མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་ལྟ་བཙན་བྱོལ་བོད་མིའི་གྲངས་འབོར་ ༡༢༧༩༣༥ རེད།

བོད་ཀྱི་དུས་བབ།
༢༠༡༠/༡༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

 

བཙན་བྱོལ་བོད་གཞུང་གི་ ༢༠༠༩ ལོའི་མི་འབོར་ཞིབ་བཤེར་ལྟར་ན། ད་ཆར་བཙན་བྱོལ་ནང་ཁྱོན་བོད་མི་ ༡༢༧༩༣༥ ཡོད་པ་ལས་ཕོ་  ༧༠༥༥༦ དང་། མོ་ ༥༧༣༧༩ བཅས་ཡིན་འདུག་ལ། ཕྱི་ལོ་ ༡༩༩༨ ལོའི་མི་འབོར་ཞིབ་བཤེར་དང་བསྡུར་ན་མི་ ༡༦༩༡༥ ཙམ་འཕར་ཡོད།

ཟླ་འདིའི་ཟླ་མགོར་བོད་གཞུང་འཆར་འགོད་ལྷན་ཁང་གིས་ལོ་སྔོན་མར་བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་ཐེངས་གཉིས་པ་གནང་བའི་སྙན་ཐོ་བཏོན་པའི་ནང་། དེང་སྐབས་བཙན་བྱོལ་ཁྱོན་ཡོངས་སུ་བོད་མི་གྲངས་ ༡༢༧༩༣༥ ཙམ་ཡོད་འདུག་ཅིང་། དེ་དག་གི་ཁྲོད་ཕོ་  ༧༠༥༥༦ དང་མོ་ ༥༧༣༧༩ བཅས་ཡིན་ཞིང་། རྒྱ་གར་དུ་བོད་མི་ ༩༤༢༠༣ ཡོད་པ་དང་། བལ་ཡུལ་དུ་བོད་མི་ ༡༣༥༡༤། འབྲུག་ཡུལ་དུ་བོད་མི་ ༡༢༩༨། དེ་བཞིན་ཕྱི་རྒྱལ་ཁག་ཏུ་བོད་མི་ ༡༨༩༢༠ བཅས་ཡོད་འདུག ༡༩༩༨ ལོའི་བཙན་བྱོལ་བོད་གཞུང་གི་མི་འབོར་ཞིབ་བཤེར་ཐེངས་དང་པོའི་སྐབས། བཙན་བྱོལ་ཁྱོན་ཡོངས་སུ་བོད་མི་གྲངས་ ༡༡༡༠༢༠ ཙམ་ཡིན་ཞིང་། སྔ་ཕྱི་གཉིས་བསྡུར་ན་ཐེངས་འདིར་མི་གྲངས་  ༡༦༩༡༥ ཙམ་ཡར་འཕར་ཡོད་འདུག བཙན་བྱོལ་བོད་མིའི་གྲངས་འབོར་གྱིས་འཛམ་གླིང་སྟེང་གི་བོད་རིགས་ཀྱི་བརྒྱ་ཆ་ ༣ ཙམ་ཟིན་ཡོད།

 

བཙན་བྱོལ་བོད་མིའི་ཚོགས་སྡེ་ཁག་དང་སློབ་གྲྭ་ཁག དགོན་སྡེ་སོགས་གཙོས་བོད་མིའི་སྤྱི་ཚོགས་ནང་གཏན་སྡོད་བྱེད་མཁན་བོད་རིགས་མ་ཡིན་པ་གྲངས་ ༡༥༤༦༡ ཙམ་ཡོད་འདུག་ལ། ཐེངས་སྔོན་མའི་མི་འབོར་ཞིབ་བཤེར་དང་བསྡུར་ན། བོད་མིའི་གཞིས་ཆགས་ཁག་ཏུ་གཏན་སྡོད་བྱས་ཡོད་པའི་ཕྱི་མིའི་གྲངས་འབོར་ལྡབ་ ༢༤ མང་དུ་ཕྱིན་ཡོད་ཅིང་།  ༡༩༩༨ ལོ་ནས་ ༢༠༠༩ བར་བཙན་བྱོལ་བོད་མིའི་གྲངས་འབོར་ ༡༦༩༡༥ འཕར་ཡོད་པ་དེ་བལ་ཡུལ་དང་འབྲུག་གཉིས་ཀྱི་གཞིས་ཆགས་བོད་མིའི་གྲངས་ཚད་ཕྱོགས་གཅིག་ཏུ་བསྡོམས་པའི་གྲངས་འབོར་ལས་བརྒལ་ཡོད།

འདས་པའི་མི་ལོ་སུམ་ཅུའི་རིང་གི་བཙན་བྱོལ་བོད་མིའི་ལོ་རེའི་འཕེལ་ཚད་རགས་རྩིས་བྱས་ན་བརྒྱ་ཆ་ ༢་༨  མར་ཆག་ཡོད་པ་དང་། ༢༠༠༩ ལོའི་མི་འབོར་ཞིབ་བཤེར་ལྟར་ན་ལོ་རེའི་མི་འབོར་འཕེལ་རྒྱས་ཀྱི་བརྒྱ་ཆ་ ༡་༩༦ ལས་མེད། ལོ་རབས་དགུ་བཅུ་བ་ནས་མི་འབོར་འཕེལ་ཚད་མར་ཆག་བཞིན་ཡོད་པའི་ཁ་ཕྱོགས་དེས་མུ་མཐུད་འབྱུང་འགྱུར་གྱི་ལོ་རེའི་མི་འབོར་ཟགས་ཚད་ཇེ་མགྱོགས་སུ་འགྲོ་རྒྱུ་ཡིན་པ་མཚོན་ཡོད། འདས་པའི་མི་ལོ་བཅུ་ཕྲག་འགའི་ནང་བཙན་བྱོལ་བོད་མིའི་སྐྱེ་འཕེལ་གྱི་གྲངས་ཚད་དང་འདས་གྲོངས་སུ་ཕྱིན་པའི་གྲངས་ཚད་གཉིས་ཀ་མར་ཆག་ཡོད་ཐོག སྐྱེ་འཕེལ་གྱི་གྲངས་ཚད་མར་ཆག་པ་དེ་འདས་གྲོངས་སུ་ཕྱིན་པའི་གྲངས་ཚད་ལས་བརྒལ་ཡོད་འདུག་པ་སོགས་བཀོད་འདུག

