འདས་པའི་ལོ་ངོ་དུ་མའི་ནང་རང་རེའི་སྤྱི་ཚོགས་ཁྲོད་ཀྱི་མི་མང་བོ་ཞིག་གི་གཏམ་སྤྱོད་ལ་འགྱུར་བ་ཐེབས་ཀྱིན་འདུག་ལ། ཚོགས་པ་ཁག་ཅིག་ཀྱང་འགྱུར་ཚབས་ཆེ། འགྱུར་བ་དེ་ལ་བསྟན་བྱ་གཙོ་བོ་གཉིས་ཡོད་པ་ལས་གཅིག་ནི་བོད་འདི་སྔར་རང་བཙན་རྒྱལ་ཁབ་ཅིག་ཡིན་ཞིང་། དེ་ཉིད་བསྐྱར་གསོ་བྱ་དགོས་པ་དེ་ཡིན་ལ། ཅིག་ཤོས་ནི་རྒྱལ་བ་རིན་པོ་ཆེས་མེས་འཚིག་མེར་གཏུགས་ཀྱིས་བོད་རྒྱ་ཞི་འགྲིག་མཉམ་གནས་བྱ་རྒྱུའི་དགོངས་གཞིི་དང་། དེ་ཉིད་ལག་བསྟར་བྱེད་བཞིན་པའི་བོད་གཞུང་གི་ཆབ་སྲིད་ཀྱི་སྲིད་ཇུས་ལ་འདོད་མོས་མེད་པའི་རྣམ་འགྱུར་སྟོན་བཞིན་ཡོད་པ་དེ་གཉིས་ཡིན། འདི་དག་བརྒྱུད་ནས་རྒྱལ་བ་རིན་པོ་ཆེ་སྐུ་སྒེར་དང་འབྲེལ་བའི་དོན་དག་མང་བོའི་ཐོག་ལའང་དངོས་ཤུགས་ཅི་རིགས་ནས་ཟུར་ཟ་བྱེད་མཁན་འབྱུང་གིན་ཡོད།
རང་བཙན་མི་རྩོད་པའི་སྲིད་ཇུས་འདི་ལ་འདོད་མོས་མེད་མཁན་གྱི་ཚོགས་སྡེ་ཡོད་ལ། གང་ཟག་སྒེར་བ་ཁག་ཅིག་ཀྱང་ཡོད། འོན་ཀྱང་ཁོང་རྣམ་ཕལ་ཆེར་རང་བཙན་ཞེས་པའི་ཁ་ཡི་འབོད་སྒྲ་གཅིག་ཀྱང་དོན་གཏིང་གི་དམིགས་ཡུལ་མི་གཏན་ནས་མི་འདྲ། གཞོན་ནུ་ཚོགས་པ་ལྟ་བུ་ནི་ཐོག་མ་ཉིད་ནས་རང་བཙན་རྩོད་ཕྱིར་ཆེད་འཛུགས་བྱས་པའི་ཚོགས་པ་ཞིག་ཡིན་ལ། ད་བར་དུ་ཆབ་སྲིད་ཀྱི་ལྟ་བ་ལངས་ཕྱོགས་ལ་རྩ་བའི་ཆ་ནས་འགྱུར་སོང་མེད་ཅིང་། འབོད་སྒྲ་དང་དམིགས་ཡུལ་གཉིས་ཆ་རང་བཙན་ཡིན་པའི་ཚོགས་པ་སྟོབས་ཤུནས་ཆེ་ཤོས་དེ་ཡིན་པར་མ་ཟད། སྤྱི་ཚོགས་ལ་ཕན་པའི་ལས་ཀ་གལ་ཆེན་མང་བོ་གནང་གིན་ཡོད།
འོན་ཀྱང་བོད་མི་དམངས་སྤྱི་འཐུས་ཀྱི་འཐུས་མི་རེ་ཟུང་དང་། གཞུང་གི་ལས་བྱེད་པ། དེ་མིན་ཚོགས་སྡེ་ཁག་ཅིག་གི་སྒྲིག་འཛུགས་ཀྱི་ཁོངས་མི། མི་རྒྱང་རྟ་རྐྱང་གི་ངང་མདུན་མཆོང་རྒྱག་མཁན་སོགས་གང་ཟག་བྱེ་བྲག་པ་ཁག་ཅིག་གིས་ཁོང་ཚོ་རང་བཙན་རྩོད་ལེན་པར་བསྒྲགས་ནས་ལོ་ངོ་བཅུ་ཡང་འགྲོ་བཞིན་མེད་ལ། ཁོང་ཚོའི་ཁ་ཡི་འབོད་སྒྲ་རང་བཙན་ཙམ་ལས་དོན་དངོས་ཐོག་ཁོ་བ་ཚོས་རང་བཙན་རྩོད་ཐབས་སྐོར་ལ་ལས་འགུལ་སྤེལ་གྱིན་མེད་ལ། རང་བཙན་ལེན་ཐབས་ཀྱི་ལས་འཆར་ཀྱང་སྒྲིག་གིན་མེད་པར་མ་ཟད། ཚོགས་ཐོག་ཏུ་གཏམ་བཤད་བྱེད་སྐབས་རང་བཙན་རྩོད་ལེན་པའི་རྣམ་འགྱུར་སྟོན་པ་ཙམ་ལས། ཁོང་ཚོའི་ཉིན་རེའི་བྱ་བཞག་དང་རང་བཙན་བར་འབྲེལ་བ་ཅི་ཡང་མེད། ད་དུང་ཁོ་ཚོའི་རང་བཙན་ཞེས་པའི་འབོད་སྒྲ་འདིའི་ནང་དུ་བཙན་བྱོལ་བོད་གཞུང་ཁས་ལེན་མི་བྱེད་པའི་རྣམ་འགྱུར་ཡོད་ཅིང་། རྒྱལ་བ་རིན་པོ་ཆེའི་དབུ་ཁྲིད་ལ་དོན་གྱིས་རྒོལ་བ། ཆེ་ས་ནས་བཤད་ན་རྒྱ་ཆེའི་མི་དམངས་ཀྱི་མངོན་འདོད་དང་ཁེ་ཕན་ལ་འགོག་རྐྱེན་དུ་འགྲོ་བའི་ལས་ཀ་གནོད་ཚབས་ཅན་ཡང་འབྱུང་གིན་ཡོད། མི་དེ་རིགས་ཀྱི་གོ་སྐབས་དང་བསྟུན་ནས་ཁ་གཡང་སྒྲོག་སྟངས་དང་ལས་ཀ་བྱེད་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད་ཅིང་། བཀའ་བློན་ཁྲི་བ་མི་དམངས་ཀྱིས་ཐད་ཀར་འོད་འདེམས་བྱེད་མགོ་ཚུགས་པ་ནས་ཁོ་ཚོས་རང་བཙན་གྱི་ཁ་གཡང་སྒྲོག་མགོ་བརྩམས་ཡོད་ཅིང་། དེ་ནི་བསམ་ཡོད་རྣམས་ཀྱིས་བསམ་རིན་ཡོད་པའི་དོན་གནད་ཅིག་ཡིན།
དེ་མིན་གྱི་རིགས་ཅན་ཁག་ཅིག་ནི་རྙེད་པ་ཐན་ཐུན་དང་། གྲགས་པ་བན་བུན། འུ་ཐུག་ས་ནས་བཤད་ན་ལྟོ་གོས་འགྲོ་ཐབས་ཙམ་གྱི་ཆེད་གདོང་མཆོང་གི་རྣམ་འགྱུར་སྟོན་གྱིན་ཡོད་ལ། དེ་ཚོའི་གྲས་ལ་མ་གཞི་ནས་ལྟ་བ་ལངས་ཕྱོགས་ངེས་ཅན་མེད་སྟབས། ཁོ་བ་ཚོས་རང་བཙན་གྱི་སྐད་འབོད་བསྒྲགས་པ་ལ་བརྟེན་ནས་ཁོང་ཚོ་རང་བཙན་རྩོད་ལེན་པ་ཞིག་ཏུ་ངོས་འཛིན་བྱ་རུང་མིན་བརྟག་པའི་གནས་ཡིན། མདོ་དོན་མུ་མཐུད་ང་ཚོ་རྒྱལ་བ་རིན་པོ་ཆེས་སྣེ་ཁྲིད་འོག་ཤར་སྐྱོད་མི་བྱེད་པར་ཁྱོད་དང་ངའི་ལྟ་གྲུབ་ཏུ་རྗོད་པ་དག་རྒྱུན་བསྲིང་གིས་ཁེ་ཉེ་ཆེ་བའི་དུས་ཚོད་འདི་རྫོགས་སུ་འཇུག་རྩིས་ཡིན་ན། རྒྱལ་བ་རིན་པོ་ཆེ་བགྲེས་ཡོལ་ཆ་ཚང་གནངས་ན་ང་ཚོའི་སྤྱི་ཚོགས་ལ་མཇུག་འབྲས་ཅི་འབྱུང་དང་། རྒྱལ་བ་རིན་པོ་ཆེ་མེད་པར་གྱུར་པའི་སྐབས་ང་ཚོའི་སྤྱི་ཚོགས་བརྟན་ལྷིངས་ངང་རྩ་དོན་འཐབ་རྩོད་མཇུག་སྐྱོང་བྱེད་ཐུབ་མིན་བཅས་དོན་དག་གལ་ཆེན་འདི་གཉིས་མ་གླེང་རང་གླེང་ཡིན། འདི་ནི་གཞུང་ངོས་ནས་ཀྱང་བསམས་གཞིགས་དང་གྲ་སྒྲིག་བྱ་དགོས་པ་གཅིག་པུ་དེ་ཡིན་ལ། ཚོགས་སྡེ་དང་གང་ཟག་སྒེར་བ་ཚང་མས་ཀྱང་དོན་སྟེང་ལ་དབབ་རྒྱུ་ཡོད་པའི་བསམ་གཞིགས་དང་གླེང་སློང་བྱ་གལ་ཆེ་བ་ཙམ་མ་ཡིན་པར། དེ་ལུགས་ཀྱི་ལས་འཆར་བསྒྲིག་དགོས་པ་ཧ་ཅང་གལ་འགངས་ཆེ་ཞིང་། རང་བཙན་དང་དེ་མིན་གྱི་ལྟ་བ་ཁྱེར་མཁན་ཚང་མས་ལྟ་གྲུབ་འགྲེལ་རྗོད་བྱེད་རྒྱུ་ལས་བརྒལ་ཏེ་ལས་འཆར་བསྒྲིག་པའི་དུས་ལ་བབ་ནས་ཡོད།
དང་བོ། ང་ཚོས་གོང་གི་དོན་གནད་དེགཉིས་གླེང་སློང་བྱེད་སྐབས་ཆེས་བརྗེད་དུ་མི་རུང་བ་ཞིག་ནི། ད་ལྟའི་བོད་ཕྱི་ནང་གཉིས་ཀྱི་འབྲེལ་ལམ་འདི་གང་ལ་ཐུག་ཡོད་མེད་ངོས་འཛིན་བྱེད་རྒྱུ་དེ་ཡིན། མི་མངོན་པའི་འབྲེལ་བ་གཏིང་ཟབ་མོ་དེ་བཙན་བྱོལ་བོད་གཞུང་གི་ནུས་པ་ལ་ཐུག་པ་ཡིན་ནམ། ཡང་ན་སྤྱི་ཚོགས་ཁྲོད་ཀྱི་ཚོགས་སྡེ་དང་གང་ཟག་སྒེར་བ་ཁག་གི་ལྟ་སྤྱོད་ལ་ཐུག་པ་ཡིན་ནམ། གང་ལྟར་ང་ཚོས་འདི་ཐུག་ས་མཐར་ཐུག་དེ་འཚོལ་རྒྱུ་ཤིན་ཏུ་གལ་ཆེན་ཡིན། རྒྱུ་མཚན་ནི་རྒྱ་གཞུང་གི་ལས་བྱེད་པ་དང་། སློབ་གྲྭའི་དགེ་རྒན། རང་དབང་གི་ཤེས་ལྡན་པ། བླ་སྤྲུལ། དགེ་བཤེས། ལུག་རྫི། ཞིང་ལས་པ་སོགས་ལས་རིགས་སྣ་ཚོགས་སུ་ཡོད་པའི་མི་གྲངས་འབོར་ཆེན་གྱིས་རྒྱ་དམག་གི་འགག་སྒོ་དང་། བལ་ཡུལ་གྱི་ཇག་རྐུན། ཧི་མ་ལ་ཡའི་རི་རྒྱུད་ཀྱི་འཁྱག་ྐླུང་རི་བྲག་གང་ལའང་མ་འཛེམས་པར་སྐྱབས་བཅོལ་སྤྱི་ཚོགས་འདི་བསྙེགས་ནས་ཡོང་གིན་ཡོད་ཅིང་། ལྷག་པར་དུ་ཕ་མ་སྟོང་ཕྲག་མང་བོས་རང་རང་གི་ཤ་ཁྲག་ལས་མཆེད་པའི་བུ་ཕྲུག་རང་མགོ་མི་ཐོན་པ་མང་བོ་སྐྱབས་བཅོལ་སྤྱི་ཚོགས་ནང་བརྫང་ཐབས་བྱེད་ཀྱིན་ཡོད། འདིའི་ནང་དུ་རེ་བ་གཅིག་པུ་མ་ཡིན་པར་གཞན་གྱིས་ཚབ་མཚོན་བྱེད་དཀའ་བའི་ཡིད་ཆེས་ཀྱི་ནུས་པ་ཞིག་ཡོད་པ་ཧ་ཅང་གསལ་བོ་ཡིན་སྟབས། དེ་ལྟ་བུའི་རེ་བ་དང་བློས་འགེལ་ཡིད་ཆེས་ཤིག་གང་ནས་རྙེད་པ་ཡིན་ནམ།
སྤྱི་ལོ་༢༠༠༦ ལོའི་ཨ་མར་ཝ་ཏི་དུས་འཁོར་དབང་ཆེན་སྐབས་བོད་ནང་ནས་མི་གྲངས་ཆིག་ཁྲི་སུམ་སྟོང་(གྲངས་ཀ་འདི་སྐབས་དེའི་དུས་དབང་བཀོད་སྒྲིག་གནང་མཁན་ནོར་གླིང་གི་ཟིན་ཐོ་ལྟར་ཡིན།)ལྷག་སླེབས་ཡོད་ལ། དེ་དག་མང་ཤོས་ཀྱིས་ལག་ཁྱེར་པ་སི་གཅིག་རང་ལའང་རྒྱ་སྒོར་ལྔ་སྟོང་ནས་ཆིག་ཁྲི་བར་སྤྲད་པ་ཡོངས་གྲགས་ཡིན། ཡིན་ནའང་དེ་ལྟ་བུའི་མི་གྲངས་འབོར་ཆེན་ལས་ཅི་ཙམ་རང་གཞུང་གི་ལྟེ་གནས་དྷ་རམ་ས་ལར་ཡོང་ཡོད་དམ། གྲངས་འབོར་ཅི་ཙམ་གྱིས་ཆབ་སྲིད་ལ་དོ་སྣང་བྱས་ཡོད་དམ། ཅི་ཙམ་གྱིས་བོད་རྒྱ་ཞི་མོལ་སྐོར་རྒྱུས་ལོན་བྱས་ཡོད་དམ། ཅི་ཙམ་གྱིས་རྒྱལ་སྤྱིའི་ཐོག་གི་བོད་དོན་གནས་བབ་ཤེས་རྟོགས་བྱས་ཡོད་དམ། ཅི་ཙམ་གྱིས་འགན་ཁྱེར་ནས་བཙན་བྱོལ་བོད་གཞུང་གི་རྩ་དོན་ལང་ཕྱོགས་ཐོག་ལེགས་སྤེལ་ཉེས་འགོག་གི་བསམ་འཆར་ཕུལ་ཡོད་མེད་བཅས་ནི་གནད་འགག་གི་དྲི་བ་ཡིན། འདིའི་སྟེང་ནས་རྒྱལ་བ་རིན་པོ་ཆེ་བགྲེས་ཡོལ་ཆ་ཚང་གནངས་ན་བོད་ཕྱི་ནང་གཉིས་ཀྱི་འབྲེལ་ལམ་སྔར་བཞིན་གནས་ཐུབ་མིན་དང་། ད་ལྟའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་སུ་གསལ་བའི་རྒྱལ་བ་རིན་པོ་ཆེའི་སྐུ་དབང་གཅོ་བོ་བཙན་བྱོལ་བོད་གཞུང་གི་དབུ་ཁྲིད་དང་། བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱི་སྐུ་དབང་འདི་དག་ཕྱིར་འདོན་བྱས་ཟིན་པའི་རྗེས་སུ་བོད་ཕྱི་ནང་གི་མི་དམངས་ཀྱིས་བཙན་བྱོལ་བོད་གཞུང་ལ་འཛིན་པའི་བསམ་བློ་རང་འཇགས་གནས་ཐུབ་མིན་ཀྱང་གནད་འགག་ཆེས་གལ་ཆེན་ཞིག་ཡིན།
གཉིས་པ། ནམ་ཞིག་རྒྱལ་བ་རིན་པོ་ཆེ་ཞལ་མ་བཞུགས་པའི་ཉིན་མོ་ཤར་ན། བོད་ནང་གི་རྒྱ་ཆེའི་མི་དམངས་ཀྱི་སེམས་པ་མུ་མཐུད་ནས་བཙན་བྱོལ་བོད་གཞུང་ལ་འཁོར་ཐུབ་མིན་དང་། དགོན་སྡེ་ཁག་གི་གྲྭ་རྒྱུན་དང་། བོད་ཕྲུག་ཁྱིམ་སྡེའི་གསར་འབྱོར་སློབ་མ། དེ་བཞིན་སྤྱི་ཚོགས་ཐོག་གི་ཤེས་ལྡན་མི་སྣ་ཁག་མུ་མཐུད་ནས་སྐྱབས་བཅོལ་སྤྱི་ཚོགས་སུ་འདྲེན་ཐུབ་པའི་འགུག་ཤུགས་གནས་ཐུབ་མིན། གལ་སྲིད་དེ་དག་གི་རྒྱུ་མཚམས་རྦད་དེ་ཆད་པ་ཡིན་ན། བྱེས་གྱར་བོད་མི་རྣམས་ཀྱིས་མུ་མཐུད་ནས་བོད་མི་ས་ཡ་དྲུག་གི་ངོ་ཚབས་མཚོན་ཐུབ་མིན་གྱི་དྲི་བ་འདིའི་སྟེང་ནས་བགྲོ་གླེང་དང་ལས་འཆར་མགོ་འཛུགས་བྱེད་དགོས་པར་མཐོང་།
ད་དུང་ཤིན་ཏུ་གལ་གནད་ཆེ་བའི་དྲི་བ་ཁག་ནི། རྒྱལ་བ་རིན་པོ་ཆེ་ཞལ་མ་བཞུགས་པ་བྱུང་ཉིན་བཙན་བྱོལ་བོད་གཞུང་དང་། ཕྱི་རྒྱལ་དོན་གཅོད་ཁག རྒྱལ་བ་རིན་པོ་ཆེའི་དམིགས་བསལ་སྐུ་ཚབ། བོད་མིའི་གཞིས་ཆགས་དང་དགོན་སྡེ་ཁག་བཅས་སོར་གནས་བྱེད་ཐུབ་མིན་བཅས་ཡིན། ད་ལྟའི་ཆར་བཙན་བྱོལ་བོད་གཞུང་གི་ལས་ཁུང་ཆེ་འབྲིང་ཆུང་གསུམ་ཕལ་མོ་ཆེ་རྒྱལ་བ་རིན་པོ་ཆེའི་མཚན་ཐོག་ཏུ་དེབ་སྐྱེལ་བྱས་ནས་ཡོད་ཅིང་། རྒྱལ་བ་རིན་པོ་ཆེ་ཞལ་མ་བཞུགས་པ་ཤར་ན་ཁོང་གི་མཚན་ཐོག་ཏུ་དེབ་སྐྱེལ་བྱས་པའི་ལས་ཁུང་དང་ཚོགས་སྡེ་ཁག་ཁྲིམས་ཐོག་ཏུ་ཇི་ལྟར་གནས་དགོས་མིན་འདི་གལ་གནད་ཆེ་སྟེ། དཔེར་ན། ལོ་ངོ་དུ་མའི་གོང་ཁྲིམས་མཐུན་མ་ཡིན་པའི་ལྡི་ལི་བོད་སྒར་བསམ་ཡས་གླིང་མ་ཇུཎ་ཀཊེ་ལའི་ཁང་བ་ཡོད་ཚད་སྟོར་བཤིག་བྱེད་མགོ་བརྩམས་སྐབས། ལྡི་ལི་གྲོང་ཁྱེར་སྤྱི་ཁྱབ་ལྕམ་ཤཱིལ་ཌིཀཤད་ཀྱིས། ང་ཚོས་བོད་ཀྱི་གཞིས་ཁང་དེ་དག་སྟོར་བཤིག་བཏང་ཚེ་གུ་རུ་རྗེའི་ཞལ་རས་ལ་ཇི་ལྟར་ལྟ་རྒྱུ་ཡིན་ནམ་ཞེས་པའི་དྲི་བ་བཏང་བ་ལ་ཁྲིམས་ཁང་དང་། གཞུང་གི་མི་སྣ། ཆབ་སྲིད་པ་སུས་ཀྱང་ལན་འདེབས་བྱེད་མ་ཐུབ་པར་རང་སོར་ལུས་པ་ཡོངས་གྲགས་ཡིན་ལ། འདིའི་ཐོག་ནས་ནམ་ཞིག་གུ་རུ་རྗེའི་ཞལ་རས་མཐོང་ཡུལ་དུ་མེད་པའི་ཉིན་མོར་རྒྱ་གར་གཞུང་གིས་དོན་དག་འདི་རིགས་ཐག་གཅོད་ཅི་ལྟར་བྱེད་རྒྱུ་ལ་ཚོད་དཔག་རོབ་ཙམ་བྱེད་ཐུབ་པ་མ་ཡིན་ནམ།
ང་ཚོས་ལོ་ངོ་ལྔ་བཅུ་ལྷག་གི་རིང་མི་ཡུལ་དུ་སྐྱབས་བཅོལ་གྱི་ནམ་ཟླ་བསྐྱལ་ཡོད་ཅིང་། སྐྱབས་བཅོལ་གྱི་སྒྲོམ་གཞི་སྒྲིག་འཛུགས་ཡོད་ཚད་ཏཱ་ལའི་བླ་མ་ཞེས་པའི་ཡིག་འབྲུ་འདི་དག་གི་རྨང་གཞིའི་སྟེང་བསྐྲུན་པ་ཤ་སྟག་ཡིན། ཁོང་ལ་བརྟེན་ནས་ང་ཚོས་བརྒལ་མི་ཐུབ་པའི་འགག་འཕྲང་མང་བོ་བརྒལ་ཡོད་ལ། ང་ཚོས་བྱེད་མི་ཐུབ་པའི་དོན་དག་མང་བོ་བྱེད་ཐུབ་པར་གྱུར་ཡོད། མཚམས་རེར་ཁོང་གིས་དབུ་ཁྲིད་པའི་སྟོབས་ཀྱིས་ང་ཚོའི་རང་ནུས་ལས་བརྒལ་པའི་ལས་དོན་སྟོབས་ཆེན་མང་བོ་བསྒྲུབས་ཐུབ་ཡོད། འོན་ཀྱང་ཁོང་བགྲེས་ཡོལ་ཆ་ཚང་གནངས་ནས་གཞུང་སྲིད་དང་རྦད་དེ་ཁ་བྲལ་བའམ། ཞིང་ཁམས་གཞན་དུ་གཤེགས་པའི་རྗེས་སུ། ང་ཚོའི་ད་ཡོད་ཀྱི་ནུས་པ་དག་འདི་རང་འཇགས་གནས་ཐུབ་མིན་ནི་ད་ལྟ་ང་ཚོའི་མིག་མདུན་ལྷག་པའི་དྲི་བ་ཆེ་ཤོས་དེ་ཡིན།
འཛམ་གླིང་གི་རྒྱལ་ཁབ་ཁག་མང་བོའི་ནང་སྐྱབས་བཅོལ་གྱི་སྒྲིག་འཛུགས་ཐར་ཐོར་མང་བོ་ཡོད་ཀྱང་། ཏཱ་ལའི་བླ་མའི་མཚན་བྱང་འོག་ཡོད་པའི་སྐྱབས་བཅོལ་བའི་སྒྲིག་འཛུགས་འདི་ལས་ཚགས་ཚུད་པ་དང་། ནུས་པ་ལྡན་པ། སྒྲིག་འཛུགས་མ་ལག་འཐུས་སྒོ་ཚང་བ་འདི་ལྟ་བུའི་སྐྱབས་བཅོལ་གྱི་སྒྲིག་འཛུགས་ཤིག་ཧ་ལམ་འགྲོ་བ་མིའི་བྱུང་རབས་ལོ་རྒྱུས་སུ་མ་གྲགས་པ་ལྟ་བུ་ཡིན་ལ། ཁོང་གི་རླབས་ཆེན་གྱི་དབུ་ཁྲིད་འོག་མཚམས་རེར་ང་ཚོ་ལང་ཤོར་ལྟ་བུར་གྱུར་ཏེ། ང་ཚོས་རང་ཉིད་ཀྱི་ནུས་པ་དངོས་གནས་པ་དེ་ལ་ཚོད་དཔག་བྱེད་མ་ཐུབ་པར་བར་སྣང་དུ་རྩིག་རྨང་བྲལ་བའི་ལྷ་ཁང་བརྩིག་འདོད་སྐྱེ་བཞིན་ཡོད་པའི་སྣང་བའང་སྟེར། དེར་བརྟེན། ང་ཚོས་རྒྱལ་བ་རིན་པོ་ཆེའི་རླབས་ཆེན་གྱི་དབུ་ཁྲིད་བཟང་བོ་ཡོད་སྐབས། སྲིད་དོན་གྱི་ལྟ་གྲུབ་ལང་ཕྱོགས་བརྩད་ནས་ཉི་མ་བསྐྱལ། རྒྱལ་བ་རིན་པོ་ཆེས་སྔ་རབས་ལོ་རྒྱུས་སུ་མ་གྲགས་པའི་སྐུ་ངལ་བསྐྱོན་པ་རྩིས་མེད། མཛད་འཆར་ལམ་སྟོན་འོག་ནུས་ཤུགས་གཅིག་ཏུ་སྤུངས་མི་ཐུབ་པའི་ང་ཆེ་ང་བཙན་གྱི་ལས་ཀ་གཉེར་ཏེ་གོ་སྐབས་ཡོད་ཚད་ཤོར་དུ་བཅུག ནམ་ཞིག་སྲིད་དོན་གྱི་ལྟ་གྲུབ་བཤད་ནས་མཆོང་ལྡིང་བྱེད་རྒྱུ་ལས་རྐུབ་འཛུགས་སའི་རྨང་གཞི་མེད་པར་གྱུར་ཉིན། ངུ་དགོད་གཉིས་ཆ་མི་ཤེས་པའི་དུས་ཚོད་ཤར་མི་སྲིད་པ་མིན།།
ང་ཚོ་བོད་པའི་གཤིས་ཀ་ཁག་ཅིག་ནི་ཤིན་ཏུ་ནས་དགོད་བྲོ་བོ་ངས་ཁོང་ཡག་པོ་མཐོང་གིན་འདུག་བྱས་ཙང་རྒྱབ་སྐྱོར་ཡོད་ཟེར་བ་ལྟ་བུ་རེད། མི་དེས་བཤད་པའི་སྐད་ཆས་སྤྱི་ཚོགས་ལ་ཕན་ཐོག་ས་རེད་དང་མ་རེད་ལྟ་དགོས་རྒྱུ་གལ་ཆེར་མཐོང།
རྒད་པོ། དཀོན་མཆོག་གསུམ། ད་ཧོན་བཤད་རྒྱག་གིན་མ་འདུག་ལོ། རྒྱ་ནག་གི་རེ་བ་རྒྱག་སྟངས་དེ་བྱིས་པ་ཞིག་གིས་ཀྱང་ཤེས་ནི་རེད། མཐར་གཏུགས་ན་ངའི་ཁ་ལ་ཉོན། བོད་ལ་རེ་བ་མི་འདུག་ཟེར་བ་ཙམ་ལས་ཅི་ཡང་བཤད་མི་འདུག
ཧོར་འཛིགས་ལགས་ཀྱིས་གནད་ལ་ཕོག་པའི་རྩོམ་ཡིག་ལགས་པོ་ཞིག་བྲིས་འདུག
སྤྱི་ཟུར་ཧོར་གཙང་འཇིགས་མེད་ལགས་ཀྱིས་གནད་དུ་ཁེལ་བའི་བསམ་
ཚོལ་བཏོན་པར། ཁ་ཤས་ཀྱིས་བསམ་བཞིན་དུ་གོ་བ་ལོག་འབྲེལ་གྱིས་
བསྙོན་འཛུགས་བྱེད་པར་བློ་ཕམ་ཡོད། ཁོའི་བསམ་ཚུལ་ལ་དངོས་
གནས་རིན་ཐང་འདུག་པས། ངེད་ནས་བརྒྱབ་སྐྱོར་བརྒྱ་ཐ་པ་ཡོད།
ཧོར་འཇིག་ལགས་ཁྱེད་ཀྱིས་བསམ་བློ་རྣལ་དུ་ཕབ་སྟེ་རྩོམ་ཡིག་ཞིག་བྲིས་ན་མི་བཟང་ངམ།ག་དུས་ཡིན་ཡང་སྤྱི་ཚོགས་དཀྲུགས་ཤིང་ལྟ་བུ་བྲིས་པ་ཡིན་ན་དགོས་ཅི་ཡོད་དམ།
གལ་ཏེ་ཁྱེད་ལྟར་ན་རང་ཉིད་ཀྱི་ཐོབ་ཐང་སོགས་ཡོངས་རྫོགས་བློས་བཏང་སྟེ་བོད་རང་བཙན་གྱི་དོན་དུ་མི་ལོ་གསུམ་ཅུ་སོ་གཉིས་ཙམ་དགྱ་དམར་གྱིས་ཁྲག་དྲི་བྲོ་བའི་མུན་ནགས་ཀྱི་བཙོན་ཁང་བསྡད་མྱོང་མཁན་དཔའ་བོ་རྟ་ནག་འཇིགས་མེད་བཟང་པོ་ལགས་དང་མི་ལོ་བཅོ་ལྔ་ལྷག་ཙམ་རང་གི་ལངས་ཚོ་ཡོངས་མུན་བཙོན་བསྐྱལ་མཁན་དཔའ་མོ་ཕུན་ཚོགས་ཉི་སྒྲོན་ལགས། མི་ངོ་བཅུ་གཅིག་ལྷག་ཙམ་མུན་དོང་གི་བཙོན་ཁང་ནང་ལ་འཚོ་བར་རོལ་མཁན་དཔའ་མོ་ངག་དབང་གསང་སྒྲོན་ལ་སོགས་པས་་ལྟོ་གོས་འགྲོ་ཐབས་ཙམ་གྱི་ཆེད་དུ་དེ་ལྟར་རྩོད་པར་ཐལ། ཁྱེད་ཀྱི་དམ་བཅའ་ཐད་པའི་ཕྱིར།
རང་བཙན་རྩོད་མཁན་༧རྒྱལ་བར་རྒྱབ་འགེལ་མིན་ལ་བོད་དོན་ལ་གནོད་མཁན་ཡང་མིན། ༧རྒྱལ་བའི་བགྲེས་ཡོལ་གྱིས་བོད་དོན་བློས་བཏང་བྱས་པ་མིན་ལ་བོད་མི་བློས་བཏང་བྱས་པ་དེ་ལས་ཀྱང་མིན། ༧གོང་ས་མཆོག་འཇིག་རྟེན་འདི་དང་ཞལ་གྱེས་པའི་ཉོན་མོར་བོད་ཕྱི་ནང་གཉིས་ཀྱི་འབྲེལ་བར་དོ་ཕོག་མི་འགྲོ་ལ་གཞིས་ལུས་བོད་མིའི་སེམས་ཤུགས་དང་བཙན་བྱོལ་ལ་ཡོང་རྒྱུན་ཆད་མི་སྲིད། མ་ཟད་བོད་མིའི་སྤྱི་ཚོགས་འདི་ནུས་མེད་དང་མཐོང་མེད་དུའང་མི་འགྱུར། ཇི་སྲིད་བོད་ལ་བོད་ཀྱི་སྐད་ཡིག་དང་ནང་ཆོས་གནས་པ་དེ་སྲིད་དུ་བོད་དོན་དང་བོད་མི་གནས་སྲིད་ལ། བོད་ཀྱི་བདེན་དོན་ཡང་གནས་ངེས་ཡིན།
ཁོ་བོས་བལྟས་ན་ང་ཚོའི་སྤྱི་འཐུས་གྲོས་ཚོགས་ནང་དུ་རང་བཙན་ནམ་དབུ་མའི་ལམ་ལ་རྩོད་མཁན་སུ་མང་འདི་གནད་འགག་ཆེན་པོ་མིན་ གཙོ་བོ་ནི་སྤྱི་འཐུས་དེ་དང་དེ་ལྷག་བསམ་རྣམ་དག་དང་ཤེས་འཇོན་དང་ལྡན་པ་ ཕྱོགས་འཐེན་གྱི་དྲི་མས་མ་བསླད་པ་ སྤྱི་ཚོགས་ལ་ཞབས་ཕྱི་ཞུ་འདོད་ཀྱི་བསམ་པ་དང་ལྡན་པ་ཞིག་དགོས་པ་ཡིན་ གལ་སྲིད་ཁྱད་ཆོས་དེ་དག་དང་ལྡན་ན་རང་བཙན་ནམ་དབུ་མའི་ལམ་གང་ལ་འདོད་པ་ཡོད་ན་ཡང་ཁྱད་པར་མེད་
ཧོར་འཇིག་འདི་རིག་གནས་ལ་མཁས་པ་བདེན་མོད་ཀྱང་ཆབ་སྲིད་ཀྱི་ཕྱོགས་དང་དམངས་གཙོའི་ཕྱོགས་ལ་དངོས་གནས་ཅིག་སྐྱོ་གི་ཡ།
ཧོར་འཇིག་གི་དཔྱད་རྩོམ་དེ་ལ་རྒྱུ་མཚན་ཡོད་ཤིས་ཆེ་ཡིན་ཡང་ཁྱེད་ཀྱི་དཔྱད་རྩོམ་དེ་ལ་ཕྱོགས་འཐེན་གྱི་དྲི་མས་སྦགས་མི་འདུག་བཤད་ཐུབ་ས་མ་རེད།།
གཏམ་དེ་ཚོ་བདེན་པ་རེད། འོན་ཀྱང་༸གོང་ས་མཆོག་གིས་དགུང་ལོ་ ༡༦ ནས་ད་ལྟ་བར་དུ་སྐུ་ངལ་སྐྱོན་ཡོད་པས་ད་རུང་བཞུགས་རོག་ཞུ་ཕོད་རྒྱུ་ཁག་པོ་རེད་ལ། ནམ་ཞིག་ན་༸གོང་ས་མཆོག་མེད་པའི་དུས་ཞིག་ནི་ཡོང་རྒྱུ་ཡིན་པ་གཏན་ཁེལ་བས་ད་ལྟ་ནས་སྦྱོང་བསྡར་བྱེད་རྒྱུ་གལ་ཆེ་ཞིང་། སྦེལ་ཀོབ་ཚོགས་འདུའི་སྐབས་སུ་༸གོང་ས་མཆོག་ནས་སྒྲེས་ཡོལ་ལ་ཕེབས་དགོས་པའི་གནས་ལུག་རྒྱུ་མཚན་གསལ་པོ་གསུང་སོང་བས་ད་དུང་ཨུ་ཚུགས་རྒྱབ་ན་ཆོ་ཨེ་ཡོད། དེས་ན་ང་ཚོས་གནས་ལུག་རྒྱུ་མཚན་ལ་བལྟ་དགོས་པ་ལས། གནས་སྐབས་ཀྱི་ཚོར་བ་གདོང་འདེད་བྱེད་ན་ཕན་ཐོག་མེད་པར་སེམས།
སྐུ་ཞབས་ཧོར་གཙང་འཇིགས་མེད་ལ་གུས་ཞབས་ཡོད། མདོ་སྨད་ལོ་རྒྱུས་ཆེན་མོ་ལས་མདོ་སྔགས་ཟུང་འབྲེལ་གྱི་ལམ་སྲོལ་རྗེ་རིན་པོ་ཆེའི་དུས་ནས་གཟོད་བྱུང་བར་བཤད་པ་ལྟ་བུ་རྨི་ལམ་དུ་ཡང་ལབ་འདོག་ཁ་པོ་མ་རེད་སྙམ་པ་ཁ་ཤས་ལབ་ཡོད་པ་ནི་ཤེས་པ་ལ་རང་དབང་མེད་པས་བྱ་ཐབས་མེད་ན་ཡང་ལོ་རྒྱུས་ཀྱི་སྤྱི་ཁོག་ཧྲིལ་པོ་ཙམ་དུ་མ་ཟད་བར་སྐབས་ཀྱི་ཚིག་བཅད་ཙམ་རེའི་རིན་ཐང་ཡང་གྲོ་མ་མར་ཁུ་དང་ཤ་སྐལ་ཚོན་པོ་ཞིག་གིས་བསྡུར་ཐབས་མེད་པའི་ཤེས་རབ་ཀྱི་ལག་རྗེས་གང་ཡོད་པ་དག་ལ་མཐོང་ཆུང་ཞུ་རྒྱུ་མེད་ལ་སྐབས་དོན་མིན་པས་འདིར་དྲུད་ཡོང་དོན་ཡང་མེད་མོད། ང་ལ་ཐོག་མར་གླེང་དགོས་པ་ཞིག་ཡོད་པ་ནི་ཆེད་རྩོམ་འདིར་ཆུ་ལ་མེ་འབར་བ་ལྟ་བུའི་ཡ་མཚན་དངོས་བྱུང་གི་དོན་རྐྱེན་ཞིག་བྱུང་འདུག་པ་དེ་ར་སྤྲོད་བསམ་པ་ཡིན། ཁྱེད་ཀྱིས་བསམ་ན་ག་རེ་རེད། འདི་ནི་བོད་ཡིག་གི་མ་འོངས་པ་ལ་བཀྲ་མི་ཤིས་པའི་སྔོན་ལྟས་ཤིག་ཀྱང་ཡིན་པ་འདྲ།
གང་རེད་ཅེ་ན། ཁོང་གིས་རྩོམ་གྱི་ཁ་བྱང་ལ་ཡིག་ནོར་ཤོར་ཟིན་པས་སོ། །འདི་ནི་བཏགས་ནོར་དུ་ཡང་མི་འདྲའོ།
སྤྱི་ཟུར་ཧོར་གཙང་འཇིགས་མེད་ཀྱིས་གནད་དུ་འཁེལ་བའི་དཔྱད་བརྗོད་སྤེལ་གནང་བར་ཐུགས་རྗེ་ཆེ་ཞུ།་་་ཚོར་བ་གདོང་འདེད་དང་ལྟ་གྲུབ་ལ་དད་མོས་ཙམ་གྱི་རྗེས་འབྲིང་བྱེད་མཁན་ཚོར་ཁ་ཡ་མ་བྱེད་དགོས་དོན་མེད།་་་་་དོན་དངོས་ཀྱི་གནད་དོན་མང་པོ་ཞིག་སྐུ་ཉིད་ཀྱིས་གསུངས་པ་ལྟར་རེད།་་་་མུ་མཐུད་སྤེལགནང་རོགས།་
ཧོར་གཙང་ལགས་ཀྱི་རྩོམ་འདི་ནི་དངོས་གནད་དམ་པ་ཞིག་རེད། བཙན་བྱོལ་གཞུང་དང་ཚོགས་པ་གང་ཞིག་ཡིན་ཡང་འདིའི་ཕྱོགས་སུ་བསམ་གཞིག་བྱེད་རྒྱུ་གལ་ཆེན་ནང་གི་དོན་ཆེན་རེད། ༧གོང་ས་མཆོག་རྒས་ཀྱིན་རྒས་ཀྱིན་སྐྱོན་འཛུག་མཁན་ཇེ་མང་ཇེ་མང་རེད། ངས་བསམ་ན་ཉིན་ཞིག་ཁོང་མ་བཞུགས་པའི་ཉིན་མོ་ནས་མཇུག་འབྲས་ངན་པ་ཞིག་འབྱུང་རྒྱུ་ཡིན་པ་ཐག་ཕལ་ཆེར་ཆོད་གི། ངོ་མ་བཤད་ན་བོད་འདི་ད་དུང་ལྟ་བ་གསར་བའི་ཕྱོགས་སུ་གོམ་པ་སྤོ་ཐུབ་མི་འདུག དུས་རབས་ཉིར་གཅིག་པའི་མི་ཞིག་ཡིན་ན་བཤད་ཕོལ་པ་ཞིག་དགོས་པ་རེད། ཡིན་ཡང་ང་ཚོས་མི་མང་བོ་ཞིག་གིས་ལྐོག་མདའ་རེ་འཕངས་ནས་ཕྱི་ལ་ཐོན་ཐུབ་ཀྱིན་མི་འདུག
ཧོར་གཙང་འཇིགས་མེད་ལགས་ཀྱིས་གནད་ལ་འཁེལ་བའི་དཔྱད་གཏམ་ལེགས་པོ་ཞིག་བྲིས་འདུག་པས་ཧ་ཅང་དགའ་འོས་པ་ཞིག་རེད། ཟིན་བྲིས་པ་རེ་ཟུང་གིས་ནམ་ཡིན་ཡང་ལོག་བཤད་དང་སྐྱོན་མཚང་རྐྱང་རྐྱང་གཞི་མེད་དུ་སྒྲོག་བཞིན་ཡོད་པ་ནི་ནུས་མེད་ཅིག་གམ་གླན་རྒན་ཞིག་གི་སྐད་ཆ་ཞིག་ལས་ཅི་ཡང་མེད་པས་འདི་ཚོའི་སྐད་ཆས་ཡིད་མི་སུན་པར་མུ་མཐུད་འདི་འདྲའི་དཔྱད་གཏམ་གང་མང་སྤེལ་རྒྱུའི་རེ་བ་ཡོད།
ཅི་བཤད་ཀྱང་དུས་སྐབས་ཤིག་ཏུ་སྤྱི་ཚོགས་ཆུང་ཆུང་འདིའི་ནང་ཧོར་འཇིགས་ཞེས་གླེང་དུས་མི་བུ་ཚད་ལྡན་ཞིག་ཏུ་གྱུར་ཡོད་པས་ཕྱོགས་ལྷུང་བའི་ཚོགས་ཀྱིས་ནུས་མེད་ཀྱི་སྒྲོ་འདོགས་བྱས་པ་ཞིག་གིས་གནོད་པ་ག་ལ་ཐུབ།
སྐུ་ཞབས་ཧོར་འཇིགས་ལགས། སྐུ་ཉིད་ལ་འཚམས་འདྲི་དང་འདི་ལྟར་སྤྱི་ཚོགས་ཀྱི་ཆེད་དཔྱད་བརྗོད་རང་བཞིན་གྱི་རྩོམ་ཡིག་རྒྱུན་སྐྱོང་གནང་བར་རེ་སྐུལ་ཡང་ཞུས་པ་ཡིན། དབྱངས་བུ་ཟེར་བ་ཞིག་གིས་སྒེར་གྱི་འཁོན་འཛིན་གྱི་ང་རོ་སྒྲོགས་ཀྱིན་འདུག་མོད། ལྷ་ཡོད་ས་ན་བདུད་ཀྱི་ཆོ་འཕྲུལ་ཡང་ཡོད་ཤག་ཡིན་པས། ཁྱེད་ཀྱིས་ལོ་རྒྱུས་སུ་གཞེངས་བའི་མདོ་སྨད་ལོ་རྒྱུས་ཆེན་མོ་ནི་མི་རབས་ཁྲི་འབུམ་མང་པོའི་གཅེས་ནོར་ཞིག་རེད།
ད་རེས་ཀྱི་དཔྱད་བརྗོད་འདིའི་ནང་དུའང་གོ་རྒྱུ་དང་བསམ་རྒྱུ་ཧ་ཅང་མང་བས། ཁྱེད་ལྟ་བུའི་མི་རིགས་ཀྱི་བློ་འབྱེད་པ་ཚོ་གྲགས་མེད་ཚོར་མེད་དུ་སོང་ན་ཕངས་པོ་རེད།
ནམ་ཡང་དགོངས་ཚུལ་གནང་རོགས། ཁྱེད་ཀྱི་ཀློག་པ་པོ་ཞིག་གིས་རེ་སྐུལ་དང་བཅས་ཕུལ།
