཚོ་རྒྱ་གར་དུ་ཐོག་མར་ཕེབས་སྐབས་སྐད་མ་ཤེས་པ་དང་ཡི་གེ་མ་ཤེས་པའི་ཐོག་ནས་མི་ལ་མ་རེ་ག་མེད་ཆགས་ཡོད། ཡིན་ནའང་། ལོ་ལྔ་བཅུའི་རྗེས་ནས་ང་ཚོས་སྐད་ཤེས་གི་མི་འདུག ཡི་གེ་ཤེས་གི་མི་འདུག འགྲོ་སྟངས་ཤེས་གི་མི་འདུག་ཟེར་ས་གཏན་ནས་ལྷག་མེད་སྟབས། རིམ་གྱིས་རང་མགོ་རང་ཐོན་བྱ་རྒྱུའི་ལམ་དུ་འགྲོ་དགོས། རང་མགོ་རང་ཐོན་བྱ་རྒྱུར་གཞུང་རང་ལ་བལྟས་མ་བསྡད་པར་སྒེར་ངོས་ནས་ཀྱང་རང་མགོ་རང་ཐོན་བྱ་དགོས་ཀྱི་ཡོད་ལ། སློབ་ཕྲུག་ཚོས་སློབ་སྦྱོང་ཐོག་ག་རེ་བྱེད་ཐུབ་ཀྱི་འདུག རང་མགོ་རང་ཐོན་བྱ་རྒྱུ་ག་རེ་འདུག དེ་བཞིན་མང་ཚོགས་ཀྱིས་ག་རེ་བྱ་དགོས་ཀྱི་འདུག དེར་ལྟ་དགོས། དེ་ལྟར་སྤྱི་ཚོགས་དང་ཁོར་ཡུག་གནས་སྟངས་ཀྱི་ཆ་ནས་ཀྱང་རང་མགོ་རང་ཐོན་གྱི་ཕྱོགས་སུ་ཕྱིན་ཚེ་ཕུགས་བརྟན་པོ་ཡོང་གི་རེད།
དེར་བརྟེན་དཔལ་འབྱོར་ཐོག་ནས་ཡིན་ཡིན་པ་རེད། ཞིང་ཁ་གཉེར་བ་དང་སིལ་ཚོང་རྒྱག་པ་ཙམ་གྱིས་རང་མགོ་རང་ཐོན་ཡོང་གི་མེད་པ་གསལ་བོ་རེད། ཡིན་ནའང་། གཙོ་བོ་བྱེད་ཐབས་གསར་བ་ག་རེ་ཡོད་ཟེར་ན། དེང་སྐབས་ཕྱི་རྒྱལ་དུ་ཡོད་པའི་མི་མང་བོ་ཞིག་གིས་དངུལ་བསོགས་ཏེ་གཞིས་ཆགས་ཁག་ཏུ་ཡོད་པའི་ཕ་མ་སྤུན་སྲིང་རྣམས་ལ་བཏང་ཡོང་གི་ཡོད། དེ་ནི་འཛམ་གླིང་སྤྱི་ཡོངས་ཀྱི་འགྲོ་སྟངས་རེད། བལ་ཡུལ་ལྟ་བུ་ཡིན་ནའང་ཉུང་མཐར་ཡང་ཐེར་འབུམ་གཅིག་དང་ཕྱེད་ཀ་ནས་ཐེར་འབུམ་གཉིས་ཙམ་ཕྱི་རྒྱལ་དུ་ཡོད་པའི་མིས་ཕྱིར་རང་གི་ཕ་མ་སྤུན་སྲིང་དང་རྒྱལ་ཁབ་ལ་བསྐུར་ཡོང་གི་ཡོད། དེ་བཞིན་འབྲུག་ནང་དུའང་འབྲུག་པ་ཕྱི་རྒྱལ་དུ་ཉུང་ཉུང་ཞིག་མ་གཏོགས་མེད་ནའང་། ངས་ཤེས་ཚོད་ལྟར་བྱས་ན་ལོ་གཅིག་ནང་དུ་ཧིན་སྒོར་ས་ཡ་བརྒྱད་ཅུ་དགུ་བཅུ་ལྷག་ཡོང་བསྡད་ཀྱིན་ཡོད། དེ་བཞིན་ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ལའང་དུང་ཕྱིར་འགའ་ཤས་ཏན་ཏན་ཡོང་གི་ཡོད། དེའི་ཐོག་ནས་ལྟ་རྒྱུ་གཅིག་ཡོད།
