གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ལྡི་ལི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག དེ་རིང་ཞོགས་པའི་ཆུ་ཚོད་ ༡༡ ནས་ཕྱི་དྲོའི་ཆུ་ཚོད་ ༧ བར་ལྡི་ལི་བསམ་ཡས་གླིང་བོད་མིའི་གཞིས་སྒར་དུ་ཟས་བཅད་ངོ་རྒོལ་ཀྱི་ལས་འགུལ་སྤེལ་བཞིན་ཡོད་ལ། གཙོ་བོ་ཉེ་ཆར་བོད་ཀྱི་རྩ་དོན་ཆེད་རང་ལུས་མེ་བསྲེགས་བཏང་བའི་གྲྭ་ཕུན་ཚོགས་མཆོག་ལ་མྱ་ངན་རྗེས་དྲན་དང་། བོད་ནང་གི་སློབ་ཕྲུག་ཚོས་དང་བླང་ཐོག་སྤེལ་བཞིན་པའི་ཟས་བཅད་ངོ་རྒོལ་ལ་གདུང་སེམས་ཉམས་སྐྱེ་མཚོན་ཆེད་ཡིན།
ལས་འགུལ་འདིས་ཐད་ལྡི་ལི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་ཟུར་བ་རྗོ་ཚེ་ན་ལགས་ཀྱིས་བརྗོད་དོན། ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་དང་ཕན་ཚུན་བསམ་ཤེས་བྱ་དགོས་པའི་སྐུལ་འདེད་གཏོང་གི་ཡོད། ཅེས་དང་། དེ་མིན་ད་དུང་ང་ཚོས་འཛམ་གླིང་རྒྱལ་ཁབ་ཚང་མས་རྒྱ་ནག་ལ་གནོན་ཤུགས་སྤྲད་དེ་བོད་ཀྱི་ཆབ་སྲིད་བཙོན་པ་དང་། རྒྱ་ནག་རང་གི་ཆབ་སྲིད་བཙོན་པ་ཚང་མ་གང་མྱུར་ཀློད་གྲོལ་དང་རང་དབང་ཐོབ་དགོས་པར་འབོད་སྐུལ་ཞུ་བཞིན་ཡོད་ཟེར།
ལྡི་ལི་ནེ་རོ་མཐོ་སློབ་ཀྱི་སློབ་ཕྲུག་ཤེས་རབ་རྡོ་རྗེ་ལགས་ཀྱིས་བཏང་འབྱོར་བྱུང་།