བོད་ཀྱི་ཆོས་སྲིད་ཟུང་འབྲེལ་འདི་སྔོན་ནས་ཡོད་མེད་ཀྱི་སྐོར་གླེང་བ།
ལྷོ་ཕྱོགས་ཉི་ཟླ།
དང་པོ། ཆོས་སྲིད་ཀྱི་ངོ་བོ་ཙམ་གང་འདྲ་ཞིག་ལ་ངོས་འཛིན།
སྤྱིར་ཆོས་དང་སྲིད་ཅེས་བྱ་བ་ནི་གཉིས་ཀྱི་སྒོ་གསུམ་གྱི་བྱ་བའི་སྟེང་ནས་འཇོག་དགོས་ཀྱི་མ་གཏོགས་ངོ་བོའི་ཆ་ནས་འཇོག་གི་མེད། དེ་ཡིན་ཙང་ཁྱད་པར་དུ་ཆོས་སྲིད་ཟུང་འབྲེལ་གྱི་གཞུང་ཞིག་ངོས་འཛིན་ན་གཞུང་དེའི་ཆོས་སྲིད་གཉིས་ཀྱི་སྒྲིག་ཁྲིམས་ཀྱི་སྟེང་ནས་འཇོག་དགོས་བ་ཞིག་ཆགས་བསྡད་ཡོད། གཞུང་དེ་ཆོས་སྲིད་ཟུང་འབྲེལ་གྱི་གཞུང་གང་འདྲ་ཞིག་ལ་ངོས་འཛིན་ཟེར་ན། གཞུང་གང་ཞིག་ཆབ་སྲིད་ཀྱི་ལས་འགན་ནང་དུ་ཆོས་དང་སྲིད་གཉིས་ཀྱི་འགན་མཉམ་དུ་སྐྱོང་མཁན་གྱི་གཞུང་ཞིག་ལ་ཆོས་སྲིད་ཟུང་འབྲེལ་གྱི་གཞུང་ཞེས་ངོས་འཛིན་བྱེད་ཆོག
གཉིས་བ། བོད་ལ་ཆོས་སྲིད་ཟུང་འབྲེལ་ཡོད་པ་བསྟན་ཚུལ།
བོད་ལྗོངས་བདེན་ཚིག་སྨོན་ལམ་དུ། རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན་ཞེས་སྨོན་པ་སྔོན་དུ་བཏང་ནས་སྔོན་སྟོན་པ་བཅོམ་ལྡན་འདས་དུས་ནས་ཆོས་སྲིད་ཟུང་འབྲེལ་ཡོད་པའི་ལུང་བསྟན་ཚུལ་འགའ་ཞིག་བཀོད་ན། སྟོན་པ་བཅོམ་ལྡན་འདས་ཀྱི་སྡོམ་གསུམ་བསྟན་པ་ལས། གང་འཇིག་རྟེན་ལ་ཡོད་པར་འདོད་པ་དེ་ནི་ངས་ཀྱང་ཡོད་པར་བཞེད་དོ། གང་འཇིག་རྟེན་ན་མེད་པར་འདོད་པ་དེ་ནི་ངས་ཀྱང་མེད་པར་བཞེད་དོ་ཞེས་གསུངས་སོ། མགོན་པོ་ཀླུ་སྒྲུབ་ཀྱིས་ཀྱང་། མི་ཡི་ཆོས་ལུགས་ལེགས་སྤྱད་ན།། ལྷ་ཡུལ་བགྲོད་པར་ཐག་མི་རིང་།། འཛེགས་ན་ཐར་བའང་གམ་ན་འདུག་ཞེས་གསུངས་སོ།། རྗེ་བཙུན་བྱམས་པ་མགོན་པོས། རྒྱལ་བོ་ཆོས་བཞིན་བྱེད་གྱུར་ཅིག འཇིག་རྟེན་དག་ཀྱང་དགའ་བར་ཤོག ས་སྐྱ་ལེགས་བཤད་ལས་ཀྱང་། རིགས་པའི་དཔྱད་ན་ཆོས་ལུགས་མི་འགལ་ཞིང་།། འཇིག་རྟེན་བྱ་བ་ཀུན་ལས་ལེགས་བསྒྲུབ་པ།། དམ་པ་རྣམས་ཀྱི་སྤྱོད་ཚུལ་ཇི་འདྲ་ཞིག བཤད་པ་འདི་ནི་ལེགས་བཤད་རིན་ཆེན་གཏེར་ཞེས་གསུངས་སོ།། འཕགས་པ་ལྷས་ཀྱང་། འཇིག་རྟེན་ཚུལ་ལུགས་དང་དག་དང་།། དེ་དག་དེ་ལ་ཆོས་རྗེས་འཇུག དེ་ལྟ་བས་ན་ཆོས་པས་ཀྱང་།། འཇིག་རྟེན་སྟོབས་ལྡན་ལྟ་བུར་སྣང་།། ཞེས་སོགས་ལུང་སྣ་ཚོགས་ལ་བལྟས་ན་འཇིག་རྟེན་སྲིད་ལུགས་དང་སྦྱར་ནས་གཞན་དོན་རྒྱ་ཆེན་པོ་སྒྲུབ་ལུགས་གསུངས་བ་དེ་ཡང་ཆོས་སྲིད་ཟུང་འབྲེལ་གྱི་སྒྲུབ་བྱེད་ནོ།།
གཉིས་བ། ཆོས་སྲིད་ཟུང་འབྲེལ་འདི་རྒྱལ་བོ་སུ་ནས་མགོ་བཙུགས་ནས་སུའི་པར་དུ་དར་ཚུལ།
ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནས་སངས་རྒྱས་ཀྱི་ཆོས་ཁྲིམས་དང་ཆབ་སྲིད་ཀྱི་ཁྲིམས་མཉམ་དུ་བསྐྱངས་པས་ཆོས་སྲིད་ཟུང་འབྲེལ་མགོ་ཚུགས་པར་བཤད་དོ།། ཁ་ཅིག་གི་འགྲོ་མགོན་ཆོས་རྒྱལ་འཕགས་པ་ནས་ཆོས་སྲིད་ཟུང་འབྲེལ་མགོ་ཚུགས་པར་བཞེད་ཡང་། སྔོན་བཅོམ་ལྡན་འདས་ཀྱི་དུས་སྐབས་སུ་ཕལ་ཆེར་ཆོས་ཆོས་ས་ནས་བསྐྱངས་སྲིད་སྲིད་ས་ནས་བསྐྱངས་བ་གསལ་བོ་རེད། དེ་དུས་སུ་ཆབ་སྲིད་དང་ཁ་བྲལ་བའི་ཁེར་རྐྱང་རང་ཚུགས་སུ་གནས་བའི་ཆོས་ལུགས་ལག་ལེན་དུ་བསྟར་ཡོད་པ་གསལ་བོ་རེད། སྔོན་བཅོམ་ལྡན་འདས་ལ་ཆོས་ལ་སྦྱིན་བདག་ཞུ་མཁན་རྒྱལ་བོ་དང་བློན་པོ་རབ་དང་རིམ་པ་མང་པོ་བྱུང་ཡོད་ཀྱང་དེ་ནས་དུས་རབས་མང་པོའི་རིང་། སངས་རྒྱས་ཀྱི་ཆོས་ཁྲིམས་དེ་ཆབ་སྲིད་དང་འབྲེལ་བ་མེད་པ་ཐ་དད་དུ་གནས་ཡོད་པ་མ་ཟད། སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ན་ཡང་ཁྱིམ་ཀྱི་བྱ་བ་དང་ཆབ་སྲིད་ཀྱི་བྱ་བ་མཐའ་དག་བློས་བཏང་ནས་སྒོམ་སྒྲུབ་ཁོ་ན་ཕྱོགས་ལ་ལག་ལེན་བྱེད་ཐུབ་པ་ཞིག་བྱུང་ཡོད་པ་མངོན་གསལ་རེད། བོད་ལ་ཆོས་རྒྱལ་སྲོང་བཙན་སྒམ་པོས་སངས་རྒྱས་ཀྱི་ཆོས་དང་སྲིད་གཉིས་ཀའི་ཁུར་རྒྱ་ཆེན་བཞེས་དེ་བོད་ཁམས་ཡུག་གཅིག་ཏུ་ཆོས་སྲིད་ཀྱི་ཁྱབ་པར་མཛད་པ་མ་ཟད། ཁྲིམས་ཡིག་ཏུ་ཡང་། ལྷ་ཆོས་དགེ་བ་བཅུ་དང་། མི་ཆོས་གཙང་མ་བཅུ་དྲུག་སོགས་ཀྱི་ཆོས་ཁྲིམས་ཀྱི་སྲོལ་བཏོད་པར་མཛད་དོ། ཆོས་རྒྱལ་སྲོང་བཙན་སྒམ་པོ་ནས་ཁྲི་རལ་བ་ཅན་བར་ཆོས་སྲིད་ཟུང་འབྲེལ་གྱི་ནུས་ཤུགས་ཧ་ཅང་རླབས་ཆེ་བ་རྒྱས་ཡོད། པར་ལམ་ཞིག་ནས་རྒྱལ་བོ་གླང་དར་མས་ཆོས་གཏོར་བརླག་ཏུ་བཏང་ནས་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་གནས་སྐབས་ཞིག་ལ་ཆད་པ་ལྟ་བུར་སྣང་།
དེ་ནས་ཆོས་རྒྱལ་མེས་པོ་རྣམ་གསུམ་ནས་ད་ལྟ་རྒྱལ་དབང་སྐུ་འཕྲེང་བཅུ་བཞི་བར་མུ་མཐུད་དུ་གཞུང་ཆོས་སྲིད་ཟུང་འབྲེལ་ཚད་ལྡན་ཞིག་བཟུང་ཡོད་པ་གསལ་བོ་རེད།
གསུམ་པ། ཆོས་སྲིད་ཟུང་འབྲེལ་བྱས་ནས་ཆོས་ཀྱི་སྲིད་ལ་གནོད་ཡོད་དམ་མེད།
འདིའི་སྐོར་ལ་ཧ་ཅང་གི་འདོད་ཚུལ་དང་བརྗོད་མཁན་མང་པོ་ཡོད་པས་ཐེངས་འདིར་བདག་གིས་ཁ་ཚོད་ཆོད་པའི་སྒོ་ནས་བཤད་དཀའ་བས་ཅུང་ཙམ་བརྗོད་དགོས་བར་སྣང་ངོ་།། སྔོན་བོད་གཞུང་དགའ་ལྡན་ཕོ་བྲང་ཆོས་སྲིད་རང་དབང་གི་སྐབས་སུ་བོད་དུ་བོན་ཆོས་དང་ཁ་ཆེའི་ཆོས་ལུགས། ཡེ་ཤུའི་ཆོས་ལུགས་སོགས་བྱེད་མཁན་མང་པོ་ཡོད་ཀྱང་མཐར་གཏུགས་ན་ནང་བའི་ཆོས་དང་འབྲེལ་ཡོད་པ་དངོས་ཡོད་རེད། ༸གོང་ས་སྐྱབས་མགོན་ཆེན་པོས་སྔར་མ་སུ་རུ་གཙུག་ལག་སློབ་གྲྭ་ཁག་ལ་བཀའ་སློབ་གསུངས་སྐབས་སུ། བཅོམ་ལྡན་འདས་ཀྱི་དོན་ཉུང་བ་བྱ་བ་ཉུང་བ་གསུངས་འདུག ཕྲན་བློ་གྲོས་ཞན་པས་དེ་གཉིས་མཉམ་དུ་ག་འདྲ་ཞིག་ཡོང་སྙམ་དུ་དོགས་པ་ཡུན་རིང་དུ་སྐྱེས་ཀྱང་རིམ་གྱི་བསམ་གཞིགས་ནན་ཏན་བཏང་སྐབས་དངོས་འབྲེལ་རང་རེད་འདུག གང་ཡིན་ཞེ་ན། སྒེར་དང་སྤྱི་ཚོགས་གཉིས་མི་ཚེ་གཅིག་གི་འབྲེལ་ལམ་ཟབ་མོ་ཡོད་ཀྱང་ཕུགས་འདུན་གྱི་མདུན་ལམ་སོ་སོ་ཡིན་པས་ཆོས་བྱེད་པ་དེ་གཙོ་བོ་ཕུགས་ཀྱི་དོན་ཡིན་ཙང་རང་གི་འཚོ་གོས་གཏམ་གསུམ་ལ་ཞེན་ནས་དོན་མང་བ་བྱ་བ་མང་བ་བྱེད་ན། རང་གི་ཆོས་མཉམ་པ་མ་ཟད་གཞན་དོན་མི་འབྱུང་བས་དེ་འགོག་པའི་ཡན་ལག་ཏུ་ཆོས་འདུལ་བ་ལས་དོན་ཉུང་བ་བྱ་བ་ཉུང་བ་འབྲས་བུ་ཆོག་ཤེས་དགོས་གསུངས་བ་རེད། གཞན་གྱི་དོན་དུ་ཕན་སེམས་ཀྱི་ཀུན་ནས་བསླངས་ཏེ་དོན་མང་བ་བྱ་བ་མང་བ་བྱེད་ཆོག་པ་ནི་ཐེག་པ་ཆེན་པོའི་ཆོས་དང་འབྲེལ་བ་ཡོད་པ་ཞིག་རེད། ཞེས་གསུངས་སོ།།
ཆོས་ནི་གཞན་ལ་འཚེ་བ་སྤང་དགོས་བས་སྲིད་ཀྱི་ལས་དོན་གྱི་ཕྱོགས་མང་པོ་ཞིག་ལ་ཏན་ཏན་ཕན་ཡོད་པ་རེད། འོན་ཀྱང་ང་ཚོ་བོད་རང་བཙན་ཤོར་བ་དེ་ཁ་ཤས་ཀྱི་ཆོས་ལ་མགོ་འཐོམ་ནས་ཤོར་བ་ཞིག་ལ་ངོས་འཛིན་གནང་མཁན་ཡང་ཡོད། གང་ལྟར་ཀྱང་བོད་མི་རིགས་འདི་ནང་བའི་ཆོས་ཀྱི་གཞི་རྩ་འཛིན་མཁན་གཙོ་བོ་ཞིག་ཆགས་བསྡད་ཡོད་པ་གསལ་བོ་རེད།།
