༅༅།།བཙན་བྱོལ་བོད་མི་ཚོས། ད་རེས་བཀའ་བློན་ཁྲི་པ་དང་སྤྱི་འཐུས་འདེམས་བསྐོའི་སྔོན་འགྲོའི་འོས་བསྡུའི་ནང་མཉམ་ཞུགས་གནང་སྟངས་དེས། གཞིས་བྱེས་གཉིས་ཀྱི་བོད་མི་ཚོར་དགའ་སྤོབས་དང་རྒྱ་ནག་གཞུང་ལ་བོད་ཀྱི་རྩ་དོན་ཐད། བོད་མི་རྒན་གཞོན་དང་སེར་སྐྱ་ཚང་མས་ཁུར་མཉམ་ལེན་བྱེད་ཀྱིན་ཡོད་པའི་བརྡ་ལན་གསལ་པོ་ཞིག་སྤྲོད་ཐུབ་ཡོད། བོད་མིས་དམངས་གཙོའི་ལམ་དུ་མདུན་མཆོངས་ཆེན་པོ་ཞིག་བྱེད་བཞིན་པར། རྒྱ་ནག་གཞུང་སྙིང་ནས་མི་དགའ་བར་བརྟེན། བལ་པོའི་གཞུང་ལ་བརྒྱུད་བསྐུལ་བྱས་ཏེ། འོས་སྒམ་བཙན་འཕྲོག་བྱས་པའི་གནས་ཚུལ་དེ་བྱུང་བ་རེད། ཕྱོགས་གཅིག་ནས་འདི་ནི་བློ་ཕམ་དགོས་པ་ཞིག་ཡིན་ཡང་། ཕྱོགས་གཞན་ནས། བོད་མི་རེ་རེ་བཞིན་གྱིས་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ལ་ཁུར་ལེན་བཞིན་ཡོད་པ་འདིས། རྒྱ་ནག་གཞུང་གི་སྙིང་ལ་ན་ཚ་ཅི་ཙམ་བཟོས་ཡོད་པ་མཚོན་པས། རང་རེའི་མདུན་སྐྱོད་ལ་སྤོབས་པ་བྱེད་འོས་པ་ཡིན།
རྒྱ་ནག་གཞུང་ལ་མཚོན་ན། དྲག་པོའི་དམག་དང་དཔལ་འབྱོར་གྱི་སྟོབས་ཤུགས་ནི། འཛམ་གླིང་འདིའི་སྟོབས་ཆེན་རྒྱལ་ཁབ་ཀྱི་ཁོངས་སུ་ཚུད་ཡོད་ཀྱང་། དམངས་གཙོ་དང་སྤྱི་ཚོགས་ཀྱི་ལམ་ལུགས། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་གནས་སྟངས་ནི། ལོ་ངོ་ ༣༦༠ གོང་གི་བོད་གཞུང་དགའ་ལྡན་ཕོ་བྲང་གི་རྗེས་སུའང་ལུས་ཡོད་ན། ད་ལྟའི་རང་དབང་མང་གཙོའི་བཙན་བྱོལ་བོད་གཞུང་གི་ཆ་ཙམ་ལའང་དོ་བའི་སྐབས་མེད། དཔེར་ན། རྒྱ་ནག་གཞུང་གི་སྲིད་འཛིན་དང་སྲིད་བློན། རྒྱལ་ཡོངས་དང་ས་གནས་ཀྱི་མི་དམངས་འཐུས་མི། ཆབ་སྲིད་གྲོས་ཚོགས་ཟེར་བ་སོགས་ཡོངས་རྫོགས་དབང་ཆ་གཅིག་སྡུད་རིང་ལུགས་ཀྱི་ལམ་ནས་ཐག་བཅད་རྗེས། ཕྱི་ཚུལ་དུ་འོས་བསྡུའི་ལམ་ནས་འདེམས་བསྐོ་བྱས་ཚུལ་གྱི་ཟློས་གར་ཞིག་འཁྲབ་བཞིན་ཡོད། དེ་བཞིན་གཞུང་གི་ལས་དོན་དང་དཔལ་འབྱོར་གྱི་ཁོར་རྒྱུག་རྣམས་ཕྱི་གསལ་ནང་གསལ་མེད་པར་འགྲོ་བཞིན་ཡོད།
རང་རེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་མཚོན་ན། བཀའ་བློན་ཁྲི་པ་དང་དབུས་དང་ས་གནས་ཀྱི་གྲོས་ཚོགས་འཐུས་མི་ཡོངས་རྫོགས་མང་ཚོགས་ཀྱིས་ཐད་ཀར་འོས་འདེམས་བྱེད་བཞིན་ཡོད་ལ། བཀའ་བློན་རྣམས་བཀའ་བློན་ཁྲི་པས་འོས་འཆར་བཏོན་རྗེས་གྲོས་ཚོགས་ཀྱིས་འདེམས་བཞིན་ཡོད། གཞུང་གི་གསང་བའི་ལས་དོན་ཕུད། ལས་དོན་ཡོངས་རྫོགས་དང་ལྷག་པར་དཔལ་འབྱོར་གྱི་གནས་སྟངས་ཕྱི་གསལ་ནང་གསལ་གྱི་སྒོ་ནས་རྒྱ་ཆེའི་མང་ཚོགས་ལ་ཡོངས་བསྒྲགས་གནང་བཞིན་ཡོད། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་། ཆོས་སྡེ་ཁག་མང་ཆེ་བའི་འཛིན་སྐྱོང་དང་དཔལ་འབྱོར་རྩིས་ཁྲ་ཡང་མང་གཙོ་དང་ཕྱི་གསལ་ནང་གསལ་གྱི་རྩ་དོན་བརྟན་པོར་བཟུང་ནས་འགྲོ་བཞིན་ཡོད། དེར་བརྟེན།༸གོང་ས་མཆོག་གིས་གསུངས་དང་གསུང་བཞིན་པའི་“ཐབ་ཆུང་ཆུང་། མེ་ཚ་བོ་”ཟེར་བ་དེ་དངོས་གནས་ལག་བསྟར་བྱུང་བ་རེད།
འདས་པའི་ལོ་བཅུ་གྲངས་ནང་། བོད་གཞིས་བྱེས་གཉིས་སུ་བོད་ཀྱི་རྩ་དོན་ཐད་ཐོད་བརྒལ་རང་བཞིན་གྱི་མདུན་སྐྱོད་ཆེན་པོ་བྱུང་ཡོད། དེ་ནི་གཅིག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས།འཛམ་གླིང་གི་བཟང་སྤྱོད་གོང་སྤེལ་དང་ཆོས་ལུགས་མཐུན་སྒྲིལ། བོད་ཀྱི་རང་དབང་འཐབ་རྩོད་བཅས་རྩ་དོན་ཆེན་པོ་གསུམ་གྱི་ཐོག་ཐུགས་ནུས་ཡོད་རྒུ་བཏོན་དང་འདོན་བཞིན་པའི་འབྲས་བུ་ཡིན་ཞིང་། གཉིས་ནས་བཙན་བྱོལ་བོད་གཞུང་གིས་བདེན་པ་དང་འཚེ་བ་མེད་པ། ཡང་དག་པའི་མང་གཙོའི་རིང་ལུགས་བཅས་ཀྱི་ཕྱག་རྒྱ་ཆེན་པོ་གསུམ་ཡོངས་བསྒྲགས་གནང་སྟེ་ལས་དོན་རྒྱ་ཆེན་གནང་བ་དེས།བོད་མི་མང་པོའི་སེམས་པ་གཞུང་གི་ཕྱོགས་སུ་འགུག་ཐུབ་པ། གསུམ་ནས། ལག་ཐོགས་ཁ་པར་དང་དྲྭ་རྒྱ་སོགས་ཚན་རིག་ལག་རྩལ་གྱི་ཐོན་རྫས་མང་པོ་ཐོན་པ་དང་མཉམ་དུ་བོད་གཞིས་བྱེས་གཉིས་ཀྱི་དཔལ་འབྱོར་གནས་སྟངས་ཡར་རྒྱས་སོང་བར་བརྟེན་ཕན་ཚུན་གནས་ཚུལ་ཤེས་རྟོགས་དང་ཁྱབ་ཚད་ཆེ་རུ་སོང་བ། བཞི་ནས་རྒྱ་ནག་གཞུང་གིས་བོད་ནང་ཐལ་ཆ་ཆེན་པོས་༸གོང་ས་མཆོག་ལ་མཚན་དམས་དང་དགག་རྒྱགཆོས་དད་རང་དབང་ལ་བཀག་བསྡོམས། ཞི་བའི་སྐད་འབོད་ལ་དྲག་གནོན་ཚད་མེད་བྱས་པ་སོགས་ཀྱི་འབྲས་བུ་རེད།
ཡང་ཕྱོགས་གཞན་ཞིག་ནས་བཤད་ན། གཞིས་བྱེས་གཉིས་ཀྱི་བོད་མི་ཚོས་ཕྱི་ལོ་ ༢༠༠༨ ལོར་ཁྲག་དང་སྲོག་གི་འགྲོ་སོང་བཏང་སྟེ། བོད་དོན་དེ་རྒྱལ་སྤྱིའི་གནས་རིམ་མཐོ་ས་ཞིག་ཏུ་བསྐྱལ་མ་ཐག་ཏུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནང་གི་སྤྱི་འཐུས་མང་པོ་ཞིག་གིས། མི་གཅིག་གི་ལམ་གྲོན་ཆེད་དུ་ངན་རྒྱབ་དཔུང་ཤེད་དང་ཐ་ན་ཆོས་རྒྱུད་སྤྱི་འཐུས་དེ་ཚོས་ཀྱང་ཆོལ་ཁའི་ཕྱོགས་འཐེན་ནང་འཛུལ་ཏེ། གྲོས་ཚོགས་ཁ་གཏོར་དང་མཇུག་སྐྱོང་མ་ཐུབ་པའི་སྡིག་ཉེས་ནམ་མཁར་མ་ཤོང་བ་ཞིག་བསགས་པར་བརྟེན། ད་ཆ་བོད་མི་ཚོས། རང་གི་རྩ་ཆེའི་འོས་ཤོག་བེད་སྤྱོད་ཀྱིས་གྲོས་ཚོགས་ཀྱི་ཚོགས་མིར་གཞི་རིམ་གྱི་འགྱུར་བ་ཆེན་པོ་ཞིག་གཏོང་འདོད་པས། ད་རེས་ཚ་ཚ་འུར་འུར་གྱི་འོས་བསྡུའི་རྣམ་པ་དེ་བྱུང་བ་རེད།
