ཁ་སང་ཕྱི་ཚེས་ ༡ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༧ ཀྱི་སྟེང་། རྒྱ་ནག་ནང་སྙན་གྲགས་ཅན་གྱི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ཅང་ཐེན་ཡོང་དང་། ལིས་སུའུ་པེན་གཉིས་ཁྲིམས་མཐུན་ཡིག་ཆ་བརྒྱུད་ཨ་རིར་ཕྱི་བསྐྱོད་སྐབས། ཧོང་ཀོང་གནམ་ཐང་ནས་ཉེན་རྟོག་པས་བཀག་འགོག་བྱས་ཏེ། ཕྱི་ཚེས་ ༡ ཉིན་ཝ་ཤིན་ཊོན་དུ་འཚོགས་བཞིན་པའི་ཨ་རྒྱ་གཉིས་ཀྱི་འགྲོ་བ་མིའི་ཐོབ་ཐང་དཔྱད་གླེང་ཚོགས་འདུར་མཉམ་ཞུགས་བྱེད་བཅུག་མེད་པ་རེད། དེ་བཞིན། ཚོགས་འདུ་དེར་མཉམ་ཞུགས་མགྲོན་འབོད་བྱས་ཡོད་པ་ལྟར། ཉིན་འགའི་སྔོན་ལ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ཀྲང་ཁའེ་ཡིས་ཨ་རིར་ཐེངས་གཉིས་ལ་ཐོངས་མཆན་ཞུས་ཀྱང་རྒྱ་གཞུང་གིས་སྤྲད་ཡོད་མི་འདུག
ཁྲིམས་རྩོ་པ་ཅང་ཐེན་ཡོང་གིས་ཀོང་ཧོང་གནམ་ཐང་ནས་ལག་འཁྱེར་ཁ་པར་བརྒྱུད། ཨ་རིའི་རྒྱ་ནག་ཁ་གཏད་རོགས་སྐྱོར་ཚོགས་པའི་ཚོགས་གཙོ་དང་ཡེ་ཤུ་ཆོས་དཔོན་བྷོབ་ཧྥུ་ Bob Fu ལགས་བཅས་ལ་ཁོང་གཉིས་ཐེངས་འདིར་རྒྱ་གཞུང་གིས་བཀག་འགོག་བྱས་སོང་བས་ཚོགས་འདུ་དེར་མཉམ་ཞུགས་གནང་ཐུབ་མ་བྱུང་སྐོར་བརྗོད་དོན། ཧོང་ཀོང་གི་ཕྱི་སྐྱོད་ཞིབ་བཤེར་ལས་ཁུངས་ཀྱིས་ཁོང་གཉིས་ཀྱི་ཅ་དངོས་དང་གཟུགས་པོ་ཡོངས་ལ་སྔོག་འདོན་བཤེར་བྱ་རྗེས། རྒྱུ་མཚན་གང་ཡང་མེད་པའི་ཐོག་ནས་བཀག་འགོག་བྱས་སོང་། ཞེས་བརྗོད་འདུག
ཁོང་གཉིས་ཞིབ་བཤེར་ཁང་དེར་བཀག་འགོག་བྱེད་དགོས་པའི་རྒྱུ་མཚན་དྲིས་སྐབས། འབྲེལ་ཡོད་མི་སྣས། ཁྱོད་ཚོ་ཕྱིར་སོང་ནས་པེ་ཅིན་གྱི་ཉེན་རྟོག་པར་སྐད་ཆ་ཕྲིས། ཅེས་ལན་བཏབས་ཡོད་འདུག ཡང་ཞིབ་བཤེར་རུ་ཁག་གི་རུ་དཔོན་ཞིག་གིས། ཁྱོད་ཚོ་ཕྱི་སྐྱོད་བྱེད་བཅུག་པ་ཡིན་ན། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་བྱ་སྤྱོད་སྤེལ་སྲིད་པ་རེད། ཅེས་ཀྱང་བརྗོད་ཡོད་འདུག
ཨ་རིའི་རྒྱ་ནག་ཁ་གཏད་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་བྷོབ་ཧྥུ་ལགས་ཀྱིས། ཨ་རིའི་གསར་འགོད་མཐུན་ཚོགས་ལ་འདིའི་སྐོར་གྱི་གནས་ཚུལ་བརྗོད་དོན། རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་དག་གི་ཕྱི་སྐྱོད་བཀག་སྡོམ་བྱས་པའི་གནད་དོན་དེས། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཧ་ཅང་སྐྱོ་བོ་ཡིན་པ་གསལ་སྟོན་བྱས་ཡོད།
ཁྲིམས་རྩོད་པ་དེ་དག་ནི་རྒྱ་ནག་ནང་ཁྲིམས་སྲིད་ལམ་ལུགས་བཅོས་བསྒྱུར་ཡོང་བར་འབད་བརྩོན་གནང་མཁན་ཡིན་སྟབས། ཁོང་ཚོ་ཐེངས་འདིའི་ཨ་རྒྱ་གཉིས་ཀྱི་འགྲོ་བ་མིའི་ཐོབ་ཐང་དཔྱད་གླེང་ཚོགས་འདུར་བསྐྱོད་དུ་མ་བཅུག་པ་དེས་གང་ཞིག་བསྟན་ཡོད་ཟེར་ན། རྒྱ་ནག་གི་དཔོན་རིགས་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ལ་རྒྱ་ནག་དེ་ཁྲིམས་ཀྱིས་དབང་བསྒྱུར་བྱེད་པའི་གཞུང་ཞིག་མངོན་འགྱུར་བྱ་རྒྱུ་ཡིན་སྐོར་ཁས་ལེན་བྱས་ཡོད་པ་དེ་དག་ལ་རྡོག་རོལ་དང་སྣང་མེད་བཏང་བ་མཚོན་ཡོད། ཅེས་བརྗོད་ཡོད་འདུག
གཞན། རྒྱ་ནང་གི་མགྲིན་ཚབ་ཚོགས་པ་གསུམ་གྱི་ཚོགས་མིའི་གྲལ་དུ་ཡོད་པའི། འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ལིས་རིན་པེན་དང་། ཁྲིམས་ལུགས་ཆེད་མཁས་པ་ཀྲང་ཏ་ཅོན། ཡེ་ཤེས་ཆོས་ཁང་གི་ཆོས་དཔོན་ཀྲིན་ལིག་ཀོ་སོགས་ཐེངས་འདིའི་ཚོགས་འདུར་མཉམ་ཞུགས་ཆེད་ཨ་རིར་འབྱོར་ཡོད་ཅིང་། ཕྱི་ཚེས་ ༡ ཉིན་གྱི་ཇོར་རྗི་མཱ་སིན་གཙུག་ལག་སློབ་གྲྭ་ཆེན་མོ་ (George. Mason University) ནང་ཨ་རྒྱ་གཉིས་ཀྱི་འགྲོ་བ་མིའི་ཐོབ་ཐང་དཔྱད་གླེང་ཚོགས་འདུ་དེར་མཉམ་ཞུགས་གནང་འཆར་ཡོད་འདུག་ལ། དེ་རིང་ཕྱི་ཚེས་ ༢ ཉིན་ཨ་རིའི་སྙན་གྲགས་ཅན་གྱི་ཁྲིམས་རྩོད་པའི་ལྷན་ཚོགས་དང་མཉམ་དུ་ཁྲིམས་ལུགས་སྐོར་ལ་གླེང་མོལ་བཞིན་ཡོད་འདུག སང་ཉིན་ཁོ་ཚོ་ཨ་རིའི་སྲིད་འཛིན་གྱིས་མགྲོན་བསུ་བྱེད་བཞིན་པའི་ཞོགས་ཟས་ཤིག་ཏུ་འདུ་འཛོམས་གནང་རྒྱུ་ཡིན་འདུག
གསར་འགོད་པ། ཚེ་རིང་རྒྱལ།