དེ་རིང་ཕྱི་དྲོ་ལྷོ་ཕྱོགས་དགའ་ལྡན་དགོན་ཉག་རེ་ཁང་ཚན་གྱི་གྲྭ་བསོད་ནམས་ནོར་བུ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། དེ་རིང་སྔ་དྲོ་རྒྱ་ནག་གི་སྲིད་བློན་ཝུན་ཅ་པོ་ཆབ་མདོར་འབྱོར་ཡོད་འདུག་ལ། བདུན་ཕྲག་གཅིག་ཙམ་གྱི་གོང་ནས་ཆབ་མདོ་ས་ཁུལ་དུ་ཞིབ་བཤེར་དོ་དམ་དང་དམག་མི་མང་པོ་འགྲེམས་འཇོགས་བྱས་ཡོད་འདུག
ཕྱི་ཚེས་ ༡༨ ཉིན་ཆབ་མདོ་རྟ་རྩྭ་ཐང་ཟེར་བའི་ས་ཆ་དེ་ནས་རྒྱ་མིའི་དམག་མི་ཞིག་དང་། ཅ་ཀ་ནས་ཆབ་མདོ་བར་གྱི་བོད་རིགས་འགྲུལ་སྐྱེལ་རླངས་འཁོར་ཁ་ལོ་བ་ཞིག་གི་བར་ཁ་རྩོད་ཤོར་ཏེ། རྒྱ་རིགས་དམག་མི་དེས་བོད་པ་དེར་སྡིགས་མོལ་བྱས་སྐབས་བོད་པ་དེས། ཁྱོད་ཁྱི་ཁ་ཚུམས། ངས་རང་ས་རང་ཡུལ་དུ་ལས་ཀ་བྱས་ཏེ་འཚོ་བ་སྐྱེལ་བཞིན་ཡོད། ཁྱོད་ཕྱིར་ཁྱོད་རང་ཚོའི་ས་ཆར་རྒྱུགས། འདི་བོད་པའི་ས་ཆ་རེད། ཁྱོས་ང་ལ་སྡིགས་རྒྱུའི་ཐོབ་ཐང་ཡོད་པ་མ་རེད། ཅེས་ལབ་ཡོད་སྟབས། རྒྱ་དམག་དེ་ཁོང་ཁྲོ་ཆེན་པོ་ལངས་ཏེ། བསྟུད་མར་མེ་མདའ་ཐེངས་གཉིས་ལ་བརྒྱབ་ཏེ་བོད་པ་དེ་དམར་གསོད་བཏང་ཡོད་འདུག སྐབས་དེར་ས་ཆ་དེའི་གཡས་གཡོན་དུ་བོད་པ་མང་པོ་ཞིག་གིས་བལྟས་ཡོད་པ་མཐོང་སྟེ། དམག་མི་ཚོས་མེ་མདའ་བརྒྱབ་སྟེ་བོད་པ་ཚོ་ཡར་མར་འབྲོ་དགོས་བྱུང་ཡོད་སྟབས། འདས་པོ་ཁོང་གི་མིང་དང་སྐྱེས་ཡུལ་གང་ཡིན་གྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱུང་མི་འདུག་ཅིང་། འདས་པོའི་བེམ་པོ་ཡང་རྒྱ་དམག་ཚོས་ཁྱེར་ཏེ་ད་སྔ་ཕྱིར་ལག་ཏུ་རག་མི་འདུག