དེ་རིང་བདག་གི་སེམས་ནང་དགའ་སྣང་དང་སྤོབས་པ་ཅིག་ཅར་དུ་བྱུང་། འདི་ནི་སེམས་པ་འཁྱག་སོབ་སོབ་ཏུ་བཙན་བྱོལ་དུ་ལོ་ངོ་བཅུ་གྲངས་བསྡད་རྗེས། གློ་བུར་དུ་དྲོད་ཁོལ་ཞིག་ཚོར་བ་དེ་ཡིན། ནམ་རྒྱུན་མི་ཚོས། ཤར་ཏུར་ཀི་སི་ཐན་ལ་ལུས་ཡོད་ཀྱང་མགོ་མེད། བོད་པ་ཚོར་མགོ་ཡོད་ཀྱང་ལུས་པོ་མེད་ཟེར་བཞིན་ཡོད། ད་ནི། ང་ཚོ་བོད་པ་ལ་མགོ་དང་ལུས་པོ་གཉིས་ཀ་ཡོད་ཅེས་བསྒྲགས་འདོད་བྱུང་། མགོ་ལུས་གཉིས་ཀ་བྱུང་རྗེས་ཀྱི་དེ་རིང་། ང་ཚོའི་ལས་དོན་བྱེད་སྟངས་ལའང་འགྱུར་བ་འགའ་ཞིག་གཏོང་དགོས། དེའི་སྐོར་དུས་ཚོད་བྱུང་སྐབས་རྗེས་སུ་རིམ་པས་འབྲི་གི་ཡིན། བོད་རྒྱལ་ལོ།།།།
ཁང་གསར་རྡོ་རྗེ་ལགས་ནས་དེ་རིང་དངོས་གནས་ཡག་པོ་ཞིག་བྲིས་འདུག དགའ་པོ་བྱུང་།
སྤྱི་ཚོགས་དཔྱད་བརྗོད་པ་ཁང་གསར་རྡོ་རྗེ་ལགས།
སྐུ་ཉིད་ཀྱིས་བཙན་བྱོལ་བོད་གཞུང་ཕྱག་མཐིལ་དུ་བཟུང་སྟེ། དེའི་འདས་པ་དང་ད་ལྟ་བ། མ་འོངས་པ་བཅས་ཀྱི་སྐོར་གླེང་སྐབས། སྐུ་ཉིད་ལ་ཞིབ་འཇུག་པ་མཚན་གནས་ཤིག་ཀྱང་མི་དགོས་ཟེར་ན་རག་ས་རེད། ད་དུང་ཁོམ་པ་འདྲ་ཡོད་ན། འཛམ་གླིང་གི་ཆབ་སྲིད་འཕོ་འགྱུར་དང་བོད་ཕྱི་ནང་གཉིས་ཀྱི་གནས་སྟངས་བར་གྱི་འབྲེལ་ལམ་སྐོར་གྱི་དཔྱད་བརྗོད་རིགས་སྤེལ་ཐུབ་ན། རྒྱ་ཆེའི་ཀློག་པ་པོར་སེམས་ཀྱི་ཟས་མཆོག་ཅིག་ཏུའང་འགྱུར་ངེས་པས་དེ་དོན་ཐུགས་ལ་འདོགས་རོགས།།
ཁང་གསར་ལགས་ཀྱིས་དཔྱད་ཞིབ་ཡག་པོ་ཞིག་གནང་ནས་གསུངས་འདུག་པས་དགའ་བསུ་ཞུ།
དང་པོ། ༸ གོང་ས་མཆོག་གིས་འཛམ་གླིང་འགྲོ་བ་མིའི་རིགས་ལ་འཚེ་བ་མེད་པའི་ལྟ་གྲུབ་དང་། ཞི་བེད། བྱམས་བརྩེའི་རིན་ཐང་གོང་དུ་ཐོར་འདེགས་དང་གཅིག དེ་བཞིན་ཆོས་ལུགས་རིས་སུ་མ་ཆད་པར་མཐུན་སྒྲིལ་ཆེན་པོས་འཛམ་གླིང་མི་དམངས་ལ་ཕན་རླབས་སྐྲུན་བཞིན་པ་དང་གཉིས། ཡང་སྒོས་བོད་མི་རིགས་ཀྱི་གནད་དོན་དེ་གཉིས་ཕན་དང་འཚེ་མེད་ཞི་བདེའི་ལམ་ནས་སེལ་བཞིན་ཡོད་སྟབས་མགོན་པོ་གང་ཉིད་ཀྱིས་ཐུགས་རྗེའི་སྐུ་གསུམ་ཐུགས་ཀྱི་གཟི་འོད་ལས་ད་ཆ་བོད་ཀྱི་གནད་དོན་དེ་འཛམ་གླིང་སྤྱི་ཡོངས་ཀྱིས་གླེང་དགོས་པ་ཞིག་ཆགས་ཡོད།