ཧོར་གཙང་འཇིགས་མེད་ལགས།
ངའི་བསམ་ཚུལ་ཙམ་ཡིན། སང་ཕྱིན་རྩོམ་ཡིག་འབྲི་དུས་ཁུངས་ལུང་ཆ་ཚང་ཡོད་པ་ཞིག་དང་། དེ་མིན་ན་རིགས་པའི་རྒྱབ་རྟེན་བཙན་པོ་ཡོད་པ་ཞིག་འབྲི་ཨེ་ཐུབ་ལ་འབད་རོགས།
ནམ་རྒྱུན་ཅིག་ཅིག་གི་ཁ་དང་ཉིག་ཉིག་གི་སྣ་ཞེས་བྲིས་བསྡད་ན་ཆོ་ཡོད་པ་མ་རེད། འོ་ན། ཕར་ཕྱོགས་ནས་མི་ཞིག་གིས་ཁྱོད་ལ་གོང་གི་འདི་དག་ཚང་མ་ཁུངས་སྐྱེལ་བྱེད་དགོས་ཞེས་བཙུར་ཡོང་ན་ཁྱེད་ལ་རེ་རེ་བཞིན་བགྲང་རྒྱུ་ཡོད་དམ།
ཁ་སང་དེ་རིང་དྲ་ངོས་ཀྱི་རྩོམ་མང་པོ་ཞིག་ཁ་ཆག་སྣ་རལ་གྱི་སྐོར་ཡིན་པ་འདི་ག་རེ་ཡིན་ནམ།
རྩོམ་ཡིག་འདིའི་ཁ་བྱང་དང་ནང་དོན་བར་ལ་འབྲེལ་བ་མེད་པའི་འགལ་བ།
ཏཱ་ལའི་བླ་མ་མ་བགྲེས་ཡོལ་ཆ་ཚང་གནང་བ་ཡིན་ན་ག་རེ་ཡོང་མིན་དང་། གལ་ཏེ་ཏཱ་ལའི་བླ་མ་མ་བཞུགས་པའི་ཉིན་མོ་དེར་བོད་པ་སྐྱབས་བཅོལ་བ་ལ་གལ་རེ་ཡོང་གི་རེད་ཟེར་བ་དང་། ཏཱ་ལའི་བླ་མ་མེད་པའི་ཉིན་མོ་དེར་གཞིས་བྱིས་བར་གྱི་འབྲེལ་བ་མུ་མཐུད་དེ་གནས་ཐུབ་ཀྱི་ཡོད་མིན་བཅས་ཀྱི་གནད་དོན་དེ་དག་དང་རྩོམ་ཡིག་འདིའི་ཁ་བྱང་བར་འབྲེལ་བ་གང་ཡང་མི་འདུག
རྩོམ་ཡིག་འདིའི་ཁ་བྱང་ནང་འཁོད་མི་གླེང་མཐུ་མེད་གཉིས་ནི། རང་བཙན་སླར་གསོ་བྱེ་མིན་དང་། ལམ་དབུ་མའི་སྲིད་བྱུས་ལ་འདོད་མོས་ཡོད་མིན་དེ་རེད། འོན་ཀྱང་བགྲེས་ཡོལ་གྱི་གནད་དོན་དང་འདི་གཉིས་ལྟོ་སྦྱར་ནས་བཤད་དགོས་པའི་དམིགས་ཡུལ་གང་ཡིན་ཤོད་དཀའ་བ་ཞིག་རེད།
ཧོར་འཇིགས་ལགས། བཀའ་དྲིན་ཚེ། སྐུ་ཉིད་ཀྱིས་གསུང་བའི་དོན་གནད་དེ་ཚོ་ལ་ད་སྟ་ནས་ང་ཚོ་གཞུང་དམངས་གཉིས་ནས་བསམ་གཞིགས་བྱ་དགོས་པ་ཞིག་རེད། དུས་ཚོད་ཡོད་ན་མུ་མཐུད་ནས་དཔྱད་བརྗོད་འདི་དང་འདི་ལྟ་སྤེལ་རོགས་ཤེས་སྐུལ་མ་ཞུ་གི་ཡིན།
ཧོར་འཇིགས་ལགས། བཀའ་དྲིན་ཚེ། སྐུ་ཉིད་ཀྱིས་གསུང་བའི་དོན་གནད་དེ་ཚོ་ལ་ད་སྟ་ནས་ང་ཚོ་གཞུང་དམངས་གཉིས་ནས་བསམ་གཞིགས་བྱ་དགོས་པ་ཞིག་རེད། དུས་ཚོད་ཡོད་ན་མུ་མཐུད་ནས་དཔྱད་བརྗོད་འདི་དང་འདི་ལྟ་སྤེལ་རོགས་ཤེས་སྐུལ་མ་ཞུ་གི་ཡིན།
ཧོར་འཇིགས་ལགས།་ཡག་པོ་བྲིས་འདུག་་
ཧོར་འཇིགས། ཁྱེད་ཀྱིས་ཆང་དང་ཨ་རག ཐ་མག་བཅས་ཀྱི་ཁྲོད་དུ་མདོ་སྨད་ལོ་རྒྱུས་ཆེན་མོ་ཞེས་ལོ་རྒྱུས་གཞན་ཁག་ལས་བཤུ་འབྲི་བྱས་པ་དེར་བལྟ་མཁན་ག་ཚོད་འདུག་གམ། སྐུ་སྒེར་ཡིག་ཚང་གི་དཔལ་འབྱོར་འགྲོ་གྲོན་དང་སྤྱི་ཚོགས་ནང་ཕན་ཐོགས་ཆེ་བ་བྱུང་འདུག་གམ། འཇམ་དབྱངས་བཞད་པ་ལྷ་རུ་གྲུབ་པ་དེས་ཕྱོགས་ལྷུང་གི་ལྟ་བ་ཡོད་པ་གསལ་སྟོན་བྱས་པ་མ་རེད་དམ། ཕྱོགས་རིས་ཅན་གྱི་ལོ་རྒྱུས་ལ་དོན་སྙིང་གང་འདྲ་ཡོད་དམ།
ནོར་བ་དང་ཆད་པ་མང་པོ་ཞིག་བྱུང་འདུག་པས་དྲ་གྲོགས་ཚོར་དགོངས་སེལ་ཞུ། འདིའི་སྐོར་བདག་ཟིན་བྲིས་བཀོད་ཡོད། དུས་ཚོད་བྱུང་ན་དེར་གཟིགས་པར་ཞུ། དེའི་དྲ་འབྲེལ་ནི་འདི་ཡིན། https://tibettimes.net/wordpress/blogs.php?id=343&post_id=13021 ཡང་ན།
http://njampel.blogspot.com/2010/12/blog-post.html
མཁས་པ་ཆེན་པོ་ཧོར་འཇིགས་ལགས་ཀྱིས་གསུང་འདི་ཚོ་གལ་ཆེན་པོ་འདུག འོན་ཀྱང་བསམ་ཚུལ་ཐན་ཐུན་འགའ་ཞིག་ཞུ་དགོས་པར་བྱུང་།
༡༽ ཁྱེད་ཀྱི་མཚན་སྙན་དང་ཁྱེད་ཀྱི་གསུང་ཅུང་མཐུན་གྱི་མི་འདུག འདི་འདྲ་གསུང་མཁན་ནི་ཕྱོགས་རེ་བ་དག་གི་བཤད་ཚུལ་དང་འདྲ།
༢༽ ཁྱེད་ཀྱིས་”འོན་ཀྱང་ཁོང་རྣམ་ཕལ་ཆེར་རང་བཙན་ཞེས་པའི་ཁ་ཡི་འབོད་སྒྲ་གཅིག་ཀྱང་དོན་གཏིང་གི་དམིགས་ཡུལ་མི་གཏན་ནས་མི་འདྲ། “་ཞེས་དང་”འུ་ཐུག་ས་ནས་བཤད་ན་ལྟོ་གོས་འགྲོ་ཐབས་ཙམ་གྱི་ཆེད་གདོང་མཆོང་གི་རྣམ་འགྱུར་སྟོན་གྱིན་ཡོད་ལ། དེ་ཚོའི་གྲས་་་” གསུངས་པ་འདི་ཡེ་ནས་མི་འོས། ཁོང་རྣམས་ཞེས་པ་དང་དེ་ཚོའི་གྲས་ཞེས་པ་འདི་དབུ་མའི་ལམ་པ་བ་དག་ལ་ཡང་སྦྱོར་ས་མེད་པ་མིན། འོན་ཀྱང་མདོར་ན་འདི་འདྲ་ཕྱོགས་གཉིས་ཀས་གླེང་མི་འོས།
༣༽ “ནམ་ཞིག་རྒྱལ་བ་རིན་པོ་ཆེ་ཞལ་མ་བཞུགས་པའི་ཉིན་མོ་ཤར་ན། བོད་ནང་གི་རྒྱ་ཆེའི་མི་དམངས་ཀྱི་སེམས་པ་མུ་མཐུད་ནས་བཙན་བྱོལ་བོད་གཞུང་ལ་འཁོར་ཐུབ་མིན་དང་།” ཞེས་དང་ “དེ་ལྟ་བུའི་རེ་བ་དང་བློས་འགེལ་ཡིད་ཆེས་ཤིག་གང་ནས་རྙེད་པ་ཡིན་ནམ།” ཞེས་སོགས་ཀྱི་གསུང་སྟངས་ལ་བལྟས་ན་བོད་ནང་གི་རེ་༧གོང་ས་མཆོག་ཁོ་ན་ཡིན་པར་ཤུགས་རྒྱག་སྟངས་ལ་གཞིས་ན་༧ཁོང་མ་བཞུགས་པའི་ཉིན་མོ་སྤྱི་ཚོགས་བརྟན་རླིང་གི་རྒྱུ་བྱེད་མཁན་ཐོག་མའི་གྲས་སུ་འགྱུར་བའི་འཆར་གཞི་མེད་དམ་སྙམ། ཁོང་བཞུགས་པའི་སྐབས་སུ་༧ཁོང་ཉིད་བོད་རིགས་འཁོར་ས་དེ་ཡིན་པ་བདེན་ན་ཡང་༧ཁོང་མ་བཞུགས་པའི་ཉིན་འཁོར་ས་དེ་རྡ་ས་ཡིན།
༤༽ “རྒྱལ་བ་རིན་པོ་ཆེ་བགྲེས་ཡོལ་ཆ་ཚང་གནངས་ན་ང་ཚོའི་སྤྱི་ཚོགས་ལ་མཇུག་འབྲས་་་།”ལེགས་པ་ཞིག་མི་འོང་སྲིད་ཀྱང་། ༧ཁོང་དགོངས་པ་མ་རྫོགས་པར་བོད་གཞུང་གི་དབུ་འཛིན་སུས་བྱེད་སོགས་གནད་དོན་མང་པོ་ཞིག་༧ཁོང་རང་གིས་སྐུ་དབང་གིས་གཏན་ཁེལ་མ་ཐུབ་ན་མཇུག་འབྲས་དེ་ལས་ཐུ་བ་ཞིག་འབྱུང་བ་ཧ་ཅང་སྲིད།
༥༽ ༧ཁོང་མ་བཞུགས་ན་ཁོང་གི་སྐུ་ཚབ་དང་བཙན་བྱོལ་གཞུང་གནས་མི་པར་གསུང་པ་ནི་ཁྱེད་ལ་ཁྲིམས་ལུགས་ཀྱི་ཤེས་བྱ་ཅུང་ཤན་པ་མིན་ནམ་སྙམ་པའི་དོགས་པ་བྱུང་། དེ་བཞིན་ལྡི་ལི་བོད་སྒར་གྱི་སྐོར་ལ་གསུང་པ་དེ་ཁྱེད་ཀྱིས་བྲོ་རྫས་ཁ་ཤས་ཤིག་བསྣན་འདུག་ཞུ་རྒྱུ་ཡིན།
༦༽ ༧སྐྱབས་མགོན་རིན་པོ་ཆེ་ནི་བོད་མི་རིགས་ཀྱི་སེམས་ཀྱི་དབུ་ཁྲིད་ཡིན་ལ་དུས་ནམ་ཡང་དེ་ལྟར་གནས་རྒྱུ་ཡིན། ཁོང་གིས་རྒྱལ་ཁབ་ཀྱི་དབུ་ཁྲིད་མ་གནང་ན་བོད་མིའི་སྤྱི་ཚོགས་དང་བོད་མི་རིགས་ཀྱི་སེམས་ནས་ཡལ་བ་ནམ་ཡང་མི་སྲིད། ཁོང་བགྲེས་ཡོལ་དུ་ཕེབས་པ་ལ་དགོས་པ་གཏིང་ཟབ་ཡོད། དེ་ཁྱེད་ཀྱིས་མཁྱེན་དགོས་ཚོད་རེད། ཁྱེད་ཀྱིས་རང་གི་རིན་ཐང་རླག་ཏུ་མ་འཇུག་ཞུ།
༧༽ བོད་གཞུང་བརྩི་བཀུར་མི་ཞུ་མཁན་ཇེ་མང་དུ་འགྲོ་བར་ཐུགས་ཁྲལ་གནང་སྟངས་ལ་བལྟས་ན་ཁྱེད་ལ་དམངས་གཙོའི་གོ་ད་དུང་གཏིང་ཟབ་ལོན་མེད་པ་འདྲ། དམངས་གཙོའི་ནང་དུ་གཞུང་གི་བཀའ་ལ་ཉན་རྒྱུ་དེ་ཁྱེད་ཀྱིས་འོས་འགན་དེ་མིན། འོན་ཀྱང་དམངས་གཙོ་སྲ་བརྟན་ཡོད་ན་སྲིད་གཞུང་སྲ་བརྟན་མེད་རུང་རྒྱལ་ཁབ་འཐོར་བའི་ཉེན་ཁ་མེད།
ཧོར་འཇིགས་ཁྱོད་ཀྱིས་མཚམས་རེར་ཕྱི་རྒྱལ་དུ་ཡོད་པའི་དོན་གཅོད་ཁག་དོན་མེད་འགྲོ་སོང་ཆེ་རོགས་རེད་སྒོ་རྒྱག་དགོས་ཟེར་མཚམས་རེར་མུ་འཐུད་འཇུག་སྐྱོང་ཐུབ་མིན་སྐོར་གླེང་གི་འདུག
དོན་ངོ་མ་ཁྱོད་ཀྱིས་བོད་མའི་སྤྱི་ཚོགས་ནང་ཅི་ཞིག་བཤད་དགོས་བསམ་གྱི་འདུག
༧རྒྱལབ་རིན་པོ་ཆེ་ཁོང་རང་ཉིད་ཀྱིས་གསུངས་པ་དེ་ལས་ལྷག་ཅིག་ཧོར་འཇིགས་ཁྱོད་ལ་བློ་གྲོས་གསར་བ་ཞིག་ཡོད་བསམ་མི་འདུག ཁྱོད་ཀྱིས་ཕན་མེད་ནུས་མེད་ཀྱི་དེབ་རྒན་འགའ་བྲིས་ནས་སྤྱི་ཚོགས་ནང་ཅི་ཡང་བྱེད་ཐབས་མ་སོང་འགྲོ་སོང་ཆེ་རོགས་སྔོན་ནས་དེ་རེད ད་ཁྱོད་རང་ཁ་རོག་གེར་བཞུགས་དང་མཛེས་པ།
ད་དུང་བོད་རང་བཙན་རྩོད་མཁན་ཚོས་ལྟོ་གོས་ཀྱི་ཆེད་དུ་རེད་མདོག་མདོག་བཤད་འདུག་པ་འདི་ནི་རྒྱུ་མཚན་སྤུ་ཙམ་མེད་པའི་ལོག་བཤད་ཤིག་རེད། བོད་རང་བཙན་པ་ཚོ་ལ་སྤྱི་ཚོགས་ནང་དུ་ལྟོ་གོས་སྤྲད་མཁན་ཡོད་ཀྱི་ཕར་ཞོག་མི་ཉེས་ལ་ཉེས་མིང་འགོད་གང་ཐུབ་བྱེད་ཀྱི་ཡོད་པར་ང་རང་ཚོས་མཐོང་ཆོས་སུ་ཡོད།
རྒྱ་དམར་གཞུང་གིས་བོད་རང་བཙན་པ་ཚོ་ལ་ཁ་བྲལ་བ་དང་ངོ་ལོག་པ་བརྩིས་ནས་རྒོལ་རྡུང་བཏང་དང་གཏོང་བཞིན་པ་རེད། བཙན་བྱོལ་སྤྱི་ཚོགས་ནང་དུ་རྒྱལ་བ་ཆེན་པོ་ཆེན་ལ་ཁ་བཏང་མཁན་རེད་ཟེར་ནས་ཉེས་མིང་བཀོད་དང་འགོད་བཞིན་པ་རེད།
ད་རང་བཙན་རྩོད་མཁན་ཚོ་ལ་སུ་ཡིས་ལྟོ་གོས་སྤྲོད་ཀྱི་རེད་དམ། ངོ་མ་དགོད་ཤོར་ཡ་རང་རེད།
རྒྱལ་བ་རིན་པོ་བགྲེལ་ཡོལ་ལ་ཕེབས་མི་སྲིད་པ་གཞིར་བཞག་པ་མ་ཡིན་པར། ཕེབས་པ་གཞིར་བཞག་ནས་ཕ་བཟང་མཛད་རྗེས་བུ་ཡིས་འཛིན་ཐུབ་པ་ད་ལྟ་ནས་འབད་བརྩོན་བྱེད་འགོ་བཙུགས་དགོས་པ་རེད་སྙམ།
ཧོར་གཙང་ལགས་ཀྱིས་དེ་རིང་གསུངས་ལུགས་ལ་བལྟས་ན་༧གོང་ས་མཆོག་མ་བཞུགས་པའི་ཉིན་མོ་དེར་༧གོང་ས་མཆོག་གི་མཚན་ཐོག་ཏུ་དེབ་བསྐྱེལ་བྱས་པའི་ཕྱི་རྒྱལ་ཁག་ཏུ་ཡོད་པའི་སྐུ་ཚབ་དོན་གཅོད་གཙོ་བྱེད་པའི་ལས་ཁུངས་ཆེ་ཆུང་ཚང་མ་གནས་མི་ཐུབ་པའི་ཐུགས་འཁྲུལ་གནང་གི་ཡོད་པར་འདྲ་གཅིག་བསྟན་འདུག
ཕྱི་རྒྱལ་ཁབ་ཁག་ཏུ་ཡོད་པའི་དོན་གཅོད་ཁག་བོད་མི་རིགས་ཀྱི་ཆེད་དུ་གལ་ཆེ་ཡིན་མདོག་བཤད་འདུག་པ་དང་།
སྔོན་མ་༢༠༡༠་༠༥་༠༥་ཚེས་ཉིན་སྤེལ་པའི་འཆར་སྣང་ཐར་ཐོར་ཞེས་རྩོམ་ཡིག་ནང་དུ་ཧོར་གཙང་ལགས་ཀྱིས་ཕྱི་རྒྱལ་ཁག་ཏུ་ཡོད་པའི་དོན་གཅོད་ཁག་འགྲོ་སོང་ཆེན་པོ་ཡིན་པས་སྒོ་རྒྱབ་དགོས་རབས་དང་། མ་ཟད་བཙན་བྱོལ་བོད་གཞུང་གི་ཆོས་རིགས་ལས་ཁུངས་དང་འཆར་འགོད་ལས་ཁུངས་སྤྱི་འཐུས་རྒྱུན་ལས་ལ་སོགས་ལ་དམིགས་གསལ་ལས་ཀ་མེད་པས་སྒོ་རྒྱབ་དགོས་རབས་གསུངས་མྱོང་ཡོད།
ཧོར་གཙང་འཇིགས་མེད་ལགས། ཁྱེད་ཀྱི་ཟླ་བ་དྲུག་གི་སྔོན་དུ་བཤད་པའི་སྐད་ཆ་དང་དེ་རིང་བཤད་པའི་སྐད་ཆ་གཉིས་མཐུན་གྱི་མི་འདུག་པས་རྒྱུ་མཚན་གང་ཡིན་ནམ། གོ་སྐབས་འཚོལ་གྱི་ཡོད་པས།
དྲ་གྲོགས་ངར་ལྕགས་ཀྱི་གསུངས་པ་ལྟར་གང་ཟག་རང་བཙན་རྩོད་མཁན་འགའ་ལ་མ་དགའ་མ་འདོད་པས་རྒྱུ་མཚན་གྱིས་བཤད་ཀྱི་ཡོད་དམ།
https://tibettimes.net/wordpress/news.php?cat=5&id=2695&&cp=1
མཁས་གྲགས་གཉིས་ལྡན་གྱི་ཧོར་གཙང་འདིར་ཕེབས་ཏེ་རང་ཉིད་ཀྱི་ལྟ་ཚུལ་སྤེལ་བ་ལ་རྗེས་སུ་ཡི་རངས་ཡོད། ཡིན་ན་ཡང་ཁྱེད་ཀྱི་ལྟ་ཚུལ་ལ་བརྒྱ་ཆ་དྲུག་ཅུ་ལས་མོས་མཐུན་བྱེད་ཐུབ་ཀྱི་མི་འདུག
ཧོར་འཇིགས་ལགས་ཀྱིས་གསུངས་པ་དངོས་གནས་བསམ་བློ་གཏོང་གལ་ཆེ་བའི་གནད་དོན་ཞིག་རེད། བོད་ཀྱི་ཆབ་སྲིད་ཀྱི་ཀྱག་ཀྱོག་ལམ་ཕྲེང་འདི་ཉིད་ནམ་ཞིག་གི་ཚེ་རྫོགས་ལ་ཉེ་པར་སུས་ཀྱང་ཚོད་དཔག་དཀའ་བའི་གནད་དོན་ཞིག་རེད།
ངས་བསམ་པར་ཧོར་འཇིགས་ལགས་ཀྱིས་ཐུགས་འཁྲལ་ཆེན་པོ་གནང་པའི་གནད་དོན་གཅིག་ནི་གལ་སྲིད་༧གོང་ས་མཆོག་ཞལ་བཞུགས་མེད་པར་འགྱུར་ན། ཁོང་གི་མཚན་ཐོག་ཏུ་ཡོད་པའི་བོད་ཀྱི་ཆབ་སྲིད་མ་ལག་དེ་དག་ཇི་ལྟར་འགྱུར་སྲིད་མིན་ཐད་རེད་འདུག། ངས་བསམ་པར་དེ་ལ་ཁྲིམས་ལུགས་སྟེང་དམིགས་བསལ་གྱིས་འགྱུར་བ་འགྲོ་སྲིད་པ་ཞིག་མ་རེད་སྙམ། རྒྱུ་མཚན་མང་པོའི་ནང་ནས་གཙོ་བོར་༧གོང་ས་མཆོག་ནི་ཡང་སྲིད་ཡོང་ངེས་ཡིན་པ་དེ་རེད། ཁོང་གི་མཚན་ཐོག་ཏུ་ཡོད་པའི་མ་ལག་ཁག་ནི་ཇི་སྲིད་ཁོང་གི་མཚན་སྙན་མ་ཡལ་བར་ཏུ་དེ་སྲིད་གནས་ཐུབ་པ་ཞིག་ཡིན་དུས། ཁྲིམས་ལུགས་ཀྱི་ནང་ཡང་སྲིད་ཤུལ་བཞག་གི་ལམ་ལུགས་དེའི་ཐོག་ཁོང་གི་མཚན་ཐོག་ཏུ་ཡོད་པའི་ལས་ཁུངས་མ་ལག་ཁག་རང་སོར་བཞག་རྒྱུ་ཡིན་པ་དང་། ལྷག་པར་རྒྱ་གར་གཞུང་གིས་བོད་ཀྱི་ཆབ་སྲིད་ལ་ད་བར་རྒྱབ་སྐྱོར་གནང་དེའང་༧གོང་ས་མཆོག་གཅིག་པོའི་ཆད་མིན་པར། བོད་ཀྱི་གནད་དོན་འདིས་ཁོང་ཚོའི་ཆབ་སྲིད་ལའང་ཧང་ཅང་ཕན་འདོགས་ཆེ་བའི་དབང་གིས་ཀྱང་ཡིན་པས་ན། ཇི་སྲིད་ང་ཚོས་འཐབ་རྩོད་དེ་ཉིད་མཚམས་འཇོག་མ་གནང་གིས་བར་ཏུ་རྒྱ་གར་གཞུང་གིས་ང་ཚོ་ལ་རྒྱབ་སྐྱོར་སྔར་བཞིན་བྱེད་རྒྱུ་ཡིན་སྙམ།
བཤད་ཚུལ་འདིར་གནས་ལུགས་ཡོད་པ་ཞིག་མཐོང་མི་ཐུབ། རྒྱལ་བ་རིན་པོ་ཆེས་རྒན་ཡོལ་དང་ཁོང་མེད་པ་ནང་བཞིན་གྲ་སྒྲིག་བྱེད་ཤོག་གསུངས་བ་དེ་གལ་ཆེ་དོན་ཆེན་ཞིག་ཡིན་པ་དམིགས་བསལ་ཚོགས་ཆེན་སྐབས་གོ་ཡོད་ན་གསལ་ཐིང་ངེར་གསུངས་སོང་། ད་དུང་བོད་ཀྱི་ཤེས་ལྡན་པ་ཞིག་གིས་འདི་ལྟར་གླེང་ན་དངོས་གནས་ཡིད་སྐྱོ། བཤད་ཚུལ་འདི་ནི་རྒྱ་དམར་ལ་དགོས་པའི་ལས་དོན་རང་རེད། མི་རིགས་ཤིག་འཐབ་རྩོད་ནི་མི་ཞིག་ལ་ཐུག་མེད་པ་དེ་རྒྱལ་བ་རིན་པོ་ཆེའི་དགོངས་གཞི་རེད་ལ།་དངོས་ཡོད་གནས་ཚུལ་ཡང་རེད། རྒྱལ་བ་རིན་པོ་ཆེ་མ་བཞུགས་པའི་སྐབས་བོད་གཞུང་དང་བོད་མི་ཅི་ལྟར་གནས་དགོས་མིན་ཐད་བློ་མི་འདོན་པར། གང་ཟག་རང་བཙན་རྩོད་མཁན་འགའ་ལ་མ་དགའ་མ་འདོད་པའི་རྩོམ་འཁྱོག་འདི་འདྲ་བྲིས་ན་བདེན་པར་མི་མཐོང་།
ཧོར་འཇིགས་ལགས། ངོ་མ་ཡག་པོ་བྲིས་འདུག ད་ང་ཚོའི་བསམ་གཞིགས་བྱེད་པའི་དུས་ལ་སླེབས་འདུག དྲ་གྲོགས་ཚོ་ཤུགས་རྒྱོབས་ཡ།