ཐེངས་འདིར་རྒྱ་ནག་གི་སྲིད་བློན་ཝུན་ཅ་པོ་ཆབ་མདོར་ཡོང་དོན་ནི། ཉེ་ཆར་ཆབ་མདོ་བཅིངས་གྲོལ་བཏང་སྟེ་ལོ་ངོ་ ༦༠ འཁོར་བའི་མཛད་སྒོ། ཟེར་བའི་བྱ་འགུལ་དེ་དང་བསྟུན་ཏེ། ལོ་འགའི་སྔོན་ནས་རྒྱ་གཞུང་གིས་མ་དངུལ་མང་པོ་ཞིག་བཏང་སྟེ། ཆབ་མདོ་ས་ཁུལ་འཛུགས་སྐྲུན་གྱི་བཀའ་མངགས་བྱས་ཡོད་པ་ལྟར། ཐེངས་འདིར་ལེགས་འགྲུབ་བྱུང་ཡོད་མེད་ལ་ལྟ་ཞིབ་ཆེད་ཡོང་བ་ཞིག་ཡིན་ཞིང་། ཁོང་ཆབ་མདོར་མ་འབྱོར་བའི་བདུན་ཕྲག་གཅིག་ཙམ་གྱི་གོང་ནས་ཆབ་མདོ་ས་ཁུལ་དུ་དོ་དམ་ཞིབ་བཤེར་དང་། དམག་མི་ཕོན་ཆེན་འགྲེམས་འཇོག་བྱས་ཡོད་འདུག
གསར་འགོད་པ། དོན་འགྲུབ་བཀྲ་ཤིས།
སྨོན་ལམ་མཐར་ཕྱིན་ལགས་བདེན་པ་རེད་འདུག ཝུན་ཅ་པའོ་ཆབ་མདོ་ན་མི་འདུག ཝུའུ་ཧན་ན་འདུག ཤིན་ཧྭ་དྲ་རྒྱ་ལ་གཟིགས་དང་གསལ་པོར་འདུག གསར་འགོད་པས་ནོར་བཅོས་བྱས་ན་ལེགས།
བོད་མི་ཞིག་བཙན་དབང་གིས་སྐུ་བཀྲོངས་པར་བློ་ཕམ་ཤིན་ཏུ་ཆེ།
གནས་ཚུལ་མཁོ་སྤྲོད་པས་ཆབ་མདོར་རྒྱ་ནག་གི་སྲིད་བློན་ཝུན་ཅ་པའོ་འབྱོར་ཡོད་ཚུལ་གསུངས་པ་དེ་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་གྱི་རྒྱུན་ལས་བློན་ཆེན་གཞོན་པ་ཀྲུའུ་ཝེན་ཆོན་དང་འཁྲུག་པ་མིན་ནམ་སྙམ།
རྒྱུ་མཚན་ནི་བོད་རང་སྐྱོང་ལྗོངས་ཟེར་བའི་བརྙན་འཕྲིན་དང་། རྒྱ་ནག་གི་གསར་ལམ་ཁག་གང་དུ་ཡང་དེ་ལྟར་མཐོང་མ་སོང་ཞིང་ཀྲུའུ་ཝེན་ཆོན་ཕྱི་ཚེས་ ༢༢ ཉིན་ཆབ་མདོར་སླེབས་ནས་ཕྱི་ཚེས་ ༢༣ ཉིན་ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ་ ༦༠ འཁོར་བའི་རྟེན་འབྲེལ་མཛད་སྒོའི་ཚོགས་འདུ་ཟེར་བར་སླེབས་འདུག་པས་སོ།།
སློབ་ཕྲུག་ཚོས་ཞུ་བའི་འབོད་སྒྲ་ལ་ཅི་བྱས་མེད་དུས་ད་ཆབ་མདོ་ནས་མི་བསད་ཀྱི་ཡོད་པ་འདྲ།རྒྱ་རོ་ཝན་ཅ་པོ་ཡི་དེ་མཐོང་ཨེ་ཡོད་ན།དེའི་བསྐོར་སྐད་ཆ་འདྲ་དྲིས་ཨེ་ཡོད་ན།གལ་སྲིད་བོད་མི་རིགས་དེ་ཀྲོང་ཧ་མི་མངས་ཀྱི་ཁྱབ་ཁུང་ཞིག་ཡིན་ན་དེ་ལ་ཐང་ཆུང་དེ་འདྲ་བཏ་དགོས་པའི་རྒྱུ་ཚན་ཅི་ཡིན་ནམ།ཝན་ཅ་པོའོ།ཝན་ཅ་པོའོ་་་་་་་་་་་་་་་་་་་་