 

ཕྱི་ཚེས་ ༤ ཉིན་འདི་གའི་གསར་འགོད་པས་བོད་གཞུང་འཆར་འགོད་ལྷན་ཁང་གི་འགན་འཛིན་དཀོན་མཆོག་བརྩོན་འགྲུས་ལགས་སུ་དེའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས་གསུངས་དོན། ༢༠༠༩ ལོའི་མི་འབོར་ཞིབ་བཤེར་གྱི་འགེངས་ཤོག་ནང་ཡོངས་ཁྱབ་ཐོག་དྲི་བ་ ༦༤ ཙམ་ལ་གནས་ཚུལ་ཕྱོགས་བསྡུ་བྱས་ཏེ། མི་ཚང་གཅིག་གི་མི་འབོར་དང་ཕོ་མོ། ལོ་གྲངས། དཔལ་འབྱོར། ཤེས་རིག ཆབ་སྲིད། སྡོད་གནས་དང་འཚོ་བའི་གནས་སྟངས་བཅས་ཆ་ཚང་འདུས་ཡོད་པའི་མི་འབོར་ཞིབ་བཤེར་ཚད་མཐོ་ཤོས་ཤིག་རེད།

ད་ལྟའི་ཆར་ཚོད་དཔག་བྱས་པ་ལྟར་ན། བཙན་བྱོལ་ནང་བོད་མི་འབུམ་གཅིག་དང་ལྔ་ཁྲི་ལྷག་ཅིག་དགོས་པ་རེད་ཅེས་ཚང་མས་བཤད་ཀྱི་ཡོད་ལ། འཕར་ཚད་བརྒྱ་ཆ་གཉིས་བྱས་ན་དེ་ལྟ་བུ་ཞིག་ཏུ་བསླེབ་དགོས་ཀྱང་། ང་ཚོའི་འཕར་ཚད་ཧ་ཅང་དམའ་བོ་རེད། དེ་ནི་ཕྱི་སྡོད་བོད་མི་མང་དུ་ཕྱིན་པ་དང་བཙན་བྱོལ་བོད་མི་ཉུང་དུ་ཕྱིན་སྟབས་རེད། དཔེར་ན། ལོ་སྔོན་མའི་བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་ནང་། ཕྱིའི་རྒྱལ་ཁབ་ཁག་གི་མི་སེར་དང་རྒྱ་གར་གྱི་མི་སེར་བཟོས་ཟིན་པའི་བོད་མི་མང་བོ་ཞིག་མཉམ་ཞུགས་བྱས་མེད། གལ་སྲིད་ཁོང་ཚོ་མི་འབོར་ཞིབ་བཤེར་ནང་འཛུལ་ན་འགོག་རྐྱེན་མེད་པ་དང་རྒྱ་གར་གཞུང་ཕྱོགས་ནས་དཀའ་ངལ་འཕྲད་ཀྱི་མེད་པ་ང་ཚོས་ཤེས་ཀྱི་ཡོད་མོད། དོགས་ཟོན་བྱས་ཏེ་མ་འཛུལ་བ་ཆགས་ཡོད། དེའི་རིགས་བོད་མི་ཡིན་ནའང་། མི་འབོར་ཞིབ་བཤེར་གྱི་གྲངས་ཐོའི་ནང་ཚུད་མེད། ཅེས་གསུངས།

 

ཡང་ཁོང་ལ་མི་འབོར་ཞིབ་བཤེར་འདི་བརྒྱུད་འདས་པའི་ལོ་བཅུའི་རིང་གི་བོད་མིའི་ཤེས་ཡོན་གནས་ཚུལ་གང་དུ་བསླེབས་ཡོད་མེད་སྐོར་དྲིས་པར་ཁོང་གིས་གསུངས་དོན། མི་འབོར་ཞིབ་བཤེར་འདི་བརྒྱུད་འདས་པའི་མི་ལོ་ལྔ་བཅུའི་རིང་གི་བཙན་བྱོལ་བོད་མིའི་ཤེས་ཡོན་གནས་སྟངས་ཀྱང་གསལ་བོ་བྱུང་ཡོད། ཤེས་ཡོན་གནས་ཚུལ་ནང་ཚད་འཛིན་སའི་གྲངས་ཀ་ཆེ་བ་ཁག་ཅིག་ཡོད་པ་ལས། དཔེར་ན། ཡིག་རྨོངས་སེལ་བ་ལྟ་བུ་རེད། ༡༩༥༩ ལོར་ང་ཚོ་འདིར་འབྱོར་སྐབས་ཡིག་རྨོངས་ཀྱི་ཚད་གཞི་མཐོ་བོ་རེད། དེ་བཞིན། ལོ་རབས་བརྒྱད་ཅུའི་ནང་བརྒྱ་ཆ་ ༦༠ ཡས་མས་དང་། ༡༩༩༨ ལོའི་ཞིབ་བཤེར་སྐབས་བརྒྱ་ཆ་ ༧༠ ཟིན་ཡོད། སྔར་ལོ་བརྒྱ་ཆ་ ༨༤ ཙམ་ཟིན་ཡོད་སྟབས། ལོ་བཅུའི་ནང་དུ་བརྒྱ་ཆ་བཅུ་ལྷག་འཕར་ཡོད། ད་ལྟ་བཙན་བྱོལ་བོད་མིའི་ཡིག་རྨོངས་བརྒྱ་ཆ་ ༢༠ མ་ཟིན་ཙམ་ལས་མེད་ལ། དེ་དག་ཁྲོད་ཕོ་ལས་མོ་མང་བ་ཡོད་ཀྱང་། སློབ་གྲྭ་དང་མཐུན་རྐྱེན་གང་ལེགས་བསྐྲུན་ཡོད་སྟབས། ༢༠༢༠ ལོ་ཡས་མས་ལ་བརྒྱ་ཆ་བརྒྱའི་ཡིག་རྨོངས་སེལ་རྒྱུའི་ཆ་རྐྱེན་ཚང་འདུག