༼ རྩོམ་པ་པོའི་ཟིན་བྲིས་ལས་བདམས་བཀོད་བྱས།༽
དྲ་གྲོགས་ཚོ་ཁམས་བཟང་། ལྷོ་ཕྱོགས་ཉིན་ཟླས་གླེང་བ་ལྟར་སྔོན་སྟོན་པ་བླ་ན་མེད་པའི་ཆོས་ཀྱི་བདག་པོ་༸ སངས་རྒྱས་བཅོམ་ལྡན་འདས་ཀྱིས་རང་ལོ་ ༢༩ བར་དུ་སྲིད་བསྐྱངས་བ་དང་དེ་ནས་རབ་ཏུ་བྱུང་ཏེ་དོན་ཉུང་བ་བྱ་བ་ཉུང་བ་སོགས་ཀྱིས་མཛད་པས་ཆོས་ཆོས་སུ་བསྐྱངས་ཡོད།
ཆོས་དང་སྲིད་གཉིས་ཞེས་པ་དེ་ཐད་ཀར་བཤད་ན་ཆོས་ཟེར་བ་དེ་འཇིག་རྟེན་སྤང་ནས་ཚད་མཐོ་ཤོས་ཀྱིས་ཐར་པའི་གོ་འཕང་ངམ་སངས་རྒྱས་ཐོབ་པར་བྱེད་ཞིག་ཡིན་ལ་སྲིད་ཅེས་པ་དེ་གོ་བདེ་བར་བརྗོད་ན་འཇིག་རྟེན་ཁྱིམ་པའི་ལས་དེ་མཐར་ཕྱིན་པ་ཞིག་བྱེད་དགོས་པ་ཡིན།
ངས་འདིར་ཆོས་སྲིད་གཉིས་གཞི་གཅིག་ཏུ་ཡོང་མི་ཐུབ་པའི་རྒྱུ་མཚན་ནི་གོང་དུ་གོ་བདེར་བཤད་པ་ལྟར་ཡིན་ལར་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྐྱེས་རབས་ལས་ཀྱང་ཆོས་དང་སྲིད་གཉིས་མཉམ་དུ་ཡོང་མི་ཐུབ་པའི་བཀའ་གསལ་པོར་བསྩལ་བ་སྟེ།
གལ་ཏེ་ཆོས་སྤྱོད་ཁྱིམ་གྱི་སོ་ནམ་འཆོར།།
ཁྱིམ་ལ་ཕྱོགས་ན་ཆོས་ཀྱང་ག་ལ་འགྲུབ།།
ཆོས་ཀྱིས་ལས་ནི་རབ་ཏུ་ཞི་བ་ཡི།།
ཁྱིམ་གྱིས་ལས་ནི་དྲག་བཤུལ་ཅན་གྱིས་འགྲུབ།།
ཅེས་ཁྱིམ་པས་ཆོས་ལ་མགོ་འཁོར་ན་ཁྱིམ་གྱི་ལས་རྣམས་མཐུད་ཤོར་དུ་འགྲོ་བ་དང་ཆོས་པས་སྲིད་བསྐྱངས་ན་ཆོས་ཀྱི་ལས་རྣམས་མི་འགྲུབ་པར་ད་དུང་ཆོས་ཀྱི་ལས་དེ་ངོ་བོ་འཚེ་བ་མེད་པར་ཞི་བ་ཡིན་ལ་ཁྱིམ་གྱིས་ལས་དེ་དྲག་བཤུལ་ཅན་གྱིས་རང་བརྒྱལ་གཞན་ཕམ་ཁོ་ན་ཡིན་པའི་སྐོར་གསལ་པོར་བསྟན་ཡོད།
དེ་ནི་༸ རྒྱལ་བའི་བཀའ་ཚད་མ་ཡིན་ལ་ལུང་ཡང་ཚད་མ་ཡིན་སྟབས་འདིར་དྲངས་པ་ཡིན། ཚན་རིག་དང་མཐུན་པའི་རྒྱུ་མཚན་ནི་སྔར་བོད་དུ་ནང་བསྟན་ཆོས་ལུགས་རྩ་ཆེ་ཞིག་ས་དར་རྡོ་དར་ལྟར་དར་བ་དང་ཕྱིས་སུ་ཆོས་ལུགས་ཁ་ལ་འཁྱེར་ནས་སྲིད་དབང་སྒེར་འཛིན་བྱས་སྟབས་ཆོས་ལུགས་ཀྱི་བསླབ་བྱ་ཐམས་ཅད་ཞི་བའི་སྐོར་ཡིན་པས་ལོ་བརྒྱ་ཕྲག་རིང་བོད་པས་འཚེ་མེད་ཞི་བ་ཁོ་ནར་བསྟེན་ནས་དྲག་པོའི་ཁྱིམ་གྱི་ལས་དང་ཁ་བྲལ་སྟབས་བོད་དེ་ད་ཆ་རྒྱ་འོག་ཏུ་ཤོར་ཟིན།
རྒྱ་ནག་གྱིས་མེས་པོ་མའོ་ཙེ་ཏུང་ནི་ཆོས་བྱེད་མཁན་ཞིག་རྩ་བ་ནས་མ་ཡིན་པར་ཁོ་བོ་ནི་འཇིག་རྟེན་གྱི་སྲིད་བསྐྱངས་མཁན་མཁས་མཆོག་གཅིག་ཡིན་སྟབས་ ༡༩༣༥ ལོར་གུང་ཁྲན་ཏང་གི་ཙུང་ཡིའི་ཚོགས་འདུའི་ཚོགས་ཐོག་གཏམ་བཤད་གཅིག་སྤེལ་ཏེ་སྲིད་དབང་ནི་མེ་མདའི་ཁ་ནས་འཐོབ་ཟེར་བའི་བལྟ་ཚུལ་ཐོག་མར་བསྟན་པ་དང་ཆབས་ཅིག་ཏུ་དུས་དེ་ནས་བཟུང་ཏང་གིས་མེ་མདའ་ལ་བཀོད་འདོམས་བྱེད་དགོས་པའི་བསླབ་བྱ་ནན་མོ་བྱས་སྟབས།
མཐར་སྲིད་དབང་གིས་རྒྱལ་ཁ་ཡོངས་སུ་ཐོབ་པ་དང་ ༡༩༥༡ ལོར་ནས་བོད་དུ་དྲག་པོའི་དམག་དཔུང་མགོ་བརྩམས་ཏེ་མཐར་ཕྱི་ལོ་ ༡༩༥༩ བོད་ཡོངས་རྫོགས་དྲག་བཤུལ་ལས་ཀྱིས་བཙན་འཕྲོག་བྱས།