ད་རེས་དགྱ་དམར་གྱིས་ཆབ་མདོ་ནས་མི་ཞིག་བསད་དོན་ནི་སློབ་མ་ཚོའི་ཁྲིམས་མཐུན་གྱི་ཞི་བའི་ངོ་རྒོལ་དེ་དྲག་རྒོལ་དུ་འགྱུར་རྒྱུའི་རེ་ངན་བཅངས་པ་ཞིག་རེད།
དེར་བརྟེན་སྤུན་ཟླ་ཚོས་ཡིད་གཟབ་བྱས་ཏེ་ལས་འགུལ་དེ་ངོ་བོ་གཞན་དུ་འགྱུར་མི་ཉན།
ཨ་ཁ་ཁ་ཕངས་པ་ལ། བོད་པ་རེ་རེ་ཡིན་ན། བཟོད་རྒྱམ་གྱིས་གསུངས་པར་ལྟ་རྒྱུ་འདུག ཚེས་༡༩ ཡི་རྗེས་སུ་ལི་ཐང་དུའང་དམར་སྲུང་བ་དག་གིས་དཀྲོག་དཀྲོག་དང་སྡིག་ར། ཡར་མར་རྒྱུག་སྟེ། བོད་མི་ཚོར་སྙད་བརྐོ་བཞིན་པའི་སྒང་རེད་འདུག བོད་པ་ཚོས་ཁ་སང་དེ་རིང་ཡང་ཁྱི་ཉལ་ས་མ་རག་ནས་མྱུལ་འཁྱམ་བྱེད་ཀྱིན་འདུག ཅེས་པའི་སྐད་ཆ་གོ་རྒྱུ་འདུག ཁོང་ཚོས་ལས་འགུལ་དང་སོ་སོར་མ་དགའ་ས་ཞིག་ཡིན་ཕྱིན། ཁ་ལོ་གཞན་དུ་བསྒྱུར་རྒྱུ་དང་འགྲེལ་བཤད་ལོག་པ་རྒྱག་རྒྱུར་འབད་བརྩོན་བྱེད་པ་ནི་ཁོང་ཚོས་ཁྱད་ཆོས་དང་ལས་འགན་རེད། ཁོངས་སོ་སོ་ནས་གནས་ཚུལ་འདིའི་རིགས་ཕྱི་གསལ་ནང་གསལ་བཟོ་རྒྱུ་དེ། ང་ཚོའི་ལས་འགན་མ་རེད་པས།
སློབ་མ་ཚོས་སྐད་ཡིག་གི་ཐོབ་ཐང་་རྩོད་བཞིན་ཚ་ཚ་འུར་འུར་བྱེད་བཞིན་པའི་སྒང་འདིར་ཆབ་མདོ་ནས་མི་ཞིག་གསོད་དགོས་ཅི་ཡིན་ནམ།་ད་ཡང་ཁྲག་ཚ་བོ་ཆགས་པའི་སློབ་མ་ཚོའི་ལས་འགུལ་གྱི་ངོ་བོ་དེ་གཞན་དུ་མི་འགྱུར་བར་སྨོན། བོད་ནང་གི་བོད་མི་ཤེས་ལྡན་པ་དང་དགེ་སློབ་ཡོངས་ཀྱིས་ལས་འགུལ་གནང་སྐབས་གང་གཟབ་གཟབ་གནང་དགོས་རྒྱུ་གལ་ཆེན་པོ་འདུག རྒྱ་བརྩོག་འདི་ཚོས་བསམ་གཟས་ནས་ལས་འགུལ་འདིའི་ངོ་བོ་གཞན་དུ་སྒྱུར་བར་ལྡོག་ཕྱོགས་ནས་ལས་ཀ་བྱེད་སྲིད་པ་རེད།