གཉིས་པ། བོད་ཀྱི་དབུ་འཁྲིད་དེ་དམངས་གཙོའི་ལམ་ནས་བདམས་པ་ནས་བཟུང་མི་དབང་དཔལ་ལྡན་བཀའ་ཁྲི་ཟམ་དོང་རིན་པོ་ཆེས་མི་ལོ་ཁྱོན་བཅུ་ཙམ་རིང་བཙན་བྱོལ་བོད་གཞུང་གི་ལས་དོན་ཐ་དག་ལ་ཐུགས་འགན་ཚད་མེད་གཅིག་བཞེས་བཞིན་ཡོད་པ་དེས་བཙན་བྱོལ་བོད་མིའི་དམངས་གཙོ་དང་གཞུང་སྲ་བརྟན་དུ་བཏང་ཐུབ་ཡོད་སྟབས་ཕྱི་ནང་བོད་རིགས་ཡོངས་ཀྱིས་བློ་ཁ་དང་། ཡིད་ཆེས། ཆིག་སྒྲིལ། སྟོབས་ཤུགས་སོགས་གོང་ཐོར་འགྲོ་བཞིན་ཡོད།
གསུམ་པ། ཨ་རི་སོགས་འཛམ་གླིང་རྒྱལ་ཁབ་མང་དག་གཅིག་གིས་བོད་ཀྱི་གནད་དོན་དེ་དུས་ནས་དུས་སུ་གླེང་བཞིན་ཡོད་ལ་བརྒྱབ་སྐྱོར་དང་། སེམས་འཁུར། དོ་སྣང་སོགས་ཕྱར་གྲུ་མཉམ་འདེགས་གནང་བཞིན་ཡོད།
བཞི་པ། ད་རེས་བཀའ་ཁྲི་དང་སྤྱི་འཐུས་གསར་བ་ཤ་སྟག་དམངས་གཙོའ་ལམ་སྲོལ་ལྟར་འགྲོ་ཐུབ་ཡོད་སྟབས་བཙན་བྱོལ་བོད་མི་ཡོངས་ཀྱིས་རང་གིས་གཅེས་པའི་རྒྱལ་ཁབ་དང་། ཆབ་སྲིད་། དབུ་འཁྲིད་སོགས་གལ་ཆེའི་རྩ་དོན་ལ་དོ་འཁུར་དང་གཅིག་སྒྲིག་གྱི་སྟོབས་ཤུགས་ཤིག་མངོན་བཞིན་ཡོད་སྟབས་ད་ཆ་རྒྱ་ནག་གིས་ཀྱང་བོད་ཀྱི་གནད་དོན་དེ་རང་ཡལ་དུ་གཏོང་མི་ཐུབ་པ་ར་སྤྲོད་བྱེད་བཞིན་ཡོད།
རྒྱ་ནག་ལ་དྲག་པོའི་དཔའ་དང་དཔུང་ཁག་གི་སྟོབས་ཤུགས་ཆེན་པོ་ཡོད་ནའང་བོད་ཀྱི་གནད་དོན་དེ་འཛམ་གླིང་བདེའི་འཚེ་མེད་ཀྱིས་ལམ་ནས་སེལ་བཞིན་ཡོད་པས་རྒྱ་ནག་གི་སྟོབས་ཤུགས་ལས་བོད་ཀྱི་སྟོབས་ཤུགས་འདི་ཆེས་ཕུགས་བརྟན་ལ་ཐ་མའི་རྒྱལ་ཁ་འང་འདི་ལ་ཡོད།
ཁང་གསར་རྒད་པོ་འདི་དང་མཉམ་དུ་ཆབ་སྲིད་སྐོར་གླེང་རྒྱུ་ན་སྐྱིད་ས་རེད། འོན་ཀྱང་བྲིས་ན་ངར་ཡང་། བཤད་ན་མི་ངར་ནི་ཡོད།
དཔེར་ན། ལུང་རིགས་རྒྱལ་དང་ཀླུ་བྱམས་ལྟ་བུ་རེད།
གནད་ལ་ཁེལ་བའི་སྐད་ཆ་འདིར་རྒྱུ་མཚན་འདུག
ཅོ་རི་ཉི་མ་ཁོ་རས་ཁྱོད་ཀྱིས་༼དབུས་གཙང་ཆོལ་ཁའི་རྒྱུན་ལས་ཚོས་མདོ་ཁམས་ཆུ་བཞི་སྒང་དྲུག་དང་འབྲེལ་བ་བྱེད་ཀྱི་མིན་ཟེར་ནས་གྲོས་ཆོད་བཞག་ཡོད་པ་མ་ཡིན་ནམ།༽དེ་འདྲའི
་རིགས་མི་བཤད་ན་ཡག་པོ་ཡོད་རེད། ད་ལྟ་བཙན་བྱོལ་གཞུང་དེ་སྔ་མོ་བསྡུར་ན་ཆོས་ལུགས་དང་ཆོལ་ཁའི་ཆེན་པོ་མེད་པར་ཡར་རྒྱས་ལ་ག་གང་ཙམ་ཕྱིན་ཡོད་རེད།
ཆོས་སྒང་རྙིང་པ་གང་འདྲ་ཡོད་མེད་ཁྱོད་ཀྱིས་༼ཨ་རའི་མདོ་ཁམས་ཆུ་སྒང་དྲུག་ཚོགས་གཙོ་ཨ་ཐར་ནོར་བུའི་བདེན་གཏམ་ཟེར་བའི་འོད་སྡེར་གི་འཆལ་གཏམ་ལ་དགག་ལན་བདེན་མུན་པ་སེལ་བའི་སྒྲོན་མེ་བཞུགས་སོ།༽དེར་གཟིགས་དང་དེ་ནས་མཁྱེན་རྟོག་ཡོང་ནི་རེད།
མགོ་ལུས་གཉིས་ཀ་ཡོད་པའི་གཞིས་བྱེས་བོད་མི་རྣམས་གོ་ལ་སྔོ་རིལ་འདི་ནང་ལ་སྲིད་མཐར་རྒྱལ་གྱུར་ཅིག །
དངོས་ཡོད་གནས་ཚུལ་བྲིས་འདུག་པས་ཐུགས་རྗེ་ཆེ་ཞུ། ད་ཐེངས་ཀྱི་འོས་བསྡུ་འདི་ལ་འཛམ་གླིང་ཡོངས་ནས་དོ་སྣང་ཆེན་པ་གནང་བ་དང་། རྒྱ་གཞུང་གིས་བོད་དོན་དེ་༧གོང་ས་མཆོག་གི་སྐུ་ཚེ་ལ་རྩིས་རྒྱག་བཞིན་པའི་སྲིད་ཇུས་དེ་ནོར་འཁྲུལ་ཡིན་པ་ཤེས་ནས་བླ་འདར་དགོས་པ་ཞིག་བྱུང་ཡོད་པ་རེད། བོད་མི་རིགས་མ་རྫོགས་ན་བོད་དོན་གནས་རྒྱུ་ཡིན་པ་འཛམ་གླིང་ལ་གསལ་སྟོན་ཐེངས་ཤིག་བྱས་ཡོད།
མགོ་ལུས་ཡོད་པ་ཙམ་གྱིས་མི་ཆོག་པར་མགོ་ལུས་འདི་ཐང་པོ་ཞིག་དགོས།
དྲྭ་རོགས་ཧོར་བུ་ཡེ་ཤེས་ལགས་གནད་དོན་འདི་སེལ་ཐབས་ལ་ཅི་ཞིག་བྱེད་དགོས་ཞེས་ཁྱོད་ཀྱིས་དྲི་བ་གནང་བ་དེ་ལ་ལན་གྱི་ཚུལ་དུ་ཅིག་ཞུས་ན། གནད་དོན་འདི་སེལ་ཐབས་ལ་ཚིག་ཉུང་ཉུང་ཞིག་གི་ཐོག་ནས་ཁྱེད་ལ་བཤད་ཐུབ་གི་རེད། འོ་ན་ཅི་ལྟར་སེལ་གི་རེད་ལབ་ན། འདི་སེལ་བ་ལ་ང་ཚོས་རང་དོན་རང་གཅེས་འོག་བོད་བསྟན་པ་ཆབ་སྲིད་ཀྱི་ལས་དོན་ལ་མངོན་ལྐོག་མེད་པའི་ལས་ཀ་ཞིག་བྱས་ན་གནད་དོན་འདི་སེལ་གི་རེད་དྲན་ཡོད།
ཁང་གསལ་ལགས་ཐུགས་སྤྲོ་པོ་བྱུང་སྟངས་གསུངས་པ་བདེན།དེ་རིང་ངོ་མ་རྒྱ་ནག་གཞུང་ལ་ལེན་བཟང་པོ་ཞིག་སྤྲོད་ཡོད་པ་རེད།
དྲ་གྲོགས་རྐང་གསུམ་ལགས་ཁྱོད་ཀྱི་སེམས་ཚོ་ནང་བཞིན་ང་ལ་ཡང་ཡོང་བཞིན་པ་ཡིན།དེ་ལྟར་དུས་ངན་ཞིག་མི་ཡོང་བ་ང་ཚོའི་ག་རེ་བྱ་དགོས་སམ།
ད་དུང་ང་ཚོ་དགའ་སྔ་དྲག་ཡོད་པ་འདྲ། རྗེས་མ་མཁས་དབང་བློ་སེང་བཀའ་བློན་ལ་ཕེབས་ཐུབ་པ་དང་མཁས་དབང་ཟམ་གདོང་རིན་པོ་ཆེ་ཚཽགས་གཙོར་་སླེབས་་ན་གཟོད་ང་ཚོར་དངོས་གནས་ལུས་ཆ་ཚང་ཞིག་ཡོད་པར་མ་ཟད་དཔའ་བོ་སྟག་སེང་ཁ་སྤྲོད་བྱེད་སོང་བ་རེད། གྲོགས་པོ་ཚོ་སེམས་ཤུགས་བསྐྱེད་དགོས། བོད་རྒྱལ་བར་སྨོན།
བོད་རྒྱལ་ལོ། ་་གལ་སྲིད་བོད་འདིར་རྒྱལ་འདོད་ཡོད་པ་ཡིན་ན་ཁྱེད་ཀྱིས་བཤད་པའི་ཆོས་རྒྱུད་ཀྱི་སྤྱི་འཐུས་རྣམས་དང་མདོ་སྟོད་སྤྱི་འཐུས་སྟོབས་རྒྱལ་གཉིས་ཀྱང་བོད་མིའི་སྤྱི་འཐུས་ཡིན་པས་ཁོང་རྣམས་ཀྱི་རང་དབང་འཐབ་རྩོད་བྱས་ཕྱོགས་ལ་བརྩི་མེད་རྐྱང་རྐྱང་བཏང་ནས་བོད་འདིར་རྒྱལ་ཐུབ་མི་སྲིད་པ་དེར་ཤེས་དགོས་པ་ཐོག་མའི་ཆ་རྐྱེན་རེད་འདོད།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འདི་འཛམ་གླིང་འདིའི་ཐོག་ཏུ་ཐོབ་ཐུབ་པར་ཆ་རྐྱེན་དང་པོར་མི་རིགས་༥༦མཐུན་སྒྲིལ་དང་རྡོག་རྩ་གཅིག་སྒྲིལ་དགོས་པ་ལྟར་བོད་འདི་ལ་རྡོག་རྩ་གཅིག་སྒྲིལ་མེད་པར་བོད་འདིར་ཇི་ལྟར་རྒྱལ་ཐུབ་བམ།