ཕྱི་ལོ་ ༡༩༥༩ ལོར་ནས་ད་བར་ ཁྱོན་མི་ལོ་ ༦༠ སོང་སྟབས་ཉེ་བའི་ཆར་རྒྱ་ནག་གཞུང་གིས་ཆབ་མདོར་བོད་ཞི་བས་བཅིངས་གྲོལ་བཏང་ཏེ་ལོ་ ༦༠ འཁོར་བར་མི་ ༦༠ གཏམ་བཤད་བྱས་ཏེ་དགའ་སྟོན་རྟེན་འབྲེལ་མཛད་སྒོ་ཟབ་རྒྱས་འཚོགས་པ་བཅས་ཀྱིས་ང་ཚོས་ཆོས་སྲིད་ཟེར་བའི་གནད་དོན་དེར་ད་དུང་དཔྱད་ཞིབ་དང། ཡིད་ཆེས། ངེས་བརྙེས་མེད་པ་ལྟ་བུར་མུ་མཐུད་བསྡད་ཚེ་དུ་དུང་ཕྱིས་སུ་བོད་མི་རིགས་དང་། བོད་རྒྱལ་ཁབ། བོད་འབངས་རྩམ་ཟན་ཡོངས་རྫོགས་ཡར་ལངས་ཐུབ་པའི་ནུས་པ་ཡོངས་སུ་བྲལ་ཡོད།
ཕྱི་ལོ་ ༢༠༠༡ ནས་བཟུང་བཙན་བྱོལ་བོད་གཞུང་གིས་ངོ་བོ་དེ་འཛམ་གླིང་སྤྱི་ཡོངས་ལྟར་ཡང་དག་པའི་དམངས་གཙོའི་ལམ་ལུགས་སྟེང་བསྐྱོད་ཡོད་ལ་ད་ལྟའི་ཆར་ཡང་དམངས་གཙོའི་དབུ་འཁྲིད་འོས་འདེམས་ཀྱི་ངང་འགྲོ་བཞིན་ཡོད་པ་དེ་ཧ་ཅང་གི་རྩ་བ་ཆེན་པོ་རེད།
ཡིན་ནའང་སྲིད་འདིར་ཤིན་ཏུ་ནས་བརྙེད་པར་དཀའ་བའི་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་དང་། གྲུབ་མཐའ། ༸ རྒྱལ་བ་པཎ་ཆེན་སོགས་ཀྱི་ཡང་སྲིད། བོད་ཀྱི་སྲོལ་རྒྱུན་རིག་གཞུང་། བོད་ཀྱི་སྐད་ཡིག བོད་མི་རིགས་ཀྱི་ཡ་རབས། བོད་རིགས་མི་དམངས་ཀྱི་གཤིས་སྤྱོད་བཟང་པོ་སོགས་ནི་འཛམ་གླིང་འགྲོ་བ་མིའི་རིགས་སྤྱི་ཡོངས་ལ་ཕན་ཐོག་ཡོད་པ་ཞིག་ཡིན་པ་མ་ཟད་བོད་མི་རིགས་ཀྱི་འཛམ་གླིང་སྟེང་ནང་སེམས་ཁམས་ཀྱིས་ཡོན་ཏན་བཟང་པོ་དེ་དག་གིས་ཞབས་འདེབས་ཆེས་རླབས་ཆེན་ཞིག་ཞུ་ཐུབ་པའི་གོ་སྐབས་ལྡན་ཡོད།
བོད་རྒྱལ་ལོ།
སྤྱིར་ཆོས་སྲིད་ཟུང་འབྲེལ་ཞེས་པའི་ལམ་ལུགས་འདི་འཛམ་གླིང་གི་རྒྱལ་ཁབ་ཕར་ཆེ་ཤོས་ནས་ལག་ལེན་བྱེད་མྱོང་ལ། དཔེར་ན་ནུབ་ཕྱོགས་སུ་མཚོན་ན་ཡེ་ཤུ་པ་དང་ལྗེའུ་ཤིའི་ཆོས་ལུགས་པ་སོགས་ཀྱིས་རང་རང་གི་ཆོས་ལ་ཁ་གཡར་ནས་སྲིད་དབང་དགེར་འཛིན་སྣ་ཚོགས་བྱས་པ་འདི་རྣམས་ད་གཟོད་བོད་མི་ཚོའི་རྗེས་ལོན་བྱེད་ཀྱིན་ཡོད། དེ་བཞིན་ད་ལྟ་ཁ་ཆེའི་རྒྱལ་ཁབ་མང་པོ་ཞིག་ནའང་ཆོས་སྲིད་ཟུང་འབྲེལ་ལ་ཁ་གཡར་དེ་སྲིད་དབང་དགེར་འཛིན་དང་དབང་བསྒྱུར་སྣ་ཚོགས་བྱེད་དང་བྱེད་བཞིན་ཡོད།
བོད་ལ་མཚོན་ནའང་སྐུ་དྲག་རང་ལུགས་པ་ཚོའི་ཆོས་སྲིད་ཟུང་འབྲེལ་ལམ་ཆོས་ལུགས་ལ་ཁ་གཡར་ནས་སྥྱི་ཚོགས་སྡུག་ལ་བཀོད་མྱོང། འོན་ཀྱང་འདི་ནི་ཆོས་ལུགས་ཀྱི་སྐྱོན་མ་ཡིན་ལ། ཆོས་ལུགས་པ་ཚོའི་སྐྱོན་ཡིན། དང་པོ་བོད་མི་སྤྱི་ཚོགས་ནས་རང་གིས་ཆོས་ལ་སློབ་གཉེན་མ་བྱས་པས་སྐྱེན་ཀྱིས་གཞན་གྱིས་མགོ་སྐོར་བ་སླ་དང་། གཉིས་པ་ནི་ཆོས་དཔོན་དང་ཁྲིམས་དཔོན་ཚོས། ཆོས་ཆོས་བཞིན་དུ་མ་བྱས་པས་སྐྱོན་རེད།
ལྷོ་ཕྱོགས་ཉི་ཟླ་འདིས་ལྷོ་ནས་བྱང་ནས་བྱང་དུ་དར་བའི་བོད་ཁམས་ཀྱི་ཆོས་སྲིད་ཟུང་འབྲེལ་འདི་མཐའ་གཉིས་དང་བྲལ་བའི་དབུས་ན་གནས་བ་ཞིག་བཀོད་འདུག
དྲ་བདག་གི་ཡིན་ན་ཡང་ཚགས་ཤོག་སོགས་ནང་དུ་ཕུལ་ན་དགེ་མཚན་ཆེ་བ་ཞིག་མཐོང་གི་འདུག
མཆན་བུ་བ་ཁཅིག་གི་པཱ་ལེ་དེ་བག་ལེབ་ལ་བཅོས་དགོས་འདུག འདི་ནི་བོད་སྐད་བོད་ཡིག་དག་ཐེར་གྱི་ཆེད་དུ་ཡིན། ཀལ་མག་ས་ཡི་ལྟ་གྲུབ་ཁོ་ན་དང་། མཁས་དབང་དུང་དཀར་བས་གུང་ཕྲན་བཙན་ཁོག་ཏུ་བརྩམས་པའི་ཆོས་སྲིད་ཟུང་འབྲེལ་སྐོར་མཇལ་མྱོང་ཡང་དེའི་རིགས་ལ་ང་མི་དགའ། ལྷོ་ཕྱོགས་ཉི་ཟླའི་རྩོམ་འབྲི་འདི་ནི། ནུབ་ཤར་བྱང་ལའང་ཉི་ཟླའི་འོད་སྣང་འཆར་ཐུབ་པའི་དྲང་བདེན་གྱི་གསལ་བཤད་ཅིག་རེད།
ལྷོ་ཕྱོགས་ཉི་ཟླ་ནས་ཆོས་སྲིད་ཟུང་འབྲེལ་ཞེས་པའི་རྩོམས་དེ་ཡང་སྔར་མ་གྲགས་པའི་གཏམ་ཞིག་རེད་མི་འདུག
ང་ཚོ་བོད་མི་ཚོས་བཤད་སྟངས་དེ་ལ་སྐྱར་བཤད་བྱས་པ་རང་རེད།
ཆོས་རྒྱལ་སྲོང་བཙན་སྒམ་པོ་ནས་བཟུང་སྟེ་བོད་སྲིད་པ་ཆགས་རབས་རང་བོད་མི་མི་གྲལ་དུ་ཚུད་རབས་བོད་ཡུལ་རྒྱལ་ཁབ་གསར་པ་ཆགས་རབས་བོད་ལ་ཡི་གེ་བྱུང་རབས་བོད་སྤྲེལ་བུའི་ཁྱུ་ཚོགས་ནས་མི་ཁྱུར་ཚུད་རབས་སོགས་དེ་ག་རང་རེད་འདུག
མ་གཞི་ནས་བསམ་ན།
ཆོས་རྒྱལ་སྲོང་སྒམ་པོ་ནས་བོད་རྒྱ་ནག་གི་ཡིན་རབས་ཤོད་པའི་སྟ་གོན་དང།
བོད་ཡུལ་འདིར་བདེ་སྐྱིད་བརླག་སྟེ་བོད་སིལ་བུར་འབྱུང་བའི་སྔ་ལྟས་དང།
བོད་ཀྱི་ཆོས་རྒྱུད་དང་ཆོས་ལུགས་དབར་ལ་དམག་འཁྲུག་འབྱུང་བའི་གྲབས་ཤོམ་དང།
སྲིད་དབང་སྒེར་བདག་དབར་ལ་དམག་འཁྲུག་གི་རྨང་གཞི་བརྟིང་བ་ལས་སོགས།
བསམ་མི་ཕོད་པའི་ལྟས་སྣ་ཚོགས་དེ་ནས་བྱུང་བ་ལས་དེ་སྔོན་དེ་ལྟ་བུར་ཤོད་རྒྱུ་མེད།
ས་སྐྱ་ལེགས་བཤད་ལས་ཀྱང་། རིགས་པའི་དཔྱད་ན་ཆོས་ལུགས་མི་འགལ་ཞིང་།། འཇིག་རྟེན་བྱ་བ་ཀུན་ལས་ལེགས་བསྒྲུབ་པ།། དམ་པ་རྣམས་ཀྱི་སྤྱོད་ཚུལ་ཇི་འདྲ་ཞིག བཤད་པ་འདི་ནི་ལེགས་བཤད་རིན་ཆེན་གཏེར་ཞེས་གསུངས་སོ།།
༼ཚིགས་བཅད་འདིའང་ཡིག་ནོར་མེད་ཅིག་བྲིས་མི་འདུག༽
ཞེས་པའི་སྐབས་ཀྱི་ཆོས་ལུགས་ཞེས་པ་ཆོས་དང་སྲིད་དུ་འགྲེལ་མཁན་དག་ནི་དགོས་དབང་ཞིག་གམ་ཡང་ན་གོ་བ་ལོག་ནས་འགྲེལ་གྱིན་པ་ཞིབ་ཏུ་སོམས་དང་ཤིན་ཏུ་གསལ་བ་ལྟར་རེད།
སྔོན་མ་ཞིག་ལ་གྲོགས་འགའ་དང་མཉམ་དུ་ཆོས་སྲིད་ཟུང་འབྲེལ་གྱི་སྐོར་ནས་བགྲོ་གླེང་བྱེད་དུས་བདག་གིས་ཆོས་སྲིད་ཟུང་འབྲེལ་ནི་སྟ་རེ་ལྟ་བུ་ཞིག་རེད་ཅེས་བརྗོད་མ་ཐག་བགྲོ་གླེང་ཡང་དགོད་སྒྲའི་ཀློང་ནས་མཇུག་བསྡུ་དགོས་བྱུང་།
མི་གང་མང་གིས་དེ་ཁག་པོ་ཁག་པོ་ཞིག་ཏུ་བསྒྱུར་ནས་བཤད་ཀྱིན་འདུག
དྲ་གྲོགས་ལྷོ་ཕྱོགས་ཉི་ཟླ་ལགས་ཀྱིས་བདག་ལ་ལྗགས་ལན་གནང་བར་ཐུགས་རྗེ་བླ་མེད་ཞུ་རྒྱུ་དང་། ༸གོང་ས་མཆོག་གིས་མ་ཁི་སུའི་ཆོས་སྲིད་ཟུང་འབྲེལ་ཞེས་དམིགས་སུ་བཀར་ནས་ཡང་ཡང་གསུངས་པ་དེ་ལ་གཞི་བྱས་ནས་བཤད་ཀྱི་ཡོད་དེ། དེ་མ་ཡིན་པའི་ཆོས་སྲིད་ཟུང་འབྲེལ་སྐོར་དམིགས་བསལ་གྱིས་གསུངས་པ་ཞིག་བདག་གིས་གོ་ཐོས་མ་བྱུང་།
མ་ཁི་སུའི་རིགས་པའི་གཞུང་ལུགས་ངོས་ནས་ཆོས་སྲིད་ཟུང་འབྲེལ་གསུངས་པ་ཡང་དག་པར་བཀའ་གནང་བ་གཅིག་བུས་བོད་རང་གི་ཡ་མ་ཟུང་དུ་གྱུར་བའི་ཆོས་སྲིད་ཟུང་འབྲེལ་ཐུགས་མོས་མེད་པ་གསལ་བོ་མཐོང་གི་ཡོད་པ་དེ་ཡིན།
སླད་དུ་སྐུ་ཉིད་ཀྱི་བསམ་ཚུལ་ལ་གུས་བཀུར་དང་བཅས་དྲ་པ་ཐ་ཤལ་གནམ་ལྕགས་ཀྱིས་གུས་ཕུལ།
དེ་རིང་གུས་པོ་ཕྱོགས་བསྐྱོད་ཀྱི་ལམ་ཁར་ཡོད་སྟབས་༸གོང་ས་མཆོག་གི་འདིའི་ཕྱོགས་ཀྱི་བཀའ་སློབ་དག་ལུང་འདྲེན་ཞུ་ཐབས་མ་བྱུང་ལ། རྗེས་མར་སྐུ་ཉིད་ཀྱིས་ངེས་པར་དུ་མཇལ་འདོད་ཀྱི་ཐུགས་འདུན་མཆིས་ཚེ་མྱུར་འཕྲིན་ཁ་བྱང་ཞིག་ངའི་ཟིན་བྲིས་སམ་ཡུལ་གང་རུང་ནས་ང་ལ་འཕྲོད་ཐབས་གནང་ན། ངས་ནང་མོལ་གྱིས་བསྐུར་ཆོག དེ་ཙམ་ཡིན། རྗེས་མར་མཇལ།
དྲ་གྲོགས་གནམ་ལྕགས་ལགས་ཁྱེད་ཀྱིས་ཟུར་དུ་མཆན་བཀོད་པ་ཧ་ཅང་དགའ་འོས་བ་ཞིག་རེད། བདག་གིས་གོང་དུ་ཡང་ཁ་ཚོད་ཆོད་པོས་ངང་ནས་ཆོས་སྲིད་ཟུང་འབྲེལ་སྐོར་བཤད་མེད། འོན་ཀྱང་སྔོན་ཆོས་སྲིད་ཟུང་འབྲེལ་ཡོད་ན་ཡོད་སྟངས་སོགས་གསལ་བོར་ཞིག་བཀོད་ཡོད།
བདག་དོགས་པ་གཅིག་ཡོད། ༸གོང་ས་མཆོག་གིས་ཆོས་སྲིད་ཟུང་འབྲེལ་མེད་གསུངས་བའི་བཀའ་སློབ་ཞིག་བདག་ལ་གསལ་བོར་ཞིག་བཀོད་རྒྱུ་རག་ན་ཁྱེད་ལ་ཐུགས་རྗེ་ཆེ་མུ་དམན་པ་ཞིག་ཞུ་རྒྱུ་ཡིན། དེ་མིན༸གོང་ས་མཆོག་གིས་ཁོང་མ་ཁི་སུའི་རྗེས་འབྲངས་ཡིན་གསུངས་བ་ཙམ་གྱི་ཁོང་གི་ཆོས་སྲིད་ཟུང་འབྲེལ་ཁས་མི་ལེན་གི་གསུངས་ན་མཛེས་བོ་ཞིག་གཏན་ནས་མ་རེད།
ལན་གསལ་བོར་ཞིག་ཡོད་དམ།
དྲ་གྲོགས་གཞན་རྣམས་ཕེབས་ནས་བསམ་ཚུལ་གསུངས་བ་དགའ་ཡོད།
ང་ཚོར་ཆོས་སྲིད་ཟུང་འབྲེལ་ཞེས་པ་ཞིག་གང་ན་ཡོད།
མ་ཁི་སུའི་རིགས་པའི་གཞུང་ལུགས་ཀྱིས་གཏན་ལ་ཕབ་པའི་ཆོས་སྲིད་ཟུང་འབྲེལ་དང་། དེའི་རྗེས་སུ་འབྲངས་པའི་མཁས་དབང་དུང་དཀར་བ། ད་དུང་༸གོང་ས་མཆོག་གི་གསུང་སོགས་ལ་བརྟག་ན། ང་ཚོས་ཆོས་སྲིད་ཟུང་འབྲེལ་ལ་བསྙད་པའི་ལམ་ལུགས་འདི་ཡང་དག་པ་ཞིག་མིན་པ་གསལ་བོ་རེད་ལ། འདིས་སྟོབས་དང་ལྡན་པའི་རྒྱལ་ཁབ་སྐྱོང་རྒྱུ་ཕར་ཞོགས། ད་བར་དུ་འདས་པའི་ལོ་རྒྱུས་ལ་བལྟས་ན། ཧ་ཅང་ཡིད་ཕངས་པའི་ཉམས་རྒུད་དུ་བཏང་ཡོད་པ་གསལ་བོ་རེད།
ང་ཚོའི་ཆོས་སྲིད་ཟུང་འབྲེལ་འདི་ངོ་བོ་ག་འདྲ་ཞིག་ཡིན་མིན་སོགས་དུང་དཀར་རིན་པོ་ཆེའི་《བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ལ་དཔྱད་པ》ཞེས་པར་ལྟོས་དང་ཧ་ཡོངས་སུ་གོ་ཐུབ་ལ། ང་ཚོའི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་འདི་ལ་རྨོངས་དད་དང་ཞེན་ཁོག་གིས་བཟོས་པའི་ཆ་མང་བོ་ཡོད་པ་འདིས་རིགས་པའི་གཞུང་ལུགས་ཀྱི་རང་བཞིན་ལྡན་པའི་ཆོས་སྲིད་ཟུང་འབྲེལ་ཞིག་མ་ཡིན་པ་བསྟན་ཡོད། དེ་ལྟར་ན་ང་ཚོ་ལ་ཆོས་སྲིད་ཟུང་འབྲེལ་ཞེས་པ་ཞིག་གང་ན་ཡོད་ཨང་།
སྔོན་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་མི་ཆོས་གཙང་མ་བཅུ་དྲུག་སོགས་གཏན་ལ་ཕབ་ནས་རྒྱལ་བོའི་ཆབ་སྲིད་ལ་ཆོས་ཀྱི་དབང་བསྒྱུར་བའི་ལམ་ལུགས་ཤིག་བྱུང་མྱོང་ལ། རང་རེའི་ཆོས་སྲིད་ཟུང་འབྲེལ་གྱི་ཁ་དབྱངས་ཀྱང་དེ་ནས་བྱུང་བ་འདྲ་ཡང་། སྐབས་དེ་ནས་བཟུང་སྟེ་བོད་རྒྱལ་ཁབ་ཆེན་པོའི་སྲིད་ལུགས་ལ་ཆོས་ཀྱི་ཁ་དབྱངས་ཀྱིས་གནོད་འཚབ་ཆེན་པོ་ཕོག་མྱོང་། དཔེར་ན་བན་བོན་འཐབ་དེ་ཡིན།
དེའི་རྗེས་ནས་བཟུང་སྟེ་བོད་སིལ་བའི་སྐབས་ཀྱི་གྲུབ་མཐའ་ཁག་དང་ཡུལ་ལུང་ཁག་གི་ནང་འཁྲུག་གིས་ད་ལྟའི་གནས་སྟངས་འདིར་སྐྱེལ་བ་རེད་ལ། དེ་དག་རིམ་སོ་སོའི་གནས་སྟངས་ལ་བལྟས་ན་ཆོས་སྲིད་ཟུང་འབྲེལ་ཞེས་པའི་ཡང་དག་པའི་ལམ་ལུགས་ཤིག་གྲུབ་མེད་པ་གསལ་བོ་ཡིན།
དེ་ལྟར་བསམ་བློ་ཞིག་བཏང་ན། ཉེ་རབས་ལོ་རྒྱུས་ཁྲོད་ཀྱི་དགའ་ལྡན་ཕོ་བྲང་གི་ལམ་ལུགས་ལ་བརྟག་དུས། ལྷག་ཏུ་བོད་རང་ལ་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཤིག་གྲུབ་མེད་པ་གསལ་བོ་ཡིན། དཔེར་ན། རྒྱལ་མཆོག་སྐུ་ཕྲེང་ལྔ་བ་ནས་བཟུང་སྟེ། ཕྱི་ལོ་༥༩ལོའི་བར་གྱི་བོད་སྡེ་བ་གཞུང་གི་བཀའ་བློན་ཕེབས་སྟངས་དང་། དེས་ཆོས་སྲིད་ཀྱི་ལམ་ལུགས་ལ་བདག་པོ་རྒྱག་གིས་ང་ཚོར་ཆོས་སྲིད་ཟུང་འབྲེལ་ཞེས་པའི་ལམ་ལུགས་ཤིག་གྲུབ་མེད་པ་གསལ་བོ་ཡིན། གལ་སྲིད་ང་ཚོར་མ་ཁི་སུས་གསུངས་པའི་ཆོས་སྲིད་ཟུང་ཞེས་པའི་ཡང་དག་པའི་ལམ་ལུགས་དེ་ལྟ་བུ་ཞིག་གྲུབ་ཡོད་ན། ཨེ་ཤ་ཡའི་གླིང་གི་སྟོབས་དང་ལྡན་པའི་རྒྱལ་ཁབ་ཅིག་ད་ལྟའི་གནས་སྟངས་འདི་འདྲ་ཞིག་ལ་ལྷུང་ག་ལ་སྲིད།
