ཁ་སང་ཕྱི་དྲོར་མཚོ་སྔོན་ཟི་ལིང་གྲོང་ཁྱེར་གྱི་འཁེལ་འཐག་བཟོ་གྲྭ་ཆེན་པོ་ཞིག་གི་ཁང་རྩེག་ལ་མེ་སྐྱོན་ཚབས་ཆེན་བྱུང་ཡོད་འདུག མེ་སྐྱོན་བྱུང་མ་ཐག་མཚོ་སྔོན་ཞིང་ཆེན་དམར་ཤོག་གྲུང་ཆེ་ཆིང་ཝེ་དང་། ཟི་ལིང་གྲོང་ཁྱེར་སྤྱི་ཁྱབ་པ་ལོ་ཧོས་ཉེན་སོགས་ཞིང་ཆེན་དང་གྲོང་ཁྱེར་གྱི་མགོ་ཁྲིད་མང་པོ་ཞིག་ས་གནས་སུ་འབྱོར་ཏེ། མེ་གསོད་དང་མྱུར་སྐྱོབ་གྱི་བྱ་བར་བཀོད་འདོམས་བྱས་ཡོད་འདུག
ནམ་རྒྱུན་བཟོ་གྲྭ་དེར་ལས་བཟོ་བ་དང་མཛད་སྤྱོད་པ་ཉིས་སྟོང་ ༢༠༠༠ ལྷག་དང་། ཁང་རྩེག་དེའི་ནང་ཁྱིམ་ཚང་ ༨༨༤ ལྷག་སྡོད་ཀྱི་ཡོད་འདུག མེ་སྐྱོན་བྱུང་མ་ཐག་ཟི་ལིང་གྲོང་ཁྱེར་མེ་གསོད་རུ་ཁག་དང་འགྲིམ་འགྲུལ་ཚན་པ། འཕྲོད་བསྟེན་ལས་ཁུངས། ཆུ་བེད་སྡེ་ཚན། གློག་འདོན་ས་ཚིགས། འབར་རླངས་སྡེ་ཁག་བཅས་ཁག་སོ་སོ་ནས་དོ་དམ་བཀོལ་ཁྱབ་བཏང་སྟེ། མི་གྲངས་ ༢༠༠༠ ལྷག་གིས་ཛ་དྲག་ཐོག་མེ་གསོད་ཀྱི་བྱ་བ་བསྒྲུབ་ཡོད་འདུག
ཕྱི་དྲོའི་ཆུ་ཚོད་ ༧ སྟེང་མེ་གསོད་བཀོལ་འདོམས་སྡེ་ཁག་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། མེ་སྐྱོན་བྱུང་མ་ཐག་ཁང་རྩེག་ཆེན་མོ་དེའི་ནང་གི་མི་ཕལ་ཆེ་བ་བདེ་ལེགས་ངང་ཕྱིར་འཐོན་ཐུབ་ཡོད་ཀྱང་། མི་ ༡༥ ཙམ་དུས་ཚོད་གང་འཚམ་རིང་ལྷག་ཐོག་ཁང་ནང་ལུས་ཡོད་ཀྱང་། ཕྱི་དྲོའི་ཆུ་ཚོད་ ༦ པ་ཙམ་ལ་ཁོང་ཅག་སྐྱོབ་ཐུབ་པ་བྱུང་སྟེ། ད་ཆར་སྨན་ཁང་དུ་བསྐྱལ་ཡོད་སྐོར་བརྗོད་འདུག
དེ་རིང་ཞོགས་པ་མེ་གསོད་རུ་ཁག་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། མདང་ནུབ་ཆུ་ཚོད་ ༡༡ ཐོག་མེ་སྐྱོན་ཡོངས་སུ་གསོད་ཐུབ་པ་བྱུང་ཡོད་པ་དང་། ཐེངས་འདིའི་མེ་སྐྱོན་ཁྲོད་ལོ་ན་ ༤༨ ཅན་གྱི་གཙང་སྦྲ་བཟོ་མཁན་བུད་མེད་གཅིག་འདས་གྲོངས་སུ་སོང་ཡོད་པ་ལས་གཞན། མི་གཅིག་ཀྱང་ཤི་རྨས་བྱུང་མེད་སྐོར་བརྗོད་འདུག གཞན་ཐེངས་འདིའི་མེ་སྐྱོན་ཁྲོད་མ་དངུལ་གྱི་གྱོང་གུད་སོགས་ཞིབ་ཕྲའི་གནས་ཚུལ་བཀོད་མི་འདུག
མི་ལ་སྐྱོན་འདྲ་མ་བྱུང་ནོ་བཟང་གི་་་ཡིན་ན་ཡང་་་་་རྒྱ་རྒན་འདི་ཚང་གི་སྐད་ཆ་ལ་ཡིང་ཆེས་བྱེད་དཀའ།