དབུས་གཙང་ཆོལ་ཁའི་རྒྱུན་ལས་ཚོས་མདོ་ཁམས་ཆུ་བཞི་སྒང་དྲུག་དང་འབྲེལ་བ་བྱེད་ཀྱི་མིན་ཟེར་ནས་གྲོས་ཆོད་བཞག་ཡོད་པ་མ་ཡིན་ནམ། གཅིག་གསུང་དང་ཁང་གསར་བ།
བོད་རྒྱལ་ཁབ་འདི་ལ་སྔར་ནས་ད་ལྟ་བར་དུ་མགོ་ལུས་གཉིས་ཀ་ཡོད། ཡིན་ནའང་བོད་ཀྱི་རྒྱལ་པོ་གླང་དར་མར་བསད་པ་ནས་བཟུང་བོད་འདི་ལ་རྡོག་རྩ་གཅིག་སྒྲིལ་ཞིག་ཡོང་མྱོང་མེད། དེའི་ཐོག་ཏུ་སྒེར་དོན་ཁོ་ནར་འབད་ནས་སྤྱི་ཚོགས་ནང་དུ་དཀྲིགས་ཤིང་རྒྱབ་མཁན་ཚོས་བོད་འདིར་སྐྱིད་ཀྱི་ཉི་མ་ཤར་བཅུག་གི་མེད།
ཁང་གསར་བུ་ཁྱོད་ཀྱི་བཤད་སྟངས་འདིའི་ཐོག་ནས་བཤད་ན་ངོ་མ་ང་ཚོ་ལ་མགོ་ལུས་གཉིས་ཆ་ཡོད་ཟེར་ནས་འཛམ་བུ་གླིང་ལ་བསྒྲགས་གཏམ་སྤེན་ན་མ་འགྲིག་པ་གང་ཡང་མི་འདུག ང་ལ་འདི་ལྟར་ན་ཚ་ཞིག་ཡོང་གི ད་ནས་བརྩིས་པའི་མི་ལོ་སུམ་བཅུའི་རྗེས་སུ་བོད་བཙན་བྱོལ་བ་མིང་ཙམ་ལས་ལྷག་མིན་གྱི་སེམས་ནད་ཅིག་གིས། དུས་རྒྱུན་དུ་ངའི་སེམས་པ་སྡོད་དུ་མི་འཇུག་གི གནད་དོན་འདིའི་གསའ་དང་གསང་ནས་རང་སྟོབས་ཀྱིས་འདས་དང་ད་ལྟའི་ལས་གནས་གང་མང་ཞིག་ལ་ཕྱི་འདང་དང་ཕྱི་དྲན་རེ་བྱས་དུས། ངའི་སེམས་རྩ་འཇིགས་ཡེར་ཡེར་གྱི་སྐྲག་སྣང་ཞིག་གིས་དུས་རྒྱུན་དུ་འདར་གསིག་གཏོང་གིན་འདུག དེའི་ཕྱིར་ངས་ཞིབ་འདང་དང་ཞིབ་འབྲི་རེ་བྱས་དུས། ད་ནས་འུ་ཚོས་འབྱུང་འགྱུར་གྱི་འཚོ་གནས་ཤིག་ལ་ཤི་འཐམ་བྱེད་ཀྱིན་འདུག འདི་ཡང་རང་ཉིད་དང་རང་གི་ཁྱིམ་རྒྱུད་ཀྱི་ཆེད་ཁོ་ན་ལས་མི་རིགས་རིག་གནས་ཀྱི་འཚོ་གནས་ཀྱི་ཆེད་དུ་ག་ལ་ཡིན་སྲིད། མ་གཞི་ང་ཚོ་ཚང་མ་ནོར་འདུག དེང་གི་སྐབས་ནས་རང་ཉིད་དང་རང་གི་ཁྱིམ་དོན་གྱི་བདེ་རྩའི་ཆེད་དུ་དཔེར་ན་བཙན་བྱོལ་བོད་གཞུང་གི་ལས་བྱེད་པ་ཚོས་རྩ་དགོངས་ཞུ་བ་ལོ་རེ་ནས་ལོ་རེ་ཇེ་མང་ནས་མེ་མང་རེད། དེ་བཞིན་བཀའ་ཟུར་དང་སྦྱི་ཟུར་རྣམས་གཙོ་བོར་བྱས་ནས་མི་རིགས་འཚོ་གནས་ཀྱི་རྐང་འཛིན་པ་ཚོ། བཙན་བྱོལ་བོད་མིའི་འཚོ་གནས་དང་ཁ་བྲལ་ཏེ་ཕྱི་སྡོད་བོད་མིའི་འཇིག་རྟེན་ལ་གཞིས་ཆགས་བྱེད་དུ་འགྲོ་བ་ཉིན་རེ་ནས་ཉིན་རེ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པ་མཐོང་དུས། ངའི་སེམས་ཀྱི་དངངས་སྐྲག་གསོད་དཀའ་བའི་མེ་རི་བཞིན་ཇེ་འབར་ནས་ཇེ་འབར་རེད། འདི་ལྟར་ང་ཚོས་རང་ཉིད་མདུན་དུ་བཞག་ནས་མི་རིགས་རིག་གནས་ཀྱི་ལས་དོན་རྒྱབ་ཏུ་གཡུག་ཏེ་གནས་དང་གནས་མ་ཡིན་པའི་འཚོ་གནས་ཤིག་གི་རང་དབང་བསམ་ན། མི་ལོ་སུམ་བཅུའི་རྗེས་སུ་ང་ཚོ་ཡོངས་སུ་འཇིག་གཉེན་ཆེ།
དེང་གི་སྐབས་སུ་ཁྱོད་དང་ང་ཚུད་པའི་བོད་མི་ཚང་མ་སོ་སོ་སོའི་ས་རུ་སོང་ནས་བཙན་བྱོལ་སྤྱི་ཚོགས་འདི་ཁ་འཐོར་དུ་གྱུར་རུང་། བོད་དང་བོད་ཀྱི་འཚོ་གནས་ཀྱི་རྩ་དོན་རྩོད་ལེན་གྱི་བདེན་པའི་རང་སྒྲ་ནམ་ཡང་འཇིག་མི་སྲིད། འདི་ནི་འུ་ཅག་གི་ཚེ་རབས་གཏན་གྱི་སྐྱབས་གནས་༧གོང་ས་ཡིད་བཞིན་ནོར་བུས་ཐུགས་རྗེའི་བཀའ་དྲིན་ཉིད་ཅིག་ཡིན་པ་ང་ཚོ་ཚང་མས་ཤེས་ཚོར་དང་བློ་སྟོབས་ཀྱིས་ཟིན་ངེས་རེད། དེ་བས་ན་ང་ཚོས་སྔ་ས་ནས་ཞིབ་དཔྱོད་དང་འབྲེལ་བའི་བཙན་བྱོལ་བོད་མིའི་འདས་མ་ད་གསུམ་གྱི་ལོ་རྒྱུས་ལ་ཕྱི་འདང་དང་ཕྱི་དྲན་ཞིག་བརྒྱབ་ན། བཙན་བྱོལ་བོད་མིའི་འཚོ་གནས་དང་འབྲེལ་བའི་ཕྱོགས་ངོས་གང་མང་ཞིག་གི་གནད་དོན་༧གོང་ས་ཡིད་བཞིན་ནོར་བུའི་ཐུགས་རྗེའི་བཀའ་དྲིན་ཉིད་ཅིག་ལ་བརྟེན་ཡོད་པ་གསལ་བོ་རེད། གཅིག་བཙན་བྱོལ་བོད་མིའི་མཐུན་འབྲེལ་གྱི་སྟོབས་ཤུགས་ཡོད་ཚད༧གོང་ས་མཆོག་གི་ཀུན་ཕན་གྱི་སེམས་རྒྱུད་ཟབ་མོའི་ཉི་ཟེར་ལ་བརྟེན་ནས་འབྱུང་བཞིན་ཡོད། གཉིས་བཙན་བྱོལ་བོད་མིའི་ཆབ་སྲིད་དྲིལ་བསྒྲགས་ཀྱི་སྟོབས་ཤུགས་ཡོད་ཚད་༧གོང་ས་མཆོག་གི་འཚེ་མེད་ཀྱི་ལྟ་སྤྱོད་ལ་བརྟེན་ནས་འབྱུང་བཞིན་ཡོད། གསུམ་བཙན་བྱོལ་བོད་མིའི་གཞིས་བྱེས་འབྲེལ་ཐག་གི་སྟོབས་ཤུགས་ཡོད་ཚད་༧གོང་ས་མཆོག་གི་བྱམས་བརྩེ་དང་བདེ་སྟོབས་ཀྱི་ཉི་ཟེར་ལ་བརྟེན་ནས་འབྱུང་བཞིན་ཡོད། བཞི་བཙན་བྱོལ་བོད་མིའི་དཔལ་འབྱོར་ཐོན་ཁུངས་ཀྱི་སྟོབས་ཤུགས་ཡོད་ཚད་༧གོང་ས་མཆོག་གི་སྐུ་ངལ་འཛེམས་མེད་ཀྱི་རྩོན་འགྲུས་དང་རང་སྟོབས་ལ་བརྟེན་ནས་འབྱུང་བཞིན་ཡོད། ལྔ་བཙན་བྱོལ་བོད་མིའི་རིག་གནས་ཁྱབ་སྤེལ་གྱི་སྟོབས་ཤུགས་ཡོད་ཚད༧གོང་ས་མཆོག་གི་ཤེས་རབ་དང་བློ་གྲོས་ཀྱི་དཔྱོད་ཤེས་ལ་བརྟེན་ནས་འབྱུང་བཞིན་ཡོད། དྲུག་བཙན་བྱོལ་བོད་མིའི་འཚོ་གནས་རང་དབང་གི་སྟོབས་ཤུགས་ཡོད་ཚད་༧གོང་ས་མཆོག་གི་གཞན་ཕན་གྱི་ཐུགས་དགོངས་དང་བྱམས་བརྩེ་ཡི་རིན་ཐང་ལ་བརྟེན་ནས་འབྱུང་བཞིན་ཡོད། དེ་བས་ན་ང་ཚོས་འདི་ལྟར་ད་ནས་བརྩིས་པའི་མི་ལོ་སུམ་བཅུའི་དུས་ཚིགས་མ་བརྒལ་བ་དུ་ང་ཚོའི་ཐོག་ལ་ནམ་ཡང་ཆག་སྒོ་འཇིགས་ཡེར་བ་ཞིག་ཡོང་མི་སྲིད་པ་བོད་མི་སུ་དང་སུ་ཡིན་རུང་ཚོད་བགམ་གྱི་བློའི་སྟོབས་ཤུགས་ཀྱིས་ཟུན་ངེས་རེད། ཡིན་ནའང་མི་ལོ་སུམ་བཅུ་འདས་པའི་ཉི་མ་དེར་༧གོང་ས་མཆོག་གི་དགོངས་གྲངས་ཅི་ཙམ་ལ་སླེབ་ཡོད་མེད་ང་དང་ཁྱོད་ཚུད་པའི་བོད་མི་ཚོས་ཁ་གྲངས་འདེད་མྱོང་ཡོད་དམ། སྤྱིར་༧གོང་ས་མཆོག་ནི་སྔ་དུས་ནས་མངོན་པར་རྫོགས་པ་སངས་རྒྱས་ཟིན་པའི་སྐྱེས་ཆེན་དམ་པ་ཞིག་ཡིན་རུང་། ད་རེབ་སྐྱེ་བུ་ཐ་མར་བའི་སྣང་ཚུལ་འོག་འཇིག་རྟེན་འདིར་བྱོན་ཡོད་སྟབས་དགོངས་གྲངས་བརྒྱ་ཟིན་པའི་ཚུལ་བསྟན་དུས། འཚོ་གནས་རང་དབང་གི་ལས་དོན་ཅི་ཙམ་སྒྲུབ་ཐུབ་ཀྱི་རེད། ཅིག་བྱས་ན་སྐབས་དེར་༧གོང་ས་མཆོག་གིས་དགོངས་པ་ཆོས་དབྱངས་སུ་འཐིམ་པའི་ཚུལ་བསྟན་ཚར་ཡོད་ན་ཐང་། ངས་རྣམ་རྒྱུན་འདི་ལྟར་བསམ་གི
གལ་སྲིད་༧གོང་ས་མཆོག་གིས་སྐབས་དེར་དགོངས་པ་ཆོས་དབྱངས་སུ་འཐིམ་པའི་ཚུལ་བསྟན་ཚར་ཡོད་ན། སྐབས་དེར་ཆོས་བརྒྱུད་ཁག་གི་འཚོ་གནས་སྐོར་གྱི་རྩོད་པའི་འགོ་བརྩམ་ངེས་ཡིན་པ་མ་ཟད་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་ཁྱིམ་བརྒྱུད་ཆེ་ཁག་ཚོས་མིང་དང་གོ་ཐོབ་ཀྱི་ཆེད་དུ་དགྲ་དགའ་གཉེན་སྡུག་གི་བྱ་བ་གང་མང་ཞིག་གི་འགོ་བརྩམ་ཡང་སྲིད། དེ་བཞིན་སྐབས་དེར་བཙན་བྱོལ་ཁྲོད་ཀྱི་དཔལ་འབྱོར་དང་ཕྱི་འབྲེལ་སོགས་ཀྱི་སྟོབས་ཤུགས་ལྡན་པའི་མི་ཚང་ཡོད་ཚད། ཕྱོགས་མེད་རྒྱལ་ཁམས་འགྲིམ་ནས་གནས་དང་གནས་མ་ཡིན་པའི་རྒྱལ་ཁབ་རེ་རེ་ན་མི་སེར་བྱེད་ངེས་རེད། དུས་དེར་བོད་མིའི་རྩ་དོན་གང་ན་ཡོད། བོད་པའི་རིག་གཞུང་གང་ན་ཡོད། བཙན་བྱོལ་བོད་གཞུང་གང་ན་ཡོད། ངས་བསམ་ན་སྐབས་དེར་བཙན་བྱོལ་བོད་པའི་སྤྱི་ཚོགས་ཁ་འཐོར་གྱི་རང་བཞིན་ལས་གནས་སྟངས་གཞན་ཞིག་གི་འོག་ཡོང་ཐུབ་ཀྱི་མ་རེད་འདོད་གི
ད་ཡིན་ན་ཁང་སར་རྒོད་པོ་དགའ་དྲགས་ཏེ་གཉིད་ཀྱང་ཁུག་གི་མེད་ཚོད་རེད། ཇི་ལྟར་བཤད་རུང་བལ་ཡུལ་ནས་བོད་མིའི་འོས་སྒམ་འཕྲོགས་པ་དེས་ད་ལྟའི་བལ་ཡུལ་གྱི་གནས་སྟངས་དང་། རྒྱ་ནག་གིས་ཐེངས་འདིར་བཙན་བྱོལ་གྱི་འོས་བསྡུ་ལ་ལག་པ་འཆང་དགོས་བྱུང་བ། བོད་མིའི་མང་གཙོའི་གོ་རྟོགས་སད་ཀྱིན་པར་སྐྲག་པ་དང་འཇིགས་པའི་དབང་གིས་ཡིན་སྟབས། ངོ་མ་དགའ་ཞིང་སྤྲོ་ན་འགྲིག་གི
བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ།