བོད་ནས་འབྲེལ་ཡོད་མི་སྣ་ཞིག་གིས་གསར་ལམ་དུ་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡ ཉིན་རྒྱ་ནག་གཞུང་གིས་རང་ལོ་ ༣༤ ཡིན་པའི་མདོ་ཁམས་རྫ་ཁོག་ཐང་འཇུག་གྲོང་སྡེའི་བརྒྱ་དཔོན་བློ་བཟང་དཔལ་ལྡན་འབོད་པ་འཛིན་བཟུང་བྱས་ཏེ་སྡེ་དགེ་རྫོང་ཐོག་ཏུ་བཙོན་འཇུག་བྱས་ཡོད་འདུག ཁོང་འཛིན་བཟུང་བྱས་དོན་ནི། ཐང་འཇུག་གྲོང་ཚོའི་མཆོད་རྟེན་གསར་བཞེངས་ཀྱི་སྣེ་འཁྲིད་སྐབས་ཁོང་གི་སྡོད་ཁང་ཉེ་འདབས་ནས་པང་ལེབ་ཅིག་གི་སྟེང་དུ་བོད་ལ་རང་དབང་དགོས་པ་དང་རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པར་ཤོག ཅེས་བྲིས་པའི་མིང་བཀོད་སྦྱར་ཡིག་ཡོད་པ་དམག་མིས་ཤེས་རྟོགས་བྱུང་འདུག་པ་དང་། རྗེས་སུ་གློ་བུར་དུ་དམག་མི་ཁག་ཅིག་ཁོང་གི་སྡོད་གུར་ནང་དུ་འཛུལ་ཏེ་སྔོག་བཤེར་བྱས་སྐབས། གོང་གསལ་གྱི་སྦྱར་ཡིག་ཐོག་གི་བརྗོད་ཚིག་དང་གཅིག་མཚུངས་ཀྱི་སྦྱར་ཡིག་མང་པོ་རྙེད་སོན་བྱུང་ཡོད་སྟབས། ཁོང་ལ་སྦྱར་ཡིག་བཀྲམས་མཁན་གྱི་ཉེས་མིང་བཙུགས་ཏེ་སྡེ་དགེ་རྫོང་གི་བཙོན་ཁང་ཞིག་ཏུ་བཀག་ཉར་བྱས་ཡོད་ཚུལ་བརྗོད་ཡོད་ལ། ཡང་གནས་ཚུལ་མཁོ་སྤྲོད་པས་བརྗོད་ན། ས་བྱི་ཞི་རྒོལ་ཆེན་མོའི་སྐབས་སུ་རྒྱ་ནག་གཞུང་གིས་རྫ་ཁོག་ཞང་གི་སྐྱ་སེར་ ༢༨ ལྷག་འཛིན་བཟུང་བྱས་ཡོད་པའི་ཁྲོད་ཀྱི་མི་ ༩ ད་ལྟའི་བར་གར་སོང་ཆ་མེད་དུ་གྱུར་ཡོད་པར་མ་ཟད། གྲྭ་བ་གཅིག་འདས་གྲོངས་སུ་གྱུར་ཡོད་ཚུལ་དང་། གྲྭ་བ་ ༥ ད་ལྟའི་ཆར་བཙོན་འཇུག་མནར་གཅོད་འོག་ལྷག་ཡོད་འདུག
གསར་འགོད་པ། དོན་གོ