སྤྱི་ནོར་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི། འཛམ་གླིང་འདིའི་རླབས་ཆེ་ཤོས་ཀྱི་སྐྱེས་ཆེན་ཞིག་རེད། ད་ལྟའི་འཛམ་གླིང་འདིའི་ཕན་བདེ་དང་བོད་གངས་ཅན་གྱི་ཆོས་སྲིད་ཀྱི་བདེ་རྩའི་གནད་འགག་མང་པོ་ཞིག་ཁོང་གི་སྐུ་ཚེ་དང་མཛད་འཕྲིན་ལ་བརྟེན་ལྟོས་ཆེ་བ་བཤད་མི་དགོས་པ་ཞིག་རེད། འོན་ཀྱང་དངོས་པོའི་ཆོས་ཉིད་བཞིན་ཁོང་གི་སྐུ་ཚེ་ལ་མཐའ་དང་ཚད་ཡོད་པ་ཞིག་ལས། མཐའ་མེད་ཚད་བྲལ་ཞིག་མ་རེད། དེར་བརྟེན། ནམ་ཞིག་ཁོང་མ་བཞུགས་པའི་ཉིན་མོ་དེར། བོད་ཀྱི་འཐབ་རྩོད་ཀྱི་ནུས་ཤུགས་ཁ་འཐོར་དུ་འགྲོ་ངེས་ཡིན་པའི་སྔོན་དཔགས་དང་རེ་སྒུག་ཅིག་རྒྱ་ནག་གཞུང་གིས་བྱེད་བཞིན་ཡོད་ལ། བོད་མི་མང་བོས་ཀྱང་། ཉིན་དེ་འདྲ་ཞིག་ཡོང་ཉེན་ཡོད་པར་སེམས་འཚབ་བྱེད་བཞིན་ཡོད། གནས་སྟངས་འདིའི་ཐད་ནས་བཤད་ན། ཐབས་ཤེས་ཡག་ཤོས་ནི། ༸གོང་ས་མཆོག་གིས་རིམ་པས་གང་གི་མཛད་འགན་དགོངས་ཞུ་གནང་སྟེ་བོད་མི་ཚོ་རང་འགན་རང་ཐེག་ཐུབ་པ་གནང་རྒྱུ་ལས་ལྷག་པ་ཅི་ཡང་མེད་ལ། ༸གོང་ས་མཆོག་གིས་ཀྱང་གནད་འགག་འདི་གཟིགས་ཏེ། གཞུང་འབྲེལ་མཛད་འགན་ལས་ཡོངས་སུ་བགྲེས་ཡོལ་གནང་བཞེད་ཡོད་སྐོར་གསུངས་ཡོད།
ཁོང་ལ་དེ་འདྲའི་དགོངས་པ་དང་འཆར་གཞི་ཞིག་སྔོན་ཚུད་ནས་ཡོད་པ་གསལ་པོ་ཡིན་ཡང་། ཉེ་ལམ་གློ་བུར་དུ་དེའི་ཐད་ཐུགས་ཐག་ཆོད་པོས་བཀའ་སློབ་ཕེབས་པ་དེར། གློ་བུར་གྱི་འཕྲལ་རྐྱེན་མེད་པའང་མིན། དཔེར་ན་ཉེ་ལམ་གྱི་བཀའ་བློན་ཁྲི་པའི་སྔོན་འགྲོའི་འོས་བསྡུའི་ནང་བོད་མི་མང་ཚོགས་ཀྱིས་ཆ་ཤས་ཤུགས་ཆེན་པོ་ལེན་སྟངས་དང་། བཀའ་ཁྲིའི་འོས་མིའི་འགྲན་རྩོད་ཆེ་སྟངས། གྲོས་ཚོགས་སུ་མ་བསྟན་པའི་ཡིག་ཆ་ཞེས་པའི་གླེང་ལྷག་དང་འབྲེལ་བའི་ཉན་ཞིབ་ཆེན་མོའི་ཀླན་ཀ་ཆེ་ཚུལ། ལྷག་པར་དུ། བཀའ་ཁྲིའི་འོས་འགྲན་ནང་དུ། དབང་ཆ་མི་རབས་གསར་པར་རྩིས་སྤྲོད་དགོས་པ་དང་། ཡབ་གཞིས་སོགས་སྐུ་དྲག་ཆེན་པོའི་ཁྱིམ་ཚང་གི་ལག་ནས་མི་དམངས་དཀྱུས་མས་དབང་ཆ་ལེན་དགོས་པ། མྱོང་ཅན་གྱི་རྒན་པོས་དབང་ཆ་ཉར་བ་ལས་གསར་གཏོད་ཀྱི་གསོན་ཤུགས་རྒྱས་པའི་གཞོན་སྐྱེས་ཀྱིས་འགན་བླངས་ན་དྲག་ཚུལ་དང་ལེགས་ཚུལ་གྱི་འབོད་ཚིག་རྒྱ་ཁྱབ་ཏུ་གཅིག་མིན་གཉིས་མིན་གྱིས་བསྒྲགས་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ཀླུ་མཁར་བྱམས་ཀྱིས། ༸གོང་ས་མཆོག་ལ་“བླ་རྒན་”ཞེས་ཀྱལ་ཀའི་ཚིག་དང་བཅས་ཏེ་སྐུ་དབང་མང་ཚོགས་ལ་སྤྲོད་དགོས་ཚུལ་བྲིས་པའི་སྙིང་ཁམས་ཆེ་ཚུལ་སོགས་བྱེད་ཚུལ་འདི་དང་འདི་དག་ལ་བརྟེན་ནས། མགོན་པོ་གང་གི་ཐུགས་ལ། ད་ནི་དངོས་གནས་དབང་ཆ་ཡོངས་རྫོགས་རྩིས་སྤྲོད་པའི་དུས་ལ་ཏག་ཏག་བབས་འདུག་དགོངས་པའང་ཡིན་སྲིད།
གཞན་ཡང་། ༸གོང་ས་མཆོག་གིས་སྦེལ་ཀོབ་ཏུ་དམིགས་བསལ་ཚོགས་ཆེན་འཚོགས་སྐབས། སྐུ་རྩེད་དང་སྦྲགས། བཀའ་ཁྲི་གསར་པ་དེས་ལས་དོན་ཏག་ཏག་ཅིག་ཡོང་གི་མི་འདུག་ན། ཤ་གཅུས་བརྒྱབ་ཆོག་གི་རེད་ཅེས་གསུངས་པ་ལྟར། བཀའ་ཤག་གསར་པར་སུ་ཞིག་སླེབས་རུང་། ལས་དོན་ཚགས་ཚུད་ཡག་པོ་ཡོང་གི་མེད་ཚེ། དེའི་སྐྱོན་དང་ཞན་ཆ་སེལ་ཐབས་མཛད་བཞེད་ཡོད་པ་གསལ་པོ་ཡིན་ཞིང་། འདི་ནི་ཁྱིམ་ཚང་ཞིག་ལ་མཚོན་ན། ཕ་རྒན་གྱིས་བུ་ལ་འགན་སྤྲད་དེ་ཉམས་མྱོང་གསོག་ཞོར་ལག་ཆགས་སུ་འཇུག་པ་དང་གནད་འགག་གཅིག་རེད།
ད་ལྟ་བོད་མི་ཚོས། ས་ཁུལ་གང་ས་ནས་མགོན་པོ་མཆོག་ལ་སྙན་ཞུ་ཕུལ་ཏེ། བགྲེས་ཡོལ་ཆ་ཚང་མི་གནང་བའི་གསོལ་འདེབས་ཞུ་བཞིན་པ་འདི། རྣམ་པ་གཅིག་ཏུ་ན། དད་དམ་གཡོ་བ་མེད་པ་ལས་བྱུང་བ་ཡིན་སྲིད་ཀྱང་། གཞན་དུ་ན། སྲིད་དོན་པ་འགས་ལྷག་བསམ་དང་སེམས་ཁུར་ཆེ་མདོག་གིས་མང་ཚོགས་བརྒྱུད་སྐུལ་བྱས་པའང་ཡིན་སྲིད་དེ། དཔེར་ན། རྒྱ་རི་རིན་པོ་ཆེས། ཉེ་ཆར་ཀུན་གླེང་བརྙན་འཕྲིན་ལས་རིམ་ཐོག་མང་ཚོགས་ལ་རྒྱགས་རང་ཁུར་གྱིས། དྷ་སར་བཅར་ཏེ་བགྲེས་ཡོལ་མི་གནང་བའི་གསོལ་འདེབས་ཞུ་དགོས་པའི་བརྒྱུད་སྐུལ་ཡོངས་གྲགས་གནང་བར་མ་ཟད། ༸གོང་ས་མཆོག་གིས་མཛད་འགན་མ་བཞེས་ཚེ། རྒྱ་རི་རིན་པོ་ཆེ་ཡང་བོད་གཞུང་གི་ནང་ཞབས་ཞུ་སྒྲུབ་སེམས་མེད་པའི་གསུང་བཤད་ཡ་མ་ཟུང་ཞིག་ཀྱང་གནང་བ་དེ་ཚོས་རྟོགས་ཐུབ་པ་ཡིན། ༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཡིན་པའི་ཆ་ནས། གཞན་དང་གཞན་ལས་ལྷག་པའི་གོ་རྟོགས་དང་བཅས་ཏེ་༸གོང་ས་མཆོག་གི་དགོངས་གཞི་དགོས་པ་གསལ་པོར་ འགྲེལ་མ་ཐུབ་རུང་། ཏག་ཏག་དགོངས་པའི་ལྡོག་ཕྱོགས་སུ་བབས་ཤིང་གཞོལ་བའི་བཀའ་མོལ་འདི་འདྲ་ཐེ་ཚོམ་དང་ནེམ་ནུར་ཅི་ཡང་མེད་པར་གསུངས་བབས་འདི་རིགས་རྒྱ་རི་སྒེར་ལ་གནད་འགག་ཅིག་ཆགས་ཡོད་སྲིད་ཀྱང་། བོད་སྤྱི་པ་ལ་གནད་འགག་ཆེ་བའི་བསླབ་བྱ་ཡེ་ནས་མ་རེད།
