སྤྱི་འཐུས་འོས་མིའི་ནང་དུ་མི་མང་གི་ལས་དོན་བསྒྲུབ་ཆེད་ཡར་སླེབས་མཁན་གྱི་རིགས་ཤིག་དང་། ལོ་ལྟར་འོས་འཐོབ་རྒྱུ་དང་སོ་སོའི་མདུན་ལམ་ཁོ་ནའི་ཆེད་དུ་འཚང་ཁ་བརྒྱབ་སྟེ་ཡར་ཡོང་མཁན་གྱི་རིགས་ཤིག་འདུག་པས་མི་མང་གིས་གཟབ་དགོས་ཟེར།
ཟླ་འདིའི་ཚེས་ ༡༩ ཉིན་ངྷ་ས་དབུས་འོས་བསྡུ་ལས་ཁང་གིས་བཀའ་སྤྱི་གཉིས་ཀྱི་དངོས་གཞིའི་འོས་མི་རྣམས་ཕྱིར་བསྒྲགས་གནང་རྗེས་དྲ་རྒྱ་ཁག་ཏུ་བཀའ་སྤྱི་གཉིས་ཀྱི་སྐོར་ལ་གླེང་སློང་གང་འཚམ་བྱུང་ཡོད། ཡིན་ནའང་། ཉིན་འདི་འགར་སྐབས་གསུམ་པའི་བཀའ་བློན་ཁྲི་པའི་འོས་མི་ཚོ་ས་གནས་ཁག་ཏུ་སྐོར་སྐྱོད་ཀྱིས་དྲིལ་བསྒྲགས་དང་། མི་མང་ལ་གཏམ་བཤད་གཅིག་ལས་གཅིག་ལྷག་གིས་གནང་མུས་ཡིན་ཡང་། མང་ཚོགས་ཀྱིས་སྤྱི་འཐུས་ཚོ་གླེང་མཚམས་བཞག་ཅིང་ཆོལ་ཁ་རེ་རེ་དང་ཆོས་རྒྱུད་རེ་རེ་ནས་ཡོང་བཞིན་པའི་སྤྱི་འཐུས་འོས་མི་ཚོར་དོ་སྣང་ཡང་འབོར་བཞིན་པ་འདྲ། ད་ལྟ་གང་དུ་སོང་བ་དང་སུ་ལ་ཐུག་ནའང་སྐབས་གསུམ་པའི་བཀའ་ཁྲིའི་འོས་མི་ཚོ་ལས་སྤྱི་འཐུས་སྐོར་གླེང་མཁན་མེད་སྟབས། བཙན་བྱོལ་བོད་མིའི་མང་གཙོའི་སྒྲིག་འཛུགས་ནང་དུ་བཀའ་སྤྱི་གཉིས་ནི་མི་གཅིག་གི་ལག་པ་གཡས་གཡོན་ལྟར། གཉིས་ཀ་ཐང་པོ་དང་བདེ་པོ་བྱུང་ན་ད་གཟོད་ཟློག་པ་ལེགས་པོ་ཞིག་རྒྱག་ཐུབ་ཀྱི་ཡོད།
དེར་བརྟེན་འདི་གའི་གསར་འགོད་པས་ཆོལ་ཁ་རེ་རེའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་དག་ལ་སྤྱི་ཡོངས་ཀྱི་གཟིགས་སྟངས་དང་། དངོས་གཞིའི་འོས་བསྡུའི་སྐབས་མང་ཚོགས་ཀྱིས་གཟབ་དགོས་ས་གང་དག་ཡོད་མེད་སྐོར་ལ་འབྲེལ་ཡོད་མི་སྣ་གསུམ་ལ་བཅར་འདྲི་ཞུས་པར། དགེ་ལུགས་སྤྱི་འཐུས་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་ལགས་ཀྱིས་གསུངས་རྒྱུར། ཉེ་ཆར་དབུས་འོས་བསྡུ་ལས་ཁང་གིས་ཕྱིར་བསྒྲགས་གནང་བའི་མདོ་སྟོད་ཆོལ་ཁོངས་ཀྱི་དངོས་གཞིའི་འོས་མི་རྣམས་ངས་མཐོང་སྣང་ལྟར་བྱས་ན། འོས་མི་ཕལ་ཆེ་བ་ལོ་ན་དང་ཤེས་ཚད་གཉིས་ཐད་ནས་སྐབས་སྔ་མ་ཡོངས་ཀྱི་སྔོན་དུ་གོམ་གང་མདུན་སྤོས་ཀྱིས་ཇེ་ཡག་ཏུ་སོང་འདུག་སྙམ། ལྷག་པར་དུ་མདོ་སྟོད་འོས་ཁོངས་ནང་བཙན་བྱོལ་བོད་གཞུང་གི་རྩ་ཁྲིམས་དང་འགལ་མཁན། བཟའ་ཚང་ཁ་བྲལ་གཏོང་མཁན། བུན་དངུལ་གྱི་ཕྱོགས་ནས་མིང་འཆལ་ཡོད་མཁན་དེ་འདྲ་གཅིག་ཀྱང་མེད་པས་རྩ་བའི་ཆ་ནས་རྒྱབ་སྐྱོར་ཞུ་འོས་ཤ་སྟག་ཏུ་མཐོང་ཞེས་དང་། ཡང་ཁོང་གིས། དངོས་གཞིའི་འོས་བསྡུའི་སྐབས་མི་མང་གིས་གཟབ་དགོས་ས་ནི། ༸གོང་ས་མཆོག་དང་གཞུང་དགའ་ལྡན་ཕོ་བྲང་ལ་སེམས་གཏིང་ནས་དད་མོས་དང་དུང་ཞེན་དགོས་པར་མ་ཟད། སྤྱི་དོན་དང་ཕྱོགས་ཞེན་གཉིས་ལས་སྤྱི་དོན་གཙོ་བོ་བྱེད་མཁན། ཆུ་སྣ་གར་ཁྲིད་མི་བྱེད་པར་རང་ཚུགས་ཐུབ་མཁན། དམངས་ཀྱི་ཁ་དམག་ལ་བཟོད་སྲན་ཐུབ་པའི་སྒོ་ནས་དམངས་དོན་སྒྲུབ་མཁན། གྲོས་ཚོགས་ནང་དགོངས་འཆར་དང་གྲོས་ཆོད་གང་ཞིག་ཁྱེར་ཡང་། དེའི་ཕན་གནོད་དང་མཇུག་འབྲས། དགོས་པ་རྒྱུ་མཚན་བཅས་ལ་རང་སྟོབས་ཀྱིས་དཔྱོད་པའི་བློ་གྲོས་ལྡན་པ། མདོར་ན། བསམ་ཤེས་མཁན། བཤད་ཕོད་མཁན། སྒྲུབ་ཐུབ་མཁན་བཅས་ཀྱི་ཁྱད་ཆོས་འདི་དག་ཕལ་ཆེ་བ་ལྡན་མཁན་གྱི་འོས་མི་འདེམས་རྒྱུར་ཤུགས་སྣོན་དང་། དེ་ལས་ལྡོག་པ་ཞིག་འོས་ཁོངས་སུ་ཡོད་ན་ཟུར་འཇོག་བྱ་རྒྱུའི་ཐོག་འབད་བརྩོན་གནང་དགོས། ཞེས་དགོངས་འཆར་གསུངས་སོང་།
བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་སློབ་སྤྱི་དང་རྩོམ་པ་པོ་ལྷ་ཆབ་སྦྱིན་པ་ལགས་ཀྱིས། ཉེ་ཆར་དབུས་འོས་བསྡུ་ལྷན་ཁང་གིས་ཆོལ་ཁ་རེ་ནས་སྤྱི་འཐུས་ཀྱི་འོས་མི་ཉི་ཤུ་རེ་ཕྱིར་བསྒྲགས་གནང་སྐབས། མདོ་སྨད་ཀྱི་དངོས་གཞིའི་འོས་མི་རྩེ་གྲས་བཅུའི་ནང་དུ་ད་ལྟ་བཀའ་བློན་གནང་བཞིན་པའི་ཤེས་རིག་བཀའ་བློན་ལགས་ཀྱང་ཕེབས་འདུག ཁོང་ལྟ་བུ་བསྐྱར་དུ་སྤྱི་འཐུས་ནང་དུ་སླེབ་ཀྱིན་པ་དེ་ནི་ལེགས་པོ་ཞིག་ཏུ་མཐོང་གི་མེད་ལ། ཁོང་གིས་ད་བར་སྤྱི་ཚོགས་ནང་དུ་ཕྱག་ལས་གནང་བ་དང་ཁོང་གང་འདྲ་ཡིན་མིན་མི་མང་གིས་མཁྱེན་གྱི་ཡོད། མང་ཚོགས་ལ་ཕན་པའི་ཕྱག་ལས་ཤིག་གནང་རྒྱུ་ཡོད་མེད་འདས་པའི་ཉམས་མྱོང་ནང་སྟོན་རྒྱུ་ཕལ་ཆེར་མེད། དེ་བཞིན་མི་ལོ་ ༢༠ ཙམ་ལ་ཕྱག་ལས་གནང་མྱོང་བའི་སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་ལྟ་བུ་ཡིན་ན་ཡང་། མུ་མཐུད་འོས་མིའི་ནང་བསླེབས་པ་ཡག་པོ་གང་ཡང་མ་རེད་སྙམ། དེ་ལས་རྩེ་བཏོགས་ཀྱི་མི་གསར་བ་རེ་ཟུང་བསླེབས་ཡོད་པ་དེ་ཚོ་དངོས་གནས་ཡག་པོ་རེད། རྩེ་བཏོགས་ཀྱི་མི་བཅུའི་ནང་དུ་བསླེབ་ཐུབ་ཀྱི་མེད་ནའང་། བཅུ་གཉིས་དང་བཅུ་གསུམ། བཅུ་བཞིའི་ནང་དུ་སླེབ་མཁན་དག་ཀྱང་གང་འཚམ་ཡག་པོ་འདུག ཁོང་ཚོའི་ནང་དུ་ཡར་བསླེབས་ན་རེ་བ་ཡོད་ས་དང་ཡག་པོ་འདུག་བསམ་བསམ་འགའ་རེ་འདུག དེ་ཚོ་ཡར་ཡོང་ཐུབ་ན་བསམ་གྱི་ཡོད། ཅེས་དང་།
ཁོས་མུ་མཐུད་དུ་བརྗོད་དོན། ཐེངས་འདིར་མི་མང་གིས་ངེས་པར་དུ་གཟབ་དགོས་ས་ནི། ཐེངས་འདིའི་འོས་མི་ཉི་ཤུའི་ནང་དུ་དངོས་གནས་དྲང་གནས་མི་མང་གི་ལས་དོན་ཞིག་བསྒྲུབ་ཆེད་དུ་ཡར་སླེབ་མཁན་གྱི་རིགས་ཤིག་དང་། ལོ་ལྟར་འོས་འཐོབ་རྒྱུ་དང་སོ་སོའི་མདུན་ལམ་ཁོ་ནའི་ཆེད་དུ་འཚང་ཁ་བརྒྱབ་ནས་ཡོང་མཁན་རིགས་གཉིས་འདུག དེ་ཚོ་ཡག་པོ་མ་རེད། སྤྱིར་ཐེངས་འདིའི་སྤྱི་འཐུས་འོས་ཁོངས་སུ་གཟན་ཤམ་གྱོན་མཁན་མང་པོ་ཞིག་བསླེབས་མེད་པ་དེ་ཡག་པོ་རེད་དྲན་ཡོད། ཅེས་བརྗོད་བྱུང་།
དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངྷ་ས་ས་གནས་ཀྱི་ཚོགས་གཙོ་བུ་མོ་བསྟན་ཆོས་ལགས་ཀྱིས། དབུས་གཙང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་ཉི་ཤུའི་ནང་ལ་བལྟས་ཡོང་ན། ངས་མ་ཤེས་པ་ཡིན་སྲིད་ཀྱང་། སྤྱི་ཚོགས་ནང་དུ་ཕྱག་ལས་མང་བོ་གནང་མྱོང་མཁན་གྱི་བྱས་རྗེས་ཅན་ཉུང་ཉུང་རེད། ལྷག་པར་དུ་འགའ་རེ་སྤྱི་འཐུས་ཀྱི་འོས་ཁོངས་སུ་དེ་ཙམ་འཚམ་པོ་མི་འདུག འོས་མི་གསར་བ་དག་ལ་མུ་མཐུད་དེ་རྒྱུས་ལོན་བྱ་དགོས་ཀྱི་འདུག་སྙམ། གང་ལྟར་ད་ལྟ་མི་ཚང་མ་བཀའ་བློན་ཁྲི་པའི་སྐོར་ལ་དབྱིངས་ཞུགས་ཏེ་སྤྱི་འཐུས་སྐོར་ལ་དོ་སྣང་བྱེད་ཀྱི་མི་འདུག བོད་གཞུང་གི་མང་གཙོའི་འགྲོ་སྟངས་ནང་དུ་སྤྱི་འཐུས་ཀྱང་གལ་ཆེན་པོ་ཆགས་ཡོད་ལ། སྲིད་ཇུས་གང་འདྲ་ཞིག་གཏན་འབེབས་བྱ་དགོས་ཀྱང་། གྲོས་ཚོགས་ནས་ཐག་གཅོད་བྱེད་ཀྱི་ཡོད་སྟབས། གྲོས་ཚོགས་ཀྱི་མི་རེ་ངོ་རེ་གལ་ཆེན་པོ་ཆགས་ཡོད། དེར་བརྟེན། དངོས་གཞིའི་འོས་བསྡུའི་སྐབས་མི་མང་གིས་བོད་སྤྱི་ལ་བསམ་བློ་གཏོང་ཐུབ་མཁན་དང་། ཆོལ་ཁ་ཆོས་ལུགས་ཀྱི་འཐེན་ཁྱེར་མེད་མཁན་དག་ཡར་བསླེབ་ཐུབ་ན་བོད་སྤྱི་ལ་ཕན་གི་རེད། ང་རང་གི་བསམ་ན། སྤྱི་འཐུས་ནང་ཚོང་ལས་ཐོག་ཉམས་མྱོང་ཆེན་པོ་ཡོད་མཁན་དང་ཤེས་ཡོན་ཐོག་ཉམས་མྱོང་ཆེན་པོ་ཡོད་མཁན་སོགས་མི་སྣ་འཛོམ་པོ་ཞིག་བྱུང་ན་ཡག་གི་རེད་ཟེར།
ཡང་ཁོ་མོས་གནད་དོན་གཞན་ཞིག་གླེང་དོན། ང་ལ་མཚོན་ན་ཆོལ་ཁ་རེ་རེ་བྱས་ཏེ་འོས་ལྡུག་རྒྱུའི་ལམ་སྲོལ་འདི་ནི་མཚམས་མཚམས་གུ་དོག་པོ་ཞིག་ཏུ་མཐོང་གི་འདུག་ལ། མི་གཅིག་གིས་སོ་སོའི་འཐུས་མི་བཅུ་ལ་འོས་ལྡུག་ཆོག་གི་ཡོད་པ་ལྟར། གལ་སྲིད་དབུས་གཙང་ཆོལ་ཁོངས་ནས་འོས་འཚམ་གྱི་འོས་མི་བཅུ་ལ་འོས་ལྡུག་རྒྱུ་མ་རེག་ན། མདོ་སྟོད་སྨད་ནས་ཀྱང་འོས་ལྡུག་ཆོག་པ་ལྟ་བུའི་གུ་ཡངས་ཀྱི་འོས་བསྡུའི་ལམ་སྲོལ་ཞིག་ཡོད་ན་བསམ་གྱི་འདུག ཅེས་ཁོ་མོའི་རེ་འདུན་བརྗོད་བྱུང་།
བཀྲ་ཤིས་བདེ་ལེགས། ཚང་མས་དཔེ་ཡག་པོ་དྲིས་ཤག
གཟུར་གནས་ཐོག་ང་ཚོས་ཡངཡང་དཔྱད་ཞིབ་བྱེད་དེ་བཀའ་སྤྱི་མ་ནོར་བ་ཞིག་ངེས་པར་གདམས་དགོས།།
ངོ་མ་ངེད་ཚོས་གཟབ་དགོས། དགྲ་དགའ་སྙིང་སྡུག་བཟོ་མཁན་གྱི་སྤྱི་འཐུས་དེ་
ཚོར་ངེད་ཚོས་རིན་བྲལ་གྱི་འོས་ཤོག་དེ་བླུགས་མི་ཉན།
སྒེར་དོན་མཁས་པའི་དེང་གི་བཀའ་སྤྱི་ཚོས།།
རང་འབངས་བདག་མེད་གང་དྲན་ལམ་ལ་བརྫངས།།
འདུག་སྟེགས་སྲ་བརྟན་ཕྱོགས་ཞེན་ཅན་ལ་སྐུལ།།
དཔོན་པོ་འདོད་ཀྱང་སྨྱོན་པའི་ལན་མོ་རེད།།
དྲི་བ་རགས་འདྲི་དང། ལན་འདེབས་རགས་རྒྱག
སྤྱི་བཤད་རགས་གླེང་ལས། བྱེ་བྲག་མཛུབ་འཛུགས་གལ།
ད་དུང་མུ་མཐུད་དྲིས། མཐོ་དམན་ཀུན་ལ་དྲིས།
བསྡུར་ཅིང་དཔྱད་པས་ན། གསལ་ནས་གསལ་དུ་འགྲོ
གོང་དུ་དྲ་གྲོགས་ཚོའི་བསམ་ཚུལ་རྒྱབ་སྐྱོར་ཡོད་།
༈ དགའ་ལྡན་ཕོ་བྲང་མཇའ་ཚོན་བཞིན་དུ་ཡལ། །སྐྱབས་མགོན་ཆེན་པོ་དབུ་འཕང་གོང་ཐོར་རེད། །བོད་ལྗོངས་དམངས་གཙོ་སྐར་ཚོགས་བཞིན་དུ་བཀྲ། །ཀླད་རྙིང་མགོ་བྲེད་ཐལ་བའི་རྡུལ་དུ་རློགས།།
ད་ལྟའི་དུས་འདིར་ད་དུང་དགའ་ལྡན་ཕོ་བྲང་ལ་སེམས་གཏིང་ནས་དད་མོས་དགོས་ཟེར་ན་མི་འཚམས་པ་ཞིག་རེད དེ་འདྲི་འུར་སྟོད་བྱས་ན་ང་ཚོར་ནང་ཁུལ་མཐུན་སྒྲིལ་ཡོང་དཀའ་མོ་ཞིག་རེད བོད་གཞུང་ལ་ལྷག་བསམ་རྣམ་དག་དགོས་ཟེར་ན་དེ་ནི་འོས་བ་ཞིག་རེད དེ་ཆོས་བརྒྱུད་རེ་ཟུང་གི་མིང་དམིགས་བསལ་བོས་ནས་དགེ་མཚན་ཅང་རེད སྐད་ཆ་བཤད་ན་རྒྱ་ཆེ་ནས་ལྟ་དགོས་
འོས་བསྡུ་ལྷན་ཁང་གི་བཀའ་སློབ། གཞུང་དགའ་ལྡན་ཕོ་བྲང་ལ་སེམས་གཏིང་ནས་དད་མོས་དང་དུང་ཞེན་དགོས་པར་མ་ཟད། སྤྱི་དོན་དང་ཕྱོགས་ཞེན་གཉིས་ལས་སྤྱི་དོན་གཙོ་བོ་བྱེད་མཁན། ཟེར་བ་འདི་ནི་འགལ་བ་ལྟག་སྤྲོད་ཀྱི་ཚིག་རེད།
༸སྐྱབས་མགོན་རིན་པོ་ཆེས་རྒྱལ་དབང་སྐུ་འཕྲེང་རིམ་བྱོན་གྱིས་བཙུགས་པའི་དགའ་ལྡན་ཕོ་བྲང་༢༠༠༠ནས་མཇུག་རྫོགས་པ་རེད་གསུངས་ཟིནའང་ད་དུང་ཕྱོགས་ཞེན་གྱི་བསམ་བློ་འདི་ལ་བལྟོས་དང་།
ཨ་རིག་ལགས་ཀྱིས་གསར་འགྱུར་ཡག་པོ་ཞིག་འགོད་འདུག་པས་ཐུགས་རྗེ་ཆེ་ཞུ་བ་ཡིན།
བུ་མོ་བསྟན་ཆོས་ལགས་ཀྱིས་དབུས་གཙང་ཆོལ་ཁའི་འོས་མི་དག་གི་སྐོར་ཡག་པོ་གསུངས་འདུག་སྟེ་གནད་དོན་གཞན་ཏེ་གུ་ཡངས་ཀྱི་འོས་བསྡུའི་ལམ་སྲོལ་ཞིག་ཡོད་ན་དྲན་པ་དེ་ཕལ་ཆེར་ད་ལྟའི་སྐབས་ཡོངས་མི་སྲིད་པ་ཞིག་རེད། འོས་ཤོག་ལྡུག་སྟངས་དེ་འདྲ་དགོས་རེད་གསུང་མཁན་ཁྱེད་དང་པོ་མ་རེད། སྔོན་མ་ནས་བཤད་ཚར་བ་རེད་ལ་ཐབས་ཤེས་ཀྱང་མང་པོ་བཏང་ཚར་བ་རེད། ཁྱེད་ཀྱིས་གསུངས་པ་ལྟར་བྱུང་སོང་ཚེ་ཆོལ་ཁོངས་མདོ་སྨད་ལྟ་བུ་ནས་མཚོན་ན་ཁྲིམས་བཟོ་ལྷན་ཚོགས་ཀྱི་རྐུབ་སྟེགས་སྟེང་མི་གཅིག་ཀྱང་བསྡད་ཁག་པོ་རེད་དོ། མཁྱེན་པར་མཛོད་ཅིག
མ་འོངས་པར་བཀལ་བློན་ཁྲི་པ་དང་། བོད་མི་མང་སྤྱི་འཐུས་ཀྱི་འོས་ཤོག་གི་དུས་ཚོད་ངེས་པར་དུ་ཁག་ཁག་ཏུ་བསྒྱུར་དགོས་པ་འདུག བཀའ་ཁྲིའི་འུར་ལངས་ཀྱིས་མི་མང་གི་འཐུས་ཚབ་ཁྲིམས་བཟོ་ལྷན་ཚོགས་དེ་བཞིན་སྣང་མེད་དུ་འགྲོ་བཞིན་འདུག