གཉིས་པ། ཤེས་ཡོན་སློབ་གསོའི་སྟེང་དུ་མ་རྩ་ཤུགས་ཆེན་པོ་ཞིག་བཏང་སྟེ་ཤེས་ཡོན་ཡར་རྒྱས་གཏོང་ཐུབ་ཚེ། རིམ་གྱིས་བཙན་བྱོལ་སྤྱི་ཚོགས་ཁྲོད་ཆེད་ལས་པ་དང་རིགས་གཅིག་རྐང་འཛིན་བྱེད་མཁན། ལས་ཀ་ཡག་པོ་ཡོད་མཁན་མི་ཁྲི་གཅིག་ལྟ་བུ་བྱུང་ན། ཨ་རི་ལྟ་བུ་ཡིན་ན་ཆེད་ལས་པར་ཕོགས་ཆེན་པོ་ཡོད། དེར་བརྟེན་མི་རེ་རེས་ཨ་སྒོར་སྟོང་རེའི་ཞལ་འདེབས་བརྒྱབ་ཚེ་བོད་གཞུང་ལ་ལོ་གཅིག་ནང་ས་ཡ་གཅིག་ཡོང་གི་ཡོད།
ད་ལྟ་བོད་གཞུང་གི་འཛིན་སྐྱོང་གི་འགྲོ་སོང་དེ་ས་ཡ་བདུན་དང་བརྒྱད་ཡས་མས་རེད། དེར་བརྟེན་ལོ་གཅིག་ལ་ས་ཡ་གཅིག་བྱུང་ན་གཞུང་རང་མགོ་རང་ཐོན་ཡོང་གི་རེད། དེ་བཞིན་ཆེད་ལས་པ་མང་བོ་བྱུང་ན་རང་གི་ཕ་མ་མིང་སྲིང་ལའང་ལྟ་རྟོག་བྱེད་ཐུབ་གི་རེད། གཞིས་ཆགས་ཁག་ནང་དུའང་བཟོ་གྲྭ་ཆེན་པོ་འཛུགས་རྒྱུར་རེ་བ་བྱེད་དགོས་ཀྱི་ཡོད་ནའང་། གཙོ་བོ་མཐུན་རྐྱེན་སྦྱོར་དགོས་པ་དང་ལམ་ཁ། གློག་དང་ཆུ་སོགས་ཀྱི་མཐུན་རྐྱེན་འདང་དགོས་ཀྱི་ཡོད། གལ་སྲིད་དེ་ལྟར་མེད་ནའང་། གཞིས་ཆགས་ཁག་ནང་ས་ཆ་ཡོད་བསྡད་པ་དག་ཤིང་ཏོག་དང་རིན་ཐང་བྲལ་བའི་ཤིང་སྡོང་འདེབས་འཛུགས་བྱེད་པ། སུམ་མདོ་ཁག་ཏུ་ཚོང་ཁང་འཛུགས་པ། ཁ་པར་ལྟེ་གནས་འཛུགས་རྒྱུ་སོགས་ལ་འབད་བརྩོན་བྱ་དགོས་པ་རེད། སྤྱིར་གྲོང་གསེབ་ནས་གྲོང་ཁྱེར་དུ་འགྲོ་བ་དང་གྲོང་ཁྱེར་ནས་ཕྱི་རྒྱལ་དུ་འགྲོ་རྒྱུར་འགོག་ཐུབ་ཀྱི་མེད་ལ། རིམ་གྱིས་འགྲོ་གི་རེད་བསམ་གི་འདུག ཡིན་ནའང་། གཞིས་ཆགས་ཁག་ཏུ་ཡོད་བཞིན་པའི་བོད་མི་ཚོར་འཚོ་བ་སྐྱེལ་སྟངས་ཤིག་བཟོ་ཐུབ་པ་བྱུང་ཚེ། གཞིས་ཆགས་སྲ་བརྟན་ཡོང་རྒྱུ་དང་རིམ་གྱིས་རང་མགོ་རང་ཐོན་ཡོང་རྒྱུའི་ལམ་ཞིག་ཤར་ཡོང་གི་རེད།
