རྒྱ་གར་ལྷོ་ཕྱོགས་སེར་བྱེས་ཏྲེ་གྲྭ་དཀར་མཛེས་པདྨ་ཚེ་དབང་གིས་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་དཀར་མཛེས་ཁུལ་རྩིས་ཚང་དགོན་གྱི་གྲྭ་བསྟན་འཛིན་དངོས་གྲུབ་དང་བློ་དབྱངས་གཉིས་རྒྱ་ནག་གི་བཙོན་འོག་ནས་ལོ་གསུམ་གྱི་དུས་ཡུན་རྫོགས་ཏེ་བཙོན་གྲོལ་ཐོབ་ཡོད་འདུག
ཉིན་དེར་ཁོང་གཉིས་ཕྱིར་ཕ་ཡུལ་དུ་ལོག་སྐབས། དཀར་མཛེས་ཁུལ་གྱི་བོད་རིགས་མི་མང་ཚོས་དགའ་བསུ་གཟབ་རྒྱས་བྱས་ཡོད་འདུག ཉིན་དེར་རླངས་འཁོར་ཆུང་བ་དང་འཕྲུལ་རྟ། དེ་བཞིན་མི་མང་ ༢༠༠ ལྷག་གིས་ཕེབས་བསུ་གཟབ་རྒྱས་ཞུས་ཤིང་། གཞུང་ལམ་གྱི་གཡས་གཡོན་དུ་བསང་གསོལ། མི་མང་གི་ལག་ཏུ་ཁ་བཏགས་བཟུང་སྟེ། “ལྷ་གསོལ་ལོ” ཞེས་ཀི་སྒྲ་དང་འབོད་སྒྲས་ཁེངས་བར་བྱས་ཡོད་པ་མ་ཟད། རླངས་འཁོར་གྱི་སྟེང་དུ་༧གོང་ས་མཆོག་གི་སྐུ་པར་དང་སྒྲ་སྒམ་ཆེ་ཆུང་སྣ་ཚོགས་བཞག་སྟེ་༧གོང་ས་མཆོག་གི་བཀའ་གསུང་རྒྱང་བསྒྲགས་བྱས་ཡོད་འདུག
གྲྭ་བསྟན་འཛིན་དངོས་གྲུབ་ནི། དཀར་མཛེས་རྫོང་ལྷོ་པ་ཞང་། ཕུག་ཡུལ་ནང་ཞེས་པའི་གྲོང་ཚོ་རུ་ཕ་ཟླ་བ་དོན་འགྲུབ་དང་མ་དཔལ་བདེ་སྐྱིད་གཉིས་སུ་ ༡༩༨༤ ལོར་སྐྱེས་ཤིང་ད་ལྟ་རང་ལོ་ ༢༧ ཡིན། གྲྭ་བློ་དབྱངས་ནི། དཀར་མཛེས་ལྷོ་པ་ཞང་རྩག་ལེགས་གྲོང་ཚོ་ཡི་ཕ་ཐུབ་བསྟན་དང་མ་ཚེ་རྒྱན་སྒྲོལ་མ་གཉིས་སུ་ ༡༩༨༨ ལོར་སྐྱེས་ཤིང་ད་ལྟ་རང་ལོ་ ༢༣ ཡིན་འདུག ཁོང་གཉིས་ ༢༠༠༨ ཟླ་ ༣ པའི་ཚེས་ ༡༨ ཉིན་གྱི་དཀར་མཛེས་རྫོང་གི་ཞི་རྒོལ་ནང་མཉམ་ཞུགས་བྱས་ཏེ། རྒྱ་གཞུང་གིས་འཛིན་བཟུང་བྱས་པ་ཞིག་ཡིན་ཞིང་། ཟླ་ཤས་རྗེས་དུས་བཀག་བཙོན་འཇུག་ལོ་ ༣ གྱི་ཁྲིམས་ཐག་བཅད་དེ་ཁྲིན་ཏུའུ་ཕྱོགས་ཀྱི་བཙོན་ཁང་ཞིག་ཏུ་ད་བར་བཀག་ཉར་བྱས་ཡོད་འདུག
འཛམ་གླིང་གི་རྒྱལ་ཁབ་སྤྱི་དང་ལྷག་པར་གསར་འགྱུར་ལས་རིགས་གཉེར་མཁན་རྣམས་ཀྱིས་ཁ་སང་ནས་བཟུང་དོ་སྣང་དང་གཅིག་ལས་གཅིག་མགྱོགས་ཀྱིས་ངང་གནས་ཚུལ་མཁོ་སྤྲོད་བྱེད་བཞིན་པ་ནི་ཁ་སང་ཕྱི་དྲོ་ཆུ་ཚོད་གཉིས་པའི་སྟེང་(ཀོ་རི་ཡའི་དུས་ཚོད།)ཉི་ཧོང་ལ་ཤུགས་ཚད་8དང་8ཅན་གྱི་ས་འགུལ་དང་མཚོ་རླབས་དྲག་པའི་ཤུགས་རྐྱེན་གྱི་འོག་མི་དམངས་གཅིག་སྟོང་ལྷག་གི་ཚེ་སྲོག་ཤོར་བ་དང་ད་དུང་ཅིག་སྟོང་ཙམ་གར་སོང་ཆ་མེད་དུ་གྱུར་བ་སོགས་ཧ་ཅང་ཐབས་སྐྱོའི་གནས་ཚུལ་བྱུང་བར་མ་ཟད།དེ་རིང་ད་དུང་མུ་མཐུད་ནས་ས་འགུལ་སོགས་ཀྱིས་དཀའ་ངལ་འཕྲད་བཞིན་པའི་ཉི་ཧོང་གི་མི་དམངས་ལ་རྒྱལ་ཁབ་ཁག་གི་ཆབ་སྲིད་དབུ་ཁྲིད་དང་ཆོས་རྒྱལ་ཁག་གི་དབུ་ཁྲིད་རྣམས་ནས་མྱ་ངན་གྱི་སེམས་གསོ་དང་དངུལ་དངོས་ཀྱི་རོགས་སྐྱོར་ལ་བྲལ་བཞིན་འདུག།ཡིན་ནའང་ང་ཚོའི་བཙན་བྱོལ་བོད་
གཞུང་དང་བོད་ཀྱི་དུས་བབ་ལ་གྲགས་འགུལ་ཅི་ཡང་མེད་པ་འདི་ལ་ཅུང་ཙམ་བློ་ཕམ་བྱུང༌།འདི་ང་ཚོའི་རྗེས་ལུས་ཀྱི་རྣམ་པ་ཞིག་ཏུ་བརྩིས་ཀྱང་མི་ཆོག་པ་མི་འདུག་སྙམས།འདི་ནི་བོད་ཡིག་ཁོ་ན་ལ་བརྟེན་ནས་འཛམ་གླིང་གི་གནས་ཚུལ་ཤེས་རྟོགས་ཐུབ་པར་བརྩོན་བཞིན་པ་རྣམས་ཀྱིས་གྱོང་གུད་ཅིག་མ་ཡིན་ནམ་བསམ་པ་ཡང་དྲན་གྱི་འདུག་ལ།འདི་འདྲའི་རྒྱུ་རྐྱེན་མང་པོ་ཞིག་ལ་བརྟེན་ནས་བོད་ཡིག་བཅིངས་པའི་བརྩེ་བ་དང་དུང་ཞེན་དེ་ཆུང་ནས་ཆུང་དུ་འགྲོ་གི་ཡོད་པ་རེད།མ་འོངས་པར་གནས་ཚུལ་དུས་ཐོག་སྤེལ་རྒྱུར་འབད་བརྩོན་བྱེད་རྒྱུ་རེ་བ་ཡོད་ལ་དེ་ལྟར་རེ་སྐུལ་ཞུ་འདོད་བྱུང༌།