ཉེ་དུས་༸རྒྱལ་བ་རིན་པོ་ཆེས་ཆབ་སྲིད་ཀྱི་དབང་ཆ་ཡོངས་བོད་མི་ཚོས་ཐད་ཀར་འོས་འདེམས་བྱས་པའི་དབུ་འཁྲིད་རྣམས་ལ་ཁག་བགོས་གནང་བའི་དུས་མཚུངས་སུ། གནའ་ནས་ད་བར་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་ཆབ་སྲིད་ལམ་ལུགས་དངོས་སུ་སྒོ་བརྒྱབ་པ་རེད། བཀའ་སྤྱི་གཉིས་ནས་རྒྱལ་བ་རིན་པོ་ཆེར་ཡར་ཞུས་མར་བསྩལ་ཐེངས་འགའ་བརྒྱུད། ད་ཆ་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གིས་བཅའ་ཁྲིམས་མ་ཟིན་ནང་སྐུ་སྒེར་གྱི་ཆབ་སྲིད་དབང་ཆ་དང་འབྲེལ་བའི་དོན་ཚན་རྣམས་ཕྱིར་བསྡུ་ཟིན་ཞིང་། མ་དེབ་ཀྱང་གྲུབ་ཡོད་པ་རེད།
ཕྱི་ལོ་ ༢༠༡༡ ཟླ་ ༥ པའི་ཚེས་ ༢༡ ནས་བཟུང་ཉིན་གསུམ་རིང་གཞུང་དམངས་ཚོགས་ཆེན་བསྡུ་བསྐོང་གིས་བཅའ་ཁྲིམས་སྤྱི་དང་ཡང་དགོས་༸རྒྱལ་བ་རིན་པོ་ཆེའི་སྐུ་ཚེའི་ནང་ཆོས་སྲིད་གཉིས་གྱི་བདག་དབང་བཞེས་པའི་རྒྱུད་རིམ་གྱི་རག་ཟིན་འཁོད་པའི་སྔོན་གླེང་དང་། དོན་ཚན་དང་པོའི་ནང་རྒྱལ་བ་རིན་པོ་ཆེར་མཚན་གནས་བེད་སྤྱོད་སྟངས། མི་རིགས་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོར་དང་དར་སྤེལ། བོད་ཀྱི་རྩ་དོན་སྒྲུབ་ཐབས་ཕྱོགས་ལམ་སྟོན་དང་བཀའ་སློབ། བསྐུལ་ལྕག་གནང་རྒྱུ། སྐུ་སྒེར་ནས་དགོས་གལ་གཟིགས་ཤིང་མགོ་འཁྲིད་རྣམས་ཀྱིས་གསོལ་འདེབས་ནམ་ཞུས་ལ་མི་རིགས་ཀྱི་བསྟན་སྲིད་ཀྱི་གལ་ཆེའི་ལས་དོན་ཐད་བཀའ་ཤག་ལ་གསུངས་འཕྲིན་དང་བཀའ་སློབ་ལམ་སྟོན་གནང་རྒྱུ། བོད་ཀྱི་རྩ་དོན་དང་འབྲེལ་བའི་སྤྱི་བཏང་དང་དམིགས་བསལ་སྐུ་ཚབ་བསྐོ་འཛུགས་གནང་རྒྱུ་བཅས་འདུས་པའི་ནང་དོན་ཐད་ཚོགས་ཆུང་ཁག་བགོས་ཀྱིས་བསམ་ཚུལ་བཏོན་ནས་གྲོས་བསྡུར་བྱ་རྒྱུ་ཡིན་པ་རེད།
༸ རྒྱལ་བ་རིན་པོ་ཆེས་བོད་ཀྱི་ཆབ་སྲིད་དབང་ཆ་ཕྱིར་བསྡུ་མཛད་པ་དེས་རྒྱལ་སྤྱིའི་སྤྱི་ཚོགས་སུ། བོད་མི་རིགས་འདི་སྔོན་སོང་གི་ཆོས་སྲིད་དབང་ཆ་གཅིག་འདུས་མིན་པའི་དབང་ཆ་ཁག་བགོས་དང་འཇོན་ཐང་ཅན་ཚོར་དམངས་ཀྱིས་འོས་འདེམས་ཀྱི་ལམ་ནས་རང་མི་རིགས་ལ་ཞབས་འདེབས་བསྒྲུབ་པའི་ཐོབ་ཐང་དང་འགན་འཁྲི་གཅིག་མཚུངས་གནང་ཞིང་། དམངས་གཙོ་ལུགས་མཐུན་དར་སྤེལ་དང་། ཆབ་སྲིད་ལམ་ལུགས་འཐུས་ཚང་དུ་བཏང་བའི་གསལ་བརྡ་དབྱར་སྐྱེས་རྔ་སྒྲ་ལྟར་བསྒྲགས་ཡོད་པ་རེད། ཉུང་མཐའ་ཡང་དེ་སྔོན་རང་རིགས་ཕྱོགས་སུ་བལྟ་བཞིན་དབང་ཆ་གཅིག་འདུས་ཡིན་བཞིན་ད་དུང་དབང་ཆ་ཁག་བགོས་ཀྱི་སྤྱི་ཁྱབ་རིན་ཐང་བསྐྲུན་པའི་དམངས་གཙོ་ཡང་དག་པའི་ལམ་དུ་འགྲོ་བཞིན་ཡོད་ལུགས་ལ་ཟུར་ཟ་དང་འཕྲད་དགོད་བྱེད་མཁན་ཚོའང་ད་ཐེངས་ རྒྱལ་བ་རིན་པོ་ཆེས་མཛད་རྗེས་ལ་ལྟ་བཞིན་ཁ་སྐྱེངས་ནས་མ་བསྡད་རང་བསྡད་ཆགས་པ་རེད།
ད་ནས་བཟུང་རྒྱལ་བ་དོན་གྱི་བདག་པོས་སྐུ་སྒེར་གྱི་མ་འོངས་མཛད་འཆར་ཆེན་པོ་གསུམ་ཐོག་ཐུགས་བློ་རྩེ་གཅིག་སྒྲིལ་ནས་ཐུགས་འགན་བཞེས་རྒྱུ་རེད་ལ།དེའང་རང་རིགས་རྩམ་གཟན་ཡོངས་ཀྱི་བློ་ཕུག་ནས་དགའ་བ་དཔག་མེད་སྒོམ་དགོས་པའི་གཟི་བརྗིད་ཀྱི་བྱ་བཞག་ཆེན་པོ་ཞིག་ཡིན།
གཉིས།
རྒྱལ་བ་རིན་པོ་ཆེས་ཡུན་རིང་ཐུགས་ལ་བརྣགས་པའི་དམངས་གཙོ་ལམ་ལུགས་དབུ་འཛུགས་གནང་ཡོད་པ་དང་། བོད་མི་དམངས་ཚོས་ད་དུང་ཡང་འཛམ་གླིང་ཐོག་དམངས་གཙོ་འཐུས་ཚང་གི་སྟོབས་ཆེན་རྒྱལ་ཁབ་གཞན་གྱི་རྗེས་ཟིན་ཐུབ་མེད་པར་ད་ལྟའི་ཆར་གྲོས་ཚོགས་ལམ་ལུགས་ཀྱི་སྔོན་འགྲོའི་རྭ་བའི་ནང་ཕྱི་བསྐོར་ཡང་བསྐོར་རྒྱབ་ནས་བསྡད་ཡོད་པ་ནི་ཚང་མས་ཤེས་གསལ་ལྟར་ལགས། ད་ནས་བཟུང་༧རྒྱལ་བ་རིན་པོ་ཆེས་ཆབ་སྲིད་ཀྱི་དབང་ཆ་ཡོངས་ཕྱིར་བསྡུ་གནང་ཞིང་། བོད་མི་ཡོད་དོ་ཅོག་གི་མི་རེ་ངོ་རེའི་སྒེར་གྱི་རྣམ་དཔྱོད་ཀྱི་རྩལ་བཏོན་པའི་སྡིངས་ཆ་རེར་དམ་ འཛིན་གྱིས་སྐུ་འཚོ་བཞུགས་སྐབས་སུ་གཞན་རྟེན་གྱི་ཀླད་རྙིང་མཁྲེགས་བཟུང་རྨང་ནས་གཏོར་ཏེ། ལྕོག་ཀྱང་མ་ལྕོག་ཀྱང་རང་འགན་རང་གིས་འཁྱེར་ནས་རང་མི་རིགས་ལ་རང་དབང་དང་བདེ་སྐྱིད་འཚོལ་སྙེག་གི་མདུན་དུ་འཁྱར་མ་འཁྱོར་གྱིས་མི་འགྲོ་རང་འགྲོ་རེད།
འོན་ཀྱང་འཇིག་རྟེན་པའི་སྡེ་ཚོགས་སུ་ཆབ་སྲིད་དམངས་གཙོའི་ལམ་དུ་བསྐྱོད་དགོས་ན་སྔོན་སོང་གི་ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁབ་ཨ་རི་དང་དེ་མིན་རྒྱལ་ཁོངས་ཀྱི་ཁྱད་ཆོས་མ་བོར་བའི་སྒོ་ནས་ལུགས་སྲོལ་རྒྱུན་འཛིན་བྱས་པའི་དབྱིན་ཇི་རྒྱལ་ཁབ་སོགས་ལ་མིག་དཔེ་ལྟ་ས་ཡོད་པ་དང་། རང་རིགས་ངོས་ནས་ཀྱང་དངོས་ཡོད་གནས་སྟངས་ལ་ དཔག་པའི་ཆབ་སྲིད་ཀྱི་ལམ་ལུགས་ཤིག་སྤེལ་ཐབས་དགོས་ལ། ཉུང་མཐར་ཡང་གཏམ་དཔེ་ལྟར་སོ་ནམ་མི་ཤེས་ན་རོགས་སྡེ་ལ་ལྟ་ས་ཡོད་པ་ལས་མུན་ནག་ནང་སྤར་སྙོབ་ཀྱིས་འཆོལ་རྒྱུག་བྱ་ག་ལ་དགོས།
ཡིན་ཡང་། ང་ཚོའི་མིག་ངོར་ལྷག་བཞིན་པའི་གནད་དོན་འགངས་ཆེན་ནི་འཇིག་རྟེན་པའི་སྡེ་ཚོགས་ནང་དམངས་གཙོ་ལམ་ལུགས་དར་སྤེལ་གཏོང་བ་དུས་མཉམ་དུ། རང་མི་རིགས་ཀྱི་ཁྱད་ནོར་ཆོས་དང་རིག་གཞུང་ཇི་ལྟར་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་དེ་རེད། དེའི་ནང་དགེ་འདུན་པའི་སྡེ་ཚོགས་ནི་སངས་རྒྱས་བསྟན་པ་རྒྱུན་འཛིན་ཐད་ཀར་གནང་མཁན་གྱི་ བྱེད་པོ་གཙོ་བོ་ཡིན་ཞིང་། ཆོས་པའི་སྡེ་ཚོགས་ནས་ཀྱང་འཇིག་རྟེན་པའི་སྡེའམ་སྐྱ་བོའི་སྤྱི་ཚོགས་སུ་སྒེར་ཚུགས་དང་རང་དབང་ཅན་གྱི་སྡེ་ཚོགས་ཤིག་ཇི་ལྟར་ཆགས་ཐབས་བྱ་མིན་དེ་རེད།
ཆོས་རྒྱུད་ཁག་ལྔ་གཙོས་པའི་བཙུན་པའི་སྡེ་ཚོགས་འདི་མི་རིགས་རང་བཞིན་གྱི་ཁྱབ་ཁོངས་སུ་འདུས་ཡོད་པ་བདེན་ཡང་། སླར་ཡང་སྐྱོ་བོའི་སྡེ་སྲིད་ཚོགས་པ་ནས་བཙུན་པའི་སྡེ་ལ་ཆབ་སྲིད་ཀྱི་དོ་དམ་དང་སྟངས་འཛིན་བྱ་བ་ནི་ར་མགོ་ལུག་སྦྱར་དང་། སྐྱར་དུ་འཇིག་རྟེན་པས་ཆོས་པའི་སྡེར་ཇུས་མེད་ཇུས་རྟོགས་སུ་སོང་ནས་ངོ་བོ་བསྒྱུར་བའི་ཆོས་སྲིད་ཟུང་འབྲེལ་གཞན་ཞིག་གི་ལམ་དུ་ཕྱིར་བསློག་མི་རྒྱག་པར་སུས་ཀྱང་ཁ་ཚོན་གཅོད་མི་ནུས་སོ།།
གནད་དོན་དང་གནས་སྟངས་འདི་འདྲར་བརྟེན་ནས་ཆོས་ཕྱོགས་ཀྱི་མཛད་རིམ་ནང་གཙོ་ཆེ་བ་༸ རྒྱལ་བ་རིན་པོ་ཆེའི་མ་འོངས་ཡང་སྲིད་ཀྱི་མཛད་ཕྱོགས་ཇི་དགེའི་སྐོར་དང་། ད་ལྟ་རྒྱུན་མཐུད་འགྲོ་བཞིན་པའི་རྒྱ་བོད་དབར་གྱི་འབྲེལ་ལམ་དམིགས་བསལ་སྐུ་ཚབ་ཀྱི་བྱ་བ་ཇི་ལྟར་མཇུག་སྐྱོང་མིན། ཡང་ན་དེའི་ནང་དོན་གྱི་ཆ་ནས་ཁ་གསབ་དང་། གནོན་འཁྲི་ཇི་དགོས། དེ་བཞིན། བགྲང་བྱ་སུམ་བརྒྱ་དྲུག་ཅུ་ལྷག་གི་གཞུང་ས་དགའ་ལྡན་ཕོ་བྲང་གི་མཛད་ཕྱོགས་ལ་བཅའ་ཁྲིམས་བསྐྱར་བཅོས་ནང་གི་སྔོན་གླེང་ཐུང་ངུའི་མཇུག་བསྡོམས་སྙིང་བསྡུས་ཙམ་ལས་ཟུར་སྦྱར་ཡིག་ཆ་གལ་ཆེན་གྱིས་གཏིང་ཟབ་ཅིང་ནང་དོན་ཕུན་སུམ་ཚོགས་པའི་སྒོ་ནས་༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པས་ཆོས་སྲིད་ཟུང་སྐྱོང་གི་ཆབ་སྲིད་ལམ་ལུགས་འདི་དུས་རབས་ཉེར་གཅིག་པའི་ནང་མཇུག་བསྡུས་གནང་སྟངས་སོགས་འཁོད་པའི་ཟུར་སྦྱར་ཡིག་ཆ་ཞིག་ངེས་པར་དགོས་གལ་ཆེ་བར་སྣང་།
གསུམ།
རང་མི་རིགས་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་དར་སྤེལ་སྐོར། ཆོས་པའི་སྡེ་ཚོགས་ནས་ཆོས་ཁྲིམས་གཙང་དག་སྒོ་ནས་ནང་པ་སངས་རྒྱས་པའི་སྙིང་དོན་རྒྱུན་མཐུད་ཀྱིས་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ལ་ཕན་བདེ་སྐྲུན་དགོས། མ་འོངས་ཆོས་ཕྱོགས་ཀྱི་གནད་དོན་དང་ཆོས་རྒྱུད་བར་གྱི་གནད་དོན་ཅི་བྱུང་འདུ་ཁྲིམས་ལ་གཞི་བཅོལ་བའི་སྒོ་ནས་རང་ངོས་ཀྱིས་ཐག་གཅོད་དགོ ས་པ་ལས་འཇིག་རྟེན་པའི་འཛིན་སྐྱོང་གི་སྡེ་ཚོགས་ནང་འཁྱེར་མི་དགོས། དུས་མཚུངས་སུ། སྲིད་འཛིན་གྱི་འཛིན་སྐྱོང་མ་ལག་ནས་ཆོས་པའི་སྡེ་ཚོགས་སྲུང་སྐྱོར་གྱི་འགན་འཁྱེར་བ་ལས་རྒྱུན་གཏན་གྱི་ཆོས་ཕྱོགས་ཀྱི་མཛད་རིམ་ཡོངས་ལ་ཐད་ཇུས་བྱ་དགོས་དོན་མེད། གལ་ཏེ་རང་མི་རིགས་ཀྱི་གནས་སྟངས་ཛ་དྲག་འབྱུང་ཚེ་ཆོས་ཕྱོགས་ཀྱི་བཙུན་པའི་སྡེ་དང་འཇིག་རྟེན་པའི་སྲིད་སྐྱོང་གི་མ་ལག་ཡོངས་རྫོགས་གཅིག་གྱུར་གྱིས་ནུས་ཤུགས་སྤུངས་ཐབས་བྱ་དགོས་པ་རེད།
འདི་ལྟར་ཆོས་པའི་སྡེ་ཆེན་མོ་དང་འཇིག་རྟེན་པའི་སྲིད་འཛིན་གྱི་ཁ་ཕྱོགས་མ་ནོར་བའི་སྒོ་ནས་མདུན་དུ་བསྐྱོད་ཐབས་བརྩོན་ན་གཞི་ནས་ཆོས་སྲིད་གཉིས་གཙང་ཡོང་ཐུབ་པར་སྙམ་ལ། ཉུང་མཐར་ཡང་ད་ལྟའི་ཆར་བོད་གཞུང་ལ་རྒྱལ་སྤྱིའི་ཐོག་ནས་རང་བཙན་གྱི་གོ་དབང་ལྡན་པའི་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱེད་མཁན་ཉུང་ཞིང་། བཙན་བྱོལ་སྒྲིག་འཛུགས་འཐུས་སྒོ་ཚང་བ་ཞིག་ལ་རྒྱུན་གནས་ཐུབ་པར་དཀའ་ངལ་ཆེ་ཕྲ་ཆུང་གསུམ་གང་མང་ལ་ཁ་གཏད་གཅོག་དགོས་སྟབས་འཇིག་རྟེན་པའི་སྲིད་འཛིན་ནས་ཀྱང་ལོ་རྒྱུས་ཀྱི་ཤུགས་རྐྱེན་ཐེབས་པའི་ཆོས་ཕྱོགས་ལ་ཐད་ ཇུས་བྱས་ན་དེ་བས་སྔར་བཞིན་རྙོག་འཛིང་ཆེ་བར་ཡོང་ངེས་རེད་ལགས།
བཞི།
ད་ཐེངས་སྐབས་གསུམ་པའི་བཀའ་ཤག་དང་སྐབས་བཅོ་ལྔ་པའི་སྤྱི་འཐུས་རྣམས་གཙོས་གཞུང་འཛིན་སྣེ་མོ་བ་རྣམས་དང་། མི་དམངས་ཀྱི་ངོས་ནས་མིག་སྔར་ཐག་གཅོད་དགོས་པའི་དོན་ཆེན་ཁག་གཤམ་གསལ་ཐད་བསམ་ཚུལ་ལྷུག་སྤེལ་དགོས་པར་སྣང།
༡། བོད་དོན་བདེན་མཐའ་གསལ་ཕྱིར་བོད་གཞིས་བྱིས་གཉིས་ནས་དུས་བསྟུན་གྱིས་ལས་འགུལ་སྤེལ་ཕྱོགས་ཇི་དགེའི་སྐོར།
༢། གནས་སྡོད་རྒྱ་གར་གཞུང་ངོས་ནས་རང་གཞུང་རྒྱུན་འཛིན་ཐད་ཁ་གསལ་གྱིས་ཁེས་ལེན་དང། བོད་དོན་བདེན་མཐའ་མ་གསལ་བར་བོད་བཙན་བྱོལ་གཞུང་དངོས་སུ་རྒྱལ་སྤྱིའི་ཁྲིམས་ཐོག་ནས་ངོས་ལེན་ཕྱོགས་ལ་རོགས་འདེགས་གནང་ཕྱོགས་སྐོར།
༣། བླ་ཆེན་ཁག་གཙོས་པའི་ཆོས་པའི་སྡེ་རྣམས་ནས་ད་ནས་བཟུང་ཤར་ནུབ་ཡུལ་གྲུ་ཁག་གཙོས་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཇི་ལྟར་སྐྱོང་བ་དང་། དེའི་སྐོར་རང་གཞུང་སྲིད་འཛིན་གནད་ཡོད་སྡེ་ཚོགས་ནས་ཀྱང་རོགས་འདེགས་ཀྱི་བྱ་བ་གང་དག་བསྒྲུབ་དགོས་མིན།
༤། ད་ཆར་རང་གཞུང་དང་རྒྱལ་སྤྱིའི་རོགས་ཚོགས་ཁག་དབར་གྱི་འབྲེལ་མཐུད་ཀྱི་མཚན་གནས་འབྲེལ་བ་གཏན་འབེབས་དང་། རྒྱལ་སྤྱིའི་ཐོག་ནས་བོད་ཀྱི་གནད་དོན་ནུས་ལྡན་གྱི་རྒྱ་ སྐྱེད་ཇི་ལྟར་དགོས་མིན།
༥། དུས་མཚུངས་སུ་བོད་རྒྱའི་འབྲེལ་ལམ་གྱི་མིང་ཐོག་ནས་བཙུན་པའི་སྡེ་ནས་རྒྱ་ནག་ཡུལ་གྲུ་གང་སར་ཆོས་ཕྱོགས་ཁོ་ནའི་མཛད་པ་ཅི་ལྟར་སྐྱོང་ཐབས་ལ་འབད་བརྩོན་བྱ་དགོས་མིན།
༦། བོད་མི་ཡོངས་ཀྱིས་རང་གི་བློ་གྲོས་དང་རྩལ་ལ་བརྟེན་ནས་ད་ཐེངས་གཞུང་དམངས་ཚོགས་ཐོག་ནས་ས་ཡ་དྲུག་ཏུ་འབོད་པའི་བོད་མི་རིགས་ལ་ཁ་ཡོད་ལག་ཡོད་ཀྱིས་ཕན་བདེ་བསྐྲུན་ཐུབ་པའི་ཐབས་ལམ་དང་བསམ་ཚུལ་ལྷུག་བརྗོད་ཀྱིས་བློ་སྟོབས་བསྐྱེད་རོགས་ཅེས་སྨོན་འདུན་ཤུགས་དྲག་དང་བཅས་དགེའོ།
བཀུར་འོས་སྤྱི་འཐུས་ལགས། བཀྲ་ཤིས་བདེ་ལེགས།
ཆོས་སྲིད་ཟུང་འབྲེལ་འདི་སྒོ་རྒྱག་དགོས་པ་ཞིག་ཡིན་ཡང་། ༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་དབུ་ཁྲིད་མ་གནང་བ་ཙམ་གྱིས་འདིའི་སྒོ་ཐེབས་འགྲོ་བ་ཞིག་མིན། འདི་ནི་བོད་མིའི་སེམས་ཁམས་དང་འདྲེས་ནས་ཡོད་པས་ཧ་དུང་དུས་ཚོད་འགོར་རྒྱུ་རེད། འོན་ཀྱང་༧ཁོང་གིས་ཆབ་སྲིད་དབང་ཆ་སྤངས་གནང་བ་ཡིས་ཆོས་སྲིད་ཟུང་འབྲེལ་སྒོ་རྒྱག་པའི་ཕྱོགས་སུ་སྐུལ་འདེད་ཅིག་བྱུང་ཡོད་ངེས་རེད།
དེ་ལས་གནད་ཆེ་བ་ནི་ཁྱེད་ཀྱིས་”༢། གནས་སྡོད་རྒྱ་གར་གཞུང་ངོས་ནས་རང་གཞུང་རྒྱུན་འཛིན་ཐད་ཁ་གསལ་གྱིས་ཁེས་ལེན་དང། བོད་དོན་བདེན་མཐའ་མ་གསལ་བར་བོད་བཙན་བྱོལ་གཞུང་དངོས་སུ་རྒྱལ་སྤྱིའི་ཁྲིམས་ཐོག་ནས་ངོས་ལེན་ཕྱོགས་ལ་རོགས་འདེགས་གནང་ཕྱོགས་སྐོར།”ཞེས་གསུང་བ་འདིའི་སྐོར་རེད། དེ་ནི་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་”བཙན་བྱོལ་བོད་གཞུང་”དེ་”བཙན་བྱོལ་བོད་མིའི་གཞུང་”་ལ་སྒྱུར་འདོད་པ་རེད། ད་བར་ང་ཚོས་”ང་ཚོའི་ས་ཆ་རྒྱ་མིས་འཕྲོག་ཟིན་ན་ཡང་ང་ཚོའི་གཞུང་རང་འཇགས་ཡོད་”སྙམ་པའི་སྤོབས་པ་ཞིག་སྐྱེ་བཞིན་ཡོད། འོན་ཀྱང་ཟིན་བྲིས་ཚོགས་ཆུང་གིས་གསུང་སྟངས་ལྟར་”བཙན་བྱོལ་བོད་མིའི་གཞུང་”དུ་བསྒྱུར་ན་གཞིས་ལུས་རྒྱ་ཆེའི་མི་ངག་གི་ང་ཚོའི་གཞུང་ཕྱི་རྒྱལ་ན་ཡོད་སྙམ་པའི་བློ་ཕུགས་དྲོན་མོ་དེ་ལ་འཁྱག་པ་ཆུས་བརྒྱངས་བ་ཞིག་མ་རེད་དམ། ངས་ཁྱེད་རང་སྤྱི་འཐུས་ཤིག་ཡིན་པའི་ཆེ་ནས་ཟིན་བྲིས་དེ་ཁྲིམས་ཡིག་ཏུ་མི་འགྲོ་བའི་ཐབས་ཤེས་རེ་གནང་བའི་རེ་བ་ཞིག་འཆང་བཞིན་འདིར་བྲིས་པ་ཡིན།
དྲ་གྲོགས་ལྷན་རྒྱས། ང་ཚོ་ཚང་མ་མདོར་བསྡུས་ན་བརྗོད་བྱ་གཅིག་དང་བསམ་ཚུལ་གཅིག་གི་ངོ་བོ་ན་འགུལ་བསྐྱོད་བྱེད་བཞིན་ཡོད་སྟབས། གངས་ལྷ་མོ་འཕྱུགས་ན་ཡང་ཁོ་མོའི་འདོད་ཚུལ་ཞིག་རེད་ལ། འགྲིག་ན་ཡང་ཁོ་མོའི་བསམ་ཚུལ་ཞིག་རེད། ནོར་འཕྱུག་སུ་ལ་ཡང་ཡོང་སྲིད། ཚིག་བརྗོད་ཀྱི་ངོ་བོའི་ཕྱོགས་ནས་ངོ་མ་ནོར་འདུག་བསམ། རྐྱེན་དེ་ལ་བརྟེན་ནས་ཚང་མས་གཅིག་བཤད་པ་རེད་ལ་རྒྱུ་མཚན་ཡང་དྲང་བ་རེད། འོན་ཀྱང་མི་གཞིའི་བསམ་བློ་གཏོང་ཤེས་དགོས་པ་རེད། ཁོ་མོ་ལ་ཡང་འདི་ནས་ནོར་སྐྱོན་ཆེ་ཞིག་བྱུང་བ་ནི་འདིའི་ཕྱོགས་ལ་བསམ་ཚུལ་ཞིག་བརྗོད་མ་ཤེས་པའམ་ཡང་ན་བརྗོད་བཞིན་མེད་པ་ནི་ཅུང་ནོར་འཁྲུལ་ཞིག་ལ་ལྟ་བཞིན་ཡོད། དེ་མིན་སྐྱོན་ཆེར་ཞེ་དྲག་མཐོང་མ་སོང་། མཆན་མཁན་ཚང་མའི་ནང་ནས་བསྟན་འཛིན་ཚེ་འཚོ་ལགས་ནས་ཅུང་གནད་འཁེལ་གྱི་བསམ་ཚུལ་དང་དྲི་བ་ཞིག་བཏོན་འདུག་བསམ་བྱུང་། གངས་ལྷ་མོ་ལགས་ནས་ཀྱང་འདི་དག་ལ་གསལ་བཤད་ཞིག་ངེས་བུར་དུ་དགོས་པ་མཐོང་བྱུང་།
མཆན་བུ་འདེབས་མཁན་ཚོས་ནག་འདེད་ཞེ་དྲག་མ་བྱེད། ང་ཚོས་རིགས་ཤིག་བགར་དགོས་པའི་དབང་དུ་བཏང་ན་འདིའི་རིགས་འདི་བླ་མ་དཀོན་མཆོག་ཟེར་བ་དེའི་གྲས་སུ་ཚུད་ཀྱི་རེད། དེས་ན་འདི་དག་ལ་ཤེས་ཡོན་ཅན་གྱི་བློ་མིག་ནས་ནག་འདེད་བྱེད་སྟངས་དེ་བསྐྱུར་ནས། སྤོབས་པ་ཚད་མེད་དང་ལྷག་བསམ་རྣམ་དག་གི་ཁྱབ་ཁོངས་ནས་ལྟ་དགོས་ཀྱི་རེད། དེས་ན་ཐལ་ཆ་གང་བཤད་ལ་ཞེ་དྲག་སྐྱོན་ནི་མ་རེད་བསམ།
བོད་མི་ས་ཡ་དྲུག་ཏུ་འབོད་པའི་བོད་མི་རིགས་ལ་ཁ་ཡོད་ལག་ཡོད་ཀྱིས་ཕན་བདེ་བསྐྲུན་ཐུབ་པའི་ཁ་ཡོད་ལག་ཡོད་ཀྱི་དམངས་གཙོ་གཅིག་ལ་ཀུན་གྱི་རེ་བཞིན་ཡོད་རེད་ལགས།
བཀུར་འོས་གངས་ལྷ་མོ་ལགས་ཁྱེད་ཀྱིས་ཐུགས་ངེས་དགོས་པ་ཞིག་ལ་དགའ་ལྡན་ཕོ་བྲང་གི་སྲིད་དབང་སྒོ་རྒྱབ་པ་ལས་ཆོས་སྲིད་ཟུང་འབྲེལ་གྱི་ཆབ་སྲིད་ལམ་ལུགས་སྒོ་རྒྱབ་མེད། ཆོས་སྲིད་ཟུང་འབྲེལ་གྱི་ཆབ་སྲིད་ལམ་ལུགས་དེ་གོང་ས་མཆོག་སྐུ་སྒེར་གྱི་
སྲིད་དབང་ལམ་ལུགས་མ་རེད།བོད་བཙན་པོའི་སྐབས་ནས་བྱུང་བའི་སྲོལ་
རྒྱུད་དང་འབྲེལ་བའི་སྲིད་སྐྱོང་ལམ་ལུགས་བླ་ན་མེད་པ་ཞིག་རེད།
བཀུར་འོས་སྤྱི་འཐུས་གསར་པ་ལགས། རྒྱབ་མདུན་ལ་བསམ་གཞིགས་མ་བྱས་པའི་སྐད་ཆ་གང་བྱུང་བཤད་ན་ཡག་པོ་ཡོད་གི་མ་རེད་ལ། བོད་མི་དམངས་ཀྱི་སྐུ་ཚབ་གཅིག་ཡིན་པའི་ཆ་ནས་དེ་བས་ཀྱང་སྐད་ཆ་གང་བྱུང་བཤད་ཉན་གི་མ་རེད།
དེའང་ཁྱོད་ཀྱིས། ༼ཉེ་དུས་༸ རྒྱལ་བ་རིན་པོ་ཆེས་ཆབ་སྲིད་ཀྱི་དབང་ཆ་ཡོངས་བོད་མི་ཚོས་ཐད་ཀར་འོས་འདེམས་བྱས་པའི་དབུ་འཁྲིད་རྣམས་ལ་ཁག་བགོས་གནང་བའི་དུས་མཚུངས་སུ། གནའ་ནས་ད་བར་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་ཆབ་སྲིད་ལམ་ལུགས་དངོས་སུ་སྒོ་བརྒྱབ་པ་རེད།༽ཅེས་པ་དེ་བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་ག་འདྲ་ཡིན་པ་ཧ་མ་གོ་བའི་རྟགས་གསར་པོ་རེད། ༸ གོང་ས་མཆོག་གི་བཀའ་དེ་ནི་ཁོང་གི་མཚན་གནས་ཀྱིས་བོད་ཀྱི་ཆོས་སྲིད་ཀྱི་དབུ་་ཁྲིད་དམ་གཙོ་འཛིན་ཡིན་ཞེས་པ་དེ་ཕྱི་བསྡུ་མཛད་གི་ཡིན་ཞེས་པའི་དོན་ཡིན་གྱི་་་་ཆོས་སྲིད་ཟུང་འབྲེལ་སྒོ་བརྒྱབ་པའི་དོན་མིན་པར་ཧ་གོ་དགོས། ཆོས་ཞེས་པ་དེ་འཇིག་རྟེན་ན་གྲགས་པའི་ཡ་རབས་སྤྱོད་བཟང་དེ ལས་་ལོགས་སུ་མེད་པར་ཤེས་དགོས།
ཨ་ཅག་གངས་ལྷ་མོ་འདི་ད་ལྟོས་ཡོང་དུས་གྲོས་ཚོགས་ནང་ནས་སྐད་ཆ་རིང་པོ་རིང་པོ་བཤད་མཁན་གྱི་གྲས་ཡིན་ས་རེད།
མོ་རང་གི་སྤོབས་པ་དང་ལྷག་བསམ་དེས་སྤྱི་འཐུས་ད་ཡིན་ད་ཡིན། སྤྱི་འཐུས་ཚང་མ་ཤེས་ཡོན་ཡོད་དགོས་མདོག་མེད་ནའང་། རྩོམ་ཡིག་འདི་ལྟར་གནད་འགག་ཁ་ཤས་ཤིག་བཤད་རྒྱུར་ཡིག་འབྲུ་འདི་འདྲའི་མང་པོ་ཐོན་པ་དེས། འབྱུང་འགྱུར་གྲོས་ཚོགས་ནང་རྐུབ་སྟེགས་ནས་ཡར་ལངས་དུས་ཕྱག་སྦྲེལ་ཚོ་མི་ཉོབ། ཟུར་ཉན་པ་མི་ཉོབ། མི་མང་མི་ཉོབ་རྒྱུར་རྡོག་རྡོག་བཤད་རྒྱུར་རིག་པ་འདྲ་སྒྲིམ་རྒྱུ་ཡོད་ན་ཡག་ས་རེད།
རྐང་པ་བརྡབ་སྐྱོན་ཤོར་ནས་ཅང་མ་འགོར་ཡང་། དབྱུག་པར་ཁེན་ནས་བགྲོ་གླེང་སོགས་སུ་ཕེབས་པ་དངོས་མཐོང་བྱུང་བ་དང་། བསྐྱར་ཟློས་བྱས་ན་སྤོབས་པ་ཚད་མེད་དེ་དང་སེམས་པ་ཁྱ་འཁྱོག་མེད་པ་དེ་ཚོ་གཞི་བྱས་ནས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
གསར་བསྟོད་ལམ་ལུགས་དགོས་པ་གལ་ཆེན་པོ་རེད་འོན་ཀྱང་སྲོལ་རྒྱུན་བདག་མེད་ལུས་པ་ཡིན་དེའི་དགེ་གྱོང་གང་ཡོད་ངེས་པར་ཤེས་པ་བྱ་དགོས། གནའ་ནས་ད་བར་བོད་ཀྱི་མཐུན་མོངས་མ་ཡིན་པའི་ཁྱད་ཆོས་འབུར་དུ་ཐོན་པ་དང་ཕ་མེས་ཡང་མེས་རྒྱུད་ནས་གཏན་འབེབས་བྱུང་གནང་བའི་ཆོས་སྲིད་ཟུང་འབྲེལ་ནི་ང་ཚོའི་སྲོལ་རྒྱུན་གལ་ཆེན་ཞིག་མ་རེད་དམ་བཞེས་སྤྱི་འཐུས་ཞབས་སྐྱག་ཐོག་སྐུབ་ཞག་མ་མྱོང་མེད་པའི་སྤྱི་འཐུས་མཆོག་ལ་འདྲི་བ་འདི་ཕུལ་འདོད་བྱུང་། ང་ཚོས་གསར་བསྟོད་དང་མཉམ་དུ་སྲོལ་རྒྱུན་རྒྱུན་འཛིན་བྱེད་པའི་ཐབས་ལམ་ཞིག་མེད་པ་ཡིན་ནམ། ལྕམ་སྐུ་ཞབས་ཀྱི་འགྲོ་བཏང་ཡང་མ་ཤེས། བོུ་རང་གི་འགྲོ་བཏང་ཤོར། ཞེས་བོད་ཀྱི་གཏམ་དཔེ་ལྟར་མི་ཡོངས་བའི་ངེས་པ་མེད་པས་བོད་མི་མང་གི་བློ་འདོད་དམ་རེ་བ་གཅོལ་ཡུལ་གྱི་སྤྱི་འཐུས་རྣམས་ནས་ཐུགས་བསམ་ཟབ་བཞེས་དགོས་པའི་རེ་སྨོན་སྙིང་དབུས་ནས་ཞུ་གི་ཡོད། དགོངས་པ་ཟབ་བཞེས་གནང་རོགས་ཁྱོད་རྣམས་ཀྱིས་བཀའ་མོས་ཚིག་འགའ་དང་བོད་ཀྱི་ལས་དབང་འབྲེལ་ནས་ཡོད་པ་མ་བརྗེད་པ་གནང་རོགས།
ཐོག་མར་སྤྱི་འཐུས་གངས་ལྷ་མོར་བཀྲ་ཤིས་བདེ་ལེགས་ཞུ།
དྲ་མཁན་ཚོའི་ཁ་ཉན་རུང་གི་མ་རེད། མི་འདི་རིགས་ཀྱིས་མི་ཤེས་ནའང་ཨུ་ཚུགས་རྒྱག་གི་ཡོད་པ་རེད། བོད་ཀྱི་སྲིད་དབང་སྐྱ་བོར་གསོལ་བསྕལ་གནང་བ་ཙམ་གྱིས་ཆོས་སྲིད་ཟུང་འབྲེལ་མཇུག་བསྡུས་ཡོད་པ་རེད། ད་ལྟ་སེར་མོ་བའི་སྡེ་འདི་གོང་ས་མཆོག་གི་བཞེད་དགོངས་དང་ལམ་སྟོན་གྱི་རྗེས་སུ་འཇུག་གི་ཡིན་ནམ། མུ་མཐུད་དུ་སྡིག་པ་མིག་བཙུམ་བརྒྱབ་ནས་བསྡད་ཀྱི་ཡིན། དྲི་བ་འདི་ལས་ཅང་ལྷག་ཡོག་མ་རེད།
འདིའི་ཆོས་སྲིད་ཟུང་འབྲེལ་ལ་གོ་བ་རགས་རིམ་ཙམ་ཡང་ལོན་ཡོད་ས་མ་རེད།
ངས་མོ་ལོ་གསུམ་བཞིའི་གོང་ནས་གསལ་བོ་ཤེས།མི་ཤེས་ཤེས་ཁུལ།མི་འཇོན་འཇོན་མདོག་ཧམ་པ་ཚ་བོ་ཡོད་ཡ།ལོ་སྔོན་མར་བཀའ་བློན་ཁྲི་བའི་འོས་མི་ལའང་མོ་རང་
ངོས་ནས་ལངས་པ་རེད་་་་་ངོ་མ་་་་ངོ་་་་་་
དཀོན་མཆོག་གིས་མཁྱེན། སྤྱི་འཐུས་ཤིག་གིས་འདི་འདྲའི་ལྐུག་རྟགས་དང་རྨོངས་བཤད་འདི་ལ་ལྟོས་དང། སྤྱིར་ཤེས་བྱའི་གནས་དང་ཁྱད་པར་རང་རེའི་ཆོས་སྲིད་ཀྱི་སྐོར་ལ་གོ་རྟོགས་ཅི་འདྲ་ཡིན་རྗེས་སུ་དཔོགས་མི་ཐུབ་བམ། ད་ལོའི་སྤྱི་འཐུས་རེ་འགའ་ཡང་་་་་་་
བཀུར་འོས་སྤྱི་འཐུས་གངས་ལྷ་མོ་ལགས་འཚམས་ཞུ་དང་འབྲེལ་ཉིད་ནས་འདི་འདྲ་ཞིག་གསུངས་འདུག ༼ཉེ་དུས་༸རྒྱལ་བ་རིན་པོ་ཆེས་ཆབ་སྲིད་ཀྱི་དབང་ཆ་ཡོངས་བོད་མི་ཚོས་ཐད་ཀར་འོས་འདེམས་བྱས་པའི་དབུ་འཁྲིད་རྣམས་ལ་ཁག་བགོས་གནང་བའི་དུས་མཚུངས་སུ། གནའ་ནས་ད་བར་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་ཆབ་སྲིད་ལམ་ལུགས་དངོས་སུ་སྒོ་བརྒྱབ་པ་རེད།༽ ཞེས་པ་དེ་ཚིག་བརྗོད་སྤེལ་སྟངས་ཤིག་མིན་ནམ་ཐེ་ཚོམ་ལྡོག་འཆར་གྱི་བློ་ཞིག་སྐྱེས་ཡོང་།
ཁྱེད་ཀྱི་ཚིག་དོན་དེ་ལ་དྲི་བ་འདི་འདྲ་ཞིག་བློ་ངོར་འཆར་ངེས། ༡ བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གནའ་ནས་ད་བར་གསལ་ཁ་མེད་པའི་སྒོ་ཙམ་བརྒྱབ་ཡོད་མོད་ད་ལྟ་དངོས་སུ་སྒོ་བརྒྱབ་ཡོད་པའི་གོ་བ་ཞིག་དང་། ༢ ཡང་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་༸གོང་ས་མཆོག་གི་འགན་དབང་རྩིས་སྤྲོད་གནང་བ་ནས་དེ་མུར་ཆོས་སྲིད་ཟུང་འབྲེལ་ཡང་རང་བཞིན་གྱིས་ཡལ་འགྲོ་བའི་གོ་དོན་ཞིག ༣ བོད་ཀྱི་ཆོས་སྲིད་ཟུང་འབྲེལ་༸གོང་ས་མཆོག་སྐུ་སྒེར་གྱི་ཡིན་པ་ལྟ་བུའི་གོ་བ་ཤུགས་བརྟེན་པ་ཞིག་ཀྱང་ཡོང་བ་འདུག དེ་བས་གནའ་ནས་ད་བར་ཟེར་དོན་དང་ཚིག་ངོས་དེའི་ཡོངས་ཁྱབ་ལ་འགྲེལ་བརྗོད་ཅི་ཡོད་ལགས།
གངས་ལྷ་མོ་ལགས།
ཁྱེད་མདོ་སྟོད་མིང་གིས་བོད་ཀྱི་སྤྱི་མི་ཞིག་ལ་འདེམས་ཏོན་བྱུང་བ་གུས་བཏུད་ཡོད།
ཡིན་ནའང་གང་ཉིད་ཀྱིས་རྐུབ་དེ་སྤྱི་འཐུས་ཀྱི་རྐུབ་གཏེག་གི་ཐོག་ཏུ་མ་བཙུག་གོང་ནས་
རྣ་བ་མི་འགྲོ་བའི་སྐད་ཆ་འདི་འདྲ་བཤད་ན་བོད་མི་མང་གི་རྣ་་ལ་འགྲོ་ཡོང་ངམ།
ད་ནས་བཟུང་ཆོས་བྱེད་ཀྱི་སྡེ་དང། འཇིག་རྟེན་སྲིད་ལུགས་ཁག་སོ་སོར་བྱེད་དགོས་ཟེར་ན།
དགེ་འདུན་པའི་སྐུ་ཚབ་ཀྱི་འཐུས་མི་དང། འོས་ཤོག་སོགས་ལ་བཀག་འགོག་བྱེད་དགོས་ཟེར་གྱི་ཡོད་རེད་དམ།
དེ་ཡིན་ན་ཁྱེད་ཀྱི་རྐུབ་དེ་སྤྱི་འཐུས་ཀྱི་རྐུབ་གཏེག་གི་ཐོག་ཏུ་ཡུན་རིང་དང་མི་རིང་སུས་ལག་པ་
ཡོད་མེད་དེ་མཁྱེན་དགོས་པ་མིན་ནམ་སྙ མ་མོ།
ཁྱེད་རང་གང་ལྟར་མང་མོས་ཀྱི་སྤྱི་འཐུས་ཤིག་ཆགས་པས་གུས་ཞབས་ལོས་ཞུ། ཡིན་ན་ཡང་གནའ་ནས་ད་བར་གྱི་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་སྒོ་བརྒྱབ་པ་རེད་ཟེར་བ་འདི་༸གོང་ས་༸སྐྱབས་མགོན་ཆེན་པོས་དངོས་སུ་གསུངས་སོང་ངམ། ༸རྒྱལ་བ་རིན་པོ་ཆེས་ཆབ་སྲིད་ཀྱི་ཐུགས་འགན་མ་བཞེས་པ་ཙམ་གྱིས་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ཀྱང་མེད་སོང་བ་ཡིན་ནམ།
འདི་ལྟར་སྒྲུབས་དང་དེ་ལྟར་སོང་ཞིག་ཅེས། ཡང་དག་ལམ་བཟང་སྟོན་པའི་སྤྱི་འཐུས་དཀོན།
ཅི་ཞིག་བྱེད་དགོས་ཇི་ལྟར་བྱ་འོས་ཞེས། བློ་འདྲི་སྐུལ་སློང་བྱེད་པའི་སྤྱི་འཐུས་མང།