འོན་ཀྱང་། ངས་ལོ་ལྔའི་ནང་དུ་རང་མགོ་རང་ཐོན་འགྲུབ་གི་རེད་ཟེར་ནས་རྩ་བ་ནས་ཞུ་གི་མེད། དེ་ལྟ་བུའི་ཁོར་ཡུག་བཟོས་པ་དང་ལངས་ཕྱོགས་དེའི་སྟེང་དུ་ཕྱིན་ཚེ། སྔོན་མ་ང་ཚོས་རོགས་ཚོགས་དང་རོགས་རམ་ཞུས་བཞག་པ་དག་ཀྱང་མི་དགོས་ཟེར་གྱི་མེད་པར་མུ་མཐུད་དེ་ཞུ་དགོས་མོད། གལ་སྲིད་རོགས་ཚོགས་དང་རོགས་རམ་ཆད་པའི་སྐབས་རེ་འབྱུང་ངེས་ཚེ། བཙན་བྱོལ་བོད་གཞུང་མགོ་ལུགས་པ་དང་བོད་ཀྱི་རྩོ་དོན་རྩོད་པའི་གནས་སྟངས་ཀྱང་མགོ་ལུགས་པ་ལྟ་བུ་བྱུང་ན་ཐབས་སྐྱོ་བོ་ཆགས་ཀྱི་ཡོད་སྟབས། དེ་མ་ཆགས་པའི་ཆེད་དུ་རོགས་རམ་ཆད་དུས་རང་གི་རྐང་བའི་སྟེང་སྲ་ཐག་ཐག་ལངས་ཐུབ་པ་དང་རྩ་དོན་རྩོད་པའི་སྒྲིག་འཛུགས་མུ་མཐུད་ལོ་ལྔ་བཅུར་གནས་ཐུབ་ན། ང་ཚོར་རྩ་དོན་རྩོད་པའི་མ་རྩ་ལྟ་བུ་ཡོད་སྟབས་ང་ཚོ་ལ་མུ་མཐུད་དེ་རེ་བ་ཡོང་གི་ཡོད། ཅེས་གསུངས།
གསར་འགོད་པ། ཨ་རིག་འགྱུར་མེད།
དྲ་གྲོགས་ཉི་ཟླའི་མགྲོན་བདག་ལགས། རེད་མཁས་དབང་་བློ་བཟང་སེང་གེས་ལས་འཆར་འདི་འདྲ་ཞིག་སྟོན་པ་དེ་གཅིག་བྱས་ན་ཁོང་ལ་ཉམས་མྱོང་མེད་པས་ཡིན་སྲིད། ཡིན་ན་ཡང་ལས་འཆར་གང་ཡང་མེད་པའི་མི་རྒན་ཞིག་ལས་ལས་འཆར་ཡོད་པའི་མཁས་དབང་ཁོང་བདམས་ན་ཅིས་མི་ལེགས། ཁྱེད་ཀྱི་དྲི་བ་དེ་འབྲེལ་བ་མི་འདུག ཨ་རི་ལ་ནས་གནས་སྡོད་བྱེད་མཁན་ཞིག་གིས་སྐྱབས་བཅོལ་ལག་དེབ་སྟེ་༼R.C)སྦྱངས་ཡོད་མེད་ལ་འབྲེལ་བ་གང་ཡང་མི་འདུག
མཁས་དབང་མཆོག་གིའི་མ་འོངས་བོད་མི་རིགས་ཀྱི་ཆེད་དུ་བློས་གཏོང་མང་པོ་གནང་འདུག་ལ་གྲ་སྒྲིགས་ཀྱང་མང་པོ་གནང་འདུག་པའི་ང་ཚོའི་ངེས་པར་དུ་ཁོང་ལ་རྒྱབ་སྐྱོར་བྱེད་རྒྱུ་གལ་ཆེན་པོ་རེད། གཞོན་སྐྱེས་ཚོ་་་་་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་རིང་དུ་དོར་ལ་མ་འོངས་གངས་ཅན་པ་ཡི་ཆེད་དུ་ལོངས་ཤོག
དྲ་གྲོགས་མཁྱོག་རྒོལ་ལགས་བསམ་ཚུལ་གསུངས་བ་དགའ་བྱུང།འོན་ཀྱང་ལས་འཆར་འདི་འདྲ་ཞིག་ཡོད་ལབ་ལས་སླ་བོ་རེད་བསམ་གྱི་ཡོད།ཡིན་ཡང་ད་ནས་མི་དམངས་ཚང་མ་ལ་ང་རང་ལ་བཀའ་ཁྲི་ཐོབ་ན་ལས་འཆར་འདི་འདྲ་བྱེད་ཀྱི་ཡིན་སྔོན་ནས་བློ་བཟང་སེང་གེས་ལབ་ཟིན་པ་དེ་སྣང་བ་འགྲོ་མ་སོང་།ཁོ་རང་མཉམ་མྱོང་མེད་པའི་རང་རྟགས་ཞིག་སྟོན་གྱི་འདུག་བསམ་སོང་།ཁོ་རང་ལ་རྒྱུ་མཚན་ལྡན་པའི་སྐྱོན་བརྗོད་ཞིག་བྱས་མ་སོང་ལབ་པ་དེ་ཕལ་ཆེར་བདེན་པ་རེད།
ཁོ་ལ་སྤྱི་ཚོགས་ནང་ནས་སྐྱོན་བརྗོད་མ་བྱས་བ་དེ་ང་རང་གི་ཡག་པོ་ཞིག་མཐོང་གི་མེད།གང་ཡིན་ཞེ་ན་ཁོང་རང་གི་ད་བར་དུ་བོད་གཞུང་གི་ལས་ཀ་བསྒྲུབ་མྱོང་ཡོད་པ་མ་རེད།དེ་མིན་ཁོ་རང་མི་ཚེ་འདིའི་མང་ཆེ་བ་ང་ཚོ་ལ་རྒྱུས་མེད་ནུབ་ཕྱོགས་ཨ་རིའི་མཐོ་སློབ་ཞིག་ནས་སློབ་གྲྭ་བསྐྱེལ་ཟིན་པའི་ང་ཚོའི་ཁོང་ལ་རྒྱུས་ལོན་མེད་སྟབས་ཀྱི་སྐྱོན་བརྗོད་ཞིག་མི་ཡོང་བ་ལྟ་བུ་ཞིག་རེད།ངོ་མཚར་སྐྱེ་མ་སོང་།
དྲ་གྲོགས་ལགས་ཁྱེད་ལ་དྲི་བ་གཅིག་འདྲི་བློ་བཟང་སེང་གེས་ད་བར་དུ་ལོ་ངོ་བཅུ་གྲངས་ཞིག་ལ་སྐྱབས་བཅོལ་ལབ་དེབ་སྦྱོང་མི་འདུག་ཟེར་ནས་སྤྱི་ཚོགས་ནང་ལ་ཁྱབ་ཀྱི་འདུག་བདེན་པ་ཡིན་ནམ།བདེན་པ་ཡིན་ན་ཡང་ངས་གནད་འགག་ཞིག་ལ་བརྩི་བཞིན་མེད།གོ་ན་དྲང་མོར་གསུངས་རོགས་ཞུ།
མཁས་དབང་བློ་བཟང་སེང་གེ་ལགས་ཀྱིས་བཅར་འདྲི་འདིར་བློར་འབབ་པའི་བཀའ་ལན་ཞིག་ཁྱོན་ནས་གནང་མི་འདུག་འདོད།ལྷག་པར་དུ་འབྱུང་འགྱུར་བཙན་བྱོལ་བོད་མིའི་རང་འགོ་རང་ཐོན་གྱི་སྐོར་ལ་དམིགས་བསལ་གྱིས་དེ་བས་ཀྱང་བཀའ་ལན་གནང་མི་འདུག
བཀུར་འོས་བློ་བཟང་སེང་གེ་ལགས་ནས་ཤེས་ཡོན་སྟེང་སྒེར་གྱི་ཉམས་མྱོང་ལ་དཔགས་ཏེ་དམིགས་བསལ་བྱ་རྒྱུ་ཡོད་གསུངས་པ་ནི། ཨང་རྩིས་དང་ཚན་རིག་གི་སློབ་ཕྲུག་གང་མང་ཐོན་ཐུབ་ཐབས་ལ་འབད་བརྩོན་དང་དེ་ཐོག་ནས་ཆེད་ལས་པ་དང་རིགས་གཅིག་རྐང་འཛིན་པ་མང་དུ་ཐོན་རྒྱུའི་རེ་བ་དང་ལས་འཆར་བང་སྒྲིག་གི་ཡོད་སྐོར་ཉེ་སྔོན་བྷེལ་ཀོབ་ཏུ་འཇལ་ཕྲད་སྐབས་ནང་མོལ་གསུང་གྲོས་བྱུང་བ་ནི་རླབས་ཆེན་གྱི་དགོངས་གཞི་རེད་འདུག་བསམ། གསར་བཏོད་གྱི་ལས་འཆར་འདི་རང་གིས་ངའི་བཀའ་ཁྲིའི་འོས་ཤོག་ཁོང་ལ་འབུལ་རྒྱུར་དཀའ་ངལ་གང་ཡང་བྱུང་མ་སོང།
དྲ་གྲོགས་ཉི་ཟླའི་མགྲོན་བདག་ལགས། ལས་འཆར་མེད་པའི་བཀའ་བློན་ཁྲི་བ་ཞིག་མདུན་ལ་དོན་ཡོང་ན་དེ་ཡག་རྟགས་མ་རེད། མཁས་དབང་ཁོང་གིས་ལས་འཆར་ཡོངས་སུ་རྫོགས་པ་ལག་བསྟར་བྱེད་ཐུབ་མིན་ཇི་ལྟར་ཡང་སྒྲོམ་གཞི་འདི་འདྲ་ཞིག་བཏིང་ནས་ཕེབས་ཡོང་བ་དེས་ཁོང་ལ་ངོན་ལྐོག་གཉིས་དང་ཁ་ཞེ་གཉིས་མེད་པར་ཡོད་ཚད་བོད་མི་རིགས་ཀྱི་ཆེད་དུ་བཏང་དེ་ཕེབས་འོང་བ་མཚོན་གྱི་འདུག་སྙམ། ད་ལྟའི་བར་དུ་ཕྱོགས་དང་ཟུར་གང་རུང་ནས་ཁོང་ལ་ཀླན་ཀ་འཚོལ་མཁན་མང་པོ་བྱུང་སོང་མོད་རྒྱུ་མཚན་ལྡན་པའི་སྐྱོན་བརྗོད་ཅིག་བྱེད་མཁན་མ་བྱུང་བ་དེས་ཁོང་གི་ཤེས་ཚད་དང་། མི་གཤིས། འཇོན་ཐང་བཅས་ལ་རིན་ཐང་བླ་ན་མེད་པ་ཞིག་ཡོད་པར་དཔང་རྟགས་བྱས་པ་རེད། ཕྱོགས་གཞན་ནས་བོད་མི་རིགས་འདི་ལ་ཕྲག་དོག་ཆེ་བའི་བྲག་སྲིན་མོའི་རང་གཤིས་འཇགས་ཡོད་པ་ཡང་ར་སྤྲོད་བྱེད་ཀྱི་འདུག
ད་རེས་ཀྱི་དྲི་བ་དྲིས་ལན་འདིའི་ནང་ན་བློ་སེང་གིས་ལེན་རྒྱུ་ཡོད་པའི་སྐད་ཆ་ཁྱོན་ནས་བཤད་མི་འདུག ཤེས་ཡོན་སྲིད་ཇུས་ལ་ཁ་གསལ་མེད་པའི་མ་ཚད་བོད་ཀྱི་རིག་གཞུང་དང་བོད་ཡིག་ཡར་རྒྱས་གཏོང་བའི་ཕྱོགས་ལ་བསམ་བློ་བཏང་བའི་ཕྱོགས་ཙམ་སྟོན་རྒྱུ་མི་འདུག ཁོ་རང་སྤྱང་པོ་ཡོད་པའི་སློབ་སྦྱང་ཡག་པོ་ཐོབ་སོང་བ་བཞིན་བོད་མི་ཚང་མ་དེ་འདྲ་བྱས་ནས་སློབ་སྦྱང་ཐོབ་དགོས་པ་རེད་ཟེར་གྱི་འདུག བོད་གཞུང་གིས་སློབ་སྦྱང་བྱེད་ཡ་ལ་རོགས་པ་བྱེད་རྒྱུ་མེད་པའི་གནས་ཚུལ་འདྲ་ཞིག་བཤད་འདུག
དེ་ནས་༧གོང་ས་མཆོག་གི་སྐོར་ལ་ཡང་ལན་ཡག་པོ་རྩ་བ་ནས་བརྒྱབ་མི་འདུག ༧གོང་ས་མཆོག་བོད་ལ་ཕེབས་མིན་དེ་༧གོང་ས་མཆོག་གི་ཐུགས་བསམ་གཏོང་བ་ལས་བཙན་བྱོལ་བོད་གཞུང་ལ་འབྲེལ་བ་མེད་པའི་བཟོད་འདྲ་ཞིག་བསྟན་འདུག སྐྱེ་དགུ་མདོ་མ་ཡིན་པའི་སྔོན་ནས་༧གོང་ས་མཆོག་གིས་ཕ་ཡུལ་ཡིན་ན་རྒྱ་ནག་ལ་གནས་སྐོར་ཡིན་ན་ཐེངས་མང་པོ་གསུངས་པ་རེད། བོད་གཞུང་གི་ལས་སྣེ་ཚོས་མ་འཁྱོངས་པའི་རྐྱེན་གྱིས་༧གོང་ས་མཆོག་གི་ཐུགས་མདུན་འགྲུབ་ཡོད་པ་མ་རེད།
ཕྱི་རྒྱལ་གྱི་བོད་པ་ཚོས་ལོ་རེ་ལ་ཨ་སྒོར་གཅིག་སྟོང་བོད་གཞུང་ལ་གནང་བ་ཡིན་ན་བཙན་བྱོལ་བོད་གཞུང་ཏག་ཏག་ཆགས་ཀྱི་འདུག་ཟེར། གལ་སྲིད་བོད་པ་དེ་ཚོས་ཨ་སྒོར་མ་གནང་བ་ཡིན་ན་བཙན་བྱོལ་བོད་གཞུང་གིས་ག་རེ་བྱེད་ཡིན་ན།
གང་ལྟར་བློ་སེང་ལ་འོས་ཤོག་བླུགས་མཁན་ཚོར་འགྱོར་པ་མེད་པར་ཤོག
བོད་པའི་སྤྱི་ཚོགས་ནང་རྒྱས་མངའ་མེད་པ་རང་རེད། བོད་པའི་གཞིས་ཆགས་ཁག་ནང་ཚོང་ཁང་དང་ཁ་དཔར་གྱི་སྐད་ཆ་བཤོད་ཀྱི་ངོ་མ་ཁྱེད་བཀའ་ཁྲིར་སྔ་སོང་། ད་དུང་གོ་ཐོས་རྩ་བ་ནས་མེད་པ་ཞིག་ནི་བོད་པའི་དུས་དྲན་ཁག་ནང་ད་བར་མཉམ་བཞུགས་མེད་པ་དེ་རེད། དེ་ནི་བོད་ལ་ཞེན་ཆགས་མེད་པ་དང་། ལྷག་བསམ་མེད་པའི་རྟགས་རེད། ཁྱེད་ལ་འོས་བླུག་མེད་ལ་མ་འཐོབ་པའི་སྨོན་ལམ་ཡང་བྱས་ཡོད།
ང་ལ་དེ་རིང་གི་འོས་བསྡུས་ཁྲོད་མཁས་དབང་ཁོང་ལ་རྒྱལ་ཁ་ཐོབ་ཡོད་པར་ཡིད་ཆེས་ཡོད། རྒྱུ་མཚན་དུས་རབས་དང་རྒྱལ་སྤྱིའི་གནས་བབ་གང་ལ་བལྟས་ཀྱང་སྐབས་རྗེས་མའི་བཀའ་ཁྲི་ལ་ཁོང་འཚམས་ཤོས་རེད་སྙམ།
མཁས་དབང་ཁོང་གིས་མ་འོང་བའི་མི་རིགས་ལ་འབུལ་རྒྱུའི་ལགས་སྐྱེས་གང་མཚམ་རེ་ཡོད་པའི་ཚོར་སྣང་བྱུང་མོད།དེ་ནི་གཙོ་བོ་མི་དམངས་གི་རྒྱབ་སྐྱོར་འབྲེལ་བ་དམ་ཟབ་ཡོད་རྒྱུ་རེད་སྙམ་
ད་འུ་ཚོས་ཤུགས་རྒྱོབས་དང་རྒྱལ་ཁ་བླངས་ནི་བླངས་ནི་རེད། དུས་བབ་ཀྱིས་ཤུགས་བསྐྱོན་གནང་བར་ཐུགས་རྗེ་ཆེ་ཞུ།
མཁས་དབང་ཁོང་གིས་ལས་འཆར་རམ་ཕུགས་བསམ་ངོ་ནས
ཡག་པོ་འདུག་ཡིན་ནའང་ཁོང་བཀའ་བློན་ཁྲི་པ་ཐོབ་སོང་ན་
ལམ་སང་སྔོན་མའི་སྲིད་ཇུས་ཚང་མ་བསྒྱུར་བཅོས་སྟངས་
ནས་སྲིད་ཇུས་གསར་པ་རྐྱང་རྐྱང་ལག་བསྟར་བྱེད་ཀྱིན་རེད་
ལབ་ན་ཁག་པོ་རེད་གང་ལ་གང་འཚམ་གསར་གཏོད་འདྲ་
གནང་རྒྱུ་རེད་བསམ་པའི་ཡིད་ཆེས་ཡོད་དེ་རིང་འོས་རྐང་
གཅིག་པོ་ཁོང་ལ་ཕུལ་བ་ཡིན།
ཁོང་གིས་བཤད་པ་སྔ་དྲག་མི་འདུག་གམ།ལག་བསྟར་ལ་དེ་འདྲ་ཞིག་ཡོང་རྒྱུ་ཁག་པོ་རེད་བསམ་སོང་།
ཁོང་ལ་མཉམ་མྱོང་མེད་པའི་སྐད་ཆ་ཞིག་ཡང་རེད་བསམ་གྱི་ཡོད།
ཁོང་མ་འོངས་བཀའ་ཁྲི་ལ་ཕེབས་ན་རྒྱབ་ལྗོངས་ཀྱི་སློབ་སྟོན་བཀའ་ཟུར་དགོས་ངེས་རེད།
དེ་ལ་ང་ག་དུས་ཡིན་ན་སེམས་འཚབ་ཆེ་བ་འདུག
ལས་འཆར་འདི་འདྲའི་གཏིང་ཟབ་ལ་རྒྱུ་མཚན་ལྡན་པ་ཞིག་མཁས་དབང་ཁོང་མ་གཏོགས་བཀའ་ཁྲིར་ལངས་ཀྱི་ཡིན་ཟེར་མཁན་སུ་གང་གིས་ཀྱང་གསུང་ཐུབ་མ་སོང་། བོད་རྒྱ་ཆེའི་མི་མང་གིས་དུས་རབས་གསར་བའི་སྣེ་འཁྲིད་ཁོང་ལྟ་བུར་གོ་སྐབས་འབུལ་དགོས་པ་ནི་ད་ལྟའི་བོད་ཀྱི་ལས་བྱ་རྣམས་ལས་གལ་ཆེན་ནང་གི་དོན་ཆེན་རེད། བོད་མི་རིགས་ཀྱི་རྣམ་དཔྱོད་ཀྱིས་ཆོག་པར་སྨོན།