དཔལ་འབྱོར་གནས་སྟངས་ལ་ཆ་བཞག་ན་ཡང་ ༡༩༩༨ ལོ་དང་བསྡུར་ན། ད་ལྟའི་གནས་སྟངས་ཧ་ཅང་ཡག་ཏུ་ཕྱིན་འདུག བོད་མི་བརྒྱ་ཆ་ལྔ་བཅུ་ལྷག་ལ་དངུལ་ཁང་གི་དངུལ་དེབ་ཡོད་པ་དང་། ཕལ་ཆེ་བར་ནང་དུ་འཁྲུད་ཁང་གསང་སྤྱོད་ཡོད་པ། བརྒྱ་ཆ་བརྒྱ་ལ་གློག་གི་མཐུན་རྐྱེན་ཡོད་པ་ལྟ་བུ་ཆགས་ཡོད་ཟེར།  

 

ཡང་ཁོང་ལ་འདས་པའི་ལོ་བཅུའི་རིང་གི་ཕྲུ་གུ་སྐྱེ་ཚད་ཀྱི་འཕར་ཆག་སྐོར་བཀའ་འདྲི་ཞུས་པར། ཁོང་གིས་གསུངས་དོན། ཕྲུ་གུ་སྐྱེས་པའི་འཕར་ཚད་ལ་ཐོལ་གྱིས་བལྟས་ན་སེམས་ཁྲལ་ལངས་ཡོང་ནའང་། ཡང་ཕྱོགས་གཞན་ནས་བལྟས་ན་འཕར་ཚད་དེ་ནི་དུས་ཀྱི་འཕོ་འགྱུར་ཞིག་རེད། འཛམ་གླིང་སྤྱི་ཡོངས་ཀྱི་འགྲོ་སྟངས་ལྟར་བྱས་ན། མི་འབོར་གྱི་འཕར་ཚད་མཐོ་བ་ནས་དམའ་བར་འགྲོ་བཞིན་འདུག རྒྱ་གར་ལྟ་བུ་ཡིན་ནའང་ཕྲུ་གུ་དྲུག་ནས་གསུམ་ལ་མར་ཟགས་ཡོད། ཡིན་ནའང་། ང་ཚོའི་ཕྲུ་གུ་སྐྱེ་བའི་འཕར་ཚད་མར་ཟགས་པ་ཧ་ཅང་གི་མྱུར་པོ་རེད། རྒྱལ་ཁབ་ཅིག་གི་ལོ་ ༥༠ ནང་གི་ཟགས་ཚད་དེ་ང་ཚོར་ལོ་ ༣༠ ཆགས་འདུག དཔེར་ན། ༡༩༨༧ ནས་ ༨༩ བར་ཕྲུ་གུ་སྐྱེ་ཚད་ ༤་༩ ཡིན་ཡང་།  ༡༩༩༨ ལོར་ ༡་༢༢ དང་། ཐེངས་འདིར་ ༡་༡༨ ཙམ་རེད། དེར་བརྟེན། ཕྲུ་གུ་སྐྱེས་ཚད་ཧ་ཅང་གི་ཉུང་ཉུང་རེད་ལ། སྐྱེ་ཚད་ཉུང་ཉུང་ཡིན་སྟབས་མི་འབོར་འཕར་ཚད་ཀྱང་དེ་མཚུངས་ཀྱིས་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བཞིན་འདུག  

གང་ལྟར་ཕྲུ་གུ་སྐྱེ་ཚད་དེར་ཅུང་ཙམ་བློ་ཕམ་སྐྱེ་གཞི་ཞིག་ཡོད་ལ། བཀའ་བློན་ཁྲི་པ་མཆོག་གིས་ཀྱང་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་སྐབས། ལོ་ཉི་ཤུ་ཕྱིན་ན་བོད་མིའི་མི་འབོར་ཕྱེད་ཀ་མར་ཆག་ངེས་རེད་ཅེས་གསུངས་ཡོད། དེ་ནི་མི་རིགས་ཤིག་གི་སྐྱེས་འཕེལ་གྱི་ཚད་གཞི་བརྒྱ་ཆ་གཅིག་གི་འོག་གནས་ཡོད་ཚེ། མི་རིགས་དེའི་འཕར་ཚད་མར་ཆག་གི་ཡོད་པས་རེད། ཅེས་གསུངས་བྱུང་།

༢༠༠༩ ལོའི་བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་གྱི་སྙན་ཐོའི་ནང་བཀོད་པ་ལྟར་ན། ཐེངས་འདིའི་མི་འབོར་ཞིབ་བཤེར་གྱི་དམིགས་འདུན་ནི། རྒྱ་བལ་འབྲུག་གསུམ་ནང་གི་གཞིས་ཆགས་ཁག་གི་སྤྱི་ཚོགས་ཡར་རྒྱས་དང་སྲ་བརྟན་བཟོ་རྒྱུའི་ལས་གཞི་ཁག་གི་ཆེད་མི་འབོར་གཞིར་བཟུང་གིས་སྤྱི་ཚོགས་དང་། དཔལ་འབྱོར། ཤེས་ཡོན། འཕྲོད་བསྟེན་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་དགོས་གལ་ཆེ་བར་བརྟེན་ནས་ཐག་གཅོད་བྱུང་བ་ཞིག་ཡིན་སྐོར་བཀོད་འདུག