དེ་དང་དེ་ལྟ་བུའི་སྒང་ནས་ངས་བོད་གནའ་སྔ་མོ་ནས་ད་བར་དུ་ཆོས་སྲིད་ཟུང་འབྲེལ་ཞིག་གྲུབ་མེད་པར་འདོད་ལ། རང་རེའི་གོང་ས་ཡིད་བཞིན་ནོར་བུས་ཀྱང་ཆོས་སྲིད་ཟུང་འབྲེལ་ཞིག་ལམ་ལུགས་ཡང་དག་པ་དེ་གྲུབ་མེད་པར་འདོད་པ་ནི། ཁོང་གིས་ཡང་དང་ཡང་དུ་ང་མ་ཁི་སུའི་རྗེས་འབྲངས་པ་ཡང་དག་ཅིག་ཡིན་ད་ཞེས་གསུང་མྱོང་བ་མ་ཟད། མ་ཁི་སུའི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ལ་ཐུགས་འདུན་ཆེན་གནང་གི་ཡོད།
གོང་གི་འདི་དག་ནི་གུས་པོའི་བསམ་ཙམ་ཡིན་ལ། ཞིབ་ཏུ་རྗེས་མར་འབྲི་རྩིས་ཡོད།
ད་རེས་ཡག་པོ་ཞེ་དྲག་གསུང་ཤག བཀའ་མོལ་འདི་ལྟར་སོང་ན་གོ་རྒྱུ་ཚོར་རྒྱུ་ཞིག་འདུག
ད་ནངས་པཱ་ལེ་ཉོ་མཁན་གྲྭ་རྒན་ཞིག་ཕེབས་སོང་། ངས་ཁོང་ལ་ནམ་རྒྱུན་དྲི་བ་འདྲ་མིན་འདྲི་ཀི་ཡོད། ད་རེས་ཆོས་སྲིད་ཟུང་འབྲེལ་གྱི་སྐོར་ལ་དྲིས་པ་ཡིན། ཁོང་གིས་ང་རང་ཧང་སངས་སུ་བཅུག་སོང་།
༡ ཆོས་དེ་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་མེད་ཅིག་ཡིན་སྟབས། དེ་ཉམས་ལེན་པའི་སྡེ་མཚོན་ན་མི་དགེ་བ་བཅུ་སྤོང་བྱ་ཡིན། ཡང་སྒོས་སྲོག་གཅོད་རྫུན་སྨྲ་བ། མ་བྱིན་ལེན་པ། ལོག་ལྟ་འདུལ་ཁྲིམས་གཙང་མིན་གྱི་ཚད་གཞི་འཇལ་བྱེད་ཡིན།
༢ སྲིད་དེ་ལྟ་བ་རྟེན་འབྱུང་དུ་བཤད་ཆོག་ཀྱང་སྤྱོད་པ་འཚེ་བ་རེད། འཚེ་བ་ཞེས་པའང་སྲོག་གཅོད་པ་ཙམ་མ་ཡིན་པར་རྫུན་བཤད་པ། སྤྱི་དངོས་དང་གཞན་གྱི་གསང་གནས་མ་བྱིན་པར་ལེན་པ། མི་ལ་ཁ་བཏང་ནས་ཕ་རོལ་བོ་མི་བདེ་བཟོ་བ། ང་རང་རྒྱལ་འདོད་ཀྱི་ཀུན་སློང་ཡལ་བ་མེད་པ་ཞིག་ཡིན། མང་ཚོགས་ལ་འཚོ་བ་སོགས་དོ་མཉམ་དུ་གཏོང་མ་ཐུབ་པའི་བྱས་ཉེས་སོགས་ལ་གོ་ཆོག དེ་བས། སྲིད་ཀྱི་སྣེ་མོར་འཇུ་བཞིན་པའི་དགེ་སློང་སོགས་ཀྱང་འདུལ་བའི་གཞུང་དུ་གསུངས་པའི་དགེ་སློང་དེར་ངོས་འཛིན་ཐུབ་མེད། ཡིན་ནའང་། བོད་ལུགས་དགེ་སློང་ཞེས་འདོགས་ཆོག་ཀྱང་སྲིད་ཅེས་གསུང་སོང་།
དྲྭ་རོགས་གནའ་བོའི་འུ་ཚང་གི་ལོ་རྒྱུས་ཁྲོད། བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་བྱུང་འཕེལ་དང་འབྲེལ་བའི་བོད་གཞུང་དགའ་ལྡན་ཕོ་བྲང་གི་ལོ་རྒྱུས་ནི། རི་བོ་དགེ་ལྡན་པའི་གྲུབ་མཐའི་ཆག་འཇིག་གི་ཁྲག་རྩ་དང་འབྲེལ་ཡོད་པ་དངོས་ཡོད་ཀྱི་ལོ་རྒྱུས་ཤིག་རེད། ཡིན་ནའང་སྐབས་དེའི་ཆོས་ལུགས་མི་སྣའི་ཁྲོད་ཀྱི་སྲིད་དོན་དབང་འཛིན་པ་ཚོའི་མདུན་དུ། ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཤིག་གང་ན་ཡོད། ཁོ་བ་ཚོའི་མདུན་དུ་ཤ་རུལ་ལ་སྦྲང་མ་འཁོར་བ་བཞིན་སྒེར་གཅོད་པ་དང་ཆིག་གཅོད་ཀྱི་ལྟ་ངན་འཛིན་པ་གང་མང་ཞིག་གིས་གཞོགས་འདྲོགས་དང་ཧོལ་རྒྱུག་བྱེད་བཞིན་སོ་སོས་གང་འདོན་བཞིན་ལས་ལ་བརྩོན་བཞིན་ཡོད། དེ་བཞིན་སྔོན་ཆད་ཕྱི་གླིང་བ་ཚོའི་ཁ་ནས་ཀྱང་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཞེས་འབོད་མྱོང་ཡོད་ནའང་། ཁོ་བ་ཚོའི་ཁྲིམས་ཀྱི་མདུན་ས་ནས་ཆོས་ལུགས་པ་ཚོའི་གཉའ་བ་གཅོག་ཅི་ཐུབ་བྱས་པ་རེད། དེ་བཞིན་འུ་ཚང་གི་སྔོན་གྱི་ཆོས་སྲིད་ཟུང་འབྲེལ་ཞེས་པའི་བགྲོད་ལམ་དེའི་མདུན་དུའང་། བོད་ཀྱི་སྲིད་དོན་པ་དང་སྲིད་དོན་གྱི་བྱ་འགུལ་གང་མང་ཞིག་གི་གཉའ་བ་གཅོག་ཅི་ཐུབ་བྱས་མྱོང་ཡོད་པ་མ་ཟད། ཆོས་ལུགས་པའི་ཁྲོད་ཀྱི་སྲིད་དོན་པ་དེ་ཚོས་རང་རང་གི་གོ་ཐོབ་དང་གཞིས་ཀའི་ཆེད་དུ་ཁྲག་དྲི་བྲོ་བའི་ཕུ་ནུ་ནང་འཁྲུག་གི་འཐབ་རྩོད་དང་། ཆོས་བརྒྱུད་དང་གྲུབ་མཐའི་བར་ན་བརྗེད་དཀའ་བའི་ལོ་རྒྱུས་ཀྱི་གོད་ཆག་གང་མང་ཞིག་འཇོག་མྱོང་བ་རེད་ལོ།
ཆོས་དང་སྲིད་གཉིས་མཉམ་དུ་འགྲོ་ཐབས་མེད་པ་ཡིན། ཡིན་ན་ཡང་ཆོས་ལུགས་མི་སྣས་སྲིད་བྱས་མི་ཆོག་པ་དང་སྲིད་ཀྱི་མི་སྣས་ཆོས་བྱེད་མི་ཆོག་པའི་གནད་དོན་ཞིག་མ་རེད། ལས་སླ་བོའི་སྒང་ནས་བཤད་ན་སྤྱིར་བཏང་ཆབ་སྲིད་ཀྱི་ནང་ལ་རྙོག་དྲ་མང་པོ་ཡོད་པ་དང་དེའི་སྒང་ལ་ཆོས་ལུགས་གནན་ན་རྙོག་དྲ་མང་རུ་འགྲོ་ཡ་མ་གཏོགས་གཞན་མེད། རྒྱལ་ཁབ་ཞིག་ལ་མཚོན་ན་སྲིད་ཁྲིམས་དང་ཆོས་ཁྲིམས་གཉིས་ཀྱི་ནང་ནས་སྲིད་ཁྲིམས་གལ་ཆེན་པོ་རེད། དེ་ཙང་ཆོས་སྲིད་ཟུང་འབྲེལ་བྱས་ན་སྲིད་ཁྲིམས་དེ་ལ་ཆོས་ཁྲིམས་ཀྱིས་གནོན་ཤུགས་ཡོང་གི་རེད། དེ་དུས་སྲིད་ཁྲིམས་དེ་ཁྲིམས་ཀྱི་དབང་བསྒྱུར་འོག་ལ་འགྲོ་མཚམས་བཞག་ནས་གང་ཟག་གི་དབང་བསྒྱུར་འོག་ལ་འགྲོ་རྒྱུ་གཉེན་ཁ་ཡོད་པ་རེད། ཆོས་སྲིད་ཟུང་འབྲེལ་གྱི་སྣང་བརྙན་ཡོད་ཆོག་མོད་ལག་ལེན་ལ་རྩ་བ་ནས་ལྟར་རྒྱུ་མེད་པ་རེད་བསམ།
སྐད་ཆ་སྙན་པོ་འདི་འདྲ་མང་པོ་མང་པོ་བཤད་མྱོང་ཡོད་རེད།
དོན་དངོས་ཐོག་ཆོས་སྲིད་ཟུང་འབྲེལ་སྟེང་དུ་འགྲོ་ཡར་ཁག་པོ་ཞེ་དྲགས་རེད།
སྔོན་མར་མཁས་དབང་བཀའ་ཁྲི་རིན་པོ་ཆེ་ཡང་འདི་འཐད་ནས་གསུང་སྐད་མང་པོ་ཤོར་མྱོང་ཡོད་རེད་ལོ། ཉམས་ཞིབ་ནན་པོ་གནང་རོགས་མ་གཏོགས་
ཟུང་འབྲེལ་ཟུང་འབྲེལ་ཟེར་མང་དྲགས་ན་་་་ག་འདྲ་ཆགས་ཀྱིན་ཡོད་མེད་གསལ་པོ་བཤད་ཐུབ་མ་རེད་བསམ་བཞིན་ཡོད།
གང་ལྟར་ཡང་ ཆོས་ནི་གཞན་ལ་འཚེ་བ་སྤང་དགོས་པས་སྲིད་་ལ་ཕན་པ་ལས་གནོད་པ་མང་བ་ཡོང་སྲིད་། ཡིན་ན་ཡང་་བོད་མི་རིགས་འདི་ནང་ཆོས་ཀྱི་གཞི་རྩ་འཛིན་མཁན་གཙོ་བོ་ཆགས་ཡོད་རུང་ འདས་པའི་ལོ་ངོ་རྒྱ་ཕྲག་མང་པོའི་ནང་བོད་མི་རིགས་རྣམས་བཀའ་བཀོད་རྒྱུད་འཛིན་གྱི་ལམ་བུ་སྐྱུགས་དྲོ་པོ་དེ་འདྲའི་ནང་འཚོ་བ་སྐྱེལ་དགོས་དོན་གང་ཡིན་ནམ དེ་དུས་ང་ཚོའི་ནང་པ་སངས་རྒྱས་ཀྱི་ཆོས་དེ་གང་དུ་སོང་བ་རེད་། བྱམས་དང་སྙིང་རྗེ་གང་དུ་སོང་བ་རེད་།
འདི་འདྲའི་རིགས་མ་གཏོགས་རྩོམ་ཡིག་མི་རེག་པ་ཡིན་ནམ།མ་མཁོ་བ་ཡིན་གང་ལྟར་དེང་སང་དུས་བབ་ཀྱིས་ང་གཏན་ནས་འདོད་པ་མི་ཁེངས་ཀི་ག་རེ་བྱས་སོང་ངམ།གསར་འགྱུར་ནེ་མི་འདུག་རྩོམ་ཡིག་བྲོ་བ་ཅན་ཞིག་ནི་ཀློག་རྒྱུ་རེག་གི་མི་འདུག་ད་འདི་ལ་ཅེར་ནས་ག་རེད་བྱེད་དམ་དུས་ཚོད་འཕྲོ་ལྷག་རང་རེད་ད།
ལྷོ་ཕྱོགས་ཉི་ཟླ་ལགས་ཧ་ཅང་ཡག་པོ་སྤེལ་འདུག
སྒྲུབ་བྱེད་དང་དེ་ཚོ་བདག་གི་ཧ་ཅང་ཡག་པོ་མཐོང་སོང་།
དེ་མིན༸གོང་ས་མཆོག་གིས་བཀའ་སློབ་དེ་ཞེ་དྲག་ནན་མོ་རེད།
ཐུགས་རྗེ་ཆེ་ཞུའོ།