བོད་ཀྱི་དཀའ་རྙོག་ལ་དཔྱད་ཚེ། ཕྱིའི་དཀའ་ངལ་ལ་ཕྱི་ནང་གཉིས་ཡོད་པ་ལས། ནང་གི་དཀའ་ངལ་ནི། བོད་གཞུང་དང་༸གོང་ས་མཆོག་གི་གནས་བབ་དེ་རེད། སྐད་ཆ་གསལ་པོ་བཤད་ན། བོད་གཞུང་གི་གནས་བབས་དེ་༸གོང་ས་མཆོག་གི་གཟི་བརྗིད་ལ་བརྟེན་སྡོད་པ་དང་། ༸གོང་ས་མཆོག་མེད་ན་བོད་གཞུང་ཡང་རྩ་སྟོངས་སུ་མ་སོང་ཡང་ཚད་ངེས་ཅན་ཞིག་ཉམས་འགྲོ་བ་དཔེར་ན། ༸གོང་ས་ལྔ་པ་དང་བཅུ་གསུམ་པའི་སྐབས་སུ་མཛད་འཕྲིན་རྒྱས་ཏེ་ཆབ་སྲིད་ཀྱི་ཁྲ་ཚུགས་ཀྱང་། ཁོང་རྣམ་པ་གཉིས་གཤེགས་པ་དང་བོད་གཞུང་གི་སྲིད་དབང་ཉམས་ཆག་བྱུང་བ་ལྟ་བུ་རེད། དཀའ་ངལ་འདི་ནི་གཙོ་བོ། གཞུང་དེ་མང་ཚོགས་ཀྱིས་ཐེ་ཇུས་ཆེན་པོ་ཡོད་པའི་གཞུང་ཞིག་ལ་བསྒྱུར་མ་ཐུབ་པ་དང་གཅིག བོད་མིའི་འདུ་ཤེས་འཛིན་སྟངས་ནང་ཏཱ་ལའི་བླ་མ་དང་བོད་གཞུང་གཉིས་ལས། ཏཱ་ལའི་བླ་མ་གལ་འགངས་ཆེ་བར་བརྩི་བ་དང་གཉིས་བཅས་ཀྱི་ཆ་ནས་རེད། ངས་འདི་ལ་ལེགས་པའི་ཆ་ཡོད་མ་རེད་ཟེར་གྱི་མེད། འོན་ཀྱང་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་ཐོག་ནས་བཤད་ན། དེ་ལ་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པ་ནི། འདས་པའི་ལོ་རྒྱུས་དང་ད་ལྟའི་དཀའ་ངལ་གཉིས་ཀས་ར་སྤྲོད་བྱེད་བཞིན་ཡོད།
དེར་བརྟེན་༸གོང་ས་མཆོག་གིས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུག་གིས་བོད་གཞུང་གི་གནས་བབ་ཇེ་མཐོ་དང་ཇེ་བརྟན་དུ་གཏོང་ཐབས་མཛད་བཞིན་ཡོད་ཅིང་། དེ་ནི་ང་ཚོའི་འཐབ་རྩོད་རྒྱུན་མཐུད་ཐུབ་མིན་གྱི་གལ་ཆེའི་གནད་འགག་ཀྱང་རེད། དངོས་གནས་བྱས་ན། གནད་དོན་འདི་ཚོར་ཐུག་སྐབས། ད་ཆ་༸གོང་ས་མཆོག་གི་བཀའ་དགོངས་བཞིན་གཞུང་དང་སྤྱི་བའི་ལས་དོན་འདི་ཐབས་དང་ཚུལ་ཇི་ལྟ་བུས་ཡར་རྒྱས་དང་ཚགས་ཚུད་དུ་གཏོང་དགོས་པའི་སྐོར་ལ་གྲོས་ཁ་བསྡུར་ཏེ་ལེགས་ཆའི་བསམ་འཆར་འདོན་པ་དང་ནུས་པ་སྒོ་ཀུན་ནས་གཅིག་ཏུ་སྤུངས་དགོས་པའི་དུས་ཡིན་མོད། བཙན་བྱོལ་བོད་མི་ཚོས་དིང་སང་། བོད་གཞུང་གི་དབང་ཆ་སུ་ལ་ཐོབ་མ་འཐོབ་དང་། ༸གོང་ས་མཆོག་གིས་མཛད་འགན་མ་བཞེས་ཚེ། སྡེ་སྲིད་ཁྲི་བ་ལ་སུ་ཞིག་བསྐོ་མ་བསྐོ་སོགས་མིང་ཙམ་གྱི་དོན་ཆུང་ཁག་ཅིག་ལ་གཡེང་སྡོད་པ་འདི་ཉེན་ཞིག་རེད།
ནམ་རྒྱུན་ང་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་མང་བོ་ཞིག་འབུལ་བཞིན་ཡོད། འོན་ཀྱང་ཞིབ་ཏུ་བརྟག་ཅིང་དཔྱད་ན། བརྟན་བཞུགས་དེ་དག་ལས་མང་བོ་ཞིག་ནི། ༸གོང་ས་མཆོག་གི་སྐུ་ཚེ་བརྟན་པའི་གསོལ་འདེབས་ཀྱི་ཞོར་དུ་བརྟན་བཞུགས་འདེགས་མཁན་རང་ཉིད་ཀྱི་གོ་གནས་བརྟན་ཐབས་ཤིག་ཀྱང་མིན་པའི་ངེས་པ་མི་འདུག་ཅིང་། ༸གོང་ས་མཆོག་སྐུ་ཚེ་བརྟན་པ་དང་མཛད་འཕྲིན་རྒྱས་པ། མ་འོངས་པར་ཡང་སྲིད་འཁྲུལ་བྲལ་རང་ཅག་གི་མགོན་དུ་བྱོན་པའི་ཐབས་རབ་དང་ཕུལ་དུ་གྱུར་བ་ནི། ༸གོང་ས་མཆོག་གི་བཀའ་བཞིན་གཞུང་གི་ལས་དོན་ཡོངས་རྫོགས་ཀྱི་འགན་བོད་མི་རང་ཉིད་ཀྱིས་བླངས་ཏེ། ཧྲ་ཐག་ཐག་ཅིག་བཟོ་རྒྱུ་དེ་ཡིན་ཞིང་། དེ་ལྟར་བྱས་ན། ༸གོང་ས་མཆོག་ཐུགས་དགོངས་དགྱེས་ཞིང་མཉེས་ཏེ་ཡུན་རིང་བཞུགས་ངེས་རེད་ལ། རྒྱ་ནག་གཞུང་གིས་ཀྱང་བོད་གཞུང་གི་སྒྲིག་འཛུགས་ལ་སྣང་ཆུང་གཏོང་ཐུབ་ཀྱི་མ་རེད། སླད་༸གོང་ས་མཆོག་དགོངས་པ་གཞན་དོན་དུ་གཤེགས་པའི་དུས་སུ་ཡང་། སྒྲིག་འཛུགས་བརྟན་པོ་འདིས་ཡང་སྲིད་ངོས་འཛིན་ནོར་འཆུག་མེད་པ་བྱ་ཐུབ་ཀི་རེད་ལ་ངོས་འཛིན་ཟིན་རྗེས། མིང་ཡོད་དོན་ཡོད་ཀྱི་སྒྲིག་འཛུགས་ཤིག་གི་ཁྲི་ལ་མངའ་གསོལ་ཞུ་ཐུབ་ཀྱི་རེད། བོད་མི་ཚོ། འདི་ལས་ལྷག་པའི་རྡོ་རྗེའི་བརྟན་བཞུགས་ཤིག་གང་ན་འདུག
ཁང་གསར་རྡོར་རྗེ་ལགས་བཀྲིས་བདེ་ལེགས་བཞུ་བ་དང་ཆབ་ཅིག་གུས་པ་ནི་ཁྱེད་གི་ཟིན་བྲིས་ཀློག་རྒྱུར་དགའ་མཁན་ཞིག་ཡིན་ལ་ཟིན་བྲིས་དེ་ཚོས་ང་ལྟ་བུར་ཕན་ཐོག་ཏན་ཏན་ཡོང་གི་འདུག་པས་སྙིང་དབུས་ནས་ཐུགས་རྗེ་ཆེ་ད་དུང་གང་མང་སྤེལ་རྒྱུའི་རེ་སྐུལ་ཞུ་བཞིན་ཡོད་། དེ་རིང་ཟིན་བྲིས་ནང་ཀླུ་མཁར་བྱམས་ཀྱི་བླ་རྒན་ཞེས་པའི་ཚིག་དེ་གོ་སྐབས་ཚོལ་མཁན་ཚོར་ཕན་ཐོགས་ཆེན་པོ་བྱུང་ཡོད་ས་རེད་། གང་ལྟར་སྤྱི་ཚོགས་ནང་འགན་ཁྱེར་ནས་ཕྱག་ལས་གནང་མཁན་རིགས་ནག་པོ་ཆག་ན་སེམས་ཕམ་ཡོང་གི་འདུག།
ཁང་གསར་ལགས་ཀྱིས་གནད་འགག་མང་དག་གཅིག་ཤེས་ཀྱི་འདུག ༸ གོང་ས་མཆོག་ལ་རྒྱལ་སྲིད་ཆོས་སྲིད་ཀྱི་སྐུ་དབང་ཆེན་པོ་ཞིག་ཕུལ་སྐབས་བོད་དེ་ཆོས་སྲིད་སོགས་ཕྱོགས་ཐད་ནས་གོད་ཆགས་དང་རྩབ་རལ་ཅན་ཞིག་བཏང་ཟིན་སྟབས་ཡོད་ཚད་༸ རྒྱལ་བ་རིན་པོ་ཆེའི་སྐུའི་སྒང་དུ་མིང་རྫི་པོ་གཅིག་བརྟགས་ཏེ་གང་ཉིད་དབུར་གཡུགས་པ་དེ་རེད།
༡༩༥༩ ལོར་ནས་ཤི་གསོན་གང་ལའང་ཆ་མ་སོན་པའི་བོད་རྒྱལ་ཁབ་དང་། བོད་མི་རིགས། བོད་ཀྱི་དབུ་འཁྲིད་། བོད་ཀྱི་རིག་གཞུང་སོགས་ཐབས་སྡུག་དེ་འདྲ་ཞིག་ཏུ་གྱུར་བའི་སྐབས་ནས་བཟུང་༸ གོང་ས་མཆོག་གིས་བསྟན་འགྲོའི་སླད་དུ་སྐུ་ལས་ཚད་མེད་གཅིག་བསྐྱོན་ནས་མི་ལོ་ ༥༠ ལྷག་ཙམ་གྱིས་ནང་རྒྱ་མི་གུང་ཁྲན་གི་བསམ་ཡུལ་ལས་འདས་པའི་༸ གོང་ས་མཆོག་གིས་ཐུགས་རྗེའི་སྐུ་གསུང་ཐུགས་ཀྱི་མཛད་འཕྲིན་སྤྱི་དང་། སྒོས་སུ་བོད་མི་རིགས་དང་བོད་ཀྱི་རིག་གཞུང་བོད་ཀྱི་རྩ་དོན་སོགས་གང་ཐད་ནས་ཆིག་བསྒྲིལ་དང་སོན་ཤུགས་གསར་པ་འདི་འདྲ་གཞིག་གིས་ཚད་ལ་སླེབས་ཐུབ་ཡོད།
གང་ཉིད་ཆབ་སྲིད་ཀྱི་ཕྱག་ལས་དངོས་ནང་མ་བཞུགས་ཀྱང་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་འཁྲིད་ཀྱི་མཚན་གནས་རྗེས་འབྲེལ་དེ་ངེས་པར་དའང་བཞེས་རྒྱུའི་སླད་དུ་ང་ཚོས་མ་གྲོས་བསམ་པ་གཅིག་མཐུན་གྱིས་སྒཽ་ནས་གསོལ་འདེབས་ཞུ་དགོས།
ཡིན་ནའང་ཆབ་སྲིད་ཀྱི་གནད་དོན་ཐད་ལ་མི་དམངས་ཀྱིས་ཐད་ཀར་འོས་འདེམས་བྱས་པའི་བཀའ་ཁྲིས་ངེས་པར་འགན་འཁུར་ལེན་ཐུབ་པ་བྱེད་དགོས།
ཁང་གསར་གྱི་རྩོམ་ཡིག་འདིར་ཞིབ་ཀློག་ཅིག་བྱས་པ་ཡིན། ཆེས་ཉེ་དུས་ཀྱི་མཆན་དེར་ཡང་ཞིབ་ཀློག་བྱས་ཡོད། གཞན་དག་ལ་ཀློག་ཁོམ་མ་བྱུང་།
ཐེངས་འདིའི་རྩོམ་ཡིག་ལ་ལུས་ངག་ཡིད་གསུམ་ནས་འཐད་པ་དང་མོས་པའི་རྣམ་འགྱུར་སྟོན་འདོད་པ་ཡིན། བརྒྱ་ཆའི་བརྒྱ་ཐམས་པ་མོས་མཐུན་ཡོད། ཀླུ་མཁར་བྱམས་ཀྱི་”བླ་རྒན་” ཟེར་བ་དེ་ཞེ་ཚིག་ཡིན་དང་མིན་གྱི་སྐད་ཆ་མེད། གང་ལྟར་འབོད་སྲོལ་དེ་ལ་ངོ་རྒོལ་ཡོད།
དེ་ནས་མཆན་དེར་”ཀ) ༸གོང་ས་མཆོག་གིས་བོད་གཞུང་གི་ཆབ་སྲིད་དང་འཛིན་སྐྱོང་གི་མཛད་འགན་ཐད་ཀར་མ་བཞེས་ཀྱང་། བོད་རྒྱལ་ཁབ་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཀྱི་མཚན་གནས་མུ་མཐུད་བཞེས་དགོས་པའི་གསོལ་འདེབས་ཞུ་དགོས། ” ཟེར་བ་ཞིག་འདུག འདིར་དོགས་པ་ཅུང་བྱུང་། གལ་སྲིད་འདིས་༧གོང་ས་བཅོ་ལྔ་པ་ཡང་སྐུ་མདུན་འདི་བ་ཇི་བཞིན་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་དུ་ཁྲི་འདོན་གནང་དགོས་པ་ཞིག་ཡིན་ན། དེ་ལ་མོས་མཐུན་མེད། ༧གོང་ས་མཆོག་གིས་སྔོན་ཆད་ནས་གསུངས་ཡོད་པ་ཇི་བཞིན་ཡོད། སྐུ་ཕྲེང་༡༥ པ་མི་མང་གིས་འོས་འདེམས་ཁྲོད་ནས་སླེབས་ན་མ་གཏོགས། ཏྰ་ལའི་བླ་མའི་ཡང་སྲིད་ཡིན་པའི་རྒྱུ་མཚན་གྱིས་ཐད་བསྐོ་བྱེད་ན་མི་འགྲིག་པར་འདོད། འདི་ངའི་དྲན་འཆར་ཡིན།
འདིར་ཕལ་མོ་ཆེས་བདག་གི་རྩོམ་ཡིག་གི་བརྗོད་དོན་ལ་མོས་མཐུན་གནང་འདུག་པས། གསལ་བཤད་མང་བོ་དགོས་དོན་མ་མཆིས། “བླ་རྒན་”ཞེས་པ་ཨ་མདོ་ཁུལ་དུ་ཞེ་ས་ཡིན་མིན་དང་། ཞེ་ས་ཡིན་ན་ད་ཕན་ལོ་རྒྱུས་ཐོག་ཨ་མདོ་བ་སུས་དུས་ནམ་ཞིག་ལ་ཚུལ་ཇི་ལྟར་ཞེ་སར་བཀོལ་ཡོད་མེད་ཀྱི་དཔེ་མཚོན་དྲངས་རྒྱུ་མཆིས་དང་མ་མཆིས་སོགས་ལས་བརྩམས་ཏེ་རྩོད་དགོས་པ་ཡོད་ཀྱང་། དེ་ཚོ་ནི་འདིར་སྐབས་དོན་དང་འབྲེལ་ཆེན་པོ་མ་མཐོང་བས་བཞག
བདག་གིས་ནི་གཟབ་ནན་སྒོས་༼“བླ་རྒན་”ཞེས་པའི་ཀླན་ཀའི་ཚིག་དང་བཅས་༽ཞེས་བྲིས་པ་ལས། འདི་ཞེ་ཚིག་ཡིན་དང་མིན་ཅི་ཡང་བཤད་མེད། ད་ལྟ་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་དང་དེ་སྔོན་བོད་གཞུང་གི་འཚོ་སྣོན་སྐྱོབས་གསོ་ཞུ་བའི་ཞོར་དུ་རང་བཙན་གྱི་འཐབ་རྩོད་གནང་བཞིན་བཞུགས་མཁན་ཀླུ་མཁར་བྱམས་ཀྱིས་བྲིས་པ་དེ། “ཀླན་ཀ་ཅན་”ཡིན་མིན་ངས་མང་མང་འབྲི་མི་དགོས་བར་ཀུན་གྱིས་གཟིགས་དང་གཟིགས་བཞིན་པ་དེ་རེད། དེ་ཙམ་ལས། བདག་གིོས་ནི་ཀླུ་མཁར་བྱམས་ཀྱིས་བྲིས་པ་དེ་ལེགས་དང་ཉེས། ཡག་གམ་སྡུག འགྲིག་པ་དང་མ་འགྲིོག་པའི་སྐོར་ཅི་ཡང་བཤད་མེད་པས། ཁོའི་རྒྱབ་ཏུ་ལངས་ཏེ་དག་འབུད་བྱེད་འདོད་པ་ཚོས། འདིར་མཆན་འདྲ་མ་འདྲ་བྲིས་པ་དང་འབྲི་གྱུར་དེ་རྣམས་ཡོངས་རྫོགས་གནོང་རང་ཁུར་དང་། དོགས་པ་སྔོན་བསུས་ཀྱིས་རང་གི་ནང་གི་དེ་ཉིད་ཕྱི་ལ་བསྟན་པ་ཙམ་ལས། ངས་མ་བཤད་མཐུ་མེད་བཟོས་པ་མིན་ནོ།།
འདིར་གསལ་པོ་བཤད་དགོས་པའི་གནད་འགག་གསུམ་ཡོད། དེ་ནི། ༸གོང་ས་མཆོག་ལ་ཡོད་པའི་སྐུ་དབང་ཞེས་པ་དེ་ཅི་ཡིན་པ་དེ་དང་པོ་ཡིན། ༡༩༥༠ ལོར་༸གོང་ས་མཆོག་ལ་རྒྱལ་སྲིད་ཆོས་སྲིད་ཕུལ་བ་ཡིན་ཟེར་བ་དེ་སྐད་ཆ་རྫིག་པོ་རེད་མ་གཏོགས་དོན་དུ། རྒྱ་མིས་བཙན་འཛུལ་བྱས་ཚར་བའི་ཆབ་སྲིད་ཅིག་ཕུལ་བ་རེད། རྒྱ་མིས་བཙན་འཛུལ་བྱེད་དུས། རྒྱ་མིའི་དམག་མི་མདོ་སྟོད་དང་མདོ་སྨད་བརྒྱུད་ནས་ཡོང་བ་རེད། ༡༩༤༩ ནས་ ༡༩༥༡ བར་གྱི་དུས་ཡུན་ནང་། རྒྱ་མི་དམར་པོ་ལ་འཛིང་མཁན་མདོ་སྤྱིའི་འོག་གི་བོད་དམག་ཉུང་ཤས་དེ་ཚོ་རེད། མདོ་ཁམས་ཀྱི་མི་མང་བོས་རྒྱ་མིས་བོད་ལ་བཙན་འཛུལ་བྱེད་དུས། རྒྱ་མི་ལ་མི་དང་རྟ་ཁལ་སོགས་ཀྱི་རོགས་པ་བྱས་པ་རེད། མདོར་ན། ༡༩༤༩ ནས་ ༡༩༥༡ གི་དུས་ཚོད་ནང་། མདོ་སྟོད་སྨད་ཀྱིས་རྒྱ་མི་ལ་འཛིང་པའི་ལོ་རྒྱུས་བཙལ་དུས། དུམ་བུ་ཆུང་ཆུང་གཅིག་མ་གཏོགས་སྤྱིར་བཏང་རྙེད་ཀི་མ་རེད། འདིས་ག་རེ་མཚོན་གྱི་ཡོད་རེད་ཟེར་ན། སྐབས་དེར་བོད་པ་གཅིག་སྒྲིལ་མེད་པ་མཚོན་པ་རེད། གོང་ནས་མར་ཆིག་སྒྲིལ་བཟོ་ཐུབ་མེད་པ་མཚོན་པ་རེད།
དེ་རིང་བོད་མདོ་དབུས་ཁམས་གསུམ་གཅིག་སྒྲིལ་ཡིན་པའི་ཚོར་བ་ཤུགས་ཆེན་པོ་ཡོད། འདི་༸རྒྱལ་བ་རིན་པོ་ཆེའི་མཛད་རྗེས་རེད། སྐུ་དབང་རེད། གཟི་བརྗིད་རེད། སྐུ་དབང་དང་གཟི་བརྗིད་དེ་གང་ནས་བྱུང་བ་རེད། ཁོང་གིས་དབང་ཆ་བེད་སྤྱོད་གནང་སྟེ་དཔོན་ཉམས་རིང་ལུགས་ཕྱག་ལེན་བསྟར་ནས་བྱུང་བ་མ་རེད། ཁོང་གིས་རྩབ་ཧྲལ་དུ་གྱུར་བའི་ཆབ་སྲིད་ཀྱི་འགན་བཞེས། སྐུ་ལས་བསྐྱོན་པའི་དྲིན་རེད།
གནད་འགག་གཉིས་པ་ནི། ཁོང་གིས་སྐུ་དབང་འདི་སྔོན་ནས་མང་ཚོགས་ལ་གསོལ་རས་གནང་འདོད་ཡོད་པ་རེད། དེ་ནི་རྩ་ཁྲིམས་ཟིན་བྲིས་དང་བཅའ་ཁྲིམས་ཟིན་བྲིས་སོགས་སུ་བཀོད་ཟིན་པ་རེད། དཔོན་ངན་གཞན་དག་ནང་བཞིན་དབང་ཆར་འཐམ་ནས་བཞུགས་འདོད་ཡོད་མ་རེད། དེ་གནད་འགག་གཉིས་པ་ཡིན།
གནད་འགག་གསུམ་པ་དེ། ༸གོང་ས་མཆོག་གིས་ནམ་རྒྱུན། བོད་མི་དམངས་ལ་དགོས་མཁོ་ཡོད་ན། ཏཱ་ལའི་བླ་མའི་ཡང་སྲིད་ཕེབས་ཀྱི་རེད། ཅེས་སོགས་གསུང་གི་ཡོད། དེ་ལ་གོ་རྒྱུ་ཆེན་པོ་ལྡན་ཡོད། དེར་བརྟེན། མུ་མཐུད་དེ་གསོལ་འདེབས་ཞུས་ཏེ། བོད་མི་དམངས་ལ་ཏཱ་ལའི་བླ་མ་དགོས་པའི་རེ་འདུན་དེ་ཡང་ཡང་ཞུ་དགོས། དེ་ཡང་། ཀ) ༸གོང་ས་མཆོག་གིས་བོད་གཞུང་གི་ཆབ་སྲིད་དང་འཛིན་སྐྱོང་གི་མཛད་འགན་ཐད་ཀར་མ་བཞེས་ཀྱང་། བོད་རྒྱལ་ཁབ་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཀྱི་མཚན་གནས་མུ་མཐུད་བཞེས་དགོས་པའི་གསོལ་འདེབས་ཞུ་དགོས། ཁ) དེ་བཞིན་ཡང་སྲིད་སོགས་ཀྱི་ཐད་ལ། ཐུགས་ཡེ་ཤེས་ཀྱིས་དཔྱད་དེ་ཐག་གཅོད་གང་ཞིག་མཛད་རུང་ང་ཚོ་བོད་མིས་ངོས་ལེན་ཡོད། ངེས་པར་ཕེབས་ཐུབ་པ་གནང་རོགས་ཞེས་གསོལ་འདེབས་ཞུ་དགོས།
ད་ཀླན་ཀ་དེ་ཚོ་འདིར་གླེང་མ་ཡོང་རོགས།
དྲ་གྲོགས་ཁང་གསར་ལགས་ཀྱིས་དུས་ཐོག་དཔྱད་རྩོམ་སྤེལ་བར་དགའ་བསུ་ཞུ།
ཉེ་བའི་འཆར་༸ གོང་ས་མཆོག་གིས་གང་ཉིད་སྐུ་བགྲེས་ཡོལ་ཆ་ཚང་ལ་ཕེབས་རྒྱུའི་ཐུགས་འདུན་ཡོད་ལུགས་དང་། ཉིན་ཤས་སྔོན་ནས་ཀ་བློན་སྦུག་ཁུལ་དུའང་གང་ཉིད་སྐུ་བགྲེས་ཡོལ་ཆ་ཚང་དུ་ཕེབས་རྒྱུར་མ་ཟད་དེ་ཡང་ཡིག་ཐོག་སྙན་ཞུའི་ལམ་ནས་ཕྱི་ཟླ་༣ གྲོས་འཚོགས་སྐབས་སུ་དགོངས་ཞུའི་རེ་འདུན་འདོན་རྒྱུ་ཡིན་པའི་དམིགས་བསལ་གྱིས་བཀའ་སློབ་བཀའ་དྲིན་བསྩལ་ཡོད།
ང་ཚོས་འཛམ་གླིང་སྤྱི་དང་། དུས་རབས། ཆབ་སྲིད་ཀྱི་འགྱུར་འགྲོས། སྒོས་སུ་བོད་མིའི་གནས་བབ་དང་བསྟུན་ནས་༸ གོང་ས་སྐྱབས་མགོན་ཆེན་པོའི་དཀའ་དགོངས་ལམ་སྟོན་འོག་ཤར་བསྐྱོད་བྱེད་པ་དགོས།
དེ་ནི་ཆེས་དུས་རབས་དང་། མི་རབས། ལོ་རབས། ཉམས་མྱོང་། མཐོང་ཐོས། གནས་བབ། རྣམ་དཔྱོད་སོགས་ཕྱོགས་ནས་ཀྱང་སུས་ཀྱང་འགྲན་དུ་མེད་པའི་བོད་མིའི་ཆེས་བླ་ན་མེད་པའི་༸ གོང་ས་རྒྱལ་བ་རིན་པོ་ཆེའི་བཞེད་དགོངས་ཡང་དག་གཅིག་ཡིན།
༸ གོང་ས་མཆོག་གིས་སྐུ་ཚེ་ཧྲིལ་པོར་བོད་འབངས་ཀྱི་བདེ་སྐྱིད་སླད་དུ་ཐ་ན་རྨི་ལམ་ཚུན་ཆད་དུའང་ཐུགས་སྨོན་དང་སྐུ་ལས་ཚད་མེད་གཅིག་བསྐྱོན་བཞིན་ཡོད་སྟབ། ཁོང་གིས་སྐུ་ཚེ་ཧྲིལ་པོའི་ཆེས་རླབས་ཆེན་གྱི་སྐུ་གསུང་ཐུགས་ཀྱི་མཛད་འཕྲིན་ལ་ཞིབ་ཏུ་བསམས་ན་བོད་མི་རིགས་དང་། བོད་བརྒྱུད་ནང་ཆོས་ལུགས། བོད་ཀྱི་ཆབ་སྲིད། རིག་གཞུང་། བོད་མིའི་བདེ་སྐྱིད་སོགས་ཕྱོགས་ཐད་ནས་མགོན་པོ་ཐུགས་རྗེ་ཆེན་པོ་གང་ཉིད་ཀྱིས་བོད་མི་རིགས་འདིར་དུས་ནམ་ཡང་དྲིན་ཆེན་པོ་ཞིག་ལས་དྲིན་ཆུང་གཅིག་རྩ་བ་ནས་གནང་མི་སྲིད།
དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེས་༸ གོང་ས་མཆོག་བགྲེས་ཡོལ་ཞུས་ན་ཁོང་ཉིད་ཀྱང་ཕྱལ་ལས་གནང་འདོད་མེད་པའི་བཀའ་གནང་བ་དེ་འགྲིག་མེད། ༸ གོང་ས་མཆོག་ཡོད་ཀྱང་རུང་མེད་ཀྱང་རུང་རང་ཉིད་བོད་རིགས་གཅིག་ཡིན་པའི་ཆ་ནས་ག་དུས་ཡིན་ཀྱང་བོད་མི་རིགས་ཀྱི་སླད་དུ་ཐུགས་འགན་ངེས་པར་བཞེས་དགོས།
ཀླུ་མཁར་འབྱམས་ཀྱིས་བླ་རྒན་ཞེས་ཟུར་ཟའི་མིང་ཚིག་ཐབས་སྡུག་འདི་འདྲ་བེད་སྤྱད་པ་དེ་ནོར་འཁྲུལ་གཅིག་ཡིན་སྟབས་སོ་སོའི་ནོར་འཁྲུལ་ལ་ངེས་པར་ངེས་ལེན་བྱེད་དགོས། འོན་ཀྱང་ཀླུ་མཁར་འབྱམས་ནི་བོད་མི་རིགས་དང་བོད་ཀྱི་ཆེད་དུ་བོད་མི་རྒྱལ་གཅེས་རིང་ལུགས་པ་ཡག་པོ་གཅིག་ཡིན་སྟབས་ང་ཚོས་ཁོང་ནག་སུབ་གཏོང་ཐབས་རྩ་ནས་བྱེད་མི་རུང་བ་ཞིག་ཡིན།
བོད་རྒྱལ་ལོ།
གཞན་རྟེན་གཤིས་སྤྱོད་ཞེས་པ་དེ་ངས་ཡང་བསྐྱར་དྲན་གསོ་བྱུང་། ང་ཚོ་བོད་པ་འདི་དང་མི་རབས་འདི་ད་དུང་ཇི་འདྲའི་ཁ་ཐག་རིང་མོ་ཞིག་ལ་གཞན་ཁོ་ནའི་སྐྱབས་ལ་བརྟེན་ནས་འགྲོ་རྒྱུ་ཡིན་ནམ། འོ་ན། ང་ཚོ་རང་ཉིད་ཀྱི་ཁུར་ཞིག་བླངས་་ནས་གཞན་ལ་བརྟེན་མི་དགོས་པ་ཞིག་ག་དུས་བྱེད་རྒྱུ་ཡིན་ནམ། གཞན་རྐྱང་རྐྱང་ལ་བརྟེན་པོའི་འདུ་ཤེས་དེ་ནམ་ཞིག་ལ་གློད་འདོད་ཡོད་དམ། ང་ཚོས་གཞན་ལ་བསམ་བློ་ག་དུས་གཏོང་རྒྱུ་ཡིན་ནམ། ༸མགོན་པོ་གང་བགྲེས་ཡོལ་ཆ་ཚང་ལ་ཕེབས་ན་བློས་མི་ཆོད་པ་ཞིག་ཡིན་མོད། གང་ཉིད་སྐུ་འཚོ་བཞུགས་ཀྱི་སྐབས་འདིར་ང་ཚོ་བློས་གཏོང་བྱེད་དགོས་པ་འདུག ཁོང་ཁོ་ན་ལ་བརྟེན་ནས་འགྲོ་བ་མ་ཡིན་པར་ང་ཚོས་ཀྱང་གྲ་སྒྲིག་ཞིག་བྱས་ནས་ལས་དོན་གཅིག་བསྒྲུབ་དགོས་པ་འདུག གང་ཉིད་བཞུགས་སྐབས་ང་ཚོ་ནོར་བཞིན་བསྒྱུར་བཅོས་བྱེད་ཆོག་ལ། ལམ་སྟོན་ཡང་ཞུ་ཆོག འདི་ལྟར་ནོར་བསྲང་བྱ་བཞིན་རང་སྟོབས་བསྐྱེད་དགོས་པ་འདུག་ལ། ད་དུང་སྔོན་བཞིན་ང་ཚོ་ལ་མགོན་སྐྱབས་གནང་རོགས་ཟེར་བཞིན་བསྡད་ན་ཉིན་ཞིག་ང་ཚོ་ཅི་ཡང་མི་རྟོགས་པའི་གླེན་པ་ལུག་འདྲ་ཞིག་ཆགས་ཉེན་ཡོད་ལ། ཇི་ཡིན་འདི་ཡིན་དང་གང་ཡིན་འདི་ཡིན་བསྒྲུབ་མ་ཤེས་པའི་ཚོད་ཞིག་ལ་སླེབས་ཉེན་ཡོད། དེ་བས་མགོན་པོ་གང་སྐུ་བགྲེས་ཡོད་དུ་ཕེབས་ན་ཡང་ཁོང་གི་སྐུ་འཚོ་བཞུགས་ཡིན་ན་ང་ཚོ་གྲ་སྒྲིག་སྲ་ཐག་ཐག་ཞིག་བསྒྲུབ་པ་ཡིན་ངེས།
ཁང་གསར་རྡོ་རྗེའི་བསམ་ཚུལ་འདི་བདག་ཡིད་དང་ཤིན་ཏུ་མཐུན་ཏོ།། ཀླུ་མཁར་བྱམས་ཀྱིས་ཀྱང་བོད་སྤྱི་བོའི་དོན་ཞིག་ལ་སྐད་བཤད་ཡོད་ཀྱི་རེད། ཁོང་གི་མཆན་ཞུས་དེ་མཐོང་སོང་། ཡིན་ནའང་༸གོང་ས་མཆོག་ལ་བླ་རྒན་ཞེས་བྲིས་ན་ཡིད་ལ་མི་འབབ་ཀི སེམས་ལ་གཟན་གི སོ་སོར་ཧ་ཅང་མཁས་མདོག་བྱེད་ཀྱི་ཡོད་ནི་མ་རེད། ང་ཚོའི་སྤྱི་བོའི་དོན་དུ་ལས་ཀ་ཇི་ཙམ་བྱས་ཡོད་མེད་ཀུན་གྱི་ཤེས་ནི་རེད། ག་དུས་ཡིན་ཡང་རང་གཞུང་གི་གླེང་ཕྱོགས་དང་ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོར་ཞེ་ས་ཁྱོན་ནས་འབྲི་མི་ཤེས་པ་འདི་ནད་རྟགས་ཤིག་མ་ཡིན་ནམ།།
གལ་སྲིད་གཤམ་གྱི་སྐད་ཆ་འདི་དག་བདེན་པ་ཡིན་ན། སྐུར་འདེབས་སམ་དམའ་འབེབས་ཕར་ཞོག་སེམས་ཁྲལ་བྱེད་ཀྱིན་པ་སྟེ། ཡེ་ཤེས་དབྱིངས་དཔྱད་ལ་བརྩི་བཀུར་མི་བྱེད་མཁན་ཚོ་ཐེར་འདོན་གནང་བ་ཞིག་རེད་ལ། དེ་ལྟ་མིན་ན༼༸གོང་ས་མཆོག་བགྲོས་ཡོལ་ལ་ཕེབས་དགོས་ཕྱིན་བཙན་བྱོལ་བོད་མིའི་བཅའ་ ཁྲིམས་པ་འགྱུར་བ་གཏོང་དགོས་པ་ནི་སྔོན་འགྲོའི་ཆ་རྐྱེན་ཡིན་པ་དང་། བཅའ་ཁྲིམས་ནང་འཁོད་པའི་ཁོང་གི་སྐུ་དབང་ཆེན་པོ་བརྒྱད་དགུ་ཞིག་ཡོད་པ་དེ་རེ་རེ་བཞིན་བཟོ་བཅོས་བརྒྱབས་ན་མ་གཏོག བླ་རྒན་ལ་བགྲོས་ཡོལ་གྱི་ལམ་ཁ་ཞིག་མེད་པ་གསལ་བོ་རེད ༽ཅེས་གསུངས་དོན་མི་འདུག ཡིན་ནའི། འདི་ཀླུ་མཁར་བྱམས་ཀྱིས་བྲིས་པ་ཡིན་པའི་སྒྲུབ་བྱེད་གང་ཡིན་ནམ། གལ་སྲིད་མི་བརྫུས་ཤིག་གིས་བྲིས་པ་མིན་པའི་བདེན་དཔང་གང་ཡོད་དམ།
ཀླུ་མཁར་གྱིས་༸གོང་ས་མཆོག་ལ་”བླ་རྒན་”གཅིག་པུ་ལབ་པ་མ་རེད། དེ་ནི་ཀླུ་མཁར་གྱིས་༸གོང་ས་མཆོག་ལ་སྐུར་འདེབས་བྱས་པའི་ནང་ནས་ཚིག་གཏོན་པ་ཙམ་རེད།
ཆ་ཚང་འདི་ན་ཡོད། ལྷན་རྒྱས་ཡག་པོ་གཟིགས་རོགས་གནང།
“དེ་རིང་གི་ཏཱ་ལའི་བླ་མ་དང་། གནའ་བའི་ཕོ་བྲང་པོ་ཏཱ་ལ། ད་དུང་ཡུམ་བུ་བླ་སྒང་སོགས་ནི་ལོ་རྒྱུས་ཀྱི་སྐྱོ་གར་རམ། ཡང་ན་གཟི་བརྗིད་དུའང་དྲངས་ཆོག་པའི་དན་བརྟེན་ཙམ་ལས་སེངས་ཉིན་གྱི་རེ་བ་བརྒྱག་སོ་མིན་སྟབས། བགྲོས་ཡོལ་གྱི་སྐད་ཆ་འདི་གསར་འགྱུར་ཙམ་ཞིག་ལས། བོད་ཀྱི་དོན་ཆེན་ཞིག་ལ་བརྩི་རིན་མི་འདུག ཡིན་ནའང་། ༸གོང་ས་མཆོག་བགྲོས་ཡོལ་ལ་ཕེབས་དགོས་ཕྱིན་བཙན་བྱོལ་བོད་མིའི་བཅའ་ ཁྲིམས་པ་འགྱུར་བ་གཏོང་དགོས་པ་ནི་སྔོན་འགྲོའི་ཆ་རྐྱེན་ཡིན་པ་དང་། བཅའ་ཁྲིམས་ནང་འཁོད་པའི་ཁོང་གི་སྐུ་དབང་ཆེན་པོ་བརྒྱད་དགུ་ཞིག་ཡོད་པ་དེ་རེ་རེ་བཞིན་བཟོ་བཅོས་བརྒྱབས་ན་མ་གཏོག བླ་རྒན་ལ་བགྲོས་ཡོལ་གྱི་ལམ་ཁ་ཞིག་མེད་པ་གསལ་བོ་རེད། འོན་དེ། འུ་ཚང་གི་སྤྱི་འཐུས་ཚོའི་མཚོན་པས་ལས་ཀྱི་སྣེ་མོ་བ་རྣམས་ལ་འདིར་ལག་པ་ འཆིངས་རྒྱུའི་བློ་ཁོག་འདུག་གམ། ངས་བལྟས་ན་ཕ་རིའི་སྦང་རྒྱན་རེད་དོ་་་་་་་ ”
༢༠༡༠/༡༠/༡༦ ཉིན་རྒྱབ་དུས་བབ་གསར་འགྱུར་གྱི་འཆན་བུར་བཏབ་ཡོད།
སྐད་ཆ་ངོ་མ་བདེན་བ་རེད་བསམ་གི་འདུག་ ཁོ་བོ་ལཡང་བསམ་ཚུལ་དེ་འདྲ་བྱུང་། དེའི་སྐོར་༧གོང་ས་མཆོག་གིས་ཀ་ལོན་སྦུག་ལ་གསལ་བཤད་གནང་་འདུག་།
སྐུ་ཞབས་ཁང་རྡོར་ལགས་ཀྱིས་དཔྱད་རྩོམ་འདི་ལ་རྒྱབ་སྐྱོར་ཡོད། ༧གོང་ས་མཆོག་བགྲེས་ཡོལ་ཆ་ཚང་གནང་གི་ཡིན་གསུངས་པ་ལ་རྒྱུ་མཚན་ཞིག་ཡོད་པ་གསལ་བོ་རེད། མི་དམངས་ཀྱི་ངོས་ནས་བཤད་ན་རྒྱུ་མཚན་རྩད་གཅོད་བྱས་ནས་བསམ་ཚུལ་བརྗོད་དགོས་རྒྱུ་གལ་ཆེན་པོ་རེད་མ་གཏོགས་ཅིག་གིས་གནད་འགག་ཆེ་རབས་བཤད་ན་དེའི་རྗེས་སུ་བརྒྱུག་ཉིག་གིས་ཅིག་བཤད་ན་དེའི་རྗེས་སུ་རྒྱུག་རྐྱང་རེད་མི་འདུག་བསམ་ཡོད། ང་རང་གིས་བསམས་ཚུལ་ལྟར་ན་༧གོང་ས་མཆོག་གིས་བགྲེས་ཡོལ་ཆ་ཚང་ཞིག་གནང་ནས་རྗེས་རབས་ཚོས་འཇོན་ཐང་ཅིག་གཟིགས་ན་བསམ་ཡོད་རྒྱུ་རེད་དྲན་ཡོད། ༧གོང་ས་མཆོག་གིས་རྒྱུན་དུ་ཁྱོད་ཚོས་ང་མེད་པ་ནང་བཞིན་གྱི་འཆར་གཞི་ལྟར་བྱ་བ་སྒྲུབ་གསུངས་ཡོད། འོན་ཀྱང་བོད་པ་ཚོས་ལས་འགན་ཅི་ཞིག་་ཡོད་ན་ཁོང་གི་ཕྲག་ལ་འགེལ་རྐྱང་བྱས་པ་ལས་གསུང་མ་རྩིས་བ་རེད།
ང་ཅོ་རིས་ཨ་སྐད་ཡག་པོ་ཞིག་མི་ཤེས་ཀྱང་ཨ་མདོ་བ་གྲོགས་པོ་མང་པོ་ཡོད། སྙིང་ཉེར་བའི་གྲོགས་པོ་ཚོ་ཐུག་འཕྲད་བྱུང་སྐབས་སུ་འབོད་སྲོལ་འདི་འདྲ་ཞིག་ཡོད།
ཁ་དམྱལ་ར་ན་འཁོར་རྒྱུ་པོ་འདིར་ཐོན་ཐལ་་་ཞེས་འབོད་དུས་ངོ་མ་ཡག་པོ་ཞིག་མཐོང་ཐུབ་དཀའ་བ་འདྲ་གཅིག་ཡོད། ཡིན་ནའང་བརྗོད་པ་པོ་གྲོགས་པོ་དེའི་སེམས་ཁམས་ཧ་ཅང་ཉེར་བས་རྒྱུ་མཚན་གྱི་འབོད་ཚིག་ཞིག་ཡིན། གུས་ཚིག་ཞིག་ཡིན། ཞེ་ཚིག་ཞིག་ཡིན།
ཕྱོགས་གཉིས་ཀ་ལ་བརྩེ་བ་ཟམ་མོ་ཞིག་མེད་ན་ཁ་དམྱལ་ར་ན་འཁོར་རྒྱུ་པོ་ཞེས་འབོད་ན་ཁོང་ཁྲོ་ཟ་ངེས་རེད། ཕྱོགས་གཉིས་ཀ་བརྩེ་བ་ལྡན་པའི་གྲོགས་པོ་གཉིས་ཡིན་ན་ཁ་དམྱལ་ར་ན་འཁོར་རྒྱུ་པོ་འདི་ཐོན་ཐལ་་་ཞེས་པའི་ཚིག་འདིས་ཡིད་དབང་འཕྲོག་སྟངས་དང་གཅིག་གིས་གཅིག་ལ་བརྩེ་སེམས་མཚོན་སྟངས་གཞན་གྱིས་མྱོང་མི་ཐུབ་པའི་བྲོ་བ་ཞིག་ཡོད།
དེ་འདྲ་ཡིན་དུས་མཆོག་ཏུ་གྱུར་པའི་མི་བུ་ཀླུ་མཁའ་བྱམས་ཀྱིས་བླ་རྒན་ཞེས་འབོད་སྟངས་འདི་༧གོང་ས་མཆོག་ལ་བརྩེ་བ་ཉེར་དྲགས་ཡོད་པའི་ཐོག་ནས་འབོད་སྟངས་ཤིག་མིན་འགྲོ་སྙམ།
ཨ་མདོའི་ཞེ་ས་དང་ནུས་ཕྱོགས་སུད་སི་ཡུལ་གྱི་ཞེ་ས་འབོད་སྟངས་འདྲ་པོ་འདྲ་པོ་མང་པོ་ཡོད། ཧ་ཅང་སྙིང་ཉེར་བའི་མི་ལ་ཚིག་འཇམ་པོ་འབོད་སྲོལ་མེད། ངོ་མི་ཤེས་པ་དང་སེམས་ཐག་རིང་བའི་མི་ལ་ཚིག་སྙན་པོ་དང་འཇམ་པོ་འབོད་སྲོལ་ཡོད།
ཐུགས་རྗེ་གཟིགས་་་་་་ཀླུ་མཁའ་བྱམས་ཀྱི་སེམས་ཁམས་དང་ལྷག་བསམ་མ་རྟོགས་པར་ཁོང་ལ་ཚོད་ལས་བརྒལ་བའི་སྐྱོན་བརྗོད་བྱས་ན་ཡག་པོ་མ་རེད་འདོད།
ཡ་ཡ་ངོ་མ་ཨ་མདོ་བ་ལ་ཞེ་ས་དེ་ཙམ་བཤད་ལུགས་མེད་པས་ཁར་བླ་རྒན་ཞེས་བ་ཞེ་ས་ཡིན་་་་ཨ་མདོ་བའི་ཞེས་ས་བྱེད་སྐབས་མི་ལ་ཁོང་ཁྲོ་ལང་རྒྱུ་རང་རེད།
དེ་ལས་དམར་ཁ་ཚ་བདེན།༼གྲྭ་ཆས་དམར་པོ་མཐོང་ན་སེམས་ལ་ཟུག་རྒྱག་མཁན་༽་དེ་དང་༼༸གོང་ས་མཆོག་ལ་སྐུར་འདེབས་དང་སྒྲོ་འདོགས།དགྲ་ཁ་གཏད་ཀྱི་བསམ་བློ་གཏོང་མཁན་བྱུང་ན་༽འདི་????????????????????????????????/
ངས་སྔོན་མ་ནས་བཤད་མྱོང་ཡོད། ཨ་མདོའི་ནང་ཁུལ་དོན་དག་ཆ་ཚང་རང་ཚོ་ཨ་མདོ་བའི་ལས་ཀ་རེད་ལ། ང་ཚོ་ལྟད་མོ་ལྟ་མཁན་རེད།
གལ་སྲིད༼བླ་རྒན༽དེ་མཐོང་ཆུང་གི་ཚིག་ཅིག་ཡིན་ན། ༼བསླབ་པ་རྒན་པའང་༽མཐོང་ཆུང་ཡིན་དགོས་ཆགས་ཡོད་པར་མ་ཟད། ༼དགེ་རྒན༽ཡང་མཐོང་ཆུང་གི་འབོད་སྟངས་ཤིག་ཆགས་ཡོད་པས། དེ་དག་ལ་འགྲེལ་བཤད་ཇི་ལྟར་རྒྱག་གམ།
གནས་ཚང་ལ།སྐད་ཆ་དྲང་པོ་མ་རེད།ཁྱེད་ཀྱིས་ཨམ་སྐད་ཀྱི་ཐ་སྙད་དང་ཞེ་སའི་སྐོར་དེ་ཙམ་ཤེས་ཀྱིན་མེད་པ་འདྲ།བླ་རྒན་ཞེས་པ་ནི་གྲྭ་བ་ཚོ་ལ་མ་འདོད་པའི་རྣམ་འགྱུར་སྟོན་པའི་འབོད་སྒྲ་ཞིག་རེད།
དེང་སང་བོད་ཕྱི་ནང་གི་སློབ་མ་གྲྭ་བ་ལ་མི་དགའ་མཁན་ཚང་མས་གྲྭ་བ་ལ་དགེ་འདུན་པ་དང་།གྲྭ་བ་ཞེས་པའི་ཐ་སྙད་ཀྱིས་མི་འབོད་པར་བན་རྒན་དང་བླ་རྒན་ཞིག་གིས་ཞེས་འབོད་པ་ལྟ་བུ་རེད།
༸གོང་ས་མཆོག་ལ་བླ་རྒན་ཞེས་པ་ཞེ་ས་རེད་ཟེར་བ་ནི་སྐུ་ངོ་ཀླུ་མཁར་གྱི་ཉེས་པ་འགེབ་སྲུང་བྱས་པའི་ཁུལ་ཡིན་ཀྱང་།ཉི་འོད་སྦར་མོས་འགོག་ཐབས་བྲལ་བ་བཞིན་ཀླུ་མཁར་བྱམས་ཀྱི་ཐལ་ཆ་ཆེ་བའི་སྐད་ཆ་མང་པོ་ཞིག་རྡ་ས་མདོ་སྨད་ས་གནས་རྒྱུན་ལས་ཀྱིས་བཀའ་ཤག་དང་།སྤྱི་འཐུས།མདོ་སྨད་དབུས་རྒྱུན་ལས་སོགས་སུ་ཕུལ་ཚར་འདུག་པས་སྐུ་ངོ་ཀླུ་མཁར་དང་དགུ་བཅུ་གསུམ་གྱིས་དཀའ་རྒྱུ་རེད།
གལ་སྲིད་ཁྱེད་རང་ཀླུ་མཁར་བྱམས་ཀྱི་གྲོགས་པོ་ཞིག་ཡིན་པའི་དབང་དུ་བཏང་ན་ཀླུ་མཁར་ལ་ཉེས་པ་བསགས་སུ་བཅུག་སྟེ་རྒྱང་ནས་ལྟད་མོ་ལྟ་དགོས་པ་ག་རེ་རེད།
ཁོ་ལ་དོན་དངོས་ཀྱི་བོད་མི་རིགས་འཐབ་རྩོད་བྱེད་པའི་འགན་འཁུར་ལ་སྐུལ་སློང་མི་བྱེད་པར་།༸གོང་ས་མཆོག་དང་བོད་གཞུང་དགྲ་ཕྱོགས་སུ་བཟུང་དེ་རྒྱ་གུང་ཁྲན་དང་མཉམ་དུ་བོད་ལ་རྒོལ་བ་འདིའི་དམིགས་ཡུལ་དང་རྒྱབ་ལྗོངས་ངོ་མ་ག་རེད།
ཁྱེད་ཚོས་མཁྱེན་འདོད་ན་རྡ་ས་མདོ་སྨད་རྒྱུན་ལས་ཀྱིས་ཕྱོགས་བསྒྲིགས་བྱས་པའི་ཀླུ་མཁར་བྱམས་ཀྱིས་༸གོང་ས་མཆོག་དང་བོད་གཞུང་ལ་རྒོལ་བའི་བསྒྲགས་གཏམ་དེ་དྲ་ཐོག་ཏུ་འགོད་ངེས་ཡིན།
སྤྱིར་ང་རང་ཡང་གྲྭ་ཆས་དམར་པོ་མཐོང་ན་སེམས་ལ་ཟུག་རྒྱག་མཁན་གྱི་དངོས་ཐོག་བདེན་འཚོལ་བ་ཞིག་ཡིན་མོད།༸གོང་ས་མཆོག་ལ་སྐུར་འདེབས་དང་སྒྲོ་འདོགས།དགྲ་ཁ་གཏད་ཀྱི་བསམ་བློ་གཏོང་མཁན་བྱུང་ན་བོད་མི་ཡིན་དང་རྒྱ་མི་ཡིན་ཁྱད་པར་མེད་པས་ང་ཚོས་ཆུ་མ་ཡོང་གོང་གི་རགས་ཞིག་ལ་བསམ་བློ་བཏང་ན་དགའ་སེ་རེད།
ཁང་གསལ་རྡོ་རྗེས་ལགས་ཀྱི་བརྗོད་འདོད་གསལ་པོ་མི་མངོན་ནའང་། དེར་རྒྱབ་སྐྱོར་བྱས་བར་ཡ་མཚན་ཆེ། གནས་ཚང་གིས་་བླ་རྒན་་ནི་ཨ་མདོ་ཡི་ཞུ་ས་ཡིན་པར་འགྲེལ་བ་སྐྱག་བརྫུན་རེད། དེ་ནི་མཐོང་ཆུང་གི་ཚིག་ལས་ཞི་ས་གཏན་མིན་སྟེ། ཨ་མདོའི་སྐད་ཀྱི་དེར་ཞུ་ས་རྒྱག་པ་ལ་ཨ་ལགས་ཚང་ངམ། ཡང་ན། ཨ་ཁུ་ཚང་ལྟ་བུ་ལས་མ་འདས་སོ།།
༼བླ་རྒན༽ཞེས་པ་འདི་ཞེ་ས་རེད་ལ། ༼བླ་མ་རྒན་པ༽ཞེས་པའི་ཚིག་སྡུད་ཅིག་ཀྱང་རེད། ཡོངས་གྲགས་ལྟར་བླ་མའི་ནང་གི་ཡོན་ཏན་གྱི་ཆ་ནས་རྒན་པའམ་ལོ་ཡི་ཆ་ནས་རྒན་པ། ཡང་ན། ཉམས་མྱོང་གི་ཆ་ནས་རྒན་པ་ཞིག་ལ༼བླ་རྒན༽ཞེས་ཨམ་སྐད་ཀྱི་ཞེ་ས་རེད། ལུང་སྐད་དེ་ཙམ་ཡང་མ་ཤེས་པར་ཤེས་མདོག་མདོག་གིས་ཀླན་ཀ་བཟོ་བ་ནི་མ་རིག་པའི་ལས་ཁོ་ན་རེད།
ཁང་གསར་ལགས་ཀྱི་རྩ་བའི་བསམ་ཚུལ་ལ་རྒྱབ་སྐྱོར་ཡོད། ཡིན་ན་ཡང་། ཁོས་༧རྒྱལ་བ་རིན་པོ་ཆེ་ཚང་གིས་ཉེ་ལམ་གློ་བུར་དུ་ཐུགས་ཐག་ཆོད་པོའི་སྒོ་ནས་བཀའ་མོལ་གནང་བ་དེའི་རྒྱུ་མཚན་ཁག་ཅིག་བཤད་འདུག་པ་དེ་ཚོར་རྒྱུ་མཚན་འདྲ་མི་འདུག
ཀླུ་མཁར་བྱམས་ཀྱི་རྐུབ་ལ་རྡོག་རྒྱག་ཐེངས་གཉིས་པ་འདྲ་བོ་གཞུས་འདུག
ཁང་སར་རྡོ་རྗེས་གསུངས་པ་ལ་མངོན་པར་བསྟོད། ཅིས་མ་བདེན་བསམ་པ་ཞིག་བྲིས་འདུག
ཁང་གསར་གྱིས་དངོས་གནས་སྐད་ཆ་ཡག་པོ་བཤད་འདུག་ལ། བོད་བཙན་བྱོལ་གཞུང་དམངས་ཡོངས་ཀྱིས་ཀྱང་༧གོང་ས་མཆོག་གི་བཀའ་སློབ་བརྩི་རན་རེད། ཁོང་ཉིད་བགྲེས་ཡོལ་དུ་ཕེབས་དགོས་པའི་རྒྱུ་མཚན་ཡང་ཉེ་ཆར་རང་གསུང་འདུག
ཁང་གསར་རྡོ་རྗེ་ཡི་བཀའ་མོས་འདིར་མོས་མཐུན་ཡོད་ཞུ་རྒྱུ་ཡིན། དངོས་ཡོད་ཚུལ་རེད།
སྤྱིའི་ཆ་ནས་༧གོང་ས་མཆོག་ནི་ཕོ་བྲང་པོ་ཏ་ལའི་དོན་གྱི་བདག་པོ་རེད། བོད་རྒྱལ་ཁབ་འདིའི་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཤིག་ཡིན་པའི་སྒྲུབ་བྱེད་དང་ཁུངས་གཏུགས་ས་ཆ་བཞག་ས་ནི་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱི་སྲིད་གཞུང་བཀའ་ཤག་མ་ལག་དང་བཅས་པ་འདི་མ་གཏོགས་གཞན་གང་ཡང་མེད།
༧གོང་ས་མཆོག་གིས་བཙན་བྱོལ་བོད་གཞུང་གི་ལས་གནས་ནས་བགྲེས་ཡོལ་གནང་རྒྱུ་ཡིན་གསུངས་པ་འདིར་བློ་ཡུལ་དུ་ཤོང་དཀའ་བའི་གནད་དོན་གཅིག་རེད། གཉིས་ནས་བོད་རྒྱལ་ཁབ་འདིར་འགྱུར་བ་ཆེན་པོ་ཞིག་འགྲོ་ངེས་རེད། འགྱུར་བ་མ་གཏོང་དཀའ་མེད་རེད། འཆི་བ་མི་རྟག་པ་འདིར་སུས་ཀྱང་འགོག་ཐབས་བྲལ་བ་ཞིག་རེད།
གནས་ཚུལ་སྡུག་པོ་ཞིག་མ་སླེབས་པའི་སྔོན་དུ་གྲལ་སྒྲིག་སྡུག་ས་ནས་བྱེད་དགོས་པ་འདི་ནི་བོད་མི་རིགས་དང་བོད་རྒྱལ་ཁབ་ཀྱི་རིག་གཞུང་སྒྲིག་འཛུགས་མ་ལག་དང་བཅས་པ་འཛམ་གླིང་འདིའི་ཐོག་ཏུ་གནས་ཐུབ་མིན་གྱི་འགག་རྩ་རེད་འདོད། གནད་འགག་གཙོ་བོ་བཙན་བྱོལ་བོད་མི་རྣམས་དང་གཞི་ལུས་རྒྱ་ཆེན་མི་དམངས་ཀྱིས་འགན་ཁུར་ཐུབ་པ་བྱེད་ཐུབ་མིན་ལ་རག་ལུས་ཡོད།
ང་རང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་དུ་ལོ་མང་རིང་བོད་ཀྱི་བདག་པོ་བོད་མི་ཡིན་ཞེས་འབོད་བསྡད་པ་རེད། བོད་ཀྱི་བདག་པོ་བོད་མི་ཡིན་ན་བོད་མི་རྣམས་ཀྱིས་བོད་ཀྱི་འགན་ཁུར་ཐུབ་དགོས་པ་རེད། མང་གཙོ་དགོས་ན་འགན་ཁུར་དགོས་པ་རེད། བདག་པོ་ཡིན་ན་བདག་རྒྱབ་དགོས་པ་རེད།
༧གོང་ས་མཆོག་གིས་བློ་རྒྱ་ཆེ་བའི་ལམ་སྟོན་འདིར་བོད་མི་རྣམས་ཀྱིས་ངེས་པ་ཏུ་དང་ལེན་བྱེད་ཐུབ་དགོས་པ་ཞིག་རེད་སྙམ། རླབས་ཆེན་གྱི་དགོངས་གཞི་འདིར་བློ་རྒྱ་ཆུང་བའི་ཆབ་སྲིད་པ་དང་བོད་མི་རིགས་ཀྱི་འཆི་གསོན་ལ་ཕུངས་རྒྱང་རིང་པོའི་བསམ་བློ་བཏང་མ་ཐུབ་པའི་མཁས་དབང་ཀླད་སྟོང་ཚོས་ངོས་ལེན་བྱེད་ཀྱི་མ་རེད་འདོད།
ཐུགས་རྗེ་གཟིགས།
་་་་་་ངོས་འཛིན་ཟིན་རྗེས། མིང་ཡོད་དོན་ཡོད་ཀྱི་སྒྲིག་འཛུགས་ཤིག་གི་ཁྲི་ལ་མངའ་གསོལ་ཞུ་ཐུབ་ཀྱི་རེད། བོད་མི་ཚོ། འདི་ལས་ལྷག་པའི་རྡོ་རྗེའི་བརྟན་བཞུགས་ཤིག་གང་ན་འདུག གསུངས་པ་ནི་ངས་དུས་རྒྱུན་གྱི་རེ་འདུན་ཅིག་ཡིན་ཡང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ཁང་གསར་ལགས་ཁྱེད་ཀྱི་རིན་བྲལ་གྱི་དཔྱད་རྩོམ་འདི་འདྲ་སྤེལ་བར་རྗེས་སུ་ཡིད་རང་ཡོད།
བདག་ཀྱང་དཔྱད་རྩོམ་འདིར་མོས་མཐུན་ཡོད།
ཞིབ་དཔྱོད་པ་ཁང་གསར་ལགས་ཀྱི་དགོངས་པ་ལ་མོས་མཐུན་ཡོད།