བོད་མིའི་རང་དབང་དང་ཐོབ་ཐང་བརྩོན་ལེན་ཐད་ཀྱི་འཐབ་ཇུས་དང་ལག་བསྟར།
རྡོ་རྗེ་དབང་རྒྱལ། ༼བོད་འབྱོར་རྩོམ་ཡིག༽
ལྔ་པ། རིག་གཞུང་འཛུག་སྐྲུན་གྱི་སྐོར།
རིག་གཞུང་ནི་མི་རིགས་ཞིག་གི་ཐུན་མོང་མ་ཡིན་པའི་འཚོ་བ་སྐྱེལ་སྟངས་དེ་རེད། དེ་ཡང་ལོ་སྟོང་ཕྲག་གི་རིང་ལ་མི་རིགས་དེས་ཉིན་རེ་བཞིན་གསོག་འཇོག་བྱས་པའི་ཉམས་མྱོང་དང་ཤེས་བྱ། ལྟ་གྲུབ། སྐད་ཡིག ཚན་རིག་ལག་རྩལ། ཡུལ་གོམས་གཤིས་ལུགས་ལ་སོགས་པའི་གཟུགས་ཡོད་དང་གཟུགས་མེད་ཀྱི་རྒྱུ་རྫས་རེད། རིག་གཞུང་དེས་མི་རིགས་དེ་གཞན་དང་མ་འདྲ་བའི་རིན་ཐང་མངོན་ནས། མི་རིགས་དེ་སའི་གོ་ལ་ཐོག་གནས་དགོས་པའི་ཐོབ་ཐང་སྤྲད་ཡོད་པ་མ་ཟད་རིག་གཞུང་དེ་སྲུང་སྐྱོབ་བྱ་དགོས་པའི་ལས་འགན་ཡང་སྤྲད་ཡོད་པ་རེད། རིག་གཞུང་དེ་བརླག་པ་ཡིན་ན་མི་རིགས་དེ་ཉམས་པ་དང་གཅིག་མཚུངས་རེད། དེའི་ཕྱིར་བོད་རང་དབང་ལས་འགུལ་གྱི་མཐར་ཐུག་གི་དམིགས་ཡུལ་དེ་ཡང་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་འཚོ་བ་སྐྱེལ་སྟངས་དེ་སྲུང་སྐྱོབ་བྱེད་རྒྱུ་དེ་རེད། བཙན་བྱོལ་བོད་གཞུང་གིས་གནས་བབས་མཐོན་པོ་དང་མིག་རྒྱང་རིང་པོས་བོད་ཕྱི་ནང་གི་རིག་གཞུང་དེ་ཧྲིལ་པོ་གཅིག་ཏུ་དགོངས་ནས་བདག་འཛིན་དང་ཡར་རྒྱས་སུ་གཏོང་དགོས་པ་ནི། འཚོ་གནས་དང་སྤྲོ་སྐྱིད་ཀྱི་དགོས་མཁོ་ཡིན་པ་མ་ཟད་བོད་རང་དབང་ལས་འགུལ་འཐབ་རྩོད་ཀྱི་ཐབས་ལམ་ཞིག་ཀྱང་རེད། དམིགས་ཡུལ་འདི་ལེགས་འགྲུབ་ཡོང་བའི་ཆེད་དུ་བཙན་བྱོལ་བོད་གཞུང་གིས་རིག་གཞུང་གཅེས་འཛིན་གྱི་དུས་ཆེན་ཞིག་བཙུགས་ཏེ། གཤམ་གསལ་གྱི་ལས་རིགས་ཐོག་བྱས་རྗེས་ཡོད་པའི་མི་སྣ་དང་ཁོ་ཚོའི་བརྩམས་ཆོས་ལ་ངོས་འཛིན་དང་གདེང་འཇོག་མཐོན་པོ་གནང་པ།
༡ གཞས་སྣ། ཞབས་བྲོ་དང་རོལ་དབྱངས།
༢ རྩོམ་རིག་སྒྱུ་རྩལ།
༣ རི་མོ་དང་གློག་བརྙན།
ལྷག་པར་དུ་བོད་ནང་གི་རྩོམ་པ་པོའི་ལེགས་རྩོམ་དཔེར་ན། ནག་ཚང་བྱི་ལིའི་སྐྱིད་སྡུག་དང་འཇམ་དབྱིངས་སྐྱིད་ཀྱི་བཀག་ཉར་སྐབས་ཀྱི་ཉིན་ཐོབ། བྱ་མདོ་རིན་བཟང་གི་ངའི་ཕ་ཡུལ་དང་ཞི་བའི་བཅིངས་གྲོལ་ལྟ་བུའི་བརྩམས་ཆོས་བཙན་བྱོལ་སྤྱི་ཚོགས་ལ་ངོ་སྤྲོད་དང་ཁྱབ་སྤེལ་དུ་གཏོང་དགོས་པའི་སྟེང་། ཕྱི་རྒྱལ་སྐད་ཡིག་སྟེང་བསྒྱུར་ནས་རྒྱལ་སྤྱིའི་སྟེང་འགྲེམས་སྤེལ་བྱེད་རྒྱུ།
གཞན་ཡང་། ཚིག་མཛོད་སྣ་ཚོགས་དང་ཚན་རྩལ་རྒྱུན་ཤེས་སྐོར་གྱི་ལག་དེབ་སོགས་བོད་ཡིག་ཐོག་ནས་ཕྱོགས་བསྒྲིགས་བྱེད་པ་དང་ཆབས་ཅིག་དུ་འགྲོ་བ་མིའི་ལོ་རྒྱས་ཐོག་ཤུགས་རྐྱེན་ཆེ་པོ་ཐེབས་ཡོད་པའི་རྩོམ་ཡིག་དང་དེབ་རྣམས་འདེབ་སྒྲིག་བྱས་ནས་གོ་རིམ་ལྡན་པའི་སྒོ་ནས་བོད་ཡིག་ཐོག་བསྒྱུར་ནས་བོད་མི་དམངས་ལ་ངོ་སྤྲོད་བྱེད་དགོས་པ་ཧ་ཅང་གལ་ཆེ།
བཙན་བྱོལ་གཞུང་དམངས་དང་གཞིས་སྲུང་མི་དམངས་བར་གྱི་གཅིག་སྒྲིལ་དང་མཉམ་འབྲེལ། ཚང་མས་མཁྱེན་གསལ་ལྟར་བོད་གཞུང་དང་བཙན་བྱོལ་བོད་མིའི་མཐར་ཐུག་གི་དམིགས་ཡུལ་ནི་བོད་མིའི་རང་དབང་དང་ཐོབ་ཐང་བརྩོན་ལེན་བྱས་ནས། བོད་ལ་ལོག་སྟེ་གཞིས་བྱེས་བོད་མི་ལྷན་འཛོམས་གྱིས་བོད་ཀྱི་རིག་གཞུང་དང་དཔལ་འབྱོར་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་དེ་རེད། ཐབས་ལམ་འདྲ་མིན་བརྒྱུད་དེ་ཆབ་སྲིད་ཀྱི་ལས་འགན་གོ་རིམ་ལྟར་སྤེལ་ནས་མཐར་ཐུག་གི་ཆབ་སྲིད་ཀྱི་དམིགས་ཡུལ་ཆེན་པོ་དེ་མངོན་འགྱུར་འབྱུང་དུ་འཇུག་དགོས། དེའི་དབང་གིས་བཙན་བྱོལ་བོད་མི་ཡོངས་རྫོགས་རྡོག་རྩ་གཅིག་སྒྲིལ་གྱིས་ཐབས་བརྒྱ་ཇུས་སྟོང་སྤྱད་ནས་གཞིས་སྲུང་བོད་མིར་མཉམ་འབྲེལ་བྱེད་པ་དང་སེམས་ཐག་ཉེ་རུ་གཏོང་དགོས་པ་ནི་དཀའ་གནད་སེལ་བྱེད་ཀྱི་རྩ་བའི་ཐབ་ལམ་དང་གདམ་ངག་ཡིན་པ་ལ་དམིགས་ཡུལ་ཡང་ཡིན། རྡོག་རྩ་གཅིག་སྒྲིལ་དེ་ཡོང་ཆེད་བཙན་བྱེལ་གཞུང་དམངས་གཉིས་ཀྱིས་འགོ་ཁྲིད་ནས་གཤམ་དུ་གསལ་བཤད་བྱེད་ཡོད་པའི་བྱེད་ལས་སྣ་ཚོགས་འཆར་གཞི་དང་དམིགས་ཡུལ་ལྡན་པའི་སྒོ་ནས་སྒྲུབ་དགོས་པ་ཧ་ཅང་གལ་ཆེན་པོར་མཐོང་།
ཀ སྲོག་ཆགས་སྲུང་སྐྱོབ་ཀྱི་རྒྱལ་སྤྱིའི་ལས་འགུལ།
༢༠༠༦ལོར་གཞིས་བྱེས་བོད་མི་ཡོངས་ཀྱིས་༧ རྒྱལ་བ་རིན་པོ་ཆེའི་བཀའ་སློབ་སྲུང་བརྩི་ཞུས་ཏེ། པགས་རིགས་མེར་བསྲེགས་ཀྱི་ལས་འགུལ་བརྩམས་པ་དེ་ནི་སྣང་ཆུང་བྱས་ཆོག་པའི་དོན་བྱ་ཅིག་མ་ཡིན་པར་བོད་ཀྱི་ལོ་རྒྱུས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པའི་དོན་གནད་གལ་ཆེན་ཞིག་རེད། གང་ལ་ཟེར་ན་བོད་མི་པ་མི་ཚང་རེ་རེས་རང་ཁྱིམ་ལ་ཉེར་ཡོད་པའི་ཆེས་རྩ་ཆེ་བའི་པགས་རིགས་འཕངས་མེད་ཀྱིས་མེར་བསྲེགས་བཏང་ནས། དེའི་ཚབ་ཏུ་བོད་མི་མི་རེ་ངོ་རེའི་སེམས་སུ་༧རྒྱལ་བ་རིན་པོ་ཆེའི་བླ་མེད་དབུ་ཁྲིད་ཀྱི་གོ་འཕང་དེ་ཉིད་བཞེངས་བསྐྲུན་གནང་ཡོད་པ་རེད། ལས་འགུལ་དེ་བརྒྱུད་ནས་བོད་མི་དམངས་དང་༧རྒྱལ་བ་རིན་པོ་ཆེའི་བར་གྱི་འབྲེལ་བ་བསྐྱར་མཐུད་བྱས་ཏེ། རྒྱ་ནག་གིས་བཙན་དབང་ཀྱིས་དུམ་བུར་བཏང་བའི་བོད་ཀྱི་ལོ་རྒྱུས་དེ་ཡང་བསྐྱར་མཐུད་གནང་ཡོད་པ་རེད།
གཞན་ཡང་གཞིས་བྱེས་བོད་མི་མི་རེ་ངོ་རེའི་ངོས་ནས་༧རྒྱལ་བ་རིན་པོ་ཆེ་དང་ལྷན་དུ་འཇིག་རྟེན་ཀུན་ཁྱབ་དང་ཡོངས་ཁྱབ་སེམས་འཁུར་གྱི་རྒྱལ་སྤྱིའི་ལས་འགན་འཁུར་ནས་རྒྱལ་སྤྱིའི་སྲོག་ཆགས་སྲུང་སྐྱོབ་ཀྱི་ལས་འགུལ་ཆེན་མོའི་ནང་མཉམ་ཞུགས་ཞུས་པ་རེད། བོད་མི་དམངས་ཀྱིས་པགས་རིགས་མེར་བསྲེགས་བཏང་པ་དྲན་གསོ་དང་སྲོག་ཆགས་སྲུང་སྐྱོབ་ཀྱི་ལས་འགུལ་རྒྱ་ཆེ་རུ་དང་གཏིང་ཟབ་ཏུ་གཏོང་ཆེད། ༧རྒྱལ་བ་རིན་པོ་ཆེས་བོད་མི་རྣམས་ལ་ ༢༠༠༦ལོའི་ཟླ་བ་དང་པོའི་ནང་སྲོག་ཆགས་སྲུང་སྐྱོབ་ཀྱི་བཀའ་སློབ་བསྩལ་བའི་ཉིན་མོ་དེ། རྒྱལ་སྤྱིའི་སྲོག་ཆགས་སྲུང་སྐྱོབ་ཀྱི་ཉིན་མོར་སྲུང་བརྩིས་གནང་རྒྱུ། ཉིན་མོ་དེར།
༡ རྒྱལ་སྤྱིའི་སྲོག་ཆགས་སྲུང་སྐྱོབ་ཚོགས་པ་ཁག་གི་སྐུ་ཚབ་གདན་ཞུས་ཀྱིས་བཙན་བྱོལ་བོད་མིའི་གཞིས་སྒར་གང་རུང་ཞིག་ཏུ། ༧རྒྱལ་བ་རིན་པོ་ཆེ་དབུ་བཞུགས་འོག་བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་སྤྲུལ་རྣམས་ལྷན་འཛོམས་ཀྱིས་བོད་མི་དམངས་གཙོ་བོར་བཟུང་ནས་འཛམ་གླིང་ཡོངས་ལ་སྲོག་ཆགས་སྲུང་སྐྱོབ་གནང་རོགས་ཞུས་ཞེས་འབོད་སྐུལ་བྱེད་རྒྱུ།
༢ འདས་ཟིན་པའི་སྲོག་ཆགས་དང་འགྲོ་བ་མིའི་རིགས་ཀྱི་ཆེད་དུ་བསྔོ་བ་སྨོན་ལམ་གསུང་རྒྱུ།
༣ རྒྱལ་སྤྱིའི་སྲོག་ཆགས་སྲུང་སྐྱོབ་ཚོགས་པ་ཁག་གི་སྐུ་ཚབ་དང་ཆེད་མཁས་པས་གཏམ་བཤད་གནང་རྒྱུ།
༤ སྲོག་ཆགས་སྲུང་སྐྱོབ་སྐོར་གྱི་འགྲེམས་སྟོན་དང་འཁྲབ་སྟོན་བྱེད་རྒྱུ།
༥ རྒྱལ་སྤྱིའི་སྲོག་ཆགས་སྲུང་སྐྱོབ་ཀྱི་ཉིན་མོར་སྲུང་བརྩིས་གནང་བའི་སྐོར་གྱི་མཛད་སྒོ་མཐའ་དག་བརྙན་འཕྲིན་དུ་ཕབ་ནས་བོད་ནང་གཙོ་བོར་བཟུང་སྟེ་འཛམ་གླིང་ཡོངས་ལ་འགྲེམས་སྤེལ་གནང་རྒྱུ།
ཁ། གཙང་སྦྲའི་ཉིན་མོ།
གཞིས་སྲུང་བོད་མིའི་བསམ་བློ་དང་མཐུན་རྐྱེན་གྱི་དབང་གིས་བོད་ཀྱི་གང་ཟག་སྒེར་བ་མང་པོ་དང་དུད་ཁྱིམ་མང་པོས་འཕྲོད་བསྟེན་དང་གཙང་སྦྲའི་གནས་སྟངས་ཧ་ཅང་སྐྱོ། དེ་བས་མི་མང་པོ་དང་ནང་སྒོས་བོད་ཀྱི་བུད་མེད་དང་བྱིས་པ་ཚོར་གཙང་སྦྲ་དང་འབྲེལ་བའི་ནད་རིགས་འདྲ་མིན་བྱུང་དང་འབྱུང་བཞིན་ཡོད། ཁོང་ཚོའི་ཁྲོད་ཀྱི་མི་གྲངས་མི་ཉུང་བ་ཞིག་ན་ཚ་འདི་རིགས་ཀྱི་རྐྱེན་པས་ཤི་བཞིན་ཡོད་པ་རེད། གནས་སྟངས་དེ་ཡར་རྒྱས་སུ་བཏང་ནས་བོད་པའི་སྤྱི་ཚོགས་ལུས་སེམས་གཉིས་ཐད་ནས་གཙང་སྦྲ་དང་འཕྲོད་བསྟེན་ལྡན་པའི་སྤྱི་ཚོགས་ཞིག་ཏུ་བསྐྲུན་ཆེད། བོད་ཀྱི་གཙང་སྦྲའི་ཉིན་མོ་ཞིག་གཏན་འབེབས་ཀྱིས་ཉིན་མོ་དེར།
༡ བཙན་བྱོལ་བོད་མིའི་གཞིས་སྒར་གང་རུང་ཞིག་ཏུ། ༧རྒྱལ་བ་རིན་པོ་ཆེ་དབུ་བཞུགས་འོག་བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་སྤྲུལ་རྣམས་ལྷན་འཛོམས་ཀྱིས། བོད་མི་དམངས་གཙོ་བོར་བཟུང་ནས་འཛམ་གླིང་ཡོངས་ལ་གཙང་སྦྲ་གནང་རོགས་ཞུས་ཞེས་འབོད་སྐུལ་བྱེད་རྒྱུ།
༢ རྒྱལ་སྤྱིའི་འཕྲོད་བསྟེན་ཚོགས་པ་ཁག་གི་སྐུ་ཚབ་དང་ཆེད་མཁས་པས་གཏམ་བཤད་གནང་རྒྱུ།
༣ གཙང་སྦྲའི་སྐོར་གྱི་འགྲེམས་སྟོན་དང་འཁྲབ་སྟོན་བྱེད་རྒྱུ།
༤ བོད་ཀྱི་གཙང་སྦྲའི་ཉིན་མོར་སྲུང་བརྩིས་གནང་བའི་སྐོར་གྱི་མཛད་སྒོ་མཐའ་དག་བརྙན་འཕྲིན་དུ་ཕབ་ནས་བོད་ནང་གཙོ་བོར་བཟུང་སྟེ་འཛམ་གླིང་ཡོངས་ལ་འགྲེམས་སྤེལ་གནང་རྒྱུ།
༥ ༧རྒྱལ་བ་རིན་པོ་ཆེའི་དབུས་བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པས་འཁྲིས་གསོལ་གནང་སྟེ་ཞི་བདེའི་སྒོ་ནས་ལུས་སེམས་ལས་རུང་དུ་བཀོད་ནས་སེམས་གཙང་མ་བཟོ་བ་དེ་ཆོས་ཀྱི་ཉམས་ལེན་ཡིན་པར་གསུངས་བཞིན་པ་ནང་བཞིན་ཕྱིའི་ཁོར་ཡུག་དང་བསྡོད་གནས། གང་ཟག་སྒེར་པའི་ལུས་ཀྱི་གྱོན་ཆས་ནས་གདོང་དང་རྐང་ལག་ལ་སོགས་ལུས་ཀྱི་གཙང་སྦྲ་དེ་ཡང་། གཞིས་བྱེས་བོད་མི་ཡོངས་ལ་ཁྱབ་སྤེལ་གྱིས་བོད་མི་མི་རེ་ངོ་རེ་ནས་ལུས་ཀྱི་གཙང་སྦྲ་ལེགས་པོ་ཞིག་གནང་བ་ཡིན་ན། དེ་ཆོས་དང་དགེ་བ་སྒྲུབ་པ་ཡིན་པ་ཁས་བླངས་དེ་གནས་ལུགས་དེ་བོད་མི་ཚོར་གསུངས་དགོས། གཞིས་སྲུང་བོད་མིའི་༧རྒྱལ་བ་རིན་པོ་ཆེའི་བཀའ་ལ་གུས་བརྩིས་དང་དང་ལེན་བྱས་ནས་བཙན་བྱོལ་བོད་མི་དང་ལྷན་དུ། བོད་ཀྱི་གཙང་སྦྲའི་ཉིན་མོ་དེར་སེར་སྐྱ་རྒན་གཞོན་ཕོ་མོ་དབྱེར་མེད་ཀྱིས་བོད་མི་མི་རེ་ངོ་རེས་དང་དུད་ཁྱིམ་རེ་རེ་བཞིན་གཙང་སྦྲ་བྱེད་པའི་ལས་འགུལ་སྤེལ་བ་ཡིན་ན། དང་པོ་བོད་མི་དམངས་ཀྱི་ལུས་པོའི་གཙང་སྦྲ་ལེགས་ཏུ་ཕྱིན་པ་དང་འཕྲོད་བསྟེན་གལ་ཆེན་པོ་ཡིན་པའི་བསམ་བློ་དང་གོ་རྟོགས་གཏིང་ཟབ་ཏུ་འགྲོ་བ་དང་རྒྱ་ཆེ་རུ་འགྲོ་བ། གཙང་སྦྲ་མ་བྱས་པ་ལ་རྐྱེན་བྱས་ནས་ལུས་ལ་ན་ཚ་འབྱུང་བ་དང་རྐྱེན་འདས་སུ་གྱུར་པའི་མི་གྲངས་ཉུང་རུ་འགྲོ་བ། གཉིས་པ་ཆབ་སྲིད་ཀྱི་ངོས་ནས་བཤད་ན་གཙང་སྦྲའི་ལས་འགུལ་བརྒྱུད་གཞིས་བྱེས་བོད་མི་ཡོངས་ཀྱི་སེམས་ཁམས་༧རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་བོད་གཞུང་ལ་ཕྱོགས་པར་གྱུར་ཏེ། ༧རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་བོད་གཞུང་གི་གནས་བབས་རྒྱལ་སྤྱིའི་སྟེང་དུ་ཤུགས་ཆེ་རུ་དང་རིན་ཐང་མཐོ་རུ་འགྲོ་བ་རེད།
ག ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ།
དེང་གི་དུས་འདིར་ཚན་རིག་ལག་རྩལ་ཡར་རྒྱས་སོང་བ་ལ་བརྟེན་ནས་འཛམ་གླིང་དང་ནང་སྒོས་རྒྱ་ནག་གི་དཔལ་འབྱོར་འདས་པའི་ལོ་ ༣༠ ་རིང་སྔོན་བྱུང་མ་མྱོང་བའི་ཡར་རྒྱས་སུ་སོང་ཡོད་པ་རེད། ཡིན་ན་ཡང་ཡར་རྒྱས་དེས་རྒྱབ་ལོག་ཏུ་རྒྱ ་ནག་ལ་ཚད་ལས་བརྒལ་པའི་གོད་ཆགས་ཀྱི་རིགས་མང་པོ་བཟོས་ཡོད་པ་རེད། ཁོར་ཡུག་འབག་བཙོག་ཅན་དུ་གྱུར་བཞིན་པ་ནི་རྒྱ་ནག་ལ་བྱུང་བཞིན་པའི་གོད་ཆགས་དེའི་གྲས་ཀྱི་གཙོ་བོ་གཅིག་རེད། ཞིབ་འཇུག་གི་གྲུབ་དོན་ལྟར་ན་རྒྱ་ནག་གི་སྐྱེས་དངོས་རིགས་ ༤༦༠༠ རྩ་མེད་དུ་ཕྱིན་པ་དང་། སྲོག་ཆགས་རིགས་ ༤༠༠ རྩ་མེད་དུ་འགྲོ་བཞིན་པའི་སྒང་ཡིན་པ། རྩྭ་ས་མུའུ་དུང་ ཕྱུར་ ༡་༣ བྱེས་སར་གྱུར་པ་དང་ལོ་ལྟར་རེ་བཞིན་ཞིང་ས་མུའུ་ས་ཡ་༢༠༠བ་ཚྭ་ཅན་དུ་འགྱུར་བཞིན་ཡོད་པ། གཙང་པོ་མང་པོ་འབག་བཙོག་ཅན་ཏུ་གྱུར་ཡོད་པ་དང་། ཚད་ལས་བརྒལ་བའི་བཟོ་གྲྭ་འདྲ་མིན་བཙུགས་པའི་དབང་གིས་ནམ་མཁའ་ནས་བབས་པའི་ཆར་ཆུ་བསྐྱུར་མོར་གྱུར་བ། ཚད་ལས་བརྒལ་བའི་ཤིང་ནགས་གཅོད་འབྲེག་བྱས་པའི་དབང་གིས་རི་ཀློང་ཚང་མ་སྐམ་པོར་གྱུར་བ་དང་སྲོག་ཆགས་མང་པོར་འཚོ་གནས་ཀྱི་དཀའ་ངལ་འཕྲད་དེ་ཉུང་དུ་འགྲོ་བཞིན་པ། ལྷག་པར་དུ་བོད་ཡུལ་དུ་རྒྱ་མི་གཞིས་སྤོས་ཀྱིས་མི་འབོར་མང་དུ་སོང་བ་དང་། བོད་ཀྱི་ས་ཆའི་ཤིང་ནགས་དང་ཐོན་ཁུངས་འཕང་མེད་དང་ཚད་མེད་དུ་གཅོད་འབྲེག་དང་སྔོག་འདོན། བོད་དུ་ཆུ་མཛོད་དང་གློག་ཁང་གྲངས་མང་གསར་བརྒྱག་སོགས་བྱས་པའི་རྐྱེན་གྱིས་རི་ཐང་མང་པོ་བྱེ་ཐང་དུ་གྱུར་བ་དང་། གཙང་པོ་ཆུང་དུ་སོང་། འཐུང་ཆུ་དཀོན་པོར་གྱུར། ད་ནས་བཟུང་ལོ་མང་པོ་མ་འདས་པར་རྒྱ་ནག་གི་གྲོང་ཁྱེར་ཆེན་པོ་ཁག་མང་པོ་ཞིག་ལ་འཐུང་ཆུའི་དཀའ་ངལ་ཧ་ཅང་གི་ཆེན་པོ་འཕྲད་དེ་མི་རྣམས་གནས་མི་ཐུབ་པའི་ཛ་དྲག་གི་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་པ་རེད།
དེ་བཞིན་གོང་གསལ་གྱི་རྒྱུ་རྐྱེན་དེ་དག་ལ་བརྟེན་ནས་བོད་ཀྱི་གནམ་གཤིས་ལ་འགྱུར་ལྡོག་ཆེན་པོ་བྱུང་སྟེ། དྲོན་པོར་གྱུར་ནས་གངས་རི་མང་པོ་བཞུས་ནས་དུས་ཡུན་ཐུང་ཐུང་གི་ནང་ཆུ་ལོག་མང་པོ་རྒྱུགས་ཏེ། ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་རྒྱལ་ཁབ་མང་པོར་ཆུ་ལོག་གི་དཀའ་ངལ་འཕྲད་བཞིན་ཡོད་པ་ལྟར་ཡིན་པ་དང་། རྗེས་སུ་གཙང་པོ་ཚང་མ་སྐམ་ནས་ཧི་མ་ལ་ཡའི་རི་རྒྱུད་ཁུལ་ལ་ཆུའི་དཀའ་ངལ་འཕྲད་རྒྱུ་ཡིན་པ་དང་། ཆུའི་ཆེད་དུ་རྩོད་རྙོག་བྱུང་དེ་མཐར་ཐུག་རྒྱལ་ཁམས་འ ཁྲུག་རྩོད་ཀྱི་གཞི་རུ་འགྱུར་བའི་ཉེན་ཁ་འདུག གནས་སྟངས་དེ་ལྟར་གྱུར་ཡོད་པའི་དབང་གིས་རྒྱ་ནག་གཞུང་གིས་ཀྱང་དམིགས་གསལ་གྱིས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ཁྲིམས་ལུགས་གཏན་འབེབས་གནང་སྟེ། ལོ་རེ་བཞིན་རྒྱ་ནག་རྒྱལ་ཡོངས་ཡོང་འབབ་ཀྱི་བརྒྱ་ཆའི་ ༥་༨ གྱི་དངུལ་འབོར་ཕོན་ཆེན། ཁོར་ཡུག་འབག་བཙོག་ལས་བྱུང་བའི་ནད་ཡམས་དང་རང་བྱུང་ཁམས་ཀྱི་གནོད་འཚེའི་ཆེད་དུ་མི་གཏོང་རང་གཏོང་དུ་གྱུར་ཡོད་པ་རེད། དེ་དང་མཉམ་དུ་རྒྱ་ནག་གཞུང་གིས་རྩ་འཛུགས་དང་སྐུལ་མ་བྱས་ནས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ལས་འགུལ་འདྲ་མིན་ཡང་སྤེལ་བཞིན་ཡོད་པ་རེད། དེའི་དབང་གིས་ཁོར་ཡུག་གི་དཀའ་ངལ་ནི་མི་རིགས་ཞིག་དང་རྒྱལ་ཁབ་ཞིག་གི་དཀའ་ངལ་ཙམ་མ་ཡིན་པར་དེ་ནི་འགྲོོ་བ་མིའི་རིགས་ཀྱི་དཀའ་ངལ་དུ་གྱུར་ཡོད་པ་རེད། བོད་ཡང་ཆུ་བོ་མང་པོའི་འབྱུང་ཁུངས་དང་ཆེ་ཆེས་པའི་ཁོར་ཡུག་འབག་བཙོག་གི་གཞིར་གྱུར་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་འབྲེལ་གྱིས་བོད་ཀྱི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་པ་ནི། ཉིན་མ་གཅིག་ཙམ་ཡང་ནར་འགྱངས་སུ་བསྐྱུར་མི་རུང་བའི་གལ་གནད་ཆེ་བའི་དོན་བྱ་ཞིག་རེད། ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་ནི་ཆེ་ཉེན་ཁ་ཆུང་ཞིང་ཆེ་གནད་ལ་ཕོག་པ།ཆེ་རྒྱབ་སྐྱོར་ཐོབ་སླ་བའི་བོད་རང་དབང་ལས་འགུལ་རྒྱལ་སྤྱི་ཅན་དུ་བསྒྱུར་ནུས་པའི་ཆབ་སྲིད་ཀྱི་ཐབས་ལམ་ལེགས་ཤས་གྲས་ཀྱི་གཅིག་ཡིན་པས། རྒྱལ་སྤྱི་ནང་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་དུས་ཆེན་ཞིག་གཏན་འབེབས་གནང་ནས་ཉིན་མོ་དེར།
༡ རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཁག་གི་སྐུ་ཚབ་གདན་ཞུས་ཀྱིས་བཙན་བྱོལ་བོད་མིའི་གཞིས་སྒར་གང་རུང་ཞིག་ཏུ། ༧རྒྱལ་བ་རིན་པོ་ཆེ་དབུ་བཞུགས་འོག་བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་སྤྲུལ་རྣམས་ལྷན་འཛོམས་ཀྱིས། བོད་མི་དམངས་གཙོ་བོར་བཟུང་ནས་འཛམ་གླིང་ཡོངས་ལ་བོད་ཁོར་ཡུག་སྲུང་སྐྱོབ་གནང་རོགས་ཞུས་ཞེས་འབོད་སྐུལ་ བྱེད་རྒྱུ།
༢ ༧རྒྱལ་བ་རིན་པོ་ཆེ་དབུས་ཚོགས་ཞུགས་སྐུ་མགྲོན་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་དམིགས་སུ་བཀར་ནས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དུ་མཚོན་དོན་ལྡན་པའི་བླ་ཤིང་འདེབས་འཛུགས་ཀྱིས་འཛམ་གླིང་གི་ཕྱི་སྣོད་ཀྱི་བཀོད་པ་ཕུན་ཚོགས་ཅན་དུ་འགྱུར་བའི་སྨོན་ལམ་གསུང་རྒྱུ།
༣ རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཁག་གི་སྐུ་ཚབ་དང་ཆེད་མཁས་པས་གཏམ་བཤད་གནང་རྒྱུ།
༤ ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་འགྲེམས་སྟོན་དང་འཁྲབ་སྟོན་བྱེད་རྒྱུ།
༥ རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཉིན་མོར་སྲུང་བརྩིས་གནང་བའི་སྐོར་གྱི་མཛད་སྒོ་མཐའ་དག་བརྙན་འཕྲིན་དུ་ཕབ་ནས་བོད་ནང་གཙོ་བོར་བཟུང་སྟེ་འཛམ་གླིང་ཡོངས་ལ་འགྲེམས་སྤེལ་གནང་རྒྱུ།
༦ ཉིན་མོ་དེར་བཙན་བྱོལ་ན་ཡོད་པ་དང་གཞིས་སྲུང་བོད་མི་མི་རེ་ངོ་རེའི་ངོས་ནས་ཆེས་དམའ་མཐའ་ཡང་སྡོང་ཕྲུག་རེ་འདེབས་འཛུགས་ཀྱིས་༧རྒྱལ་བ་རིན་པོ་ཆེ་དང་ལྷན་དུ་འཛམ་གླིང་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་རྒྱུ། རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཉིན་མོ་དེར་སེར་སྐྱ་རྒན་བྱིས་ཕོ་མོ་དབྱེར་མེད་ཀྱིས་བོད་མི་མི་རེ་ངོ་རེས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་ནང་འཛུལ་ཞུགས་ཀྱིས་རྩི་ཤིང་འདེབས་འཛུགས་དང་ལས་འགུལ་འདྲ་མིན་སྤེལ་བ་ཡིན་ན། གཞིས་སྲུང་བོད་མའིི་སེམས་ཁམས་༧རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་བོད་གཞུང་ལ་ཕྱོགས་པར་གྱུར་ཏེ། ༧རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་བོད་གཞུང་དང་རྡོག་རྩ་གཅིག་སྒྲིལ་དང་གོམ་པ་མཉམ་སྤོས་སུ་གྱུར་འགྲོ་བ་རེད།
ཁོག་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་འདི་བརྒྱུད་གཞིས་སྲུང་བོད་མིས་བོད་ཀྱི་བདག་པོ་ནི་བོད་མི་ཡིན་པའི་འདུ་ཤེས་དང་ཆབ་སྲིད་ཀྱི་གོ་རྟོགས་གསལ་བོར་མངོན་འགྱུར་བྱུང་སྟེ། བོད་མིའི་ཐོབ་ཐང་དང་ཁོར་ཡུག་སྲུང་སྐྱོབ་ལ་འབད་བརྩོན་བྱས་ནས་བོད་ཀྱི་ཁོར་ཡུག་ད་ལྟ་ལས་སྡུག་ཏུ་མི་འགྲོ་བ་དང་བོད་དོན་རྒྱལ་སྤྱིའི་ཅན་དུ་དར་ཁྱབ་ཏུ་བཏང་སྟེ། འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་ཁྱད་པར་དུ་རྒྱ་ནག་སྲིད་གཞུང་གིས་༧རྒྱལ་བ་རིན་པོ་ཆེ་ལ་མཐོང་ཆེན་གྱིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཐད་དོ་སྣང་དང་གྲོས་མོལ་མི་བྱེད་རང་བྱེད་ཀྱི་གནས་སུ་སྐྱེལ་སྲིད། མ་ཧཱ་མ་གན་དེས་ ༡༩༣༠ ལོའི་ཟླ་ ༤ ཚེས་ ༥ ཉིན་རྒྱ་གར་གྱི་དན་དེ་ས་ཆ་ནས། ཚ་སྤར་བ་གང་བཟུང་སྟེ་རྒྱ་གར་མི་དམངས་ལ་དབྱིན་ཇུས་སྲིད་གཞུང་དང་མཉམ་འབྲེལ་མི་བྱེད་པའི་ལས་འགུལ་འགོ་བརྩམས་ཏེ། རྒྱ་གར་དུ་གནས་བསྡོད་དབྱིན་ཇུས་སྲིད་གཞུང་ལ་གནོན་ཤུགས་སྤྲད་ནས་མཐར་ཐུག་ལོར་སྒྲི་ཨེར་ཝན་གྱིས་མ་ཧཱ་མ་གན་དེ་དང་རྒྱ་གར་མི་དམངས་ལ་གྲོས་མོལ་མི་བྱེད་རང་བྱེད་དུ་གྱུར་པ་ནང་བཞིན། ༧རྒྱལ་བ་རིན་པོ་ཆེས་ཀྱང་ཟླ་བ་བཞི་བའི་དྲོད་ཁོལ་ལྡན་པའི་སྔ་དྲོ་ཞིག་ལ་རྡ་རམ་ས་ལ་ནས་རྩི་ཤིང་བཏབ་སྟེ་བོད་མི་དམངས་ཀྱི་རང་དབང་ལས་འགུལ་ལ་དབུ་ཁྲིད་དེ་བོད་མིའི་རང་དབང་ལས་འགུལ་རླབས་ཕྲང་གསར་བ་ཞིག་བྱུང་སྲིད།
༼ མུ་འགོད། ༽
བསམ་འཆང་ནང་ལ། བཟང་རྒུ་ཚང་འདུག འདི་རང་གི་གཞོན་པས། ལས་འགུལ་ཡོད་དགུ་རྩོམས་དང་།