 

གསར་འགོད་པ། ཨ་རིག་འགྱུར་མེད་དང་བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་གྱི་འོས་མིར་ལང་རྒྱུ་ཡིན་འདུག

ཆུ་ཚོད་ ༥ སྔོན་ལ།
ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

༢༠༢༥/༠༥/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

༢༠༢༥/༠༥/༡༢
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩

མཆན། 14

  1. དྲང་སྲོང་། says:
    ལོ་ 14 སྔོན།

    ཨ་རིག་འགྱུར་མེད། དེང་སྐབས་འཛམ་གླིང་འདིར་མི་མང་དྲག་ནས་འཁོར་ཡུག་གི་འདངས་ཀྱིན་མེད། འདི་ནི་མ་འོང་སའི་ཀོ་ལ་སྟེང་གི་སྔངས་སྐྲག་སྐྱེ་ཡུལ་ཆེ་ཤོས་ཡིན། མ་ཟད་མི་མང་དྲག་པའི་སྐྱེན་གྱིས་རིན་ཐང་ཅན་གྱི་སྲོག་ཆགས་དང་། རང་བྱུང་ཁམས་ཀྱི་གཏེར་དངོས་རྣམས་ཕར་ཆེར་རྫོགས་ཟིན།
    ལྷག་པར་དུ་དབུལ་བོ་མང་དྲག་པའི་གནད་དོན་ཧ་ཅིང་ཆེན་པོ་ཡོད། དེས་ནས་འཛམ་གླིང་འདིར་སྐྱབས་བཅོས་དང་། དབུལ་བོ་ཅི་ཙམ་མང་ན་དེ་ཙམ་གྱི་སྙོག་གྲ་ཇེ་མང་ཡིན། བོད་མི་སྐྱབས་བཅོལ་བའི་མི་གྲངས་མང་ལ་འབྱོར་བ་དམན་པར་གྱུར་ན། བོད་སྤྱིའི་ཆས་དོན་སྒྲུབ་རྒྱུ་ཕར་ཞོག ཐ་ན་ཁོང་ཚོའི་འཚོ་བ་ལ་སྐ་ངལ་ཕྲད་ཐག་ཆོད་ཡིན།
    འོན་ཀྱང་ཀྱིས་ཕྲུ་གུ་བཟོ་རྒྱུ་ལ་ཤུགས་རྒྱག་འདོད་ན་དེ་ནི་ཁྱེད་རང་གི་འདོད་མོས་ལྟར་ལོས་བྱེད།

    Reply
  2. ཤག་སྒང་པ། says:
    ལོ་ 14 སྔོན།

    དཔལ་འབྱོར་མེད་ན་བུ་ཕྲུག་བཟོ་ཐབས་མེད་ལ། དཔལ་འབྱོར་ཡོད་ན་བུ་ཕྲུག་ཀྱང་བཟོས་ཆོག་པར་སེམས། མི་རིགས་ཤིག་རྒྱུན་དུ་གནས་དང་མ་གནས་ཟེར་བའི་རྩ་བ་མི་རྒྱུད་ལ་ཐུག་པ་དངོས་འབྲེལ་རེད། འོན་ཀྱང་གང་ཡང་མེད་པའི་གཞན་བརྟེན་གྱི་འཚོ་བར་མུལ་བརྟེན་གྱི་བུ་ཕྲུག་དག་བསྐྱེད་བསྲིངས་བྱས་པས་ཕན་ཐོགས་རྩ་ནས་མེད། དེས་ན། བཙན་བྱོལ་བའི་བོད་རིགས་རྣམས་ལ་དཔལ་འབྱོར་གྱི་འདང་ངེས་ཡོད་ན་བུ་ཕྲུག་ལོས་ཀྱིས་ཟོ་ལ། མེད་ན་མཐའ་གཅིག་ཏུ་བཀག་ནས་བཞུགས་ན་བཟང་།

    Reply
  3. ཨ་རིག་འགྱུར་མེད། says:
    ལོ་ 14 སྔོན།

    དྲ་གྲོགས་ཐོ་རེངས། བོད་ཀྱི་རིགས་རྒྱུད་ཆད་སོང་ན། བོད་ཀྱི་མི་སྤུས་ཟེར་བ་དེ་ཇི་ལྟར་ཡོང་ཐུབ་བམ། སྤྱིར་དགོན་པ་གྲྭ་ཚང་ལྟ་བུ་དང་ཚོགས་སྡེ་ཁག་ཆུང་ཆུང་ཞིག་བཤད་ཀྱིན་ཡོད་ཚེ། མི་ཉུང་ཉུང་ནུས་པ་ཅན་དང་འཇོན་ཐང་ཅན། ཚན་རྩལ་ཅན་དང་ཡོན་ཏན་ཅན་ཡིན་ན་བཟང་མོད། མི་རིགས་ཆེན་པོ་ཞིག་གི་སྐད་ཆ་བཤད་ཀྱིན་ཡོད་དུས་མི་འབོར་ནི་གལ་ཆེ་སྟེ། ད་ལྟ་བོད་ཀྱི་རང་ས་རང་ཡུལ་ནས་བོད་མི་རིགས་རང་ཉིད་གྲངས་ཉུང་མི་རིགས་ཆགས་ཀྱིན་པའང་། མི་འབོར་ཉུང་བའི་སྐྱོན་ཡིན་ལ། རྒྱ་གར་གྱི་མི་རིགས་རྒྱ་མཚོ་འཕྱུར་བ་ལྟ་བུའི་ནང་དུ་བོད་མི་འཐའ་འཐོར་རེ་མ་གཏོགས་མེད་པའང་མི་འབོར་ཉུང་བའི་སྐྱོན་ཡིན།

    ད་དུང་ ༡་༡༨ ཅན་གྱི་ཟགས་ཚད་འདི་འདི་མུར་ཕྱིན་ན་དུས་ནམ་ཞིག་བོད་ཀྱི་མི་འབོར་ཟེར་དུས་མཛུབ་མོ་འཛུགས་ས་མེད་པ་ཞིག་ཆགས་རྒྱུ་གདོན་མི་ཟ་བ་དེ་རེད།

    Reply
  4. ཐོ་རེངས། says:
    ལོ་ 14 སྔོན།

    སྤྱི་ལོ་༡༩༤༠ ལོར་མོའི་ཙེ་དུང་གིས་མི་མང་པོ་ལ་སྟོབས་ཤུགས་ཡོད་ཅེས་བཤད་པ་དེ། ད་དུང་ཡང་བོད་མི་མང་པོ་ཞིག་གི་སེམས་ནང་ནས་འདོར་ཐུབ་མེད། སྤྱིར་མི་མང་ལ་སྟོབས་ཤུགས་ཡོད་པ་མངོན་གསལ་རེད། འོན་ཀྱང་དེང་སྐབས་སུ་རྒྱལ་ཁབ་སྟོབས་ཆེ་ཆུང་མི་གྲངས་ཀྱི་མགོར་འགྲོ་གྱིན་མེད།
    བོད་མི་རྣམས་ཀྱི་ཕྲུ་གུ་བཟོ་མི་ཐུབ་པར། མི་རིགས་རྒྱུན་ཆད་འགྲོ་སྙམས་པའི་བསམ་བློ་དེ་ཞེན་མི་དགོས་ས་ལ་ཞེན་སྣང་སྐྱེ་བ་ཞིག་རེད།
    རྒྱལ་ཁབ་ཡར་རྒྱས་འགྲོ་མིན་འདི་མིའི་སྤུས་ཚད་དང་དཔལ་འབྱོར་ལ་རག་ལས་ཡོད། མིའི་སྤུས་ཚད་ཞེས་པ་དེ་སྤྱི་ཚོགས་ལ་རིག་གནས་ཡོད་མེད་ལ་ཟེར། དེས་ན་བོད་མི་སྐྱབས་བཅོལ་བ་ཚོས་སློབ་སྦྱོང་ཡར་རྒྱས་གཏོང་རྒྱུ་ལ་ཤུགས་རྒྱབ་དགོས་པ་རེད་མ་གཏོགས་ཕྲུ་གུ་བཟོ་རྒྱུ་ལ་ཤུགས་རྒྱབ་དགོས་པ་མ་རེད།

    Reply
  5. ཨ་རིག་འགྱུར་མེད། says:
    ལོ་ 14 སྔོན།

    ཇི་ལྟར་བཤད་རུང་ ༡་༡༨ ཐོག་གི་ཕྲུ་གུ་སྐྱེ་ཚད་འདི་ནི་ད་ལྟའི་ང་ཚོའི་འཇིག་ཉེན་ཆེས་ཆེ་བ་ཞིག་རེད།

    ངའི་ཨ་ཡེས་ཨ་མྱེས་ཚོའི་སྐབས་ལ་བུ་བུ་མོ་དགུ་ཅན་དང་བཅུ་གཅིག་བཅུ་གཉིས་ཅན་མང་བོ་ཡོད་ལ། ངའི་ཨ་མར་ཡང་བསྡོམས་པས་མིང་སྲིང་དགུ་ཡོད། སྐབས་དེ་དུས་ཀྱི་འཚོ་བ་ནི་རིག་གནས་གསར་བརྗེ་ཆེན་མོའི་སྐབས་ཏེ། ལོ་ལོན་ཚོས་བཤད་ན་འཚོ་བར་ ༼ ཧྲིན་ཧོ་ ༽ དཀའ་ཁག་ཆེ་བའི་དུས་སྐབས་དང་འཁེལ་ཡོད།

    སྐབས་དེ་དུས་འཚོ་བར་དཀའ་ཁག་ཇི་ལྟར་ཆེ་རུང་བུ་བུ་མོ་མང་བོ་སྐྱེ་སྤེལ་བྱེད་པའི་ལུགས་སྲོལ་དེ་ཡོངས་ཁྱབ་ཏུ་གནས་ཡོད།

    དེའི་རྗེས་བོད་ནང་དུ་འཆར་ལྡན་བུ་སྐྱེས་སྲིད་ཇུས་ཟེར་བ་བྱུང་བ་རེད། དཔེར་ན། ངའི་ཕ་མ་དང་ཨ་ཁུ་ཨ་ནེ་མང་ཆེ་བར་བུ་བུ་མོ་གཉིས་དང་མང་ན་གསུམ་ལས་མེད། ང་ལ་སྤུན་ཆུང་བ་གཅིག་དང་སྲིང་མོ་ཞིག་ཡོད་ཀྱང་། སྤུན་ཆུང་བ་དེ་རང་ལོ་བདུན་གྱི་སྟེང་ནས་མ་འཚམ་པ་རེད།

    ད་ལྟའི་ཆར་གྲངས་ཉུང་མི་རིགས་ལ་དམིགས་བསལ་ཡིན་ཁུལ་གྱིས་བུ་བུ་མོ་གཉིས་རེ་སྐྱེ་ཆོག་མོད། ནམ་ཞིག་དེ་ཡང་མང་དྲགས་འདུག གཅིག་མ་གཏོགས་སྐྱེ་མི་ཆོག ཀྲུང་ཧ་མི་རིགས་ཚང་མ་འདྲ་མཉམ་བྱེད་དགོས། སྐྱིད་ན་སྐྱིད་མཉམ་དང་སྡུག་ན་སྡུག་མཉམ་བྱེད་དགོས་ཟེར་སྲིད།

