མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁོང་ཚོའི་བློས་གཏོང་གི་ཆ་དེར་ང་ཚོས་གདེང་འཇོག་བྱ་དགོས།

བོད་ཀྱི་དུས་བབ།
༢༠༡༡/༠༢/༡༥
Share on FacebookShare on TwitterShare on EmailShare on Whatsapp

བཀའ་བློན་ཁྲི་པའི་འོས་མི་གསུམ་གྱིས་བཙན་བྱོལ་སྤྱི་ཚོགས་ཁྲོད་སྐོར་སྐྱོད་ཀྱིས་རང་རང་གི་སྲིད་བྱུས་དང་ལྟ་བ་ལངས་ཕྱོགས་དྲི་བསྒྲགས་བྱེད་ཀྱིན་པའི་སྐབས་འདིར། འདི་གའི་གསར་འགོད་པས་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ཀླུ་མཁར་བྱམས་ལགས་སུ། བཀའ་ཁྲིའི་འོས་མི་གསུམ་གྱི་གཏམ་བཤད་དང་འབྲེལ་ཏེ་བཅར་འདྲི་ཞུས་ཡོད།  

དྲི་བ། སྐུ་ཉིད་ཀྱིས་ད་ལྟའི་བཀའ་བློན་ཁྲི་པའི་འོས་མི་གསུམ་ལ་སྤྱི་ཡོངས་ནས་གཟིགས་སྟངས་གང་འདྲ་ཡོད་དམ།

ལན། དང་ཐོག་བློ་བཟང་སེངྒེ་ནས་གླེང་ན། ཁོང་བཀའ་ཁྲིར་ཐོབ་མིན་ལ་མ་ལྟོས་པར། བོད་ཀྱི་གཞོན་སྐྱེས་ནང་གི་སྲིད་དོན་མི་སྣའི་ཚབ་མཚོན་ལྟ་བུར་གྱུར་འདུག ལྷག་པར་ཁོང་འགྲིམས་སའི་ཧ་ཝར་ཌི་གཙུག་ལག་སློབ་གྲྭ་ཆེན་མོ་ལྟ་བུར་མཚོན་ན། དེང་སྐབས་དེར་ཆབ་སྲིད་མི་སྣ་གྲགས་ཅན་མང་བོ་འབྱུང་ས་ཞིག་ཏུ་གྱུར་ཡོད་པས། ཁོར་ཡུག་གི་ཆ་ནས་ཀྱང་བློ་བཟང་སེངྒེ་ལ་མཐུན་རྐྱེན་རེག་ཡོད། ཡིན་ནའང་། མི་རྣམས་ཀྱིས་ཧ་ཝར་ཌི་ནས་ཐོན་མཁན་རྣམས་གོ་སྐབས་འཛིན་ཐུབ་མཁན་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་འདུག་ལ། མ་གཞི་སྲིད་དོན་གྱི་གོ་སྐབས་ལབ་ན་གོ་བ་གཉིས་ལྡན་ཡོད། ཡག་ཕྱོགས་ནས་བཤད་ན་ཆབ་སྲིད་ཐད་གོ་སྐབས་ཡོད་ཚད་འཛིན་ཐུབ་ན། དེ་ནི་སྦྱང་གྲུང་ལྡན་པའི་དོན་ཡིན་ལ། ཡང་གོ་སྐབས་ལས་བསམ་རྒྱུ་མེད་ན་གོ་སྐབས་རིང་ལུགས་པ་ཟེར་བའི་ངན་ཕྱོགས་སུའང་ལྷུང་སྲིད་པ་རེད།

དེ་བཞིན་བཀྲས་མཐོང་ལ་མཚོན་ན། དེང་དུས་ཀྱི་སློབ་སྦྱོང་རེག་ཡོད་པའི་མི་ཚད། ནུབ་ཕྱོགས་ཨ་རི་ལྟ་བུ་སྲིད་འབྱོར་རིག་ གསུམ་ཚད་མཐོན་པོའི་སྤྱི་ཚོགས་ནང་དུ་ཡོད་པའི་མི་རེད། ཡིན་ནའང་། སྔོན་མར་བཀྲས་མཐོང་ལགས་དང་མཉམ་དུ་ལས་ཀ་བྱེད་མྱོང་མཁན་མི་རྙིང་པ་ཚོས། ཁོང་ནི་ལྟ་བ་ཅུང་ཙམ་མཁྲེགས་པོ་དང་གོ་སྐབས་ལས་ལྟ་གྲུབ་གལ་ཆེན་པོ་འཛིན་མཁན་ཞིག་རེད་ཅེས་གླེང་གི་འདུག ཆབ་སྲིད་ཀྱི་ཁྱབ་ཁོངས་སུ་དེ་འདྲའི་གྲས་ལའང་དགེ་སྐྱོན་གཉིས་འཇོག་གི་ཡོད། ཆབ་སྲིད་མི་སྣ་ཞིག་ཡིན་ན་རང་ལྟ་མཆོག་འཛིན་མང་དྲགས་ན་མཉམ་འདུས་ཀྱི་ལས་དོན་སྒྲུབ་མི་ཐུབ་པའི་དཀའ་ངལ་འབྱུང་གི་ཡོད། དཔེར་ན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེར་སྐྱོན་འདི་འདུག་ཟེར་ནས་བདག་གཞན་གཉིས་ཀྱིས་ལབ་བསྡད་ཀྱི་ཡོད། གོ་ཐོས་སུ་སྔོན་མ་བཀྲས་མཐོང་བཀའ་ཁྲི་ཡིན་དུས་ལས་མཚམས་འཇོག་དགོས་བྱུང་བའི་རྒྱུ་མཚན་ཡང་ཁོང་ལ་རང་ལྟ་མཆོག་འཛིན་ཆེ་དྲགས་པས་རེད་ཟེར། འོན་ཀྱང་། ང་བཀྲས་མཐོང་ལ་ནང་རྒྱུས་མེད་སྟབས་སྐད་ཆ་དེ་ཚོ་བདེན་མིན་མི་ཤེས།

བཀྲ་ཤིས་དབང་འདུས་ལགས་ལ་མཚོན་ན། ངས་ཁོང་གི་རྩོམ་ཡིག་ཁ་ཤས་ཀློག་མྱོང་། ཁོང་ནི་བཙན་བྱོལ་ནང་དམར་ཤོག་ཚོགས་པ་འཛུགས་མཁན་གྱི་མི་ ༤ བྱུང་བའི་ནང་གི་གཅིག་རེད། དེར་བརྟེན་ངས་བཀྲ་ཤིས་དབང་འདུས་འདི་ཕུགས་བསམ་གཞིར་བཞག་སྟེ་སྲིད་དོན་ལ་ཤུགས་རྒྱག་མཁན་ཞིག་རེད་སྙམ་ཡོད། ང་མི་དེའི་གྲས་ལ་དགའ་བོ་ཡང་ཡོད། ཡིན་ནའང་། ཉེ་བའི་བགྲོ་གླེང་མང་བོ་ཞིག་ལ་ཉན་དུས། བཀྲ་ཤིས་དབང་འདུས་འདི་སྒྲིག་འཛུགས་རང་བཞིན་གྱི་མི་ཞིག་ཆགས་འདུག་སྙམ་པའི་ཚོར་བ་བྱུང་། དེ་ཡང་ཡིན་སྲིད། ཁོང་གིས་ལོ་བཞི་བཅུའི་རིང་སྒྲིག་འཛུགས་ནང་ལས་ཀ་བྱས་པ་རེད། སྒྲིག་འཛུགས་རང་བཞིན་གྱི་མི་ཞིག་ཆགས་སོང་ན། ཕུགས་བསམ་ཟེར་བ་ཞིག་ཡོང་ཐབས་མེད་ཁར། ཕྱོགས་གཅིག་ནས་སྒྲིག་འཛུགས་སམ་གཞུང་དང་དམངས་ཟེར་བའི་བར་དུ་ལྟོས་གྲུབ་ཀྱི་འབྲེལ་བ་ངེས་ཅན་ཞིག་ཡོད་ནའང་། ཕྱོགས་གཞན་ནས་འདི་གཉིས་ཀྱི་ཁེ་ཕན་ཁ་གཏད་ཀྱང་ཆགས་འགྲོ་གི་ཡོད་སྟབས། བཀའ་བློན་ཁྲི་པ་ནི་རྩ་བའི་ཆ་ནས་གཞུང་དམངས་གཉིས་ཀྱི་ཁེ་ཕན་ལ་ལྟ་ཐུབ་མཁན་ཞིག་ཡིན་དགོས་ཀྱི་ཡོད་མོད། བཀྲ་ཤིས་དབང་འདུས་གཞུང་གི་ཐོག་དཀྱོག་འགྲོ་ས་རེད་བསམ་བསམ་ཞིག་འདུག

 

དྲི་བ། ཉེ་ཆར་ནས་བཟུང་བཀྲ་ཤིས་དབང་འདུས་ལགས་ཀྱིས་ཁོང་ཐེངས་འདིའི་བཀའ་ཁྲིའི་འོས་མིར་བཞེངས་པ་ནི་ཁོང་གི་རྒྱབ་རྩར་སུ་གང་ཡང་མེད་པར། ཁོང་རང་ཉིད་ཀྱི་ལངས་ཕྱོགས་ཤིག་གཞིར་བཟུང་སྟེ་ལངས་པ་ཡིན་ལ། རང་གི་ལངས་ཕྱོགས་ནམ་ཡིན་རུང་གློད་རྒྱུ་མིན་གསུང་གི་འདུག འདིའི་ཐད་ལ་དགོངས་ཚུལ་ཅི་ཡོད།

ལན། སྤྱིར་བཀའ་ཁྲིའི་འོས་མི་གསུམ་པོའི་སུ་ཡིན་རུང་། རང་ཉིད་སྒེར་ངོས་ནས་བློས་གཏོང་མང་བོ་ཞིག་བྱས་ཡོད། དེར་བརྟེན་ཁོང་ཚོས་བློས་གཏོང་གི་ཆ་དེར་ང་ཚོས་རྗེས་སུ་ཡི་རངས་བྱས་ན་འགྲིག་གི གཉིས་ནས་ཁོང་ཚོ་མངོན་གསལ་དོད་པོས་བཀའ་བློན་ཁྲི་པའི་འོས་མིར་ཞུགས་པ་དེས། ང་ཚོའི་སྤྱི་ཚོགས་ལ་གདམ་ག་དང་། འགྲན་རྩོད། སྤྱི་ཚོགས་ཆབ་སྲིད་ལ་དབྱིངས་ཡོད་པ་ཞིག་ཏུ་བསྐྲུན་ཐུབ་ཡོད་པས་ན། འདི་ལ་ངེས་པར་དུ་དྲང་ཕྱོགས་ཀྱི་ངོས་འཛིན་བྱ་དགོས། ཡིན་ནའང་། བཀྲ་ཤིས་དབང་འདུས་ལགས་ལ་མཚོན་ན་བཀའ་ཁྲིར་ལངས་རྒྱུ་ཡིན་ཟེར་བ་ལས་ཀྱང་གསལ་བཤད་བྱེད་དུ་འགྲོ་བའི་རྣམ་པ་ཤུགས་ཆེན་པོ་འདུག ཉེ་ཆར་སྒྲོལ་མ་གླིང་དུ་གསུང་བཤད་གནང་སྐབས་ཀྱང་ཁོང་གིས་ད་རེབ་ཀྱི་གོ་སྐབས་འདི་གསལ་བཤད་ཡིན་གསུང་གི་འདུག་ལ། ཕྱོགས་མཐའ་ཁག་ཏུ་ཕེབས་ཏེ་མང་ཆེ་བ་གསལ་བཤད་བྱེད་ཀྱི་ཡིན་གསུང་གི་འདུག གསལ་བཤད་ག་རེ་བྱེད་ཀྱིན་འདུག་ཟེར་ན། སྐུ་ངོ་འཇུ་ཆེན་ཐུབ་བསྟན་རྒྱབ་ལོགས་སུ་མེད་པ་དེ་གསལ་བཤད་བྱ་རྒྱུ་ཡིན་ཟེར། བློ་བཟང་སེངྒེ་ལགས་ཀྱིས་ཀྱང་དེ་འདྲ་ཞིག་བརྗོད་སོང་།

སྤྱིར་བཏང་ནས་དེང་སྐབས་ང་ཚོའི་སྤྱི་ཚོགས་འདིར་རྒྱབ་ན་མི་འཇུ་ཆེན་ཐུབ་བསྟན་ཡོད་མི་འོས་པ་དང་། ལྷ་ཤུགས་ལྡན་ཡོད་མི་རུང་བ། གལ་སྲིད་དེ་གཉིས་གང་རུང་ཡོད་ཚེ་མི་དེ་ནག་པོ་འདྲ་བོ། ཡང་ཟམ་གདོང་རིན་པོ་ཆེ་དང་རྒྱ་རི་རིན་པོ་ཆེ། རྒྱ་ལོ་དོན་འགྲུབ་སོགས་རྒྱབ་ན་ཡོད་ན་མི་དེ་དཀར་པོ་ཡིན་པ་འདྲ་བོ་ཞིག་བཤད་ཀྱིན་ཡོད་སྟབས། ཆབ་སྲིད་པ་རྣམས་ཀྱིས་གོ་སྐབས་དེ་བཟུང་ནས་ལྷ་སྲུང་ཐོག་དམ་ཚིག་གཙང་རབས་དང་། མིའི་ཐད་ནས་འཇུ་ཆེན་རྒྱབ་ཏུ་མེད་རབས་དག་འབུད་བྱེད་ཀྱིན་པ་ཚང་མས་མཐོང་གསལ་རེད། སྐད་ཆ་དྲང་མོར་བཤད་ན། འཇུ་ཆེན་རྒྱབ་ན་ཡོད་ན་ཧང་སང་རྒྱུ་གང་ཡང་མི་འདུག གཅིག་ནས། འཇུ་ཆེན་ཁྱིམ་རྒྱུད་ཀྱིས་བཙན་བྱོལ་བོད་གཞུང་ལ་དང་བླངས་དཔྱ་དངུལ་འབུལ་བཞིན་པའི་རྒྱལ་འབངས་རྣལ་མ་ཞིག་དང་། གཉིས་ནས། ཟམ་གདོང་རིན་པོ་ཆེ་དང་། རྒྱ་རི། རྒྱ་ལོ་དོན་འགྲུབ་སོགས་ལ་བྱས་རྗེས་ཡོན་ན་འཇུ་ཆེན་ལའང་དེ་མཚུངས་ཤིག་ཡོད་ལ། ངན་ཕྱོགས་ནས་གླེང་ནའང་ཚང་མ་འདྲ་འདྲ་རེད་སྙམ།  དེ་བས་མང་ཚོགས་ཀྱི་དཀྲོགས་མགོ་ལངས་ཕྱོགས་ཙམ་གཞིར་བཞག་སྟེ། ཆབ་སྲིད་པ་ཚོས་གནད་དོན་དེའི་གྲས་ཡང་ནས་བསྐྱར་དུ་གསལ་བཤད་བྱ་རྒྱུ་ནི་སྒེར་ལ་གལ་ཆེན་པོ་ཡིན་སྲིད་མོད། སྤྱི་ཚོགས་ལ་བསམ་ན་ཕན་ལས་གནོད་ཆེ་ཞིང་། འདིའི་རིགས་སྲིད་དོན་པ་ཚོ་རང་ཉིད་རང་ལ་གདེང་ཚོད་མེད་པའི་ཕྱོགས་ཤིག་ཀྱང་རེད།

 

དྲི་བ། བཀྲ་ཤིས་དབང་འདུས་ཁོང་བཀའ་ཁྲིར་འོས་འཐོབ་བྱུང་ན་སྲིད་ཇུས་གསར་བ་གང་ཡང་མེད་ཀྱང་། ད་བར་གཞུང་གི་སྒྲིག་འཛུགས་ནང་དུ་ཚགས་མ་ཚུད་པ་དང་འགྱུར་བ་གཏོང་དགོས་ས་ཁག་ཅིག་ལ་ཤུགས་རྒྱག་ཐུབ་ཀྱི་རེད་གསུང་གི་འདུག དེས་ན་ཁོང་གིས་ལས་དོན་ཅི་ཞིག་ཚགས་ཚུད་དང་འགྱུར་བ་གཏོང་ཐུབ་ཀྱི་རེད་དགོངས་ཀྱི་ཡོད་དམ།

ལན། ངས་དེང་སྐབས་ལྟ་དུས། བཀྲ་ཤིས་དབང་འདུས་ལ་གཞུང་གི་ཁེ་ཕན་གཙོ་བོར་འཛིན་པའི་གཤིས་ཀ་ཞིག་འདུག དེར་བརྟེན་གཞུང་དང་འབྲེལ་བའི་ཡར་རྒྱས་གཏོང་ཕྱོགས་སྐོར་ནས་ཁོང་ལ་ཉམས་མྱོང་ཡོད་པ་དང་། གཞུང་གི་ལས་དོན་ཐོག་ཤུགས་རྒྱག་རྒྱུའི་རྣམ་པ་ཞིག་འདུག དེ་ཕྱོགས་གཅིག་རེད། ཡིན་ནའང་། ཁོང་གིས་གཞི་རིམ་སྤྱི་ཚོགས་དང་འབྲེལ་བའི་ལས་དོན་ཐོག་ལ་ཤུགས་རྒྱག་ཐུབ་མིན་བཤད་ཁག་པོ་རེད།

 

དྲི་བ། བློ་བཟང་སེངྒེ་ལགས་ཀྱིས་ཁོང་གི་བོད་ཡིག་གི་ཤེས་ཚད་ནི་འཛིན་རིམ་བཅུ་གཉིས་དང་ནམ་རྒྱུན་ནས་ཞལ་འདོན་སྐྱོར་བ། མཚམས་མཚམས་བོད་ཀྱི་དུས་བབ་དང་ཁ་བརྡ་དྲ་རྒྱ་གཉིས་ཀློག་པ་ཙམ་ཡིན་ཞེས་གསུང་གི་འདུག བོད་ཀྱི་བཀའ་བློན་ཁྲི་པ་ཞིག་དང་གཞུང་གི་འཛིན་སྐྱོང་གི་ལས་ཀ་མང་བོ་ཞིག་བོད་ཡིག་སྟེང་གནང་དགོས་པས། འདི་ཞན་ཆ་ཞིག་ཡིན་སྲིད་དམ།

ལན། ཁྱེད་ཀྱིས་དྲིས་པ་ལྟར་རེད། བོད་ཀྱི་བཀའ་བློན་ཁྲི་པར་བོད་ཡིག་གི་ཤེས་ཚད་ཅི་ཙམ་ཡག་ན་དེ་ཙམ་གྱིས་བཟང་གི་རེད་ལ། བློ་བཟང་སེངྒེ་ཟམ་གདོང་རིན་པོ་ཆེ་ལྟར་བོད་ཀྱི་རིག་གཞུང་ལ་བྱང་ཆུབ་པའི་མིང་མེད་ནའང་། འཛིན་སྐྱོང་དང་འབྲེལ་བའི་ཡིག་ཆར་ལྟ་རྒྱུ་ཙམ་ལ་བློ་བཟང་སེངྒེ་ལའང་དཀའ་ངལ་འཕྲད་ཀྱི་མ་རེད་སྙམ། སྤྱིར་བཀའ་བློན་ཁྲི་པ་ནི་ཆབ་སྲིད་ཀྱི་ཆེད་ལས་མི་སྣ་ཡིན་དགོས་ལ། ངས་ནམ་རྒྱུན་བློ་བཟང་སེངྒེར་འོས་ཐོབ་ཀྱང་ཁོང་ཕྱག་སྟོང་སྦྱན་སྟོང་མ་རེད་ལ། སྐྱོན་ཀུན་སེལ་དང་ཡོན་ཏན་ཀུན་ལྡན་ཡང་མིན་པས། ཁོང་གིས་བོད་ཀྱི་དཀའ་ངལ་ཆ་ཚང་སེལ་ཐུབ་ཀྱི་མ་རེད་ལ། ང་ཚོས་དེ་ལྟ་བུའི་རེ་བའང་རྒྱག་གི་མེད། ཡིན་ནའང་། བློ་བཟང་སེངྒེ་ཡར་བསླེབས་པ་འདི་འགྱུར་བ་ཞིག་རེད། ང་ལ་མཚོན་ན་འགྱུར་བ་ལ་དགའ། དེར་བརྟེན་ངས་སྔོན་ནས་སྐུ་དྲག་གི་ཁྱིམ་རྒྱུད་དང་། བླ་མས་བཟུང་བའི་ཆོས་སྲིད་ཟུང་འབྲེལ་གྱི་ལོ་བཞི་བརྒྱ་ལྔ་བརྒྱའི་རིང་གི་འགྲོ་སྟངས་འདི་མཚམས་ཤིག་འཇོག་རྒྱུའི་སྐོར་བཤད་ཀྱི་ཡོད།

ངས་འདི་ལྟར་བཤད་དུས་འབྱོར་མེད་གྲལ་རིམ་གྱིས་སྲིད་དབང་སྒེར་འཛིན་བྱ་དགོས་ཀྱི་འདུག་གམ། ཡང་ན་འབྱོར་ལྡན་གྲལ་རིམ་གྱིས་སྲིད་དབང་སྒེར་འཛིན་བྱ་དགོས་ཀྱི་འདུག་ཟེར་བ་ལྟ་བུའི་སྐད་ཆ་མིན་པར། དཔེར་ན། ཨེ་ཇབ་ལུང་པར་སྲིད་འཛིན་མུའུ་བྷ་ར་ཁུས་ལོ་ངོ་སུམ་ཅུར་བཟུང་བའི་མཇུག་འབྲས་ཚང་མས་མཐོང་བཞིན་པ་དེ་རེད། དེ་ལྟར་ཁྱིམ་བརྒྱུད་དང་། ཡང་ན་ཚོགས་ཁག་ཅིག་གིས་ཆབ་སྲིད་ཀྱི་དབང་ཆ་འཛིན་ཡུན་རིང་དྲགས་ན། མི་རྣམས་ཀྱི་སྲིད་དོན་གྱི་དབྱིངས་བརླག་འགྲོ་གི་རེད། དེའི་སྟབས་ཀྱིས་བློ་བཟང་སེངྒེ་ཡར་བསླེབ་ཐུབ་ན་དེ་འགྱུར་བ་ཞིག་རེད་ལ། ངས་དེ་གལ་ཆེན་པོར་བརྩི་ཡི་ཡོད།

 

དྲི་བ། བློ་བཟང་སེངྒེ་ལགས་ཀྱིས་ཁོང་བཀའ་ཁྲིར་འོས་ཐོབ་བྱུང་ན། མ་འོངས་པའི་ལོ་ལྔའི་ནང་དུ་ཨེ་ཤ་ཡ་གཙོས་རྒྱ་ནག་ལ་འགྱུར་ལྡོག་མང་བོ་འབྱུང་སྲིད་ལ། སྐབས་དེར་གོ་སྐབས་དམ་འཛིན་བྱས་ཏེ་སྲིད་དོན་ཐད་ཕྱག་ལས་མང་བོ་གནང་རྒྱུ་ཡོད་གསུང་གི་འདུག དེའི་ཐད་དགོངས་ཚུལ་ཅི་ཡོད།

ལན། བློ་བཟང་སེངྒེ་ལ་ཧ་ཝར་ཌི་གཙུག་ལག་སློབ་གྲྭ་ཆེན་མོའི་སྲིད་དོན་གྱི་གཡའ་ཞུགས་ཡོད་ལ། ཨ་རིའི་སྲིད་དོན་པ་ནི་མདོར་ན་ཚོང་པའི་སྲིད་དོན་པ་ཡིན་སྟབས། གོ་སྐབས་ཀྱི་གཤིས་ཀ་ཡོད་དང་ཡོད། དེའི་སྟབས་ཀྱིས་ཁོང་གིས་གོ་སྐབས་འཛིན་ཐུབ་ཀྱི་རེད་གསུངས་དུས། འཛིན་ཐུབ་མིན་ལྟ་རྒྱུར་ལྷག་ཡོད་ཀྱང་། ང་ཚོས་གོ་སྐབས་འཛིན་ཐུབ་པའི་རེ་བ་རྒྱག་ཆོག་གི་རེད་སྙམ།

 

དྲི་བ། བཀྲས་མཐོང་ལགས་ཀྱིས་ཁོང་གི་ཁྱད་ཆོས་ནི་དཀའ་ངལ་མ་ཡོང་སྔོན་ནས་སྔོན་དཔོག་དང་དེ་ལ་དཔོག་པའི་གྲ་སྒྲིག་བྱ་རྒྱུའི་ནུས་པ་ཞིག་ཡོད་གསུང་གི་འདུག ཁྱེད་ཀྱིས་བལྟས་ན་བཀྲས་མཐོང་ལགས་སུ་དཀའ་ངལ་མ་ཡོང་སྔོན་ནས་གྲ་སྒྲིག་བྱ་རྒྱུ་དང་སྔོན་དཔོག་གི་ནུས་པ་ཞིག་ཡོད་པར་མཐོང་གི་ཡོད་དམ།

ལན། ང་ལ་མཚོན་ན་ཡིག་ཐོག་གི་བཀྲས་མཐོང་དང་། ཁོང་རང་ཉིད་ཀྱི་སྐད་ཆར་ཉན་བསྡད་པ་མ་གཏོགས། བཀྲས་མཐོང་མཉམ་པོར་ལས་ཀ་བྱས་པ་དང་། ཁོང་དང་མཉམ་དུ་དཀའ་ངལ་ལ་སྔོན་དཔོག་བྱས་པའི་བརྒྱུད་རིམ་ཞིག་བཤད་རྒྱུ་མེད། ཡིན་ནའང་། ཉེ་ཆར་གྱི་བགྲོ་གླེང་གཅིག་གཉིས་ཤིག་ལ་བལྟས་ན། བཀྲས་མཐོང་ལགས་ཀྱིས་སྐད་ཆ་གནད་འགག་ཅན་ཁ་ཤས་བཤད་སོང་། ཁོང་གིས་ད་བར་བཙན་བྱོལ་ནང་གི་འཐུས་ཤོར་ཆེ་ཤོས་དེ་ཆོལ་ཁ་དང་ཆོས་ལུགས་ཀྱིས་ཕྱོགས་ཞེན་འཇགས་མ་ཐུབ་པ་དེ་ཡིན་ཞེས་བརྗོད་སོང་། དེ་ནི་རྒད་པོ་ཁོང་གི་སེམས་གཏམ་དང་ཉམས་མྱོང་རེད། ཡང་ཁོང་གིས་དབུ་མའི་ལམ་གྱི་སྲིད་ཇུས་ལ་འགྲེལ་བཤད་རྒྱག་སྐབས། སི་ཊ་སི་སྦག་གི་གྲོས་ཆོད་དང་། ཞི་བའི་དོན་ཚན་ལྔ་ནས་བཟུང་སྟེ། ལམ་དབུ་མའི་སྲིད་ཇུས་ཀྱི་མཐར་ཐིག་འབབ་ས་ནི་བོད་མི་མང་གི་མངོན་འདོད་ཀྱི་ཐོག་ཡིན་ཟེར་གྱིན་པ་མ་གཏོགས། དབུ་མའི་ལམ་ནི་མི་མང་གི་མཐར་ཐུག་མངོན་འདོད་ཡིན་ཞེས་གཏན་འབེབས་གནང་མེད་ཟེར། སྐད་ཆ་དེ་བདེན་པ་རེད། ད་དུང་ཁོས་ཐེངས་གཅིག་གཉིས་ཙམ་མིན་པར། ང་ཚོའི་ཕྱོགས་ནས་རྒྱ་ནག་ཕྱོགས་ལ་སྤྲོད་དགོས་པའི་ཡིག་ཆ་ཆ་ཚང་སྤྲད་ཚར་ནའང་། རྒྱ་ནག་གིས་ཚུར་ངོས་ལེན་མེད་ཅེས་ཁ་བསངས་སོང་ཡང་། འདིར་ང་ཚོས་ད་དུང་དེ་མ་གོ་མདོག་མདོག་བྱས་ནས་བསྡད་ན་འགྲིག་གི་མི་འདུག དེར་བརྟེན་དབུ་མའི་ལམ་གྱི་སྲིད་ཇུས་ཡིན་ནའང་ད་ནི་བསྐྱར་ཞིབ་ཀྱི་ལས་རིམ་འགྲོ་དགོས་པ་རེད་ཟེར་བ་སོགས། ཉམས་མྱོང་གཞིར་བཞག་སྟེ་བཤད་ཀྱིན་འདུག་ལ། སྐད་ཆ་དེ་ཚོར་ང་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་མིན་ལ་མ་ལྟོས་པར། དྲང་ཕྱོགས་ནས་གདེང་འཇོག་བྱ་དགོས་པ་རེད།

 

དྲི་བ། བཀྲས་མཐོང་ལགས་ཀྱིས་དབུ་མའི་ལམ་གྱི་སྲིད་ཇུས་ལ་རྒྱ་ནག་གི་ཕྱོགས་ནས་ངོས་ལེན་མ་བྱས་སྟབས། བཀའ་བློན་གྱི་མཚན་ཐོག་ནས་༧གོང་ས་མཆོག་དང་སྤྱི་འཐུས་ལྷན་ཚོགས་ལ་སྙན་གསེང་ཞུ་དགོས་པ་དང་། ཐབས་ལམ་གསར་བ་བཙལ་དགོས་པ་སོགས་ཡོང་སྲིད་ཀྱི་རེད་ཟེར་དུས། གལ་སྲིད་ཁོང་བཀའ་བློན་ཁྲི་པར་འོས་ཐོབ་བྱུང་ན་ཁོང་གིས་འདིའི་སྟེང་དུ་ཐབས་ལམ་གསར་བ་དང་། སྲིད་ཇུས་གསར་བ་འཚལ་ཐུབ་རྒྱུ་རེད་དམ།

ལན། སྤྱིར་བཀྲས་མཐོང་ལགས་ཀྱིས་ལས་ཀ་གནད་འགག་ཅན་མང་བོ་བྱས་འདུག དེ་དངོས་ཡོད་གནས་ཚུལ་རེད། ཡིན་ནའང་། ཁོང་གིས་ལས་ཀ་བྱས་པ་རྣམས་གཞུང་འབངས་གཉིས་ལས་གཞུང་གི་ཁེ་བཟང་གཙོ་བོར་བཟུང་བ་མ་གཏོགས། མི་མང་ནང་དུ་དེ་ཙམ་བབས་མི་འདུག་བསམ་བསམ་ཞིག་འདུག དེར་བརྟེན་དེང་སྐབས་དབུ་མའི་ལམ་ཀྱི་སྲིད་ཇུས་འདི་མི་སེར་དཀྱུས་མའི་ཁེ་ཕན་ལས་བརྒལ་ནས། གཞུང་དང་གཞུང་བར་གྱི་ཚོང་རྫས་ཤིག་ཆགས་ཡོད་སྟབས། སྐུ་ངོ་བཀྲས་མཐོང་ཡང་ལས་དོན་དངོས་ཐོག་སླེབས་དུས་འདིའི་གྲས་ལ་མཉེས་པོ་མེད་འགྲོ དེ་ནི་ངའི་རྣམ་རྟོག་ཙམ་ཡིན། དེ་མ་གཏོགས་བཀྲས་མཐོང་ལ་དབང་འཛིན་པའི་ཕྱོགས་ཀྱི་རྒྱབ་སྐྱོར་དང་། ཁོང་གི་མི་རྩ་མི་བདག་སོགས་འབྲེལ་བ་ཤུགས་ཆེན་པོ་ཡོད། གལ་སྲིད་བློ་བཟང་སེངྒེ་ཡར་བསླེབ་ན། ལོ་གཉིས་གསུམ་རིང་མི་གཞན་གྱིས་རྒྱབ་སྐྱོར་བྱས་མ་བྱས་ཀྱི་སྟེང་ནས་དཀའ་ངལ་འབྱུང་སྲིད་མོད། བཀྲས་མཐོང་ལྟ་བུར་མཚོན་ན་ཡར་བསླེབ་མ་ཐག་ནས་རྒྱབ་སྐྱོར་གྱི་ཆ་དང་། སྟོབས་ཤུགས་ཀྱི་ཆ་ཡོད་པ་རེད། དེར་བརྟེན་གོང་ནས་བཤད་པ་ལྟར་གཅིག་བྱས་ན་འདིའི་ཐད་ནས་བཀྲས་མཐོང་གིས་ཅིག་འཇོན་ཡང་སྲིད། གང་ལྟར་ལམ་དབུ་མའི་སྲིད་ཇུས་ཟེར་བ་འདི་བཀའ་བློན་སུ་བསླེབ་མིན་ལ་མ་ལྟོས་པར། འགྱུར་བ་གཏོང་དགོས་པ་ནི་དུས་ཀྱི་དགོས་མཁོ་རང་རེད།

 

གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༠ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

ཆུ་ཚོད་ ༢༠ སྔོན་ལ།
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས། ༢༠༢༥།༥།༧
Mobile App

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆེ་ལགས་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་མཆོག་ལ་འཚམས་འདྲི་མཛད།

༢༠༢༥/༠༥/༠༧

མཆན། 22

  1. གནས་ཚང་། says:
    ལོ་ 14 སྔོན།

    སྦྲ་རིགས་ཐོགས་མེད་ནས།

    སྤྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༡༧ གི་ཆུ་ཚོད་ ༨ སྐར་མ་ ༣༥ ཁ་བརྡ་ཚང་།

    མདོ་སྨད་ཡུལ་གྱི་རྒྱ་ཆེའི་མི་མང་ལགས།

    མདའ་དྲང་མོར་བརྒྱབ་ན་འབེན་ལ་ཕོག།
    གཏམ་དྲང་མོར་བཤད་ན་མཚང་ལ་ཕོག།

    ཅེས་པའི་དཔེ་བཞིན་ང་ཚོ་མདོ་སྨད་ཕྱོགས་ཀྱི་རྩོམ་ཡིག་ཐར་ཐོར་རེ་འབྲི་ཤེས་མཁན་དང་།སློབ་སྦྱོང་ཕྱོགས་ཙམ་རེ་ཡོད་མཁན་ཚོ་མང་བོ་ཞིག་ལ་ཐུན་མོང་གི་སྐྱོན་ཞིག་ཡོད་པ་ནི་ཁོ་ཚོས་ནམ་ཡང་མི་ཞིག་གམ་གནད་དོན་ཞིག་ལ་དཔྱད་པ་གཏོང་སྐབས་ཡོངས་ཁྱབ་རང་བཞིན་དང་མཚུངས་བསྡུར་རང་བཞིན་གྱི་དཔྱད་པ་གཏན་ནས་གཏོང་མི་ཤེས་པ་དེ་རེད།ཀླུ་མཁར་བྱམས་ལ་དགག་བཞག་གཏོང་མཁན་ཚོ་ཡང་འདིའི་ཁོངས་གཏོགས་ཀྱི་གྲས་རེད།གནད་དོན་དང་བོར་ཀླུ་མཁར་བྱམས་ཕར་ཤོག་བོད་མི་མང་སྤྱི་འཐུས་སུ་ཡིན་ཡང་སྐྱོན་མེད་སངས་རྒྱས་ནང་བཞིན་གྱི་མི་ཞིག་ནམ་ཡང་ཡོང་ཐབས་མེད་པ་དེ་ཤེས་དགོས།འོན་ཀྱང་།མདོ་སྨད་ཀྱི་ཤེས་ཡོན་ཡོད་མེད་ཀྱི་མི་མང་ཚང་མ་དེ་འདྲ་ཞིག་ནམ་ཡང་ཡིན་མི་སྲིད།

    གཅིག
    མི་རྐྱང་ཀླུ་མཁར་བྱམས་ཟེར་བ་འདི་རང་ཉིད་ལ་སྒེར་ཚུགས་ཀྱི་ལྟ་བ་ཡོད་མཁན་ཞིག་རེད་ལ། རང་ཉིད་ཀྱི་ལྟ་བ་དེ་བཤད་ཕོད་ལ་ལག་ལེན་ཐོག་ནས་སྒྲུབ་ཀྱང་ཕོད་མཁན་ཤིག་རེད།
    བདེན་དཔང་། བོད་གཞུང་ཉམས་ཞིབ་ཀྱི་ལས་ཁུངས་ལས་རྩ་དགོངས་ཞུས་པ་དེ་གནད་དོན་དེས་གསལ་བོ་མཚོན་ཐུབ།དྲང་མོར་བཤད་ན་ང་ཚོའི་སྤྱི་ཚོགས་འདིར་ཁ་བཤད་དང་ལག་ལེན་གཉིས་དངོས་སུ་འགྲོགས་ནས་འགྲོ་ཐུབ་མཁན་ག་ཚོད་ཅིག་ཡོད་དམ།

    གཉིས།
    མི་རྐྱང་ཀླུ་མཁར་འདི་མ་མཐར་ཡང་རྒྱ་ནག་གི་ཁྲིམས་ལུགས་དང་རྒྱ་ནག་གི་སྲིད་ཇུས་སོགས་ལ་དཔེ་ཀློག་ཙམ་མ་ཡིན་པར་ལོ་ངོ་མང་བོར་རྒྱ་ནག་གི་ཁྲིམས་ལུགས་སློབ་སྦྱོང་དང་རྒྱ་ནག་རང་གི་འཛིན་སྐྱོང་སྐོར་ལ་ཉམས་མྱོང་ཡོད་མཁན་ཞིག་རེད།
    བདེན་དཔང་། ཁོང་གིས་རྒྱ་ནག་གི་སློབ་གྲྭ་ཆུང་འབྲིང་ཚང་མ་མཐར་ཕྱིན་པ་མ་ཟད་རྒྱ་ནག་གི་བཙོན་ཁང་སོགས་སུ་རྒྱ་ནག་གི་ཁྱིམས་ལུགས་སྐོར་གྱི་ཟུར་ཁྲིད་པ་ཡང་བྱེད་མྱོང་ཡོད་པ་ཞིག་རེད།དེ་མ་ཟད་མི་རྐྱང་འདི་རྒྱ་ནག་རང་གི་འཕྲུལ་ལས་ཆེད་སྦྱོང་སློབ་གྲྭ་ཆེན་མོ་ཡང་འགྲིམས་མྱོང་མཁན་ཞིག་རེད།

    གསུམ།
    མི་རྐྱང་འདི་བོད་ཡིག་མི་ཤེས་པ་རང་གི་གཟི་བརྗིད་དུ་རློམ་མཁན་གྱི་སྤྱི་འཐུས་ཁ་ཤས་དང་མི་འདྲ་བར་བོད་མི་རིགས་ཀྱི་སྲོག་རྩ་རང་གི་སྐད་ཡིག་ལ་དགའ་ཞེན་དང་སྐད་ཡིག་ལ་བླ་མེད་ཀྱི་བརྩི་བཀུར་ཞུ་མཁན་ཞིག་རེད།
    བདེན་དཔང་། ཕྱི་ལོ ༢༠༠༧ ལོར་ <> ཞེས་པའི་དེབ་ཞིག་བོད་ཡིག་ཐོག་བསྒྱུར་བ་དང་།དེ་མིན་བོད་ཡིག་དྲ་ཐོག་གི་ཟིན་བྲིས་པ་གལ་ཆེན་ཤིག་ཡིན།ད་ལྟའི་བོད་ཀྱི་སྤྱི་འཐུས་ཚོའི་ཁྲོད་དུ་བོད་ཡིག་གི་དྲ་བ་དེ་དག་ཀློག་མཁན་དང་བོད་ཡིག་དྲ་ཐོག་ཏུ་རྩོམ་ཡིག་འབྲི་མཁན་ག་ཚོད་ཅིག་ཡོད་པ་ཁྱེད་ཚོས་གསལ་བོ་མཁྱེན་ངེས་ཡིན།

    བཞི།
    མི་རྐྱང་འདི་ལ་ཆ་རྐྱེན་གལ་ཆེན་ཞིག་ཡོད་པ་ནི་ས་ཆའི་ཚོད་ཀྱི་རི་དྭགས་བཞིན་མི་གཞིའི་སྙིང་སྟོབས་ཀྱི་ཁྱད་ཆོས་ཅུང་ཞིག་ཡོད་པ་དེ་རེད།དེ་ཡང་ཁ་གསལ་དུ་བཏང་ནས་བཤད་ན་ཁ་གཡང་དང་ཆོས་ལུགས་ཀྱི་དར་ཆ་བེད་སྤྱད་ནས་རང་ཉིད་དཀར་གཙང་དང་ཡང་དག་པ་ཞིག་ཏུ་མི་བཟོ་བ་དེ་རེད།
    བདེན་དཔང་། ཁོའི་གསར་འགྱུར་བརྒྱུད་ལམ་ཁག་གི་དྲི་བ་དྲིས་ལན་དང་ཆབ་སྲིད་བཙོན་མའི་མིང་ཕྲག་པར་ཁུར་ནས་ཕྱི་རྒྱལ་ཁག་དུ་བྲེལ་བྲེལ་འཚུབ་འཚུབ་ཀྱིས་འཕུར་འགྲོ་མཁན་ཚོ་དང་མི་འདྲ་བར་བོད་སྤྱི་ཚོགས་ནམ་ཡང་མི་གློད་པ་དེ་རེད།

    འོན་ཀྱང་།བོད་མི་མང་སྤྱི་འཐུས་དག་ནི་ནམ་ཡང་བོད་མི་ཡོངས་ཀྱི་ངོ་ཚབ་ཡིན་པ་ལས་མདོ་སྨད་པ་གཅིག་བུས་ཚབ་མཚོན་མིན་པར་བརྟེན་ང་ཚོས་བསམ་བློ་རྒྱ་ཆེ་ས་ལ་གཏོང་བ་དང་དང་མིག་གིས་ཐག་རིང་ས་ལ་བལྟ་དགོས་པ་གལ་ཆེའོ།།

    སྐུ་ཉིད་གནས་ལ་གནས་ཚུལ་རྒྱས་པ་དང་བགྲོ་གླེང་ལྷུག་པོ་གནང་འདོད་མཆིས་ཚེ། གཤམ་གྱི་བོད་རྒྱ་ཟུང་འབྲེལ་གྱི་དྲ་ཐག་འདི་ལ་ཕེབས་རོགས།
    http://www.darig_thokmay.blogspot.com

    གནས་ཚུལ་འདི་ང་ཚོ་ལྡི་ལིའི་གཞོན་སྐྱེས་ཁག་ཅིག་གིས་སྤེལ།

    ༡ དགེ་འདུན་རྒྱ་མཚོ། ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོ།
    ༢ ཤེས་རབ། ནེ་རོ་གཙུག་ལག་སློབ་གྲྭ་ཆེན་མོ།
    ༣ གཅན་སྣང་བ་ཚེ་རིང་བཀྲ་ཤིས། ཀེ་རོ་རེའི་མཱ་མཐོ་རིམ་སློབ་གླིང་།
    ༤ སྦྲ་རིགས་ཐོགས་མེད། ཧིན་རྡུ་གཙུལ་ལག་སློབ་གླིང་བཅས་སོ།།

    Reply
  2. ལྷ་མོ་དོན་གྲུབ། says:
    ལོ་ 14 སྔོན།

    ཆོས་སྲིད་ཟུང་འབྲེལ་ལམ་ལུགས་སྒྱུར་དགོས་ན། བཅའ་ཁྲིམས་རྙིང་བ་མེ་ལ་བསྲེགས་དགོས་ཤིང།
    ཏཱ་ལའི་བླ་མའི་སྐུ་དབང་ལེན་དགོས་པས། བཀའ་བློན་ཁྲི་བས་དབང་སྒྱུར་ནུས་མ་ཡིན། ཀླུ་མཁར་འཁོར་བཅས་སྤྱི་འཐུས་སླེབས་ཐབས་གལ།
    མང་མང་རང་དབང་དམངས་གཙོའི་སྐྱབས་བཅོལ་ཟེར། ཁྱོད་ཀྱིས་ཨེ་ཇབ་མུའུ་བྷ་ར་ཁུར་བསྡུར། གནམ་ས་ལྟ་བུའི་བར་ཁྱད་འདི་བདེན་ནམ།
    འདི་འདྲའི་མཐོ་རྒྱག་དམའ་རྒྱག་བྱེད་སྟངས་འདིས། གང་གི་ནང་སྙིང་རུལ་བ་ད་གཟོད་ཚོར།

    Reply
  3. གནས་ཚང་། says:
    ལོ་ 14 སྔོན།

    སྐབས་བཅོ་ལྔའི་མདོ་སྨད་སྤྱི་འཐུས་ཀྱི་འོས་མི་ཨ་ཚོགས་ཀླུ་མཁར་བྱམས་ནི། ༡༩༧༡ མདོ་སྨད་མཚོ་སྔོན་མངའ་ཁོངས་ཀྱི་ཨ་ཚོགས་ལྷ་སྡེ་རུ་སྐྱེས། རིམ་གྱིས་སློབ་གྲྭ་ཆུང་འབྲིང་འགྲིམས་ཏེ། བོད་རྒྱ་གཉིས་ཀྱི་སྐད་ཡིག་ཐོག་སློབ་སྦྱོང་བྱས་ནས་ཞིང་ལས་འཕྲུལ་ཆས་ཐོག་ཆེད་སྦྱོང་གནང་། ༡༩༩༠
    རྒྱ་གར་ལ་བཙན་བྱོལ་དུ་ཡོང་ནས་སུ་ཇཱ་སློབ་གྲྭར་ལོ་གཉིས་རིང་དབྱིན་ཡིག་ཆེད་སྦྱོང་གནང་། དེ་ནས་བོད་ནང་གསང་སྟབས་ཀྱིས་ཕྱིན་ནས་འཐབ་གྲོགས་གཞན་དག་དང་མཉམ་དུ་བོད་དོན་འཐབ་རྩོད་ལ་ཞུགས་པར་བརྟེན།
    ༡༩༩༢ རྒྱ་གཞུང་གིས་འཛིན་བཟུང་གིས་ལོ་བཅུ་བདུན་གྱི་བཙོན་ཐག་བཅད། བཙོན་ཁང་ནང་མི་སྤྱོད་ལས་འདས་པའི་ཉེས་རྡུང་ཚད་མེད་བཏང་ནས་གཟུགས་པོར་ན་ཚ་ཚབ་ཆེན་ཕོག་པར་བརྟེན།
    ༡༩༩༥སྨན་བཅོས་ཁག་ཐེག་འོག་གློད་གྲོལ་ཐུབ་ཙམ་བྱུང་།ལོ་བཞི་མ་ཟིན་ཙམ་རིང་བཙོན་ཁང་ནང་མར་ཁི་སུའུ་དངོས་གཙོ་རྩོད་སྒྲུབ་རིག་པའི་གཞུང་ལུགས་དང་། བྱེ་བྲག་རྒྱ་གཞུང་གི་མི་རིགས་སྲིད་བྱུས་ཟེར་བའི་སྐོར་ལ་རང་སྦྱོང་གང་ཐུབ་བྱས་པ་དང་བཙོན་པ་ཚོར་ཁྲིམས་ལུགས་ཟུར་ཁྲིད་པའི་འགན་ཡང་ཁུར།
    ༡༩༩༨ སླར་ཡང་བྲོས་བྱོལ་དུ་ཡོང་ཐུབ་ཙམ་བྱུང་ནས་ལྡི་ལི་རུ་ལོ་གཅིག་ཙམ་ལ་དབྱིན་ཡིག་ཆེད་སྦྱང་གནང་བ་མ་ཟད། མཁས་དབང་ཟླ་བ་ནོར་བུའི་དྲུང་ནས་དམངས་གཙོ་དང་སྤྱི་ཚོགས་རིང་ལུགས་ཀྱི་རྒྱབ་ལྗོངས་ཐད་ཟབ་ཁྲིད་སོགས་ཡང་ཡང་ཐོབ།
    ཁོང་བཙན་བྱོལ་ལ་འབྱོར་བ་ནས་བོད་གཞུང་བདེ་སྲུང་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་དང་། ཡིག་སྒྱུར་བ། དྭང་སློབ་དབུས་དམག་སྒར་ཁང་གི་རྒྱ་ཡིག་དགེ་རྒན་སོགས་གཞུང་འབྲེལ་གྱི་ལས་དོན་ལོ་མང་རིང་བསྒྲུབས་ཡོད་པ་མ་ཟད། ལས་ཞོར་ནས་བོད་ཕྱི་ནང་གཉིས་ཀྱི་དུས་དེབ་ཁག་དང་། དྲ་རྒྱ་སོགས་སུ་རྩོམ་ཡིག་སྣ་ཚོགས་སྤེལ་དང་སྤེལ་མུས་ཡིན།
    ༢༠༠༧ ལོར་དབྱིན་ཡིག་དང་རྒྱ་ཡིག་གཉིས་ནས་བསྡུས་བསྒྱུར་གྱིས <>ཞེས་པའི་དེབ་ཆུང་ཞིག་ཀྱང་བཏོན་ཡོད་ལ། <>ཟེར་བའི་བརྙན་དེབ་ཅིག་ཀྱང་ཁོང་གིས་རྩོམ་སྒྲིག་བྱས་ནས་ཐོན་གྲབས་ཡོད།
    མདོར་ན། ཁོང་རིག་གནས་ཚོགས་འདུ་སྣ་ཚོགས་དང་། སློབ་གྲྭ་ཁག་གིས་མགྲོན་འབོད་གནང་བ་ལྟར་ཚོགས་འདུ་ཆེ་མ་ཆུང་གསུམ་ལ་ཞུགས་པ། བརྒྱུད་ལམ་ཁག་གི་བཅར་འདྲི་འདྲ་མིན་གནང་བ་བཅས་དུས་ཚོད་མང་ཆེ་བ་དེར་རྫོགས་འགྲོ་གི་ཡོད་ལ། ད་ལོ་དགུ་བཅུ་གསུམ་ཀྱི་ཚོགས་ཆེན་ཐེངས་ལྔ་བའི་ཐོག་རྒྱུན་ལས་ཚོགས་གཞོན་ལ་འདེམས་ཐོན་བྱུང་བ་ལྟར། ད་ལྟ་དགུ་བཅུ་གསུམ་ཚོགས་པའི་ཚོགས་གཞོན་གྱི་འགན་བཞེས་བཞིན་ཡོད།
    ༢༠༠༩ ལོར་ཁོང་སྒེར་གྱིས་གོ་སྒྲིག་འོག་སིམ་ལར་(ན་གཞོན་ཤེས་ཡོན་པའི་བགྲོ་གླེང་ཚོགས་ཆེན)ཞིག་ཚོགས་པའི་སྟེང་ནས།
    ༢༠༡༢ལོར་༸རྒྱལ་དབང་བཅུ་གསུམ་པ་ཆེན་པོའི་བོད་རང་བཙན་ཁྱབ་སྒྲགས་གནང་ནས་ལོ་བརྒྱ་འཁོར་བའི་དུས་དྲན་དེ་བཞིན་༼བོད་རང་བཙན་༽གྱི་བསྒྲགས་གཏམ་དོད་དུ་སྲུང་བརྩི་གནང་རྒྱུ་གཏན་འཁེལ་བ་དང་། ད་དུང་ཚོགས་ཐོག་དེར་མ་འོངས་བོད་རང་བཙན་རྒྱལ་ཁབ་ཀྱི་རྩ་ཁྲིམས་གསར་བའི་ཟིན་བྲིས་ཚོགས་ཆུང་ཤིག་སྔ་ས་ནས་གྲ་སྒྲིག་དགོས་སྐོར་གྱི་འཕྲོས མོལ་བྱུང་བ་ལྟར། ཁོང་དེང་སྐབས་ཚོགས་ཆུང་འདི་གཉིས་ཀྱི་རྐང་འཛིན་མི་སྣའི་གྲས་ཀྱང་ཡིན་པ་བཅས་ཨ་ཚོགས་ཀླུ་མཁར་བྱམས་ཀྱི་ངོ་སྤྲོད་མདོར་བསྡུས་སུ།

    མདོ་སྨད་ཀྱི་ན་གཞོན་དང་བླངས་པ་ཁག་གིས་འགྲེམས་སྤེལ་བྱས།

    འབྲོང་བུ་ཟླ་བ་ཚེ་རིང་གིས་སྤྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༡༦ ལ་ གསལ་བསྒྲགས་​ཀྱི་གྲས་སུ་བཀོད། |

    ཁ་བརྡ་དྲ་རྒྱ་ལས་བཤུས།

    Reply
  4. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    གནས་ཚང་ལགས། ང་སུ་ཡིན་མིན་གཙོ་བོ་མ་རེད། ང་ཕྲག་དོག་ཅན་ཞིག་ཡིན་མིན་ཀླུ་མཁར་བྱམས་ལགས་ལ་སྐད་ཆ་ཕྲིས་ར་གསལ་བོ་ཤེས་ནི་རེད། ཁོང་ཕེབས་ན་ངས་གུས་བརྩི་ཆེན་པོས་བློ་འདྲི་དང་དོགས་གཅོད་བྱེད་འདོད་ཡོད། དེ་ལྟར་ཁོང་ལ་ཐུག་ན་ཅིག་བཤད་རོགས་ཞུ།

    Reply
  5. གནས་ཚང་། says:
    ལོ་ 14 སྔོན།

    ཆོས་འབྱོར་ཟེར་བ་འདི་སུ་རེད། ཨ་མདོ་བ་ཕྲག་དོག་ཅན་ཞིག་མིན་འགྲོ མཉམ་ཞུགས་བྱེད་རྒྱུ་ཡིན་ན་བཀའ་བློན་འོས་མིའི་སྐོར་མི་གླེང་བར་ག་རེ་ལབ་ཀྱི་ཡོད་དམ། བཀྲས་མཐོང་ལགས་ཀྱིས༼དབུ་མའི་ལམ༽ལ་གྲོས་ཚོགས་བརྒྱུད་ནས་འགྱུར་བ་གཏོང་གི་ཡིན་གསུངས་འདུག ཀླུ་མཁར་བྱམས་ལགས་ཀྱིས་དེ་ལ་འགྲེལ་བཤད་བསྐྱོན་བཞག ད་དེ་ལ་དགག་པ་རྒྱག་གི་ཡིན་ནམ། རྒྱབ་བསྐྱོར་རྒྱག་གི་ཡིན། དེ་མ་གཏོགས་འདི་ནང་འཁྲུག་རྒྱག་ས་མ་རེད་ལ། ཆོལ་ཁ་གཞན་པར་ནད་དུག་བགོ་སའང་མ་རེད། འདི་དྲ་མགྲོན་ཚང་མ་ལོས་མཁྱེན་པའི་ཐོག་ནས་གཟབ་གཟབ་གནང་རོགས།

    Reply
  6. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    ཀླུ་མཁར་བྱམས་ལགས། ང་ཆོས་འབྱོར་ཉམས་ཞུགས་བྱེད་ཀྱི་ཡིན། ཡིན་ནའང། ངས་གུས་བརྩི་ཆེན་པོས་འདི་འབྲེལ་གྱི་སྐད་ཆ་བཤད་ཡོད་ཀྱང། ཁྱེད་ཀྱིས་དྲང་ལྡོག་ཞེས་པའི་ཚིག་དེ་བེད་སྤྱོད་གནང་དོན་ག་རེ་ཡིན་མིན་ཕར་ལ་བཞག་ནས།

    ཆབ་སྲིད་བཤད་རྒྱུ་ཞིག་མིན་ཡང། ཁུངས་ཐུབ་བཤད་པ་དང་འཕྲལ་ཕུགས་ལ་ཕན་གནོད་འབྲེལ་ཚུལ་གྱིས་ཡིན་པས་བབ་བརླིང་བརྟན་གསུམ་མེད་ཚེ། སྤྱི་མ་སྦོམ་གྱིས་རང་གིས་མི་འདོད་པའི་སྲིད་བྱུས་དེ་ནི་ཚོས་རྗས་ཉག་གཅིག་ཏུ་གླེང་ན་ང་འདྲ་བ་ཚོའང་གོད་མོ་ཤོར་གི་འདུག་ལ།

    དེ་ལས་ཀྱང་སྐུ་ཉིད་རྒྱུས་མེད་ཡིན་པའི་བྱུང་རབས་དང་རིན་ཐང་གི་ངོས་ནས་བཤད་ཀྱང། ལྟ་གྲུབ་ལ་བརྟན་ཚུགས་དགོས་ཤིང། ཆབ་སྲིད་བརྗོད་ཚིག་ལ་རིགས་ལམ་རྣམ་དག་དང་གཞན་དཔེ་རིག་འགྲེས་ཀྱི་རྒྱབ་ལྗོངས་ཡོད་ལོས་དགོས་ཏེ། ཁྱེད་ཀྱི་གསུང་དུམ་འདིའི་ནང་གི་གྱ་ཚོམ་གྱི་མཚུངས་བསྡུར་དེ་དང། རང་གིས་མི་འདོད་སར་སྡོམ་ཚིག་བཀོད་པ་གཉིས་ནར་ནར་རེད་དམ། གྲུ་བཞི་རེད་ལབ་ན། ཁྱེད་ཀྱིས་གཉིས་ཀ་ཡིན་གསུངས་ས་རེད་པཱ།

    Reply
  7. ཀླུ་མཁར་བྱམས། says:
    ལོ་ 14 སྔོན།

    བཅར་འདྲི་འདི་དང་འབྲེལ་བའི་དྲང་ལྡོག་གི་དྲ་གྲོགས་རྣམ་པ། སྤྱིར་ཆབ་སྲིད་ནི་ལས་རྒྱུ་ཞིག་ནས་བཤད་རྒྱུ་ཞིག་མིན་ལ། དེ་ནི་རུའུ་སུའུ་སྐད་ཆ་རེད། སྲིད་དོན་གྱི་ལྟ་གྲུབ་ལབ་ན། ལབ་གླེང་ཙམ་ལས་ཡོད་ཚད་ལས་རྒྱུ་ཡོད་ནི་མ་རེད། དེ་ཤེས་པའི་ཐོག་ནས་བགྲོ་གླེང་བྱ་འདོད་ཡོད་ན་ང་ར་མཉམ་ཞུགས་བྱ་ཆོག ཁ་དཀྱོག་ལ་འཁྱེར་མཁན་ཚོར་ངས་ནམ་ཡང་ཅ་སུན་པོ་མི་བཟོ། ལྷན་རྒྱས་ནས་ཀྱང་དེ་དོན་གནང་སྐྱོང་ཡོང་བ་ཞུ༌༌༌༌༌༌

    Reply
  8. ལྷ་མོ་དོན་གྲུབ། says:
    ལོ་ 14 སྔོན།

    བཅར་འདྲིའི་ཁྲོད་ཀྱི་སྐད་ཆ་ཆེས་ཚབས་ཆེ་ཤོས་ཤིག་དང་ང་ཚོས་ངེས་པར་གླེང་སློང་དགོས་པ་ཞིག་ནི་གཤམ་གྱི་འདི་སྟེ།

    ་་་་་་་བློ་བཟང་སེངྒེ་ཡར་བསླེབས་པ་འདི་འགྱུར་བ་ཞིག་རེད། ང་ལ་མཚོན་ན་འགྱུར་བ་ལ་དགའ། དེར་བརྟེན་ངས་སྔོན་ནས་སྐུ་དྲག་གི་ཁྱིམ་རྒྱུད་དང་། བླ་མས་བཟུང་བའི་ཆོས་སྲིད་ཟུང་འབྲེལ་གྱི་ལོ་བཞི་བརྒྱ་ལྔ་བརྒྱའི་རིང་གི་འགྲོ་སྟངས་འདི་མཚམས་ཤིག་འཇོག་རྒྱུའི་སྐོར་བཤད་ཀྱི་ཡོད།
    ངས་འདི་ལྟར་བཤད་དུས་འབྱོར་མེད་གྲལ་རིམ་གྱིས་སྲིད་དབང་སྒེར་འཛིན་བྱ་དགོས་ཀྱི་འདུག་གམ། ཡང་ན་འབྱོར་ལྡན་གྲལ་རིམ་གྱིས་སྲིད་དབང་སྒེར་འཛིན་བྱ་དགོས་ཀྱི་འདུག་ཟེར་བ་ལྟ་བུའི་སྐད་ཆ་མིན་པར། དཔེར་ན། ཨེ་ཇབ་ལུང་པར་སྲིད་འཛིན་མུའུ་བྷ་ར་ཁུས་ལོ་ངོ་སུམ་ཅུར་བཟུང་བའི་མཇུག་འབྲས་ཚང་མས་མཐོང་བཞིན་པ་དེ་རེད། དེ་ལྟར་ཁྱིམ་བརྒྱུད་དང་། ཡང་ན་ཚོགས་ཁག་ཅིག་གིས་ཆབ་སྲིད་ཀྱི་དབང་ཆ་འཛིན་ཡུན་རིང་དྲགས་ན། མི་རྣམས་ཀྱི་སྲིད་དོན་གྱི་དབྱིངས་བརླག་འགྲོ་གི་རེད། དེའི་སྟབས་ཀྱིས་བློ་བཟང་སེངྒེ་ཡར་བསླེབ་ཐུབ་ན་དེ་འགྱུར་བ་ཞིག་རེད་ལ། ངས་དེ་གལ་ཆེན་པོར་བརྩི་ཡི་ཡོད་་་་

    གནད་དོན་འདི་ནི་བཀའ་ཁྲི་གཞོན་སྐྱེས་ཤིག་སླེབས་དགོས་པ་ཙམ་ཞིག་གཏན་ནས་མ་རེད།
    གནད་དོན་འདི་ནི་བཀས་བཀོད་རྒྱུད་འཛིན་རིང་ལུགས་ལས་ད་དུང་ཉེ་ཚབས་ཆེ་ཤོས་ཤིག་མ་ཡིན་ནམ
    ང་ཚོའི་བླ་མ་དང་སྐུ་དྲག་གི་ཁྱིམ་རྒྱུད་སོགས་རྩ་རྫོགས་དགོས་ན་རིག་གནས་གསར་བརྗེ་ཞིག་མ་བསླངས་ཐབས་མེད་རེད།
    གལ་ཏེ་བླ་མ་དང་ཁྱིམ་རྒྱུད་དེ་དག་གིས་དབང་མ་བཟང་ན་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ཀྱི་མཇུག་རྫོགས་པ་ཞིག་ཡིན་ནམ།
    དོན་དམ་པའི་ཆོས་སྲིད་ཟུང་འབྲེལ་གྱི་དགེ་སྐྱོན་ཅི། གང་ཆེ། གང་ཕན།
    རྣམ་དཔྱོད་དང་ལྡན་པ། སེམས་ཁུར་དང་ལྡན་པ། འགན་དང་ལེན་བྱེད་མཁན་ཚོས་ངེས་པར་གནད་དོན་འདི་གླེང་སློང་ཐག་གཅོད་གཙང་མ་བྱེད་དགོས།

    Reply
  9. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    ༼ ཕར་ཞོག་ ༽ ཅེས་བཟོ་རོགས་ཞུ།

    Reply
  10. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    སྔོན་མ་ཉན་ཞིབ་དོགས་འདྲིའི་སྐབས། ཚོགས་གཙོ་ཟུར་པ་ཀརྨ་ཆོས་འཕེལ་ལགས་ཀྱིས་འདི་འདྲ་ཞིག་གསུངས་ཡོད། ༼ ང་སྤྱི་ཚོགས་ནང་སྐད་ཆ་མ་འདྲ་བ་བཤད་མཁན་གྱི་གྲས་ཡིན། ཡིན་ནའང། ངས་མ་འདྲ་བ་དེའི་ཁུངས་སྐྱེལ་ཐུབ་ཀི་ཡོད། ༽ ཅེས་གསུངས་ཡོད། དེ་མཚུངས་ཀླུ་མཁར་བྱམས་ལགས་ཀྱི་སྲིད་དོན་གོམ་འགྲོས་ལ་མ་འདྲ་བའི་ཤེད་ཤུགས་ཆེན་པོ་ཡོད་པ་རེད། ཡིན་ནའང། ངས་གསལ་བོ་བཤད་ཐུབ་པ་ཞིག་དང། དྲི་བ་བཏང་གི་མེད་པ་ཞིག་ནི། སྔ་མོར་ཁོང་གིས་ཁྱིམ་བརྒྱུད་ཆེན་མོ་གསུམ་ཡང་བསྒྲགས་བསྐྱར་བསྒྲགས་བྱས་ཡོད། ད་ཡང་འཇུ་ཆེན་དང། གཞན་གསུམ་བསྐྱར་བསྒྲགས་བྱེད་རྒྱུ་མོས་མཐུན་གནང་གི་མེད་མོད། དྲང་ཚུགས་ཟེར་བ་འདི་དོན་དམ་གྱིས་ཡོད་ན། སྲིད་དོན་ཕར་ཕྱོགས། ལོ་རྒྱུས་ཀྱི་ངོས་གཅིག་པུ་ནས་མཚུངས་བསྡུར་བྱས་ཏེ་སྦོམ་བཤད་དེ་ཅུང་རྒྱ་བསྐྱེད་རོགས་ཞུས་པ་ཡིན་ན། དེ་ཕལ་ཆེར་ལན་ཡོད་པ་མ་རེད། དེ་ངས་ཁོང་ལས་ང་ལོ་ལྔ་བཅུ་བོ་འདིའི་ལོ་རྒྱུས་ལ་མྱོང་བ་ཡོད་ཅེས་ལབ་རྒྱག་རྒྱུའི་དོན་དག་མིན་པར། སྐད་ཆ་བཤད་ཕྱོགས་ཤིག་དང། སྐད་ཆའི་ནང་སྙིང་གཉིས་ལ་བར་ཁྱད་ཡོད་པ་དེ་ཤོད་རྒྱུའི་དོན་དུ་ཡིན།

    Reply
  11. འབྲོག་རུ་ཆོས་གྲགས། says:
    ལོ་ 14 སྔོན།

    སྐད་ཆ་གནད་འགག་ཅན་དང་བསམ་བློ་རེ་ཞིག་མ་བཏང་ན་གཏིང་མི་ལོན་པའི་སྐད་ཆ་འགའ་ཡང་བཤད་འདུག་པས་དགའ་ཡོད།
    བཅར་འདྲི་ཡག་པོ་བྱས་འདུག་ལ་དྲིས་ལན་ཡང་ཡག་པོ་བརྒྱབ་འདུག

    Reply
  12. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    ཀླུ་མཁར་བྱམས་ལགས། བློ་སེང་བཀའ་ཁྲིར་སླེབས་པ་ཡིན་ན་ལམ་དབུ་མ་ལ་འགྱུར་གཏོང་པའི་རེ་བ་ཡོད་པས། ཁྱེད་རང་གིས་ཉིན་མོའི་རྨི་ལམ་བཏང་མ་སྡོད་ལྭོ།

    Reply
  13. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 14 སྔོན།

    ཉེ་ཆར་མདོ་སྨད་ཚོགས་པས་ཀླུ་མཁར་ལ་མ་དགའ་སྡང་ཟུག་ལྟ་བུ་བྱས་ནས་མགོ་འབུར་དུ་མི་འཇུག་པའི་སྲིད་ཇུས་དེའི་འོག་ནས་ཁོང་འབུར་ཨེ་ཐུབ་སྙམ་པའི་སེམས་ཁྲལ་ཞིག་བྱུང་།
    དེ་རིང་གི་བཀའ་ལན་འདི་ཚོ་ལ་ཀློག་སྐབས་གཞན་དང་མ་འདྲ་ཞིག་འདུག རང་གཤིས་ལ་ཡོན་ཏན་ཡོད་ན་ཕྱིའི་གནོན་ཤུགས་ཀྱིས་ལས་སླ་བོར་འཇོམས་ཐུབ་པ་ཞིག་རེད་མི་འདུག་ཨང་སྙམ་པའི་དགའ་ཚོར་ཞིག་བྱུང་། ད་དུང་ཁོང་ལ་སྲིད་དོན་གྱི་འབག་བཙོག་དེ་ཙམ་འགོས་མི་འདུག ཁོང་གི་དྲང་གཤིས་རྒྱལ་གྱུར་ཅིག

    Reply
  14. GYAMTSO says:
    ལོ་ 14 སྔོན།

    ཀླུ་མཁར་བྱམས་འདི་ཉིན་རེ་ནས་ཉིན་རེ་བཙན་བྱོལ་སྤྱི་ཚོགས་ནང་ཁ་ལས་རླུང་རྟ་ཇེ་དར་ཇེ་དར་རེད། ད་རུང་དགའ་འོས་པ་ཞིག་ལ་ད་ལོ་་་་ཚེ་གཅིག་གཟའ་ཟླ་ཞིག་ཀྱང་དབྱེ་བ་ཨ་ཁུ་ཤེས་རབ་ལག་ནས་ཕྲོགས་འདུག་པས་ངོ་མ་བུ་རྒོད་རེད།

    Reply
  15. བཛྲ་སུ་མ་ཏི། says:
    ལོ་ 14 སྔོན།

    ཀླུ་མཁར་བྱམས་ཀྱི་ཤེས་འཇོན་གང་ཞིག་གིས་ཐོག་ནས་ཁོང་རྣམ་པ་གསུམ་ལ་དཔྱད་བརྗོད་འཇོག་གི་ཡོད་པ་རེད།ཐུགས་རྗེ་གཟིགས་ཀླུ་མཁར་བྱམས་ཀྱི་ཤེས་ཚད་ལག་འཁྱེར་ངོ་ཤེས་མཁན་འདྲ་ཡོད་ན་ངོ་སྤྲོད་གནང་རོགས།

    Reply
  16. གནས་ཚང་། says:
    ལོ་ 14 སྔོན།

    དགུ་བཅུ་གསུམ་ཚོགས་པའི་ཚོགས་གཞོན་འདི་ད་ཡིན་ན། སྤྱི་འཐུས་ཚོགས་གཙོར་འོས་ཤིང་འཚམས་པ་ཞིག་འདུག གནད་འགག་ཅན་ག་ཚད་ཅིག་གསུངས་འདུག ཚང་མ་ལོས་ཤོད་དང་། དེང་གི་བར་སུ་ཞིག་གིས་འདི་འདྲ་དྲང་པོ་དྲང་བཞག་དང་མང་ཚོགས་ཀྱིས་ཧ་གོ་དགོས་པ་དག་གསུང་མྱོང་ངམ།

    Reply
  17. ལྷ་མོ་དོན་གྲུབ། says:
    ལོ་ 14 སྔོན།

    མི་མཐུན་ལྟ་སྤྱོད་གླེང་གལ་ཆེ། འགལ་བ་གཅིག་ཏུ་བཟླུམ་གལ་ཆེ།

    སྲིད་ཇུས་འཕོ་འགྱུར་འགྲོ་མིན་དེ། བཀའ་ཁྲིར་རག་ལུས་ཡིན་ནམ་ཅི།
    བཀས་བཀོད་རྒྱུད་འཛིན་ལམ་ལུགས་དེ། ད་དུང་ཡོད་པ་བདེན་ནམ་ཅི།
    གུང་ཁྲན་ཏང་གི་སྐྱོན་བརྗོད་དེ། བདེན་པ་ཡིན་ནམ་སྐྱབས་བཅོལ་གཞུང།

    རྒན་གཞོན་བརྗེས་ཙམ་གསར་བརྗེ་འམ། དོན་གྱི་འགྱུར་བ་ཅི་ཞིག་ཡིན།
    མ་འགྱུར་མི་བཟང་རྒྱུ་མཚན་ཅི། ཅི་ལ་བབ་བརླིང་བརྟན་གསུམ་ཟེར།

    Reply
  18. ཨ་རིག་དགེ་མཐོང་། says:
    ལོ་ 14 སྔོན།

    བཅར་འདྲི་འདིའི་ནང་དུ་སྐད་ཆ་གསར་བའམ་བསམ་བློ་གཏོང་དགོས་པའི་རིགས་ནི་འོག་གི་འདི་ཚོ་རེད།

    སྤྱིར་བཏང་ནས་དེང་སྐབས་ང་ཚོའི་སྤྱི་ཚོགས་འདིར་རྒྱབ་ན་མི་འཇུ་ཆེན་ཐུབ་བསྟན་ཡོད་མི་འོས་པ་དང་། ལྷ་ཤུགས་ལྡན་ཡོད་མི་རུང་བ། གལ་སྲིད་དེ་གཉིས་གང་རུང་ཡོད་ཚེ་མི་དེ་ནག་པོ་འདྲ་བོ། ཡང་ཟམ་གདོང་རིན་པོ་ཆེ་དང་རྒྱ་རི་རིན་པོ་ཆེ། རྒྱ་ལོ་དོན་འགྲུབ་སོགས་རྒྱབ་ན་ཡོད་ན་མི་དེ་དཀར་པོ་ཡིན་པ་འདྲ་བོ་ཞིག་བཤད་ཀྱིན་ཡོད་སྟབས། ཆབ་སྲིད་པ་རྣམས་ཀྱིས་གོ་སྐབས་དེ་བཟུང་ནས་ལྷ་སྲུང་ཐོག་དམ་ཚིག་གཙང་རབས་དང་། མིའི་ཐད་ནས་འཇུ་ཆེན་རྒྱབ་ཏུ་མེད་རབས་དག་འབུད་བྱེད་ཀྱིན་པ་ཚང་མས་མཐོང་གསལ་རེད། སྐད་ཆ་དྲང་མོར་བཤད་ན། འཇུ་ཆེན་རྒྱབ་ན་ཡོད་ན་ཧང་སང་རྒྱུ་གང་ཡང་མི་འདུག གཅིག་ནས། འཇུ་ཆེན་ཁྱིམ་རྒྱུད་ཀྱིས་བཙན་བྱོལ་བོད་གཞུང་ལ་དང་བླངས་དཔྱ་དངུལ་འབུལ་བཞིན་པའི་རྒྱལ་འབངས་རྣལ་མ་ཞིག་དང་། གཉིས་ནས། ཟམ་གདོང་རིན་པོ་ཆེ་དང་། རྒྱ་རི། རྒྱ་ལོ་དོན་འགྲུབ་སོགས་ལ་བྱས་རྗེས་ཡོན་ན་འཇུ་ཆེན་ལའང་དེ་མཚུངས་ཤིག་ཡོད་ལ། ངན་ཕྱོགས་ནས་གླེང་ནའང་ཚང་མ་འདྲ་འདྲ་རེད་སྙམ། དེ་བས་མང་ཚོགས་ཀྱི་དཀྲོགས་མགོ་ལངས་ཕྱོགས་ཙམ་གཞིར་བཞག་སྟེ། ཆབ་སྲིད་པ་ཚོས་གནད་དོན་དེའི་གྲས་ཡང་ནས་བསྐྱར་དུ་གསལ་བཤད་བྱ་རྒྱུ་ནི་སྒེར་ལ་གལ་ཆེན་པོ་ཡིན་སྲིད་མོད། སྤྱི་ཚོགས་ལ་བསམ་ན་ཕན་ལས་གནོད་ཆེ་ཞིང་། འདིའི་རིགས་སྲིད་དོན་པ་ཚོ་རང་ཉིད་རང་ལ་གདེང་ཚོད་མེད་པའི་ཕྱོགས་ཤིག་ཀྱང་རེད།

    Reply
  19. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    སྐྱབས་སུ་འཆིའོ་གངས་ཅན་འགྲོ་བའི་མགོན། །བྱིན་གྱིས་རླཔས་ཤིག་ཕྱག་ན་པད་མོ་མཆོག །ལས་ངན་པའི་རང་རེ་ཀླད་མེད་འགས། །དོན་མ་རྟོགས་མུ་ཅོར་སྣ་ཚོགས་སྒྲོག །དེང་དུས་ཀྱི་ཤེས་བྱར་སྦྱངས་མདོག་གིས། །སྔོན་ཐོན་གྱི་རྣམ་དཔྱོད་ཡོད་མདོག་གིས། །བོད་གངས་ཅན་ཕུང་ལ་སྦྱོར་ལ་བ་ཡི། །དོན་སྙིང་པོས་དབེན་པའི་ལོང་གཏམ་སྨྲ། །བོད་རང་དབང་གཙང་མ་འཐོབ་འདོད་ན། །ཆོལ་ཁ་གསུམ་རྡོག་རྩ་གཅིག་སྒྲིལ་དགོས། །ཆོལ་གསུམ་གྱི་བོད་མིའི་སེམས་པ་ཀུན། །གཅིག་སྒྲིལ་གྱི་འབྱུང་ཁུངས་ངོ་མ་དེ། །ཁོང་ཡིད་བཞིན་ནོར་བུ་ལས་གཞན་མེད། །དེ་གོ་བར་གྱིས་ཤིག་ཀླད་མེད་ཚོ། །

    Reply
  20. འབྲོང་བུ་སོག་ཚ། says:
    ལོ་ 14 སྔོན།

    ང་ཚོ་བོད་ཀྱི་བཀའ་བློན་ཁྲི་པ་དེ། སྒྲིག་འཛུགས་ཤིག་དང་། ལམ་ལུགས་ཤིག་གི་འོག་ཏུ་འགྲོ་ཀྱང་མ་ཡིན་པར། དོན་དངོས་ཐོག་འཛམ་གླིང་འགྱུ་འགྲོས་དང་མཐུན་པའི་གོམས་པ་སྤོ་ཐུབ་མཁན་ཞིག་ཕེབས་ཐུབ་ན་ཁ་ཡོད་ལག་ཡོད་ཡིན་ལ། དེ་མིན་ཁ་སྙན་ཇི་ཙམ་བཤད་ཀྱང་དོན་ངོ་མའི་ཐོག་མི་ཁ་ཤས་ཀྱིས་བེད་སྤྱོད་འོག་སྔར་བཞིན་ཕྱིན་པ་ཡིན་ན་ད་དུང་ཐུས་ཤོར་མུ་མཐུད་འགྲོ་རྒྱུ་ལས་མ་འདས་པས། ད་ལན་བཀའ་བློན་ཁྲི་པའི་འོས་དེ་བློ་བཟང་སེང་གེ་ལ་ཕུལ་ནས་ཁོང་གི་ལོ་ལྔའི་ནང་འགྱུར་བ་ཇི་ཙམ་གཏང་སོང་དང་མ་སོང་བལྟ་རྒྱུ་རེད། གལ་སྲིད་སྔར་བཀའ་བློན་ཁྲི་པ་རྣམས་དང་ཕྱོགས་མཚུངས་ཤིག་ལས་འགྱུར་བ་མ་ཕྱིན་ཚེ། ལོ་ལྔའི་རྗེས་དམངས་གཙོའི་ཐོབ་ཐང་ལོངས་སུ་སྤྱོད་དེ་འོས་མི་གསར་པ་ཞིག་གདམ་རྒྱུ་ལས་གཞན་ཐབས་ཤེས་གང་ཡང་མེད་པས་དེ་དོན་ཐུགས་ལ་བཞག་རོགས།

    Reply
  21. བསྟན་འཛིན་འཕགས་པ། says:
    ལོ་ 14 སྔོན།

    སྤུན་གྲོགས་ཚོའི་གཟིགས་དང་༽
    གཅེན་གཅུང་གཉིས་ཀྱི་རེ་འདུན་བྱས་ས་གཞོན་སྐྱེས་ཤིག་རེད་འདུག

    ་སྐབས་གཉིས་པའི་བཀའ་ཁྲིའི་གྲུབ་འབྲས་གསལ་བསྒྲགས་བྱས་རྗེས་། གོང་༸ས་མཆོག་གིས་གསར་འགོད་པ་ཞིག་གི་དྲིས་ལན་དུ་།

    ངས་བཀའ་ཁྲི་གསར་པ་དེ་གཞོན་སྐྱེས་ཤེས་འཇོན་གཉིས་ལྡན་ཤིག་ལ་རེ་བ་བྱས་ཀྱང་། སྟབས་མ་ལེགས་པ་ཤིག་ལ་བླ་རྒན་མགོ་དཀར་དེ་ཡང་བསྐྱར་འདེབསའདུག་ཅེས་། གོང་༸ས་མཆོག་གིས་དེ་དུས་ནས་གཞོན་སྐྱེས་ཤིག་ལ་ཐུགས་རེ་གནང་བའི་གསལ་ཁ་དེ་སྟོན་ཡོད་།

    མ་ཚད་ཡང་དེའི་རྗེས་སུ་གོང་ས་མཆོག་གིས་འདི་ལྟར་གསུང་ཡོད་། ངས་མ་འོང་བཀའ་ཁྲི་དེ་གཞོན་སྐྱེས་ཤིག་ལ་རེ་བ་བྱས་པ་མ་ཚད་བུ་མེད་ཤེས་འཇོན་གཉིས་ལྡན་ཞིག་ལ་ཡང་རེ་བ་བྱས་ཀྱི་ཡོད་ཅེས་གསུངས་མྱོང་།

    སྐུ་ཡི་གཅེན་པོ་རྒྱལ་པོ་དོན་གྲུབ་མཆོག་གི་བཀའ་སྤྱི་གཉིས་ཀྱི་སྐོར་གསུང་བཤད་འདི་ལྟར་གནང་འདུག་།

    ང་ཚོས་འཐུས་ཤོར་ཞེ་དྲག་ཕྱིན་འདུག་རྗེས་ལུས་ཞེ་དྲག་ཐེབས་འདུག་ཅེས་བཀའ་གནང་གི་ཡོད་རེད་།ང་ཚོས་ངེས་པར་དུ་སྐྱར་ཞིབ་དང་རྩ་འཛུགས་བྱེད་དགོས་ཀྱི་འདུག་།འདས་པའི་ལོ་༥༠་རིང་འགྲིག་ཡོད་ཀྱང་ནོར་ཡོད་ཀྱང་ང་ཚོས་གོམཔ་དེ་འདྲ་ཞིག་སྤོས་པ་རེད་།མ་འོངས་པའི་གོམ་པ་སྤོ་སྟངས་དེའི་ཐད་ལ།

    ངའི་བསམ་པར་ངེས་པར་དུ་བསྐྱར་ཞིབ་གནང་དགོས་ཀྱི་རེད་དྲིན་གྱི་འདུག་ལ་ངས་༸སྐུ་མདུན་ལངས་ཞུ་ཡི་ཡོད་།ངའི་བསམ་བློའི་ནང་ལོ་ཆུང་བའི་ནང་བུ་དང་བུ་མོ་མང་པོ་འདུག་།དེ་ཚོར་བསྐྱར་ཞིབ་སོགས་ཀྱི་ལས་ཀ་བཀོལ་རྒྱུ་དེ་།ད་ལྟ་༸སྐྱབས་མགོན་རིན་པོ་ཅེའི་དབུ་ཁྲེད་འོག་ནས་།

    འཛིན་སྐྱོང་གི་འགོ་ཁྲིད་མཁན་དང་ཕྱག་ལས་གནང་མཁན་ཚོས་།ལོ་ཆུང་བ་ཚོར་ལས་ཀ་བཀོལ་སྟངས་མཁྱེན་གྱི་མི་འདུག་ལ་།ལོ་ཆུང་བ་དེ་ཚོར་ཡོད་ཆེས་གནང་གི་མི་འདུག་་་ལོ་ཆུང་བ་དེ་ཚོར་ལས་ཀ་སྤྲོད་དགོས་ཀྱི་འདུག་།ལོ་རྒན་པ་ཚོས་དཀའ་ལས་ཞེ་དྲག་སྐྱོན་ནས་ཕྱག་ལས་གནང་པ་རེད་།

    ཁོང་ཚོར་རྒན་ཡོལ་གྱི་ཕོག་དང་ལྟ་རྟོག་གི་འོག་ནས་བཞུགས་།ལོ་ཆུང་བ་བུ་དང་བུ་མོ་མང་པོ་ཡོད་པ་དེ་ཚོ་རྩ་འཛུགས་གནང་ཐུབ་ན་།ཤས་ཡོན་དང་དཔལ་འབྱོར་སོགས་ལས་ཀ་གང་ཅིའི་ཐད་ལ་ཕྱག་ལས་གནང་ཐུབ་ཀྱི་རེད་།རྒྱ་མི་ཐད་ལ་ང་ལ་སེམས་ཁྲེལ་མེད་།ག་ལེ་ག་ལེ་གཟིགས་ཀྱི་གཟིགས་ཀྱི་གོམ་པ་སྤོས་གནང་ན་མ་འགྲིག་བ་ཡོད་མ་རེད་བསམ་གྱི་འདུག་།

    ང་ལ་སེམས་ཁྲེལ་ཆེ་ཤོས་ང་རང་ཚོ་ནང་ཁོལ་ནང་སྲ་ཐག་ཐག་བྱེད་ཐུབ་པ་།ལས་ཀ་རྩོམ་ཐུབ་པ་།དོན་དངོས་ལག་ལེན་གྱི་ཐོག་ནས་ང་ཚོ་རྡོ་རྩ་ཆིག་སྒྲིལ་ཡག་པོ་ཞིག་ཡོང་དགོས་ཀྱི་དེ་གལ་ཆེན་རེད་བསམ་གྱི་འདུག་།

    ད་ལྟའི་སྐབས་ལོ་ཆུང་བ་འདེབས་གནང་དགོས་ཀྱི་འདུག་།་་ལོ་ཆུང་བ་འདེབས་ཟེར་བ་དེ་བཀའ་བློན་ཁྲི་པ་གཅིག་པུ་ལ་ལབས་ཀྱི་ཡོད་མ་རེད་།་་བཀའ་བློན་ཁྲི་པ་ལ་རོགས་པ་མང་པོ་ཞིག་དགོས་ཀྱི་ཡོད་རེད་།བཀའ་བློན་བརྒྱད་དགོས་ཀྱི་ཡོད་ནའང་འདྲ་བཅུ་དགོས་ཀྱི་ཡོད་ནའང་འདྲ་གནད་འགག་མི་འདུག་།ལོ་ཆུང་བ་མང་པོས་ལས་ཀ་མཉམ་རུབ་བྱེ་ཐུབ་དགོས་ཀྱི་འདུག་།།
    ཅེས་གསུང་འདུག་པས་དགོངས་འཇག་ཚལ་།།

    Reply
  22. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 14 སྔོན།

    དངོས་གནས་ལྷད་མེད་པའི་དྲང་གཏམ་བཤད་ཡོད་ཀི། བདེན་པ་རེད། ངས་ཀྱང་ཡང་ནས་བསྐྱར་དུ་བློ་བཟང་སེང་གེ་ཞེས་སྐད་རྒྱག་དོན་ནི་འགྱུར་བ་ཞིག་གི་རེ་བ་ཡིན། ཁ་སང་ཨ་རིའི་རླུང་འཕྲིན་ཁང་གི་སྐར་ཆ་ཁ་ཤས་ཀྱི་དྲི་བ་བསྡུ་རུབ་བྱེད་པ་དེ་ལའང་ཁྱེད་གསུམ་གར་མ་འོངས་པར་འགྱུར་བ་ཅི་ཞིག་གཏོང་རྩིས་ཡོད་ཅེས་དྲིས་ཡོད།
    དངོས་གནས་ཤི་མིན་རོ་མིན་དང་ཁ་ཡག་འཁྲབ་སྟོན་ཞིག་གིས་རྫོགས་ཤིང་ཚར་ནས་འགྲོ་བའི་སྤྱི་ཚོགས་འདི་ལ་འགྱུར་བ་ཞིག་མ་སོང་བར་འཛམ་གླིང་སྟེང་གི་ཆེས་རུལ་སོང་བ་ནི་ང་ཚོ་ཆགས་ངེས་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese