ཁ་སང་ཧྥ་རན་སིར་སྐུ་ཞབས་ལིག་ཞོ་པོ་ཡི་བརྩམས་ཆོས་གྱེར་འདོན་གྱི་འདུ་འཛོམ་ཞིག་གནང་ཡོད་འདུག་ལ། འབྱུང་འགྱུར་གླིང་ཆེན་ལྔའི་གྲོང་ཁྱེར་ཁག་ ༩༠ ནང་། སྐུ་ཞབས་ལིག་ཞོ་པོ་ཡི་བརྩམས་ཆོས་གྱེར་འདོན་གྱིས་རྒྱ་དམར་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་གཏན་ཁེལ་འདུག
ཐེངས་ལྔ་པའི་རྒྱལ་སྤྱིའི་རྩོམ་ཡིག་གྱེར་འདོན་བྱ་འགུལ་གྱི་སྐབས་དང་བསྟུན་ནས། ཁ་སང་ཕྱི་ཚེས་ ༢༡ ཉིན་གྱི་དགོང་མོའི་ཆུ་ཚོད་ ༧ པའི་སྟེང་ཧྥ་རན་སིའི་བྷར་ལིན་ (Berlin) གྲོང་ཁྱེར་སྲིད་གཞུང་གི་བྷེར་ཊིན་ཇོར་ཇི་ཚོགས་ཁང་(Bertrand George Hall) ནང་དུ། རྒྱ་རིགས་དམངས་གཙོ་དོན་གཉེར་བ་སྐུ་ཞབས་ལིག་ཞོ་པོ་ཡི་བརྩམས་ཆོས་གྱེར་འདོན་གྱི་དགོང་ཚོགས་ལས་འགུལ་ཞིག་སྤེལ་ཡོད་པ་དང་། སྐབས་དེར་གྱེར་འདོན་སྟེགས་བུའི་སྟེང་སྐུབ་སྟེགས་སྟོང་བ་ཞིག་གི་ཐོག སྐུ་ཞབས་ལིག་ཞོ་པོ་གཟའ་ཟླ་གཉིས་ཀྱི་པར་ཆེན་པོ་ཞིག་དང་། ཁོང་གི་རྩོམ་ཡིག་ཕྱོགས་བསྒྲིགས་དཔེ་དེབ་གཅིག་བཅས་བཞག་སྟེ། ད་ལྟ་རྒྱ་དམར་གཞུང་གི་བཙོན་འོག་ཏུ་ཡོད་པའི་ནོ་བྷེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་སྐུ་ཞབས་ལིག་པོ་ལ་གདོང་སེམས་མཉམ་སྐྱེད་དང་སེམས་གསོ་མཚོན་པའི་བྱེད་སྒོ་ཞིག་སྤེལ་ཡོད་འདུག
ཐེངས་འདིའི་གྱེར་འདོན་ལས་འགུལ་དེ་ནི། བྷར་ལིན་གྲོང་ཁྱེར་སྲིད་གཞུང་གི་རྒྱབ་སྐྱོར་འོག རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་མཉམ་འབྲེལ་ཚོགས་པ་(FIDM) དང་འགྲོ་བ་མིའི་ཐོབ་ཐང་མཐུན་ཚོགས་ (LDM) དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་ཚོགས་སྡེ་མང་པོ་ཞིག་མཉམ་རུབ་ཐོག་སྤེལ་བ་ཞིག་ཡིན་འདུག གྱེར་འདོན་དགོང་ཚོགས་དེའི་སྟེང་ཧྥ་རན་སིའི་རྩོམ་རིག་ལས་འཛིན་སྡེ་ཁག་གི་མི་སྣ་དང་རྩོམ་པ་པོ། སྙན་ངག་པ། དམངས་གཙོ་དོན་གཉེར་བ། སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་དང་སྲིད་གཞུང་གི་མཐོ་རིམ་མི་སྣ། དེ་བཞིན་སྐུ་ཞབས་ལིག་ཞོ་པོ་ཡི་སློབ་ཆེན་སྐབས་ཀྱི་སློབ་གྲོགས་སྐོར་ཞིག་བཅས་མི་བརྒྱ་ཕྲག་འགའ་མཉམ་ཞུགས་བྱས་ཡོད་འདུག
སྐུ་ཞབས་ལིག་ཞོ་པོ་ཡི་བརྩམས་ཆོས་གྱེར་འདོན་གྱི་ལས་འགུལ་དེ་འཛམ་གླིང་གི་གླིང་ཆེན་ལྔའི་གྲོང་ཁྱེར་ཁག་ ༩༠ ཙམ་ནང་སྤེལ་རྒྱུ་གཏན་ཁེལ་བྱས་ཡོད་པ་དང་། བྷར་ལིན་རྒྱལ་སྤྱིའི་རྩོམ་རིག་བྱ་འགུལ་ཁང་གིས་འཛམ་གླིང་རྒྱལ་ཁབ་ཡོངས་ཀྱི་རྩོམ་རིག་སྡེ་ཁག་སོ་སོ་དང་སློབ་གྲྭ་ཁག རླུང་འཕྲིན་དང་བརྙན་འཕྲིན་ཁང་བཅས་མཉམ་འབྲེལ་ཐོག སྐུ་ཞབས་ལིག་ཞོ་པོ་ཡི་བརྩམས་ཆོས་དག་གྱེར་འདོན་གྱི་ལས་འགུལ་སྤེལ་ཏེ། ཕྱི་ལོ་ ༢༠༡༠ ལོར་ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་ཁོང་རྒྱ་ནག་དམར་གཞུང་གིས་བཙོན་འཇུག་བྱས་པར་ངོ་རྒོལ་བྱས་ཡོད་འདུག
ཐེངས་འདིའི་གྱེར་འདོན་དགོང་ཚོགས་སྟེང་མཉམ་ཞུགས་གནང་མཁན་རྒྱ་རིགས་ཀྲང་ཅན་ལགས་ནི། སྔོན་ཆད་དྲུག་བཞིའི་སློབ་མའི་ཡར་ལངས་ལས་འགུལ་ཁྲོད་མཉམ་ཞུགས་གནང་མྱོང་མཁན་ཞིག་ཡིན་ཞིང་། ད་ལྟ་ཧྥ་རན་སིར་སྐྱབས་བཅོལ་དུ་བསྡད་ཡོད། ཁོང་གིས་གྱེར་འདོན་དགོང་ཚོགས་དེར་མཉམ་ཞུགས་བྱས་སྐབས་ཀྱི་སེམས་ཚོར་བརྗོད་དོན། ང་རང་ཧྥ་རན་སིར་ལོ་བཅུ་ལ་འཚོ་བ་སྐྱེལ་བའི་དུས་ཡུན་ནང་། ཉེ་བའི་ཉིན་འགའ་ནི་ཧ་ཅང་གཟི་བརྗིད་ལྡན་པ་ཞིག་ཏུ་མཐོང་གི་ཡོད་ལ། ཉེ་སྔོན་ལི་བྷི་ཡ་སྒེར་གཅོད་སྲིད་གཞུང་གིས་དྲག་གནོན་བྱེད་བཞིན་པའི་པཱན་ཅ་ཞི་མི་མང་གི་རང་དབང་དམངས་གཙོ་ལ་སྲུང་སྐྱོབ་བྱ་ཆེད། ཧྥ་རན་སིའི་དམག་དཔུང་གིས་ཐོག་མའི་སྣེ་ཁྲིད་བྱས་ཏེ། ཁ་དོག་གསུམ་ལྡན་གྱི་ཧྥ་རན་སའི་རྒྱལ་དར་པན་ཅ་ཞི་ས་ཁུལ་དུ་ལྷབ་ལྷུབ་གཡོ་མགོ་ཚུགས་ཡོད་པ་དེས་ང་རང་རྒྱལ་ཁབ་འདིར་འཚོ་གནས་བྱེད་བཞིན་པ་འདི་གཟི་བརྗིད་ཅིག་ཏུ་ཚོར་བྱུང་།
དེ་བཞིན་དོ་ནུབ་བྷར་ལིན་གྲོང་ཁྱེར་སྲིད་གཞུང་གི་རྒྱབ་སྐྱོར་འོག ཧྥ་རན་སའི་འགྲོ་བ་མིའི་ཐོབ་ཐང་རྩ་འཛུགས་ཚོགས་པ་ཁག་མཉམ་རུབ་ཀྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཐད་ཐུགས་ཁུར་དོ་སྣང་མཛད་དེ། སྐུ་ཞབས་ལིག་ཞོ་པོ་ཡི་བརྩམས་ཆོས་རྣམས་ཚོར་བ་ཟབ་མོའི་ཐོག་ནས་གྱེར་འདོན་བྱེད་བཞིན་པ་འདིས་ཧྥ་རན་ས་ནི་བརྩི་མཐོང་བྱེད་འོས་པའི་རྒྱལ་ཁབ་ཅིག་དང་། སྐུ་ཞབས་ལིག་ཞོ་པོ་ནི་རྒྱ་རིགས་མི་མང་གི་གཟི་བརྗིད་ཅིག་ཡིན་པའི་སེམས་ཚོར་དྲགས་པོ་བྱུང་། ཞེས་བརྗོད་འདུག
འདྲེ་མེ་འབུད་ལགས། ཁྱོད་ཀྱི་ཁ་སྤོབས་ལ་བལྟས་ན། ཁྱོད་ཀྱིས་ལིག་ཞོ་པའོ་ཡི་བརྩམས་ཆོས་མཐའ་དག་བཀླགས་ཟིན་པ་མ་ཟད། ཁོང་གི་གང་བྱས་ཐམས་ཅད་ལ་ཁྱོད་རང་རྒྱུས་ཡོད་ཚུལ་དེ་ནོལ་སྦེལ་གཟེངས་རྟགས་ཞིབ་དཔྱོད་ཚོགས་པ་ལས་ཀྱང་ཟབ་པར་གྲག
ངས་བསམ་ན་ཁྱོད་ཀྱིས་ལིག་ཞོ་པའོ་ཡིས་བརྩམས་ཐར་ཐོར་ཙམ་ཡང་བཀླགས་ཡོད་ཚོད་མེད་པར་སྣང་། ལིག་ཞོ་པའོ་ལ་ཞི་བདེ་གཟེངས་རྟགས་ཕུལ་བའི་རྒྱུ་མཚན་ལ་འོལ་ཚོད་ཅིག་བྱས་ན། གཅིག་ནི། ཁོང་གིས་ནམ་ཡང་མི་མང་གི་ཁེ་དབང་ཆེད་སྲིད་སྒེར་སྤྱོད་པའི་གཞུང་ལ་ཆབ་སྲིད་བཅོས་སྒྱུར་དང་རྒྱལ་ཁབ་ཁྲིམས་ཀྱིས་སྐྱོང་དགོས་པའི་ཞི་རྒོལ་བྱེད་པ་དང་། གཉིས་ནི། ཁོང་གིས་དམངས་གཙོ་དང་མི་མང་གི་ཁེ་དབང་མངོན་དུ་འགྱུར་བར་སྔར་སྲོལ་ལྟར་དྲག་སྤྱོད་ཀྱི་གསར་བརྗེ་ཉམས་སུ་བླངས་ན་མི་མང་ཕལ་བ་སྡུག་གི་མེ་འོབས་སུ་འཕེན་མི་རུང་བའི་གནས་ལུགས་དེ་ལེགས་བཅོས་དོན་གཉེར་བ་ཚོར་ངོ་སྤྲོད་པ་འདི་ཡིན། དེ་ནི་ལིག་ཞོ་པའོ་གསར་བརྗེ་བ་གཞན་དང་མི་འདྲ་བའི་ཁྱད་ཆོས་དང་ཞི་བདེའི་གཟེངས་རྟགས་ཐོབ་པའི་གནད་འགག་ཅིག་ཏུ་འཁུམ་མོ།།
གྲོགས་པོ་དག དོན་ངོ་མར་ལིག་ཞོ་པའོ་རྒྱ་ནག་གུང་ཁྲན་ཏང་གཞུང་གིས་བཙོན་དུ་བཅུག་པ་ག་ལ་ཡིན། ཧུའུ་ཅིན་ཐའོ་དང་ཝིན་ཅ་པའོ་གཉིས་ཀྱིས་སྲིད་དབང་བཟུང་བ་ནས་རྒྱའི་ཤེས་ཡོན་པ་དང་དམངས་དབང་སྲུང་མཁན་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་བཙོན་དུ་བཟུང་བ་དང་། ཁོ་ཚོ་དང་མི་མང་ཉམ་ཐག་པ་ཚོས་རྒྱལ་ནང་བདེ་སྲུང་མི་སྣས་སུན་གཙེར་འོག་ཏུ་འཚོ་གནས་ཀྱི་དབང་ཆ་ཡལ། འོ་ན་ཧུའུ་ཝུན་གཉིས་ལ་འདི་ལྟར་བྱ་སྤོབས་པའི་ང་རྒྱལ་དེ་སུས་སྤྲད་དམ།
དེ་ནི་གཞན་མ་ཡིན་པར་རྒྱལ་ཁབ་ཁ་ཅིག་དང་ཚོང་ལས་པ་ཉི་ཚེ་བ་ཚོས་སྤྲད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱོགས་གཅིག་ནས་ལིག་ཞོ་པའོ་ལ་ཞི་བདེའི་གཟེངས་རྟགས་སྤྲོད་པ་དང་། ཕྱོགས་གཞན་ཞིག་ནས་རྒྱལ་ཁབ་ཀྱི་ཁེ་ཕན་དང་ཚོང་ཁེ་བསམ་ནས་རྒྱ་གུང་ཁྲན་ཏང་དང་ལག་གདང་སྦྲེལ་ནས་ཚོང་འབྲེལ་གྱི་གསོལ་སྟོན་ལ་རོལ། འདི་ནི་རྒྱལ་སྤྱིའི་རྒྱུ་འབྲས་ཀྱི་བློ་མིག་ཡ་ཅིག་ལོང་པའི་དན་རྟགས་ཡིན། འགྲོ་བ་མའི་ཐོབ་ཐང་ནི་ཀུན་ལ་ཁྱབ་པ་ཡིན་ན། རྒྱ་ནག་མི་མང་གི་ཤ་ཁྲག་འཇིབ་ཅིང་མི་སེམས་འཇོམ་པའི་ཧུའུ་ཝུན་སྲིད་གཞུང་ལ་སྒེར་དོན་གྱི་འདྲེ་ལག་བརྐྱངས་ནས་ལིག་ཞོ་པའོ་བཙོན་དུ་བརྫངས་དོན་ཅི་ཡིན།
(Berlin)གྲོང་ཁྱེར་དེ་འཇར་མན་གྱི་གྲོང་ཁྱེར་ཞིག་ཡིན་པ་ལས་ཧྤ་རན་སིའི་གྲོང་ཁྱེར་མ་རེད། ༼ ལིག་ཞོ་པོ་(གཟའ)་ཟླ་གཉིས་ཀྱི་པར་༽འདི་ཡང་མིག་བར་ནས་ཤོར་བ་འདྲ། ཐུགས་སྣང་མང་ཙམ་གནང་རོགས། ང་ཚོ་ཐུན་མོང་གི་སྨྲ་ལྕེ། དུས་བབས་ཀྱི་ཆེ་མཐོང་ཆེད་དུ།
བདག་གིས་དུས་རྒྱུན་དུ་བསམ་གྱི་ཡོད་ལ། གྲོགས་པོ་ཚོར་ཡང་དེ་ལྟར་བཤད་མྱོང་ཡོད། ལེའུ་ཞོ་པོ་ལ་ནོ་པེལ་རྩོམ་རིག་གཟེངས་རྟགས་སྤྲོད་དགོས་པ་ཞིག ཡིན་ནའང་། དགོས་མཁོ་གང་རུང་དབང་གིས་ཞི་བདེ་གཟེངས་རྟགས་ཤིག་ཏུ་བསྒྱུར་བ་དེ་རེད།
སྐུ་ཞབས་ལིག་ཞོ་པོ་ནི་རྒྱ་རིགས་མི་མང་གི་གཟི་བརྗིད་དང་། རྒྱ་རིགས་མང་གཙོའི་འཚེ་མེད་ཞི་བའི་དབུ་འཁྲིད་ཡང་དག་པ་ཞིག་རེད། མྱུར་དུ་གློད་གྲོལ་ཡོང་བའི་སྨོན་འདུན་བཅས།