    དེ་ལྟར་མར་མར་བབ་ན། བོད་གཞིས་སུ་མི་རིགས་ཀྱི་སྟེང་ནས་རེ་བ་རྒྱག་ས་ལྷག་མེད། དེ་ནི་རང་དབང་རང་འཐད་མིན་རུང་གཞུང་གི་སྟངས་འཛིན་རང་སྟེང་ནས་འུ་ཐུག་ཐབས་སད་དུ་གྱུར་བ་ཞིག་ཡིན་པས། མཇུག་མཐའི་རེ་བ་ཉག་ཅིག་ཡོད་པ་ནི་བོད་བྱེས་ཀྱི་མི་འབོར་ཉུང་བའི་སྐྱབས་བཅོལ་བོད་མི་རྣམས་ཡིན།

    ཕྱོགས་གཅིག་ནས་བསམ་ན་བཙན་བྱོལ་བོད་མིའི་འཚོ་བ་དངོས་གནས་སྐྱོ་བོ་རེད། ལྷག་པར་དུ་སྟོབས་ཆེན་རྒྱལ་ཁབ་ཁག་དང་རང་དབང་རང་བཙན་ཡོད་པ། ཡང་ན་རང་ས་རང་ཡུལ་ཡོད་པའི་མི་རིགས་གཞན་དང་བསྡུར་ན་སྐྱོ་བོ་རེད། ཕལ་ཆེར་འཚོ་བའི་དཀའ་ཁག་ཆེན་པོ་ཡོད་སྲིད།

    ཡིན་ནའང་། ལྡོག་སྟེ་བསམ་ན་དེ་ཙམ་གྱིས་སྐྱོ་བོ་ཡང་མ་རེད། གོང་དུ་བོད་ནང་གི་རིགས་གནས་གསར་བརྗེའི་སྐབས་ཤིག་བརྗོད་པ་ལྟར། འཚོ་བ་ཅི་ཙམ་གྱིས་སྐྱོ་ནའང་། རྒྱབ་ལ་གྱོན་རྒྱུ་དང་ལྟོ་བར་ཟ་རྒྱུ་ཏན་ཏན་རྙེད་ཀིན་ཡོད། ལྷག་པར་དུ་རྒྱ་གར་ཡུལ་མི་དབུལ་ཕོངས་རྣམས་དང་བསྡུར་ནའང་། སྐྱབས་བཅོལ་བ་དང་རི་མགོའི་བ་ཁའི་ཚོད་ཀྱི་འཚོ་བ་དངོས་གནས་སྐྱོ་བོ་མ་རེད། དེ་གཅིག་རེད།

    དེ་བཞིན་བྱང་ཕྱོགས་ངྷ་ས་ནས་ལྷོ་ཕྱོགས་ཀྱི་གཞིས་ཆགས་ཁག་ལ་དཔེ་བླངས་ནས་བཤད་ན། ཕྲུ་གུ་སྐྱེ་སྤེལ་བྱེད་མཁན་དག་ནི་འབྱོར་ལྡན་དང་གཞུང་གི་བྱ་བ་གཉེར་མཁན། ཡང་ན་ཤེས་ལྡན་མི་སྣ་སོགས་མིན་པར། ངྷ་སའི་སྲང་གི་མོག་མོག་དང་པག་ལེབ་བཙོང་མཁན་དང་། གཞིས་ཆགས་ཁག་གི་ཞིང་ལས་པ། འབྱོར་ཞན་པ། ཡིག་རྨོངས་པའམ་ཤེས་ཡོན་མེད་མཁན་རྣམས་རེད།

    འདི་ལྟར་བསམ་ན་ངེས་པ་དོན་གྱི་བོད་མི་རིགས་སྐྱོབ་མཁན་ནི་མང་ཚོགས་ཕལ་བ་ལས་ཁྱོད་རྫིག་ང་རྫིག་དང་། ཁྱོད་ཡིན་ང་ཡིན་ཟེར་མཁན་ཚོ་མ་རེད། ལྷག་པར་དུ་ཤེས་ཡོན་ཡོད་ཟེར་མཁན་དང་མི་རིགས་ཀྱི་ཆེད་དུ་སྐད་ཆ་བཤད་མཁན་ཚོ་གནད་འགག་ཏུ་ཐུག་དུས་ནམ་ཡིན་རུང་ཕྱིར་ནུར་བྱེད་ཀྱིན་ཡོད།

    Reply
  6. འདྲེ་མེ་འབུད། says:
    ལོ་ 14 སྔོན།

    མི་གྲངས་སྐྱེས་འཕེལ་མར་ཆག་ཚུལ་དེས་མི་རིགས་ཤུལ་སྟོང་དུ་ཆགས་པའི་ཕྱོགས་སུ་གོམ་པ་ཆེན་པོ་སྤོ་བཞིན་པ་མཚོན་གྱི་ཡོད་ལ། དགོན་པ་ཞིག་གི་དབང་དུ་བཏང་ན་གྲྭ་བའི་སྤུས་ཀ་བཟང་ངན་ལས་ཁ་གྲངས་ལ་རག་ལས་པ་ཞིག་མིན་ཡང། མི་རིགས་ཤིག་མི་རིགས་ཀྱི་ངོ་བོར་གནས་ཐུབ་མིན་ནི་མི་རིགས་དེའི་གྲངས་ཚད་དང་འབྲེལ་བ་དམ་པོ་ཡོད་པ་ཤིན་ཏུ་གསལ་བོ་ཡིན། དེར་བརྟེན་ཐབས་རྡུགས་པའི་གནས་ཚུལ་འདི་དག་ད་ལྟ་རྟོགས་མཁན་མང་ཡང་སྐྱོབ་མཁན་ཉུང་བ་ནི་གནད་དོན་གྱི་གནད་དོན་ཞིག་ཏུ་འཁུམས་སོ།།

    Reply
  7. ནད་པ says:
    ལོ་ 14 སྔོན།

    བཙན་བྱོལ་བོད་མིའི་མི་འབོར་གྱི་བསྡོམས་ཚིག་ཐེངས་འདིར་བཀོད་ཟིན་པའི་ནང་རྒྱ་གར་དུ་བོད་མི་༩༤༢༠༣ ཡོད་ཅེས་བསྟན་འདུག

    ད་རེས་མི་འབོར་གྱི་ལས་དོན་འདིའི་ནང་ད་དུང་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་ Bangalore ནང་གི་བོད་མི་མང་དག་གཅིག་གིས་ད་དུང་མི་འབོར་གྱི་ཐོ་འགོད་ག་དུས་བྱས་མིན་ཤེས་མ་བྱང་ཟེར་མཁན་གྱི་བོད་མི་མང་པོ་ཡོད་པ་དང་། དེ་དང་འདྲ་བའི་རྒྱ་གར་བྱང་ཤར་དང་ཁ་ཐོར་གྱི་བོད་མིའི་མང་དག་གཅིག་གིས་ད་དུང་ཁོང་ཚོའིསར་མི་བོར་གྱི་ཐོ་གཞུང་འགོད་མཁན་སླེབས་མ་བྱང་ཟེར་མཁན་གྱི་བོད་མི་མང་པོ་ཡོད་འདུག

    དེ་འདྲ་སོང་ཙང་ས་གནས་མང་པོ་ཞིག་ལ་ཐེངས་འདིའི་མི་འབོར་གྱི་ལས་དོན་ཚགས་ཚུད་ཡག་པོ་གཆིག་བྱུང་མེད་སྟབས་ད་དུང་ས་གནས་ཁག་ཏུ་བོད་མིའི་ཡོད་ཚད་ཐོ་གཞུང་ནང་བཀོད་ཐུབ་རྒྱུར་འབད་བརྩོན་བྱེད་གལ་ཆེ་བ་ཡིན།

    Reply
  8. སྨྲ་བརྗོད་རང་དབང་། says:
    ལོ་ 14 སྔོན།

    ང་ཚོའི་རང་དབང་འཐབ་རྩོད་ནི་བོད་མི་རྣམས་མ་ཟད་བྱམས་བརྩེ་ལ་དགའ་བའི་སྐྱེ་བོ་ཡོངས་ཀྱི་བདེ་སྐྱིད་ཀྱི་གཞི་རྩ་ཡིན་ཞེས་ ༧གོང་ས་མཆོག་གིས་རྒྱུན་དུ་གསུང་གི་འདུག དེར་བལྟས་ནས་བཤད་ན་ཡང་བོད་འདི་འཛམ་གླིང་ནང་ནས་ཚར་སོང་ན་ནི་རིགས་གཞན་ལ་གྲངས་འབོར་ཆ་ནས་དེ་ཙན་ཕན་ཐོགས་ཡོད་མེད་བཤད་དགའ་མོ་རེད། མ་གཞི་དཀའ་མང་བོ་ཞིག་མིས་བཟོས་པ་རེད། འདོད་རྔམ་གྱིས་བཟོས་པ་རེད་འགོགས་དགོས་ན་དེ་ཚོ་དགོས་རྒྱུ་རེད། མི་གྲངས་མང་ན་སྟོབས་ཤུགས་ཀྱང་ཡོད་ནི་རེད།

    Reply
  9. ཐོ་རེངས། says:
    ལོ་ 14 སྔོན།

    དེང་སྐབས་འཛམ་གླིང་ན་རྒྱལ་ཁབ་སྟོབས་ཆེན་ཆགས་པའི་རྒྱུ་སྐྱེན་གཙོ་བོད་ནི་མིའི་སྤུས་ཚད་ལ་རག་ལས་ཡོད་མ་གཏོགས་གྲངས་ག་ལ་གཏན་ནས་ཐུགས་མེད། སྤྱིར་མི་འབོར་མང་ལ་སྤུས་ཚད་ཞན་པ་འདི་ཡར་རྒྱས་མི་འོང་རྒྱུ་སྐྱེན་ཐུན་མོངས་མ་ཡིན་པ་ཞིག་ཆགས་ཡོད།
    དེས་ན་བོད་མིའི་སྤུས་ཚད་ཡར་གཏོངས་རྒྱུ་གལ་ཆེན་པོ་རེད་མ་གཏོགས་བྱིས་པ་མང་པོ་བཟོ་རྒྱུ་གཏན་ནས་གལ་ཆེན་པོ་མ་རེད།

    Reply
  10. དྲང་སྲོང་། says:
    ལོ་ 14 སྔོན།

    ད་ལྟ་ང་ཚོ་འཛམ་གླིང་སྤྱི་ལ་མཆོན་ན་མི་གྲངས་མང་དྲག་པའི་སྐྱེན་གྱིས་འཁོར་ཡུག་གི་འདང་ཀྱིན་མེད་ལ། འཁོར་སྲུང་སྐྱོབ་ལ་དོར་སྣང་ཡོད་མཁན་ཞིག་ཡིན་ནས་བཟུང་སྟེ་མི་འབོར་གོང་འཕེལ་མི་བཟོ་རྒྱུ་འདི་ནི་གནད་དོན་དང་པོ་ཞིག་རེད། སྤྱིར་བྱ་བ་གང་ཞིག་གལ་ཆེན་དང་གལ་ཆུང་གི་ཁྱད་པར་སོ་སོར་ཤེས་དགོས།
    བོད་མིའི་རང་དབང་རྩོད་ཐུབ་མི་ཐུབ་མ་འོང་བོད་མིའི་སྤུས་ཚད་ལ་རག་ལས་རྒྱུ་རེད་མ་གཏོགས། གྲངས་ག་རག་ལས་ཡོད་པ་རེད།

    Reply
  11. སྨྲ་བརྗོད་རང་དབང་། says:
    ལོ་ 14 སྔོན།

    དྲང་སོང་འདི་བསམ་མེད་ཅིག་ཡིན་ས་རེད། མི་འབོར་མང་བོ་བོད་ལ་མཚོན་ན་དགོས་མཁོ་ཆེན་པོ་ཡོད། ཇེ་ཉུང་ནས་ཇེ་ཉུང་དུ་སོང་ན་ཉིན་ཞིག་མི་རིགས་དེ་རྩ་སྟོང་དུ་འགྲོ་རྒྱུ་དོགས་པ་མེད། ལྷག་པར་དུ་བཙན་བྱོལ་བོད་མི་ལ་མཚོན་ན་མི་གྲངས་ནི་གལ་ཆེན་རེད། འཐབ་རྩོད་པ་ཞིག་ལ་མཚོན་ན་རྗེས་སྐྱོང་མཁན་མེད་ན་མི་ཐོགས་གཅིག་ནས་འཐབ་རྩོད་ཀྱི་མཇུག་བསྒྲིལ་དགོས་རྒྱུ་རེད། དེས་ན་ང་ཚོ་འཐབ་རྩོད་འདི་ཡང་མཇུག་མ་མེད་ནི་ཞིག་མ་རེད་དམ།།

    Reply
  12. བསེ་རུ། says:
    ལོ་ 14 སྔོན།

    ངའི་ཨ་ཕ་གཉིས་ལ་བུ་ཕྲུག་བསྡོམས་བདུན་ཡོད།
    ཡིན་ནའང་ངའི་གཅེན་གཅུང་སུ་ཞིག་གིས་ཀྱང་བུ་ཕྲུག་གཅིག་གཉིས་ལས་རེ་བ་བྱེད་ཀྱིན་མི་འདུག དེའི་རྒྱུ་མཚན་གང་ལ་ཐུག་འདུག་གམ།

    མི་རིགས་འདི་རྩ་སྟོང་དུ་འགྲོ་མི་སྲིད་ཀྱང་། མི་རིགས་འདིར་མི་འབོར་ཇེ་ཉུང་དུ་སོང་ན། མི་རིགས་འདིའི་འཚོ་གནས་སོགས་གང་ཅིར་ཉེན་ཁའི་རང་བཞིན་ཇེ་མང་ནས་ཇེ་མང་འགྲོ་ངེས་རེད།

    མི་འབོར་གྱི་ཐོག་བོད་གཞུང་དང་། ༸གོང་ས་མཆོག་གིས་ཀྱང་ཐུགས་འཚབ་གནང་གིན་ཡོད་པ་ནི་བཀའ་སློབ་ཁག་གཟིགས་དང་མཁྱེན་ངེས་རེད། །

    Reply
  13. དྲང་སྲོང་། says:
    ལོ་ 14 སྔོན།

    བོད་མིའི་གྲངས་འབོར་་ཅི་ཙམ་འཕེལ་བ་དེ་ཙམ་གྱི་འཛམ་གླིང་ན་སྐྱབས་བཅོལ་བ་མང་བ་དང་། དབུལ་བོ་དང་རང་དབང་མེད་པའི་ཉམས་ཐག་པ་ཇེ་མང་དུ་འགྲོ་རྒྱུ་ལས་གཞན་ཅི་ཡོད། ཡང་འཁོར་ཡུག་སྲུང་སྐྱོབ་སྐོར་ལ་བསམ་ན། མི་གཅིག་ཙམ་ཉུང་ངུར་སོང་ན་དེ་ཙམ་གྱི་འཁོར་ཡུག་ལ་ཕན་ཐོག་ཡོད།
    དེས་ན་བོད་མི་སྐྱབས་བཅོལ་བའི་གྲངས་ཁ་ཉུང་རུ་འགྲོ་རྒྱུ་འདི་ཧ་ཅིང་ཡག་པོ་རེད།

    Reply
  14. རྩོམ་སྒྲིག་པ། says:
    ལོ་ 14 སྔོན།

    མི་འབོར་གྱི་གནས་བབ་གཉན་འཕྲང་ཞིག་ལ་བསླེབས་འདུག འཛམ་གླིང་སྤྱིའི་མི་འབོར་ཞིབ་བཤེར་གྱི་ཚད་གཞི་ལྟར་ན། མི་རིགས་གང་ཞིག་གི་ཕྲུ་གུ་སྐྱེ་འཕེལ་གྱི་འཕར་ཆག་དེ་མི་རིགས་དེའི་མི་འབོར་གྱི་བརྒྱ་ཆ་ ༡ ལས་མར་ཟགས་པ་ཡིན་ན། མི་རིགས་དེ་དུས་ཚོད་རིང་པོ་མི་འགོར་བར་རྩ་སྟུང་ཏུ་འགྲོ་ངེས་ཡིན་ཞེས་བསྟན་ཡོད།
    བཙན་བྱོལ་བོད་མིའི་མི་འབོར་གྱི་གནས་བབ་ལ་མཚོན་ན་ཡང་། འདས་པའི་ལོ་བཅུའི་རིང་ཕྲུ་གུ་སྐྱེ་འཕེལ་གྲངས་ཆུང་ ༡༠ མར་ཆག་འདུག ཛ་དྲག་གི་གནས་སྟངས་འདི་མུར་ཕྱིན་ན། འབྱུང་འགྱུར་གྱི་ལོ་བཅུ་ནས་ཉི་ཤུའི་ནང་ཕྲུ་གུ་སྐྱེ་འཕེལ་བརྒྱ་ཆ་ ༡ ནས་ཟགས་ངེས་ཡིན་པ་ཟུར་བལྟས་ལེབ་མཐོང་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese