བཙན་བྱོལ་བོད་གཞུང་དང་བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་གཉིས་ལ་ཁྱད་པར་ཅི་ཞིག་ཡོད།
འབྲོག་མྱི།
དང་ཐོག་དགོས་དབང་གིས་བཙན་བྱོལ་བོད་གཞུང་དང་བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་ཞེས་པའི་མིང་འདི་གཉིས་ལ་ཡིག་ཐོག་གི་གོ་དོན་ལ་འགྲེལ་བཤད་ཅིག་མི་རྒྱག་ཐབས་མེད་རེད།
༡༽བཙན་བྱོལ་བོད་གཞུང།
བཙན་བྱོལ —- ཞེས་པ་ནི་གང་ཟག་སྒེར་དང་ཚོགས་སྡེ། གཞུང་སོགས་རང་ས་རང་ཡུལ་དུ་གནས་ཐབས་བྲལ་ནས་འཇིགས་པ་དང་ཉེན་ཁ་བྱོལ་ཆེད་ས་ཁུལ་གཞན་དུ་སོང་ནས་མུ་མཐུད་ནས་ལས་དོན་གང་ཞིག་གི་རྒྱུན་སྐྱོང་དང་ཡང་ན་འཚོ་གནས་མཐུད་འཛིན་གྱི་འཚོ་ཐབས་ཤིག་ལ་ཟེར།
བོད —- ཞེས་པ་ནི་གནའ་ནས་ད་བར་དུ་རི་བོ་ཧི་མ་ལ་ཡའི་ཤར་རྒྱུད་ཀྱི་མདོ་དབུས་མཐོ་སྒང་དུ་འབོད་པའི་སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་གིས་གྲུབ་པའི་གནས་དེ་རུ་འཚོ་ཞིང་གནས་པའི་ཆོས་དང་རིག་གནས་གཅིག་མཚུངས། སྐད་དང་ཡི་གེ་གཅིག་མཚུངས། ཤ་མདོག་དང་སྐྲ་མདོག་གཅིག་མཚུངས་ཀྱི་མི་ཡི་རིགས་དེའི་སྤྱི་མིང་ངམ་ཡུལ་གྲུ་དེའི་མིང་ཡིན།
གཞུང —-ཞེས་པའི་མཚན་ཉིད་ནི་རྒྱལ་ཁབ་ཅིག་གི་དབང་འཛིན་སྒྲིག་གཞི་ལ་གོ་ཞིང༌། ཐུན་མོང་གི་ཁེ་ཕན་དང་མངོན་འདོད་ལ་སྲུང་སྐྱོབ་དང་མངོན་འགྱུར་ཡོང་སླད། ས་ཁོངས་དབྱེ་བགོས་ངང་གཞི་རྩའི་ཐབས་ལམ་ལྟར་སྒྲིག་འཛུགས་བྱས་པ་དང༌། དྲག་ཤུགས་ལ་རྒྱབ་རྟེན་པའི་ཆབ་སྲིད་དབང་བསྒྱུར་དང་སྤྱི་ཚོགས་དོ་དམ་གྱི་སྒྲིག་འཛུགས།
༢༽བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས།
བཙན་བྱོལ་ཞེས་པ་གོང་དང་མཚུངས།
བཙན་བྱོལ་བོད་མི —-ཞེས་པ་ནི་བོད་ཡུལ་ཕྱི་རོལ་གྱི་རྒྱལ་ཁབ་དང་ཡུལ་གྲུ་ཁག་ན་བཙན་བྱོལ་གྱི་ངོ་བོར་གནས་སྡོད་བོད་མི་ཡོངས་ལ་གོ་ཞིང༌། ཁ་གསལ་ནས་བཤད་ན་བཙན་བྱོལ་ཁྲོད་ཀྱི་བོད་མི་འབུམ་གཅིག་དང་ཁྲི་ལྔ་ལ་གོ་རྒྱུ་ལས་བོད་ནང་གི་བོད་མི་ས་ཡ་དྲུག་ལ་མི་གོ
བོད་མི་—-ཞེས་པ་ནི་གནའ་ནས་ད་བར་དུ་རི་བོ་ཧི་མ་ལ་ཡའི་ཤར་རྒྱུད་ཀྱི་མདོ་དབུས་མཐོ་སྒང་དུ་འབོད་པའི་གནས་དེ་རུ་འཚོ་ཞིང་གནས་པའི་ཆོས་དང་རིག་གནས་གཅིག་མཚུངས། སྐད་དང་ཡི་གེ་གཅིག་མཚུངས། ཤ་མདོག་དང་སྐྲ་མདོག་གཅིག་མཚུངས་ཀྱི་མི་ཡི་རིགས་དེའི་སྤྱི་མིང་རེད།
སྒྲིག་འཛུགས་ཞེས་པའི་ཁྱབ་ཆེ་བའི་གོ་དོན།
རྒྱུ་རྐྱེན་མང་པོ་ཞིག་བྱེད་ཐབས་ངེས་ཅན་ཞིག་གིས་ཕྱོགས་གཅིག་ཏུ་སྒྲིལ་བའི་མ་ལག
སྒྲིག་འཛུགས་ཞེས་པའི་ཁྱབ་ཆུང་བའི་གོ་དོན།
མི་རྣམས་ཀྱིས་དམིགས་ཡུལ་གང་ཞིག་མངོན་དུ་འགྱུར་སླད་ཕན་ཚུན་མཉམ་གཅིག་ཏུ་སྦྲེལ་ནས་གྲུབ་པའི་ཚོགས་པ་དང་ཤོག་ཁག་སྟེ། དཔེར་ན་ཚོགས་པ་སྐྱིད་སྡུག་ལྟ་བུའོ།
བཙན་བྱོལ་བོད་གཞུང —-ཞེས་པ་ནི་བཙན་བྱོལ་གྱི་ངོ་བོར་གནས་ཤིང་བོད་དགའ་ལྡན་ཕོ་བྲང་གི་རྒྱུན་དང་བོད་རྒྱལ་ཁབ་གྱི་ལོ་རྒྱུས་ཀྱི་རྒྱུན་སྐྱོང་པའི་བོད་མི་དམངས་ཀྱི་ཁྲིམས་མཐུན་གྱི་གཞུང་སྟེ། ལྷ་ས་ནས་ལྷུན་རྩེ། ལྷུན་རྩེ་ནས་མ་སུ་རི། མ་སུ་རི་ནས་རྡ་རམ་ས་ལར་མཐུད་སྤོར་གྱིས་ཡོང་བའི་གཞུང་དེ་བཞིན་དམའ་རིམ་དམངས་གཙོ་ནས་མཐོ་རིམ་དམངས་གཙོའི་ལམ་ལུགས་སྒང་གོམ་པ་རིམ་བགྲོད་ཀྱིས་འཁོར་བསྐྱོད་བྱེད་ཀྱིན་པའི་དེང་གི་གཞུང་འདིར་གོ
བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས།
བཙན་བྱོལ་ཁྲོད་ཡོད་པའི་བོད་མི་རྣམས་ཀྱི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོབ་ཆེད་ཕན་ཚུན་མཉམ་གཅིག་ཏུ་སྒྲིལ་བའི་སྐྱིད་སྡུག་གམ་སྒྲིག་འཛུགས་ལ་གོ
|
འདྲ་ས། |
མི་འདྲ་ས། |
ཤིན་ཏུ་མི་འདྲ་ས། |
ཁྱད་པར། |
ངོ་བོ། |
ཁྱབ་རྒྱ། |
བཙན་བྱོལ་བོད་གཞུང་། |
བཙན་བྱོལ། |
བོད་མི། |
བོད། |
གཞུང༌། |
བོད་ཀྱི་ལོ་རྒྱུས་ཀྱི་རྒྱུན་སྐྱོང་བའི་ཁྲིམས་མཐུན་གྱི་གཞུང༌། |
ཆེ། |
བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས། |
བཙན་བྱོལ། |
བཙན་བྱོལ་བོད་མི། |
བོད་མི། |
སྒྲིག་འཛུགས། |
བཙན་བྱོལ་བོད་མིའི་ཁེ་ཕན་སྲུང་སྐྱོང་གི་སྒྲིག་འཛུགས། |
ཆུང༌། |
བོད་དང་བོད་མི་ཞེས་པའི་མང་ཚིང་འདི་གཉིས་ལ་རྩ་བའི་ཁྱད་པར་ཆེ། བོད་ཅེས་ཚེ་ཕྱི་སྣོད་ཀྱི་བོད་ཁམས་ཆགས་སའི་ས་སྒང་དང་བོད་ཡུལ་དུ་འཚོ་ཞིང་གནས་པའི་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་གཅིག་ཏུ་བསྡུས་པའི་སྤྱི་མིང་ཡིན། བོད་མི་ཞེས་ཚེ་ཕྱི་སྣོད་ཀྱི་བོད་ཁམས་ཆགས་སའི་ས་སྒང་དོར་བ་མ་ཟད། ནང་བཅུད་ཀྱི་སེམས་ཅན་ལས་ཀྱང་འགྲོ་བ་མིའི་རིགས་ཀྱི་བོད་མི་ཁོ་ན་ལས་མི་གོ དཔེར་ན། མི་རིགས་རང་སྐྱོང་དང་མི་རིགས་ས་ཁོངས་རང་སྐྱོང་ལྟ་བུའོ།
བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་ཞེས་པར་འདི་ལྟ་བུའི་འགྲེལ་བཤད་ཀྱང་རྒྱག་སྲིད། ང་ཚོ་ད་ལྟ་ཡུལ་གྱར་བའི་ངོ་བོར་གནས་པས་བཙན་བྱོལ་དང་། གཞིས་བྱེས་བོད་མི་ཡོངས་ཀྱི་གཞུང་ཡིན་པས་བོད་མིའི་གཞུང་། རྒྱ་གར་གཞུང་སོགས་ལ་སྟབས་བསྟུན་ཆེད་སྒྲིག་འཛུགས་ཞེས་པའི་མིང་ཚིག་དེ་བེད་སྤྱོད་བཏང་བ་ཡིན། དེ་ལྟ་ན། བོད་མིའི་གཞུང་ཡིན་པ་བདེན་ན་རྗེས་སུ་སྒྲིག་འཛུགས་ཞེས་པའི་མིང་ཚིག་ཅིག་སྦྱོར་དགོས་དོན་ཅི་ཡིན་ནམ། གཞིས་བྱེས་བོད་མི་ཡོངས་ཀྱི་གཞུང་ཡིན་ན་བོད་དང་གཞུང་གི་བར་དུ་མི་ཞེས་པའི་མིང་ཚིག་ཅིག་སྦྱོར་དགོས་དོན་གང་ཡིན། རྒྱ་གར་ལ་བསྟུན་ཆེད་དབྱིན་ཇིའི་ནང་Administration ཞེས་པ་ལས་Government ཞེས་བཏགས་མེད་པ་མ་ཡིན་ནམ།ཐ་ན་རྒྱ་ནག་གཞུང་གིས་ཀྱང་བཙན་བྱོལ་བོད་གཞུང་ཟེར་བ་དེ་ཞེས་ངོས་ལེན་མེད་པ་མཚོན་ཡོད་ཀྱང་། བོད་གཞུང་དེ་བཙན་བྱོལ་གྱི་ངོ་བོར་གནས་ཡོད་པ་ཕུགས་སུ་བསྟན་ཡོད། ང་ཚོ་རང་གིས་བཙན་བྱོལ་བོད་གཞུང་དེ་བོད་མིའི་ཁྲིམས་མཐུན་གྱི་གཞུང་ཡིན་པར་ངོས་ལེན་མི་བྱེད་དོན་ཧ་མི་གོ་ནི་ཞིག་རེད།
བཙན་བྱོལ་བོད་གཞུང་དེ་ནི་བོད་རྒྱལ་ཁབ་ཀྱི་མཚོན་དོན་དང་བོད་མི་ཡོངས་ཀྱི་སྐུ་ཚབ་ཡིན་པའི་ཚུལ་དེ་ཅུང་ཤེད་ཆེན་པོས་སྟོན་རྒྱུར་དགོས་དབང་ཆེན་པོ་འདུག་སྙམ།
རྩ་ཁྲིམས་དང་བཅའ་ཁྲིམས་ནི་ཚིག་གི་རྩེད་མོ་རྩེད་ས་མིན་པ་དང་གཅིག རྩ་ཁྲིམས་སམ་བཅའ་ཁྲིམས་ནི་རྒྱལ་ཁབ་ཅིག་གི་གཞི་རྩའི་ཁྲིམས་ལུགས་ཡིན་པས་ཡིན་ན་ཡིན་དང་མིན་ན་མིན་ཞེས་གསལ་བོ་ཡིན་དགོས་པ་དང་གཉིས། གཞུང་ཡིན་ན་སྒྲིག་འཛུགས་ཡིན་པས་ཁྱབ་མོད་སྒྲིག་འཛུགས་ཡིན་ན་གཞུང་ཡིན་པའི་མི་ཁྱབ་པ་དང་གསུམ་བཅས་ཀྱི་དབང་གིས་ཀྱང་སྒྲིག་འཛུགས་ཞེས་པའི་ཚིག་དེ་ཕ་རོལ་བའི་རེ་བ་བསྐོང་རྒྱུ་ཁོ་ནར་དམིགས་ནས་རང་ཉིད་རོ་སྒམ་ནང་འཇུག་སྟངས་འདི་ནི་ཤིན་ཏུ་མི་འོས་པ། མི་འཚམས་པ། མི་རུང་བ་ཞིག་རེད་སྙམ།
གཞུང་གི་སྒྲིག་འཛུགས་ཞེས་ཚེ་གཞུང་ཞེས་པའི་ཐ་སྙད་ཅིག་ཡོད་པ་དང་སྒྲིག་འཛུགས་ཞེས་པའི་ཐ་སྙད་ཅིག་ཀྱང་ཡོད་པས། གཞུང་གང་ཡིན་སྒྲིག་འཛུགས་གང་ཡིན། གཞུང་དང་སྒྲིག་འཛུགས་གཉིས་ངོ་བོ་གཅིག་ཡིན་ཞེ་ན། དོན་དམ་པའི་གཞུང་ཡིན་པ་བདེན་ནམ་སྒྲིག་འཛུགས་ཡིན་པ་བདེན། གཞུང་ཡིན་ན་སྒྲིག་འཛུགས་སྦྱོར་དགོས་དོན་མེད། སྒྲིག་འཛུགས་ཡིན་ན་གཞུང་ཞེས་པའི་ཐ་སྙད་དེར་ནུས་པ་ཡོད་དམ་མེད། རྒྱུ་མཚན་ནི། གཞུང་ཡིན་ན་སྒྲིག་འཛུགས་ཡིན་པས་ཁྱབ་ཀྱང༌། སྒྲིག་འཛུགས་ཡིན་ན་གཞུང་ཡིན་པའི་མི་ཁྱབ།
གཞུང་ཞེས་པའི་ཐ་སྙད་དེ་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་། དོན་གྱིས་སྒྲིག་འཛུགས་རེད། དེ་འདྲ་ཡིན་ན་རྙོག་དྲ་ཆེན་པོའི་ཁ་ཕྱེས་པ་རེད་སྙམ། གང་ཡིན་ཞེ་ན། ང་ཚོས་བདམས་པའི་བཀའ་བློ་ཁྲི་བ་དེ་སུ་ཡི་བཀའ་ཁྲི་ཡིན། སྤྱི་འཐུས་རྣམས་ནི་སུ་ཡི་འཐུས་ཚབ་ཡིན་སོགས་མང་པོ་ཞིག་ལ་འགྲེལ་བཤད་མེད་པར་ཆགས་མི་འགྲོའམ། ཚང་མས་ཤེས་གསལ་ལྟར་ཚོགས་པ་སྐྱིད་སྡུག་ཅིག་ལ་ཚོགས་གཙོ་ཚོགས་གཞོན་དང་རྒྱུན་ལས་ལས་བཀའ་བློན་དང་འཐུས་མི་མེད།
༣༽རང་གིས་རང་ཉིད་ཀྱི་རྒྱ་ཇེ་ཆུང་དང་ཚད་ཇེ་དམར་བཏང་བ།
ཕྱི་ལོ ༢༠༡༡ལོའི་ཟླ ༤བའི་ཚེས ༢༡ཉིན། བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་རྒྱའི་སྟེང་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གིས་བཏོན་པའི་༼བཅའ་ཁྲིམས་བསྐྱར་བཅོས་ཀྱི་འཆར་ཟིན་བསྡུས་པ་ཞེས་པའི༼བཅའ་ཁྲིམས་བསྐྱར་བཅོས་ཀྱི་རགས་ཟིན་དང་པོའི་བཞི་པ་ནས་ཟུར་བཏོན་དོན་ཚན་ཁག༽ནང་བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་ཞེས་པའི་མིང་ངམ་འབོད་ཚུལ་གསར་བ་འདི་ཐོག་མར་མཐོང་དུས་ང་ལ་གང་ཟེར་ཅི་ཟེར་མི་ཤེས་པ་དང་། གང་ཡིན་འདི་ཡིན་མི་ཤེས་པའི་མགོ་མི་ཚོས་པའི་ཚོར་བ་ཞིག་རང་བཞིན་ངང་གིས་སྐྱེས། རྒྱུ་མཚན་ནི་གནའ་ནས་ད་བར་མིག་ལ་རན་ཞིང་རྣ་བར་བྱང་བའི་བཙན་བྱོལ་བོད་གཞུང་ཞེས་པའི་འབོད་ཚུལ་དེ་ཧ་ཅང་གི་གསལ་བོ་རེད། ༡༽ བོད་མིའི་གཞུང་ཡིན་པ་དང༌། ༢༽རྒྱ་ནག་གི་བཙན་དབང་འོག་རང་ས་དང་ཁ་བྲལ་ནས་བཙན་བྱོལ་གྱི་ཚུལ་དུ་གནས་ཡོད་པ། ༣༽གཞུང་ཞིག་སྟེ་གཞུང་གཞན་དག་ཇི་བཞིན་བྱ་རྒོད་པོ་ཞིག་ལ་ཇི་ཚང་བྱ་བྱེའུ་ཞིག་ལའང་དེ་ཚང་གི་དཔེ་ལྟར་དོན་ལྔ་སྣོད་དྲུག་ཁ་ཚང་ལྡན་ཡོད།
བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་ཞེས་པར་སྒྲིག་འཛུགས་ཞེས་པའི་མིང་ཚིག་དེ་བསྣན་འདུག དེ་འདྲ་བརྗེ་དགོས་དོན་གྱི་དགོས་པ་རྒྱུ་མཚན་དང་འགྲེལ་བཤད་སོགས་མཐོང་ཐོས་མེད། འོན་ཀྱང་། མ་མཐའ་ཡང་འདི་ལྟ་བུའི་ཚོར་སྣང་འགའ་བསྐྱེད་ཡོང་གི་འདུག
༡༽བཙན་བྱོལ་བོད་གཞུང་དེ་བཞིན་མི་གསལ་བ་དང༌། མག་མོག ཧ་གོ་རྒྱུ་མེད་པར་གྱུར་འདུག་པ།
༢༽བཙན་བྱོལ་བོད་གཞུང་ཞེས་ཚེ་གསལ་བོ་གསལ་རྐྱང་རེད། གཞུང་གི་རྗེས་སུ་སྒྲིག་འཛུགས་ཤིག་བསྣན་པ་དེ་ནི་ཁ་ལྷག་ཞིག་དང༌། འདོ་རིག་རྟ་བོར་ར་ཅོ་དང་དགོས་མེད་དོན་མེད་རྙོག་བཟོ་ལས་མ་འདས།
༣༽བཙན་བྱོལ་བོད་གཞུང་ཞེས་པའི་འབོད་ཚུལ་ལམ་མིང་དེ་ལས་རྒྱ་ཇེ་ཆུང་དང༌ཚད་ཇེ་དམའ་རུ་བཏང་ཡོད་པ་མ་ཟད། མིའི་ཚོར་བར་ཚོགས་པ་སྐྱིད་སྡུག་ཅིག་ལས་ཅི་ཡང་བསྐྲུན་ཐུབ་ཀྱི་མི་འདུག
༤༽འདི་ལྟ་བུའི་འགྱུར་བ་དེ་རྒྱུ་མཚན་དང་དགེ་བ་གང་ཞིག་ལ་དམིགས་པ་མི་ཤེས་མོད། ཚོད་དཔག་ཅིག་བྱས་ན། གལ་སྲིད་གཞུང་ཞེས་པའི་འབོད་ཚུལ་དེའི་ཚབ་ཏུ་སྒྲིག་འཛུགས་ཞེས་ཚོགས་པ་སྐྱིད་སྡུག་ལྟ་བུའི་སྣང་བརྙན་ཞིག་བསྐྲུན་དོན་ནི་མ་འོང་པར་རྒྱ་ནག་གཞུང་དང་གྲོས་མོལ་དང་འབྲེལ་འདྲིས་ལ་ཆ་རྐྱེན་སྐྲུན་ཆེད་མིན་ནམ་བསམ་པའི་དོགས་པ་ཡོད།
གལ་ཏེ་རྒྱ་ནག་གི་གནོན་ཤུགས་བཞིན་ཆ་རྐྱེན་སྐྲུན་པ་ཡིན་ཚེ། འོ་ན་དེ་རིང་བཙན་བྱོལ་བོད་གཞུང་ཞེས་མི་འབོད་པར་བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་ཞེས་འབོད་པ་དང༌། སང་ཉིན་གཞུང་ཞེས་པའི་ཡི་གེ་དེའང་བླངས་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཞེས་བཏགས་ན་རྒྱ་ནག་གཞུང་གིས་ང་ཚོ་དང་མཉམ་དུ་གྲོས་མོལ་བྱ་སྲིད་དམ། རྒྱ་ནག་གཞུང་གིས་ང་ཚོའི་གནས་སྟངས་ངོས་ལེན་བྱ་སྲིད་དམ་ཞེ་ན། བཙན་བྱོལ་བོད་གཞུང་དང་རྒྱ་ནག་གཞུང་གཉིས་བར་གྱི་གནད་དོན་དེ་མིང་ཞིག་གམ་འབོད་ཚུལ་ཞིག་ལ་རྩ་བ་ཉིད་ནས་རག་ལས་མེད་ལ། གཞུང་ཞེས་པ་དེ་སྒྲིག་འཛུགས་ལ་བསྒྱུར་རྒྱུར་དེ་བས་ཀྱང་ཐུག་མེད། ང་ཚོས་འབོད་ཚུལ་ཅི་ཞིག་འདེམས་ཀྱང་རྒྱ་ནག་སྲིད་དབང་གིས་མ་གཞི་ནས་བཙན་བྱོལ་བོད་གཞུང་ངོས་ལེན་བྱས་མེད་པ་མ་ཟད། ༧གོང་ས་རྒྱལ་བ་རིན་པོ་ཆེ་བོད་མའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཡིན་པའི་གོ་ས་དེའང་ངོས་ལེན་བྱས་མེད། དངོས་ཡོད་གནས་སྟངས་འདི་ནི་ད་བཟོད་གཞི་རྩའི་གནད་དོན་རེད། རྒྱུ་མཚན་ནི་རྒྱ་ནག་སྲིད་དབང་འདིས་མུ་མཐུད་ནས་བོད་ལ་དབང་བསྒྱུར་དང་མི་སེར་སྤེལ་པའི་དབང་སྒྱུར་བྱ་འདོད་ཡོད་པས། རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་སྐུ་ཚབ་དང་གྲོས་མོལ། འབྲེལ་འདྲིས་སོགས་བྱས་པ་དེ་ནི་དུས་ཚོད་འགོར་འགྱངས། གཡོ་སྒྱུ་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་མགོ་གཡོག་ཐབས་ཁོ་ན་རེད། ལྷག་པར་དུ་ཨ་རི་དང་ཡོ་རབ་སྒྲིག་འཛུགས་ཀྱི་སྐྱོན་བརྗོད་འཇགས་ཐབས་སུ་ཐེངས་གཅིག་གཉིས།……. དགུ་བཅུ་ལ་གྲོས་མོལ་བྱས་པ་ཡིན་ཞེས་འཛམ་གླིང་མི་དམངས་ལ་མགོ་གཡོག་མགོ་སྐོར་བཏང་དང་གཏོང་གིན་ཡོད།
རྒྱ་ནག་ལ་མཚོན་ན་གྲངས་ཀ་ལས་སྤུས་ཀ་དགོས་ཀྱིན་མེད་པ་དང༌། རྣམ་པ་ལས་གྲུབ་འབྲས་དགོས་ཀྱིན་མེད། རྒྱུ་མཚན་ནི་གྲོས་མོལ་བྱས་པ་ཙམ་གྱིས་རྒྱ་ནག་གཞུང་ལ་མཚོན་ན་རྒྱལ་ཁ་ཞིག་ཡིན། ཡང་ཕྱོགས་གཞན་ཞིག་ནས་བཤད་ན་ང་ཚོས་རྒྱ་ནག་དང་ལག་རྡང་གིས་འཛམ་གླིང་མི་དམངས་ལ་མགོ་སྐོར་གཏོང་གིན་ཡོད།
༤༽བདེན་དོན་གཉིས་ལ་ཡིད་ཆེས་དང་ཁྱབ་སྤེལ།
དེ་རིང་བཙན་བྱོལ་བོད་གཞུང་དང་རྒྱ་ནག་གཞུང། བོད་པ་ཕལ་མོ་ཆེ་དང་རྒྱ་ནག་གཞུང་གི་བླུན་བསྒྱུར་འོག་ཚུད་པའི་བོད་མི་ཁེ་བཟང་ཚོགས་སྡེ་བར་གྱི་གཞི་རྩའི་འགལ་ཟླ་ནི་བོད་མི་དམངས་ཀྱི་གདམ་ཀའི་ཐོབ་ཐང་ལ་བརྩི་བཀུར་བྱེད་མིན་ཐུག་ཡོད། དེ་རིང་རྒྱ་ནག་པ་ཚོས་ཀྱང་འདེམས་བསྐོའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང༌། གསར་འགྱུར་དང་ཆོས་ལུགས་དད་མོས་རང་དབང་སོགས་དགོས་པའི་རེ་འདུན་བཏོན་དང་འདོན་གྱིན་པའི་སྐབས་ཡིན་མོད། བོད་ནང་བོད་མི་ཚོའི་གཞི་རྩའི་ཡོངས་ཁྱབ་རིན་ཐང་བཙན་འཕྲོག་བྱས་ཡོད་པས། གནས་ཚུལ་མང་པོ་ཞིག་ཤེས་འདོད་ཀྱང་ཤེས་ཐབས་མེད། སྐད་ཆ་མང་པོ་ཞིག་བཤད་འདོད་རུང་བཤད་ས་མེད། དེ་བས། རང་དབང་ཡུལ་གྲུ་ན་ཡོད་པའི་བཙན་བྱོལ་བོད་གཞུང་གིས་ང་ཚོ་ལ་ཡོད་པའི་བདེན་དོན་དེ་ཤེད་ཆེན་པོས་བསྒྲགས་དགོས། བདེན་དོན་དེ་ནི་ང་ཚོ་ལ་རང་བྱུང་གིས་ཡོད་པ། གདོད་མ་ནས་ཡོད་པ། ལོ་རྒྱུས་དེབ་ཐར་དུ་ཡོད་པའི་བདེན་དོན་གཉིས་ལ་ཟེར་གྱིན་ཡོད།
དེ་དག་ནི།
གཅིག༽ ལོ་རྒྱུས་སྟེང་དུས་ནམ་ཡང་རྒྱ་ནག་གི་ཆ་ཤས་མིན་པར། བོད་ནི་རང་དབང་སྒེར་ཚུགས་ཅན་གྱི་རྒྱལ་ཁབ་ཅིག་ཡིན་པའི་བདེན་དོན།
གཉིས་པ༽ བོད་མི་ས་ཡ་དྲུག་པོར་༧སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་ཕྱིར་བོད་དུ་མྱུར་དུ་ཕེབས་རྒྱུ་དང༌། མི་སེར་སྤེལ་བའི་དབང་བསྒྱུར་མཇུག་སྒྲིལ་རྒྱུ། མ་འོང་པར་མི་སེར་སྤེལ་བའི་དབང་བསྒྱུར་རིགས་གཅིག་ཀྱང་ངོས་ལེན་མི་བྱེད་པར། དོན་དམ་པའི་རང་དབང་སྒེར་ཚུགས་ཀྱི་སྔར་ཡོད་ཐོབ་ཐང་སླར་གསོ་བྱ་རྒྱུའི་རེ་སྨོན་ཡོད་པའི་བདེན་དོན་བཅས་ཡིན།
བདེན་དོན་འདི་གཉིས་ནུས་སྟོབས་དང་ཐོན་ཁུངས་ཡོད་ཚད་བཀོལ་ནས་ཁྱབ་སྤེལ་བྱ་རྒྱུ་ལས་ང་ཚོར་ངོས་ལེན་མི་བྱེད་པ་མ་ཟད། ལྷག་བསམ་སྤུ་རྩེ་ཙམ་མེད་པའི་རྒྱ་ནག་དམར་པོའི་གཞུང་དང་འབྲེལ་བ་དང་གྲོས་མོལ་བྱ་ཆེད་འཕྲོ་བརླག་ཏུ་མི་གཏོང་རྒྱུ་དེ་རེད།
གལ་སྲིད་བཙོན་བྱོལ་བོད་གཞུང་གི་དབུ་ཁྲིད་ཚོས་གཞིས་སྡོད་བོད་མི་ཚོ་མོས་མཐུན་ཡོད་མེད་ལ་མ་བལྟས་པར། བཙན་བྱོལ་བོད་གཞུང་ཞེས་པའི་གདོད་མའི་མིང་འདིའང་བསྒྱུར་ནས། རྒྱ་ནག་དམར་པོའི་གཞུང་དང་གྲོས་མོལ་བྱ་རྒྱུར་ཆ་རྐྱེན་སྐྲུན་པ་ཡིན་ན། དེ་ནི་ཆེས་བློ་ཡུལ་ལས་འདས་པ་ཞིག་དང༌། བློ་ཕམ་དགོས་པའི་གནས་ཚུལ་ཞིག་ཏུ་ཅི་ནས་ཀྱང་གྱུར་སྲིད། དེ་དང་ཆབས་ཅིག་བོད་དོན་གྱི་མ་འོང་མདུན་ལམ་དེའང་དེའི་རྐྱེན་གྱིས་མག་མོག་ཏུ་སོང་ཡོད་པས་སེམས་ཁྲེལ་མི་བྱེད་རང་བྱེད་རེད།
༥༽སྟག་ལ་སྟག་ལྤགས་སློང་བ།
འོ་ན་བཙན་བྱོལ་བོད་གཞུང་ཞེས་པའི་མིང་དེ་བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་སུ་བསྒྱུར་བ་ཙམ་གྱིས་རྒྱ་ནག་གཞུང་གིས་དོན་དམ་པའི་གྲོས་མོལ་བྱ་སྲིད་དམ་ཞེ་ན། དེ་ནི་རྩ་བ་ཉིད་ནས་ཡོང་མི་སྲིད་པས་ཕལ་ཆེར་རེ་སྟོང་རེད། ཚུལ་དེ་ནི་རྒྱའི་གཏམ་དཔེ་རུ་སྟག་ལ་སྟག་ལྤགས་སློང་པ་དང་གཉིས་སུ་མ་མཆིས།
འདས་པའི་ལོ་ངོ་བཅུའི་རིང་ང་ཚོས་རྒྱ་ནག་གཞུང་དང་མཉམ་དུ་གྲོས་མོལ་ཐེངས་དགུ་ལ་བྱས་པ་མ་ཡིན་ནམ། དོན་དམ་པའི་གཞི་རྩའི་གནད་དོན་ཐད་གྲུབ་འབྲས་ཁབ་ཀྱི་རྩེ་མོ་ཙམ་ཡང་མེད་པ་དངོས་ཡོད་གནས་ཚུལ་རེད། གྲུབ་འབྲས་ཐོན་དང་མ་ཐོན་པའི་ཐད་ང་ཚོས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ལས་རང་སྟེང་གི་སྐྱོན་ཆ་དང་ཞན་ཆ་ལ་འདང་རྒྱག་ཨེ་མྱོང༌། མྱོང་ཡོད་པའི་དབང་དུ་བཏང་ཡང་བྱེད་ལུགས་བྱ་ཐབས་ལ་འགྱུར་བ་བཏང་ཨེ་ཡོད། ནན་གྱིས་བཤད་ན་ང་ཚོའི་སྐྱོན་ཆ་ཅིའི་ཕྱིར་མིན། ནོར་འཁྲུལ་གྱིས་ཕ་རོལ་པར་ཚོད་དཔག་བྱས་པ་མ་ཟད་ནོར་འཁྲུལ་གྱིས་ཐག་གཅོད་ཀྱང་བྱས་ཡོད་པས་ཡིན།
སྤྱང་ཀི་དང་ཞི་བདེ་མཉམ་གནས་བྱ་རྒྱུ་ཡིན་ཞེས་པ་དེ་ནི་བྱིས་བློའི་ངང་ཚུལ་རང་རེད། སྤྱང་ཀི་དེས་དང་ཐོག་བོད་ལ་བཙན་འཛུལ་བྱས། དེ་ནས་བོད་ས་ཡོངས་རྫོགས་བཙན་འཕྲོག་བྱས། དེ་ནས་བོད་ཀྱི་ས་སྟེང་གི་སྐྱེ་དངོས་དང་སའི་འོག་གི་གཏེར་ཁ་བཙན་འཕྲོག་བྱས། དེ་ནས་བོད་ཀྱི་ཆོས་དང་རིག་གནས་རྨེག་མེད་དུ་བཏང༌། དུས་དེ་རིང་ད་དུང་མི་སེར་སྤེལ་བའི་དབང་བསྒྱུར་བྱེད་མུས་སུ་ཡིན། ཇི་ལྟར་སྤྱང་ཀི་དང་མཉམ་གནས་བྱ་རྒྱུ་ཡིན། སྤྱང་ཀི་སེམས་བཟང་ཅན་ལ་རེ་སྒུག་བྱས་ཡོད་དམ། སེམས་པ་བཟང་བོ་ཡོད་ཚེ་དེ་སྤྱང་ཀི་མིན།
ང་ཚོས་སེམས་བསམ་པའི་གཏིང་ནས་། བདེན་པ་བདེན་དྲང་གིས། བོད་མིའི་འདོད་བློ་དངོས་དེའི་ཆེད་དུ་འཐབ་རྩོད་མི་བྱེད་པར། བོད་མིའི་མི་རིགས་ཀྱི་འདུ་ཤེས་སྐྱེ་ཐབས་སུ་ཐབས་ཇུས་མི་འཚོལ་བར། བོད་མི་རྟོགས་པ་ལས་སད་རྒྱུར་ཡར་སྐུལ་མི་བྱེད་པར། རྒྱལ་སྤྱིའི་སྤྱི་ཚོགས་ལ་བོད་ཀྱི་བདེན་དོན་གཉིས་མི་བསྒྲག་པར། དགྲ་གྲོགས་མི་འབྱེད་པར། གྲ་སྒྲིག་མེད་པའི་ངང་རྒྱ་ནག་དམར་པོར་གཞུང་དང་གྲོས་མོལ་བྱ་རྒྱུ་ཁོ་ནར་འབད་བརྩོན་དང་རེ་འདུན་བཅོལ་བ་དེ་ནི་གཞི་རྩའི་ཁ་ཕྱོགས་ནོར་བ་རེད། འདས་པའི་ལོ་ཟླའི་ཁྲོད་བགྲང་ལས་འདས་པའི་གཞུང་འབྲེལ་ཡིན་མིན་གྱི་འབྲེལ་འདྲིས་ལས་བདེན་དཔང་བྱས་ཡོད་པར་སྙམ།
དེ་རིང་ང་ཚོས་མིང་བརྗེས་ནས་སྒྲིག་འཛུགས་ཁོ་ན་ལས་མ་ལྷག་ན་ཡང་གྲོས་མོལ་ལ་དོན་དམ་པའི་འབྲས་བུ་བྱུང་མི་སྲིད། ཅིའི་ཕྱིར་ཞེ་ན། རྒྱ་ནག་གཞུང་གིས་དེ་སྔོན་ནས་གསལ་བོ་བཤད་ཡོད། པེ་ཅིན་གཞུང་གིས་ཏཱ་ལའི་བླ་མ་བོད་ཀྱི་དབུ་ཁྲིད་ཡིན་པའི་གོ་གནས་དེར་ངོས་ལེན་མེད། བཙན་བྱོལ་བོད་གཞུང་ཟེར་བ་ཞིག་ཡོད་པ་ངོས་ལེན་མེད། བོད་དོན་ཞེས་པ་ཞིག་ཡོད་པར་ངོས་ལེན་མེད། བོད་རང་སྐྱོང་ཞེས་པ་དེའང་རྒྱ་ནག་དམར་ཤོག་ཚོགས་པའི་དབུ་ཁྲིད་འོག་གི་བོད་རང་སྐྱོང་ལྗོངས་ཡིན་ཞེས་བརྗོད་ཡོད། ཁ་གསལ་ནས་བཤད་ན་བོད་མིའི་ངེས་པར་དུ་རྒྱ་ནག་དམར་ཤོག་ཚོགས་པའི་མི་སེར་སྤེལ་པའི་དབང་བསྒྱུར་ལ་ངོས་ལེན་བྱེད་དགོས་པ་དེ་རེད།
༦༽ཁ་ཕྱོགས་གཏན་འཁེལ་བྱ་དགོས།
དེ་ན་ང་ཚོས་ཇི་ལྟར་བྱས་ན་ད་བཟོད་རེ་བ་ཡོད་ཅེ་ན། གཙོ་བོ་ཁ་ཕྱོགས་ལ་རག་ལས་ཡོད་པར་སྙམ།
དུས་ནམ་ཡང་རྒྱ་ནག་དམར་པོའི་དབུ་ཁྲིད་ཚོས་གསོལ་རས་གནང་ཨེ་ཡོང་དང༌། ཁོང་ཚོར་འགྱུར་བ་ཐེབས་ཨེ་ཡོང་བར་རེ་བ་མི་བཅངས་པར། རེ་བ་ཡོད་ཚད་བོད་མི་ས་ཡ་དྲུག་གི་རྟོགས་སད་ལ་བཅངས་དགོས།
བཙན་བྱོལ་བོད་གཞུང་གིས་རྒྱ་རིགས་ཤེས་ལྡན་མི་སྣར་རེ་བ་ཆེན་པོ་བཅོལ་ཡོད་པ་འདྲ། རྒྱ་རིགས་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་ཐོབ་པ་དང་བོད་དོན་ལ་ངེས་ཤེས་སྐྱེ་ན་དངོས་གནས་བཟང་བོ་རེད། ཡིན་ན་ཡང། དེ་འགག་རྩ་མ་རེད། འགག་རྩ་ནི་བོད་མི་རིགས་ཀྱི་རྟོགས་པ་སད་རྒྱུ་དེ་རེད། ནང་སྒོས་སུ་བོད་རིགས་ཤེས་ལྡན་མི་སྣའི་རྟོགས་སད། གོང་ནས་བརྗོད་པ་ཇི་བཞིན་བདེན་དོན་དེ་གཉིས་ཁྱབ་སྤེལ་བྱ་རྒྱུ་དེ་གལ་ཆེན་ནང་གི་འགངས་ཆེན་རེད་བསམ་བྱུང༌། དེ་བས། བཙན་བྱོལ་བོད་གཞུང་གིས་ཁ་ཕྱོགས་དེ་བདེན་དོན་དེ་གཉིས་ཁྱབ་སྤེལ་དང་བདེན་དོན་དེ་གཉིས་སྟོབས་ཤུགས་ཡིན་པར་ཡིད་ཆེས་བྱ་རྒྱུ་ལས་གྲོས་མོལ་ལ་ཆ་རྐྱེན་སྐྲུན་ཆེད་བོད་གཞུང་གི་མིང་དེ་བཞིན་གཞུང་ནས་སྒྲིག་འཛུགས་སུ་བསྒྱུར་རྒྱུ་སོགས་ནི་དགོས་མེད་ཀྱི་རྩེད་མོ་ཞིག་རེད།
བོད་རང་སྐྱོང་ལྗོངས་གཙོ་བོ་ཡིན་པའི་བོད་ཁུལ་ཁག་གི་གཞུང་དེ་དག་མི་མང་གིས་འོས་འདེམས་ལས་བྱུང་པའི་གཞུང་དེ་མིན་པས་བོད་མི་དམངས་ཀྱི་དེར་ངོས་ལེན་ཡང་བྱས་མེད། བཙན་བྱོལ་བོད་གཞུང་ནི་བོད་མིའི་སེམས་ནང་གི་ཁྲིམས་མཐུན་གྱི་གཞུང་དེ་ཡིན་ལ། ལྷག་པར་དུ་ཐེངས་འདིའི་མི་དམངས་འོས་འདེམས་ལས་བྱུང་པའི་གཞུང་གསར་བ་འདིའི་དབང་གྲགས་རང་བཞིན་དང༌། ཁྲིམས་མཐུན་རང་བཞིན་ལ་ངེས་ཤེས་དང་ཁྱབ་སྤེལ་བྱ་རྒྱུ་ལས་གཞུང་དེ་སྒྲིག་འཛུགས་སུ་བསྒྱུར་ནས་ཁྱབ་ཇེ་ཆུང་དང་ཚད་ཇེ་དམའ་རུ་གཏོང་དོན་མེད། ཚུལ་དེ་ནི་ཐང་གི་རྡོ་བླངས་ནས་རིམ་གྱི་བྲོ་ལྷུང་ཞེས་པའི་དཔེ་ཡིས་རྗེས་སོང་བ་རེད།
༧༽ ང་ཚོའི་ལས་བྱ་ནི་གྲ་སྒྲིག་ལས་ཐག་གཅོད་མིན།
བཙན་བྱོལ་གཞུང་ཞེས་པ་བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་སུ་བསྒྱུར་ཚེ་མ་མཐའ་ཡང་གཤམ་གྱི་ཉེན་ཁར་ཐུག་སྲིད་པར་སེམས།
དང་པོ༽ ༧གོང་ས་མཆོག་གིས་ཕྱི་ལོ་༡༩༥༩ལོའི་ཟླ་༤བའི་ཚེས་༡༨ཉིན་གྲོ་མོ་ནས་གསལ་བསྒྲགས་སྤེལ་སྐབས་ང་དང་ངའི་བཀའ་ཤག་ས་གང་ན་ཡོད་ན་དེ་ནི་བོད་མི་དམངས་ཀྱི་ཁྲིམས་མཐུན་གྱི་གཞུང་དེར་ཡིད་ཆེས་དང་ངོས་འཛིན་བྱེད་ཀྱིན་ཡོད་ཅེས་བསྒྲགས་ཡོད་པའི་རྐྱེན་གྱིས་བཙན་བྱོལ་བོད་གཞུང་གིས་བོད་མི་ས་ཡ་དྲུག་གི་འཐུས་ཚབ་བྱས་ཏེ་བོད་དོན་སེལ་ཐབས་སུ་བཀོལ་ཡོད་པར་མ་ཟད། བོད་མི་ཡོངས་ཀྱི་འཐུས་ཚབ་ཉན་མིན་ལ་དོགས་པ་ཟ་མྱོང་མེད། འོན་ཀྱང་། གལ་སྲིད་བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་སུ་བསྒྱུར་ཚེ་བོད་དེ་བཙན་བྱོལ་བོད་མིའི་ངོ་བོར་ཕར་བསྒྱུར་ཡོད་པ་དང། གཞུང་དེའང་སྒྲིག་འཛུགས་ཀྱི་ངོ་བོར་བསྒྱུར་ཡོད་པས། ཁྲིམས་མཐུན་གྱི་འཐུས་ཚབ་དེ་རང་བཞིན་གྱིས་དོར་ཡོད་པར་འདོད། དེ་དུས་རྒྱ་ནག་གཞུང་གིས་ནམ་ཀུན་བསྒྲགས་ཀྱིན་པ་ནང་བཞིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དེ་བོད་མིའི་ཁྲིམས་མཐུན་གྱི་གཞུང་ཁོ་ན་དེ་ཡིན་ཞེས་པར་རང་བཞིན་གྱིས་ངོས་ལེན་བྱས་ཡོད།
གཉིས་པ༽ གལ་སྲིད་བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་སུ་བསྒྱུར་ཚེ། ཕྱི་ལོ་༡༩༥༩ལོའི་ཟླ་༣པའི་ཚེས་༢༨ཉིན་སྐབས་དེའི་རྒྱ་ནག་གི་སྲིད་བློན་ཀྲུག་ཨེན་ལེ་ཡིས་ཆོག་མཆན་བཀོད་པའི་བོད་ས་གནས་གཞུང་རྩིས་མེད་དང་ཆབས་ཅིག་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨི་ཡོན་ལྷན་ཁང་གིས་བོད་ས་གནས་གཞུང་གི་ཚབ་བྱེད་པ་ཞེས་པའི་ཡིག་ཆ་དེར་དོན་གྱིས་ངོས་ལེན་བྱས་ཡོད་པ་དང། ༼ཟླ་བཞི་བའི་ནང་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བའང་རྩིས་མེད་དུ་བཏོང་ཡོད།༽དེ་ངོས་ལེན་བྱས་ཚེ་རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་ལྔ་བཅུའི་ནང་ཏཱ་ལའི་རུ་ཚོགས་ཞེས་པ་དེའང་ངོས་ལེན་བྱས་ཡོད་པས། ནམ་ཀུན་རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མའི་སྐུ་སྒེར་གྱི་གནད་དོན་ལས་བོད་དོན་ཞེས་པ་ཞིག་མེད་ཅེས་པའི་བཤད་སྲོལ་དེའང་ཁོང་ཚོའི་ཁ་ཐོག་ཏུ་མི་འགྲོ་རང་འགྲོ་རུ་སོང་ཡོད་ཅིང་། དེ་དུས་བཙན་བྱོལ་བ་ཆ་ཚང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པ་སྐྱེལ་མཁན་གྱི་ཁྲིམས་འགལ་བའི་གནས་སྟངས་འོག་ཚུད་ཡོད་པར་མ་ཟད། སྐབས་དེར་བོད་དོན་ཕར་ཞོག་བཙན་བྱོལ་བ་ཁྲིམས་འགལ་བ་ཡིན་མིན་གྱི་གནད་དོན་གཅིག་པུ་ལས་ཅི་ཡང་ལྷག་མེད།
གསུམ་པ༽ཀུན་པོས་མཁྱེན་གསལ་ལྟར། བོད་ནང་གི་བོད་མི་ས་ཡ་དྲུག་གི་མིག་གིས་ལྟ་ས་དང་རྣས་ཉན་ས་དེ་རྡ་རམ་ས་ལ་རེད། རྒྱུ་མཚན་ནི་དེ་གར་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ཡོད་པས་ཕྱིར། གལ་ཏེ་བཙན་བྱོལ་བོད་གཞུང་དེ་བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་སུ་བསྒྱུར་ཚེ། བོད་ནང་གི་བོད་མི་རྣམས་ཁྱབ་ཁོངས་ཕྱི་རོལ་གྱི་མི་རུ་གྱུར་ཡོད་པས། གཞིས་སྡོད་བོད་མིའི་རེ་ཐག་ཆད་འགྲོ། སེམས་ཤུགས་ཉམས་འགྲོ། སྡུག་ན་བོད་གཞིས་བྱེས་གཉིས་ཀྱི་བར་ཐག་ཇེ་རིང་དུའང་འགྲོ་བའི་ཉེན་ཁ་ཡོད། ཡང་རྒྱུ་མཚན་དེའི་དབང་གིས་བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་ཀྱིས་བོད་མིའི་ཚབ་བྱེད་རྒྱུའི་ཐོབ་ཐང་ཡོད་མེད་ཀྱང་གནད་དོན་གྱི་གནད་དོན་ཡིན།
བཞི་བ༽ ལོ་རྒྱུས་ཀྱི་ཆ་ནས་བཤད་ན། ད་ལྟ་ང་ཚོ་བཙན་བྱོལ་གྱི་ངོ་བོར་གནས་ཡོད་ཀྱང་། བོད་བཙན་པོ་དུས་ནས་ད་བར་གྱི་བོད་ཀྱི་ལོ་རྒྱུས་ཀྱི་རྒྱུན་དེ་མ་ཆད་པར་བསྐྱངས་ཡོད། གལ་ཏེ་བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་སུ་བསྒྱུར་ཚེ་བོད་ཀྱི་ལོ་རྒྱུས་ཀྱི་རྒྱུན་ཆད་པ་དང། འཇིག་རྟེན་འདིའི་སྟེང་ན་བོད་ཅེས་པའི་རྒྱལ་ཁབ་ཅིག་ཡོད་མྱོང་བའི་མཚོན་བྱེད་དེའང་ལོ་རྒྱུས་ཀྱི་དེབ་ཐར་དང་འགྲེམས་སྟོན་ཁང་དུ་བསྐྱལ་བ་རེད།
ལྔ་བ༽ བཙན་བྱོལ་བོད་གཞུང་དེ་བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་སུ་བསྒྱུར་ན་བོད་རང་ལ་དགེ་བ་སྤུ་རྩེ་ཙམ་མི་མཐོང་བ་མ་ཟད། ད་དུང་རང་གིས་རང་ལ་མཐོང་ཆུང་། རང་རྩིས་ལ་དམའ་འབེབས། ལ་རྒྱར་རྡོག་རོལ་བཏང་པ་ཞིག་དང། དེ་ལས་ལྡོག་དེ་རྒྱ་ནག་གཞུང་གི་འདོད་དོན་ཁོ་རང་ཚོས་བསྒྲུབ་མ་དགོས་པར་ང་ཚོ་བོད་པ་རང་གིས་ཁོང་ཚོའི་འདོད་པ་ཇི་བཞིན་སྒྲུབ་པ་ཞིག་རེད་སྙམ།
དྲུག་པ༽ བཙན་བྱོལ་བོད་གཞུང་དེ་བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་སུ་བསྒྱུར་རྗེས་བོད་ཀྱི་འཐུས་ཚབ་ཏུ་རུང་བའི་གཞུང་གསར་བ་ཞིག་ལོགས་སུ་མི་བྱུང་བའི་ངེས་པ་མེད་ལ། དེ་དུས་བོད་གཞིས་བྱེས་གཉིས་ཀྱི་བར་ལའང་དགོས་མེད་ཀྱི་འགལ་བ་ཛ་དྲག་ཅིག་བྱུང་སྲིད་པས། དེང་སྐབས་ཀྱི་པཱ་ལི་སི་ཐན་ཤོག་ཁག་གཉིས་སུ་གྱུར་ཡོད་པ་ལས་ཀྱང་བསླབ་བྱ་ལེན་རྒྱུ་མེད་པ་ཞིག་མིན་སྙམ།
མཇུག་མཐར། ང་ཚོ་མི་རབས་འདིས་ཅི་ཞིག་བསྒྲུབ་དགོས་པ་དང། ཅི་ཞིག་བསྒྲུབ་འོས་པ་དེ་སྒྲུབ་དགོས་ལ། དུས་སུ་མ་བབས་པའི་ལས་དོན་རྣམས་ཕྱི་རབས་པ་ཚོའི་ལས་སྐལ་ཡིན་པས་ཁོང་ཚོར་འཇོག་དགོས། ང་ཚོས་དེ་རིང་ཕྱི་རབས་པ་ཚོའི་ལྕེ་གཅོད་མི་རུང་ལ་རྐང་ལག་བསྡམས་ནས་ལམ་ཁ་མེད་པ་དེ་བས་ཀྱང་བཟོ་མི་རུང། དེའི་ཕྱིར། ང་ཚོའི་ལས་བྱ་ནི་གྲ་སྒྲིག་ལས་ཐག་གཅོད་མིན། མདོར་ན། ༧གོང་ས་མཆོག་གིས༼དབུ་མའི་ལམ༽གྱི་ཡང་སྙིང༼བོད་རྒྱ་གཉིས་ཕན་དང་བོད་དོན་གྱི་མཐའ་མའི་ཐག་གཅོད་གཞིས་ལུས་རྒྱ་ཆེ་མི་དམངས་ལ་ཡོད༽ཅེས་པ་ལས་སྔ་མ་དེང་གི་བར་ལག་ལེན་དུ་་བསྟར་ཡོད་པས་འཛམ་གླིང་མི་དམངས་ལ་ངོ་འཕྲོད་ཡོད་ཅིང་། ད་ལྟ་ཚིག་ཕྱི་མ་སྟེ། ༼བོད་དོན་གྱི་མཐའ་མའི་ཐག་གཅོད་གཞིས་ལུས་རྒྱ་ཆེ་མི་དམངས་ལ་ཡོད༽པ་དེར་བརྩི་བཀུར་དང་ལག་ལེན་དུ་བསྟར་རན་གྱི་དུས་སུ་འཁེལ་ཡོད།
ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༥ བའི་ཚེས་ ༦ ཉིན་ཨ་རིའི་རྒྱལ་ས་ཝ་ཞིན་ཊིན་ནས།
གལ་སྲིད་བོད་པ་ཟེར་མཁན་འདིའི་སྐད་ཆ་བདེན་པ་ཡིན་ན། ལས་སླ་བོ་ཞེ་དྲག་རེད། རྒྱ་གར་གཞུང་གི་འདོད་པ་བཞིན་བཅོས་བསྒྱུར་བྱེད་དགོས་ཀྱི་ཡོད་ན། ལ་དྭགས་དང་ཨ་རུ་ན་ཆལ་སོགས་ཀྱང་སྔར་བོད་ཁོངས་ཡིན་པར་ངེས་ལེན་བྱེད་པའམ། རང་བཞིན་གྱིས་ངོས་ལེན་ཤོར་ཡོད་པ་རེད་ཅེས་ཁ་གསལ་དགོས་ཀྱི་ཡོད་པ་རེད། དེ་ལྟར་རྒྱ་གཞུང་གིས་ས་ཆ་དེ་རིགས་ཕར་ལེན་གྱི་རེད་ལ། སྐབས་དེར་རྒྱ་གར་གཞུང་མང་གཉིས་ཀར་༼བཙན་བྱོལ་བོད་གཞུང༽གི་རིན་ཐང་ངོ་འཕྲོད་ཡོང་གི་རེད། བོད་ཀྱང་ཚར་ཟིན་པ་དང་། རྒྱ་གར་ཡང་ནམ་ཡང་རྒྱ་ནག་ལ་མགོ་བསྒུར་དགོས་པའི་རྒྱལ་ཁབ་ཉམས་ཆུང་ཞིག་ཆགས་ཚར་བ་རེད། དེ་བས། བཙན་བྱོལ་བོད་གཞུང་གི་མཚན་གནས་རྒྱུན་སྐྱོང་མིན་འདི་བོད་ཙམ་མ་ཡིན་པར་ལྷོ་ཤར་ཨེ་ཤི་ཡའི་ཤི་གསོན་དང་འབྲེལ་བ་ཆགས་ཡོད་པ་ཞིག་རེད། ཡིན་ནའང་། རྒྱ་གར་ལ་འདིའི་ཐད་ཚོང་ལས་དམིགས་པའི་བསམ་ཚུལ་རེ་འགའ་ཡོད་སྲིད་ཀྱང་ལག་བསྟར་བྱེད་པའི་སྙིང་ཁམས་ཡོད་མི་སྲིད་པ་ཞིག་རེད། ཚང་མ་ལོས་གཟིགས་ན་གང་འདྲ་འདུག
༧་གོང་ས་མཆོག་དང་ཟམ་གདོང་ཚང་ལ་ཐབས་མེད་སོང་བ་རེད། རྒྱ་ནག་གིས་སྐུ་ཚབ་ཚོ་བརྒྱུད་ནས་རང་བཙན་མི་སྤེལ་རྒྱུའི་གནོད་ཤུགས་ཡང་ཡང་སྤྲད་པར་མ་ཟད་རྒྱལ་སྤྱིའི་གསར་ལམ་ཁག་ནས་ཏྰ་ལའི་ཁ་ནས་ཅི་བཤད་ལ་ལྟ་གི་མིན་ལག་གིས་ཅི་ལས་ལ་ལྟ་གི་ཟེར་གི་ཡོད་པ་རེད། དེ་ལ་ད་བར་ཏུ་བོད་ཀྱི་སྣང་མེད་བྱས་བཞག་ཡོད་མོད། མིང་བརྗོད་འདོད་མེད་པའི་བོད་གཞུང་གིས་ལས་བྱེད་མཐོ་གྲོས་ཞིག་གིས་བཤད་གསལ་ལྟར་ན་་་་སྔ་ལོར་རྒྱ་གར་གི་དྲུང་ཡིག་ཆེན་མོ་རྒྱ་ནག་ནས་ཕྱིར་ཡོང་ནས་་རྡ་སར་ཆེད་གཉེར་བྱས་སྟེ་་གནོད་ཤུགས་ཆེན་པོ་སྤྲད་པ་རེད། ཕལ་ཆེར་དམིགས་འཛིགས་བྱས་ནས་འདི་དང་གན་མེད་པར་བཟོ་དགོས་ཟེར་ནས་་བཤད་ཡོད་ས་རེད། གནོད་ཤུགས་དེས་དབང་གིས་་་་རྒྱལ་རྟགས་དང་ཐམ་ཀ་ཆེན་མོའི་ཐོག་གི་་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་་་་་་་ཟེར་བ་དེ་གསུབས་དགོས་གི་ཡོད་མ་ཟད། བཙན་བྱོལ་བོད་གཞུང་ཟེར་བ་དེ་ཡང་བསྒྱུར་དགོས་གི་ཡོད་པ་རེད། རྒྱ་དཀར་ནག་གཉིས་ཀའི་གནོད་ཤུགས་ལས་བོད་གཞུང་ཟེར་བ་དེ་གསུབས་དགོས་བྱུང་བའི་ཤུལ་ལ་་་་བདེན་པ་རྒྱལ་ཅིག་ཟེར་ན་རྒྱ་གར་ནག་གཉིས་ལ་ཟུར་ཟའི་ཚིག་ཅིག་ཡང་ཡིན་པར་མ་ཟད་་ང་ཚོར་བདེན་པ་ཡོད་པས་ཚིག་དེ་ཡག་འདུག་པོ་འདུག དེ་མིན་ན་གསུབས་ཤུལ་དེ་སྟོང་པ་བཞག་བཞག་ན་ཡག་པོ་འདུག གནས་ཚུལ་་ངོ་མ་མ་ཤེས་པར་ཧོམ་རྒྱུགས་བྱེད་མི་ཉན་་ཡ། འདི་ནི་བོད་ཀྱི་ཕམ་ཁ་གཉིས་པ་ཞིག་ཡིན་པ་ལས་ཡར་རྒྱས་དང་རྒྱལ་ཁ་ཞིག་གང་ཡང་མ་རེད།
རྩོམ་ཡིག་འདི་ཚོགས་ཆེན་སྒང་བཀྲམས་རྒྱུ་བོད་ཞེན་ཡོད་མཁན་ཚང་མ་ལོས་འགན་ཡིན་པས། གཞན་ལ་བཀོད་འདོམས་བྱེད་མི་འོས་པར་འདོད། དེ་བས། རྡ་ས་ན་ཡོད་མཁན་ཚོས་གང་ཐུབ་ཀྱིས་རྩོམ་ཡིག་དྲག་ཤོས་ཁག་བཀྲམས་ན་མི་ཡག་གམ།
དྲ་གྲོགས་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། དེ་བས་བསམ་འཆར་མདོར་བསྡུས་ཞུ་རྒྱུ།
ཉེ་སྔོན་སྦེལ་ཀོབ་ཏུ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་སྐུ་ཚབ་བྱས་ཏེ་བཅའ་ཁྲིམས་བསྐྱར་བཅོས་ཀྱི་སྐོར་ལ་གསལ་བཤད་ཅིག་གནང་ཡོད་པ་དང་། དེ་སྐབས་ཚོགས་གཙོ་མཆོག་གིས་བཙན་བྱོལ་བོད་གཞུང་ཞེས་པ་དེ་བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་ཅེས་པར་བསྒྱུར་བ་དེའི་ཐད་གསལ་བཤད་གནང་སོང་།
ཁོང་གིས་གསལ་བཤད་སྐབས་རྒྱ་གར་གཞུང་གིས་གནོན་ཤུགས་ཡོད་པ་མ་རེད་ཅེས་གསལ་པོ་གསུངས་སོང་། ཡིན་ནའང་རྒྱ་གར་ནང་གི་མི་རེ་ཟུང་ལ་བསམ་ཚུལ་ཡོད་པ་རེད་ཟེར། དེ་འདྲ་གསུངས་ཡོད་སྙམ་ན་ཚོགས་གཙོ་མཆོག་གི་གསུང་བཤད་ཀྱི་སྒྲ་ཆ་ཚང་ངའི་ཀློག་ཀླད་དུ་ཡོད། དེར་བརྟེན་འདི་རྒྱ་གར་གཞུང་གིས་གནོན་ཤུགས་རྩ་བ་ནས་རེད་མི་འདུག
མཁྱེན་སྤྱན་ཡངས་པ་འབྲོག་མྱི་ལགས་ཀྱིས་བཙན་བྱོལ་བོད་གཞུང་དང་བཙན་བྱོལ་བོད་མིའི་སྒྲིགས་འཛུགས་ཞེས་པ་གཉིས་ཀྱི་ཐ་སྙད་ཀྱིས་ཁྱད་ཆོས་དང་དགེ་མཚན་ཇི་ཡོད་ཐོག་ཞིག་དཔྱད་ལེགས་པོ་ཞིག་གནང་འདུག་པར་དགའ་བསུ་ཞུ།
རབ་བྱུང་ན་བོད་གཞུང་མང་རྒྱལ་ཡོངས་དམིགས་བསལ་ཚོགས་ཆེན་ཐོག་ལ་འགྲེམ་སྤེལ་བྱེད་ཐུབ་ན་ཡག་པོ་ཞེ་དྲག་འདུག
དྷ་སའི་བོད་ཀྱི་ལས་ཁུངས་དང་དམིགས་ཡུལ་གྱིས། བོད་སྤྱི་དོན་དབུ་མའི་ལམ་གྱི་སྒྲིག་མཐུན་ལ་མི་གནོད་པ་དང་། གློ་བུར་དུ་རང་བཙན་རྩོད་མི་ཁག་གིས་བེད་སྤྱོད་བྱེད་མི་ཐུབ་པའི་ཐབས་ཤེས་ཅིག་ཀྱང་དགོས་ངེས་བསམས་ནས་བྱས་ཡོད་པ་དང་། བྱ་དགོས་པ་སོགས་ཀྱི་དམིགས་རྒྱང་རིང་པོའི་མིང་འདོགས་ཅིག་དགོས་ངེས་རེད། དཔྱད་རྩོམ་ཕན་ཐོགས་ཅན་ཞིག་རེད་ལ། དཔྱད་འོས་པ་དང་དཔྱོད་དགོས་པའི་གནད་དོན་ཞིག་རེད་འདུག་ལགས། དགེ་ལེགས་འཕེལ། །
བཀུར་འོས་རྩོམ་པ་པོར་བཀའ་དྲིན་ཆེ།
བོད་གཞི་བྱེས་གཉིས་ཀྱི་སེམས་ཀྱིས་བརྟེན་ས་དང་རེ་བ་བྱེད་ས་བཙན་བྱོལ་བོད་གཞུང་འདིར་དང་རྒྱལ་དར་གངས་སེང་ཁ་སྤྲོད་འདིར་གཉིས་རེད།
ཟམ་གདོང་སྲིད་གཞུང་གིས་བཙན་བྱོལ་བོད་གཞུང་འདོད་ཀྱི་མེད་ལ་བཙན་བྱོལ་སྒྲིག་འཛུགས་ཞེས་འབོད་ནས་ལོ་མང་ཕྱིན་ཚར་བ་རེད། ཁ་ནས་མང་གཙོ་དང་མང་གཙོ་ཟེར་ཞོར་རྒྱ་ནག་དམར་ཕྱོགས་པའི་རྩ་ཁྲིམས་ཀྱི་སྒྲོལ་གཞིའི་འོག་ཏུ་སྡོད་ཀྱི་ཡིན་ཞེས་ལབ་ཀྱི་ཡོད་པ་རེད།
དམར་ཕྱོགས་པའི་རྩ་ཁྲིམས་སུ་དང་ལེན་བྱས་ན་མང་གཙོ་ཡང་དག་པའི་ལམ་དུ་འགྲོ་སྟངས་མེད་པ་རེད།
༧གོང་ས་མཆོག་གིས་སྐུ་དབང་བོད་རྒྱ་ཆེ་མི་དམངས་སུ་གནང་བ་རེད་ལ་མཐའ་མའི་ཐག་གཅོད་བྱེད་མཁན་བོད་རྒྱ་ཆེ་མི་དམངས་ཡིན་ཞེས་ཡང་དང་བསྐྱར་དུ་གསུངས་ཡོད།
ཡིན་ནའང་བོད་རྒྱ་ཆེ་མི་དམངས་སུ་བཅའ་ཁྲིམས་བསྒྱུར་བཅོས་སྐབས་སུ་དབང་ཆ་སྤུ་ཙམ་མེད་པར་སྒེར་གཅོད་པ་རེ་གཉིས་ཀྱིས་བཅའ་ཁྲིམས་བསྒྱུར་བཅོས་བཏང་གི་ཡོད། འདི་ནི་མང་གཙོ་ལམ་དུ་འགྲོ་མི་བཅུག་པའི་འགག་རྡོ་ཞིག་རེད་ལ་བོད་རྒྱལ་ཁབ་དང་བོད་གཞུང་རྩ་མེད་བཟོ་འདོད་པའི་སྔོན་འགྲོའི་ཆ་རྐྱེན་ཞིག་ཀྱང་རེད་འདོད།
བོད་རྒྱལ་ཁབ་དང་བོད་གཞུང་ཞེས་པའི་མིང་ཚིག་ཙམ་ཡང་མེད་པ་བཟོས་པ་ཡིན་ན་རྒྱ་ནག་དམར་ཕྱོགས་པའི་འདོད་དོན་འགྲུབ་པ་རེད།
བོད་རྒྱ་ཆེ་མི་དམངས་ཀྱིས་འདོད་པ་ཡོད་པ་ནི་བོད་རྒྱལ་ཁབ་དང་བོད་གཞུང་ཡིན་མ་གཏོགས་བཙན་བྱོས་སྒྲིག་འཛུགས་དང་དམར་ཕྱོགས་པའི་རང་སྲིད་རང་སྐྱོང་མིན།
ང་ཚོ་ལ་བོད་རྒྱལ་ཁབ་དགོས། བོད་གཞུང་དགོས། རྒྱལ་དར་དགོས། རང་ཡུལ་རང་བདག་དགོས། རང་མི་རང་དཔོན་དགོས།
བྲོས་བྱོལ་བོད་མའི་གཞུང་ཟེར་ན་དོན་དང་མཐུན་པར་འདུག བཙན་པོ་བྱེད་ནས་ཕེབས་པ་ཡིན་ནམ་བྲོས་ནས་ཕེབས་པ་ཡིན་བསམ་གནོ་ལེགས་པོར་ཐོངས། ངའི་བསམ་གནོའི་ནང་དུ་བྲོས་བྱོལ་དུ་གནས་པའི་གཞུང་འདི་བྲོས་བྱོལ་བོད་མི་གཅིག་པུའི་གཞུང་མིན་པར། བྲོས་བྱོལ་ལམ་སྐྱབས་གཅོལ་དུ་ཡོད་པའི་བོད་གཞུང་ཞིག་ཡིན་དྲན་ནས་སྡད་ཡོད། ད་ཡིན་ན་བྲོས་བྱོལ་བོད་མི་གཅིག་པུའི་གཞུང་ཡིན་པར་བསྒྲུབ་ཀྱིན་འདུག བོད་མའི་གཞུང་དང་བོད་གཞུང་མིང་གང་བཏགས་ཀྱང་སྔོན་གྱི་ལོ་རྒྱུས་ལ་འགྱུར་བ་གང་ཡང་འགྲོ་མི་ཐུབ། མིང་བརྗེས་པ་འདི་སྔོན་གྱི་ལོ་རྒྱུས་ལ་འགྱུར་བ་གཏོང་པ་མ་ཡིན་ལ། འདི་ནི་བསྒྱུར་བཅོས་ཀྱི་ཁུག་སོ་ཞིག་ལ་མིང་ཡང་དེ་དང་འཚམས་པར་བཏགས་པ་ཞིག་རེད། རྒྱ་ཁབ་སུ་འདྲ་ཡིན་ནང་། མང་གཙོ་ཚད་ལྡན་ཐོབ་སྐབས་རང་བཞིན་གྱིས་ལོ་རྒྱུས་གསར་པ་རེ་ཆགས་ཀྱི་ཡོད་ཀྱང་སྔོན་གྱི་ལོ་རྒྱུས་ལ་འགྱུར་བ་གང་ཡང་འགྲོ་མི་ཐུབ་པ་ནི་གུང་ཁྲན་ཏང་མགོ་འབུས་པས་སྔོན་གྱི་ལོ་རྒྱུས་བྱུང་ཚར་བ་འགྱུར་བ་གང་ཡང་ཕྱིན་མེད་པར་བཞིན་རེད
དྲ་གྲོགས་ལགས།
ཁྱེད་ཀྱི་རྩོམ་ཡིག་ཆ་ཚང་ཀློག་ཁོམས་མ་བྱུང་ཡང་། དེའི་ནང་དོན་ནི་ཉེ་ཆར་བདག་གིས་བྲིས་པའི་”བོད་རྒྱལ་ཁབ་འདི་སྐྱོབས་རོགས།”https://tibettimes.net/wordpress/news.php?cat=5&&id=4359 ཞེས་པ་དང་ནང་དོན་གཅིག་པར་མཐོང་བས་ཁྱེད་ལ་སྔོན་འགྲོའི་ཆ་རྐྱེན་མེད་པའི་སྒོ་ནས་རྒྱབ་སྐྱོར་ཞུ་རྒྱུ་ཡིན།
ཁོ་བོས་འདི་འདྲ་འབྱུང་དོན་ནི་ང་ཚོའི་དབུ་ཁྲིད་དག་ལ་མི་རིགས་ཀྱི་ལར་ཞེན་མེད་པ་འདི་གནད་འགག་ལ་ཐུག་འདུག་སྙམ། བོད་གཞུང་ཟེར་བ་གནས་ཚང་རྒྱལ་ཁབ་ཀྱི་ཁྲིམས་ལ་འགལ་ཚུལ་ཞིག་གླེང་གི་ཡོད་ཀྱང་། ངོ་མ་བཤད་ན་དེ་འདྲའི་འགལ་བ་ཞིག་རྩ་ཁྲིམས་ཀྱི་ཚིག་འབྲུ་གང་དུ་ཡང་གསལ་མེད་ངེས་ཏེ། དེའི་སྐོར་གླེང་མེད་པའི་སོ། དགོངས་དོན་ཙམ་ལ་འགལ་ཡོད་སྲིད་ཀྱང་། ང་ཚོས་རང་ཉིད་འུ་ཐུག་སྐབས་གཞན་ལ་ཕོགས་ཐུག་སོགས་གནོད་འཚེ་ཅུང་ཟད་རེ་བྱུང་བ་ལ་”དགོངས་དག”་ཙམ་བཤད་ནས་འཇོག་སྲོལ་ཞིག་མེད་དམ། ང་ཚོའི་གནས་སྟངས་འདི་འདྲ་ལ་ཐུག་ཡོད། གནས་ཚང་ཚང་གིས་(དགོས་པ་ཞིག་གི་དབང་གིས)མ་ཤེས་མ་ཚོར་མདོག་མདོག་གིས་གང་ཡང་གསུང་གིས་མེད་ན་ངོ་མ་རང་ཅག་ལ་རང་སྐེ་རང་གིས་གཅོད་པའི་དངས་བླང་དུ་ཕེབས་དགོས་པ་གང་ཞིག་ཤར་རམ་སྙམ།
ལར་ནས་ཁྲིམས་འགལ་ཟེར་བ་ནི་ཉེས་དོན་ཉེས་བསགས་ཀྱི་ཁྲིམས་འགལ་ཆགས་ན་ངོ་ཚ་བ་དང་ཐ་ཤལ་གྱི་བྱ་བ་ཞིག་ཡིན་པས་སྲུང་སྡོམ་བྱེད་ངེས་པར་དུ་དགོས་མོད། ཆབ་སྲིད་ཀྱི་ཐོག་ནས་ཁྲིམས་འགལ་ཆགས་པ་ནི་འཛེམས་དགོས་པའི་དོན་ཞིག་ཡེ་ནས་མིན་པ་རང་དབང་འཐབ་རྩོད་པ་གཞན་དང་གཞན་གྱི་ལོ་རྒྱུས་ཀུན་ལ་བགྲང་གིས་མི་ལངས་བ་ཞིག་ཡོད་པས་རང་རེའི་དབུ་ཁྲིད་རྣམས་ལ་འདི་སྐོར་དེ་ཙམ་ཐུགས་ཁྲལ་གནང་དགོས་དོན་གང་ཡོད་དམ་སྙམ།
འབྲོག་པ་མྱི་རེད། ཀླད་པ་རྣོ་རེད། འཇིགས་བྲལ་ལགས།ཁོང་སུ་ཡིན་གཙོ་བོ་མ་རེད། ཁོང་གི་སྐད་ཆ་བློར་འབབ་ན་དེའི་འཐུས་ཀ།
ད་རེས་ད་དངོས་གནས་ཤེས་ཡོན་པ་ལྷག་བསམ་ཅན་ཁ་ཤས་སླེབས་སོང་ད། རྩོམ་ཡིག་འདིའང་མཐོང་དཀོན་པོའི་ཁྲོད་ཀྱི་གཅིག་རེད། བཅའ་ཁྲིམས་བསྐྱར་བཅོས་ཚོགས་ཆུང་གིས་ངེས་པར་དུ་ཀློག་དགོས་པ་དང་། ཚོགས་ཞུགས་མི་སྣ་ཚོས་ཤུགས་ཆེན་གྱིས་བཤད་དགོས་པའི་དོན་ཆེན་ཞིག་རེད། ཚང་མ་ལོས་འདིར་བགྲོ་གླེང་གནང་རོགས།
ཁྱོད་ཀྱིས་ཁ་གསལ་པོ་དོན་དང་ལྡན་པ་ཞིག་བྲིས་འདུག འོན་ཀྱང། བོད་དོན་གྱི་མཐའ་མའི་ཐག་གཅོད་གཞིས་ལུས་རྒྱ་ཆེ་མི་དམངས་ལ་ཡོད། ཅེས་པ་ལག་བསྟར་བྱེད་དགོས་ཟེར་བ་ལོས་བདེན་མོད། ཇི་ལྟར་ལག་བསྟར་བྱེད་དམ། རང་དབང་གི་འོས་ཤོག་འཕེན་དབང་མེད། གཏམ་བརྗོད་རང་དབང་ནི་མེད། སྐད་འབོད་ནི་དེ་བས་ཀྱང་མེད།
འབྲོག་མྱི་ལགས་ཐུགས་རྗེ་ཆེ། ཁྱོད་ནས་སྐད་རུས་པ་ཅན་ཞིག་བཤད་འདུག འོན་ཀྱང་ང་ཚོ་སྐད་ཆ་ཐོས་མཁན་ཡོད་ཀྱང་ཆ་འཇོག་བྱེད་མཁན་དང་བདག་སྤྲོད་བྱ་མཁན་ཞིག་ཡོད་མེད་མི་ཤེས།
དེ་རིང་སང་གི་སྐད་ཆ་ལ་སྙན་ན་དེ་སྔ་རྒྱ་དམར་གྱིས་བཤད་པའི་སྐད་ཆ་ལས་སྐྱོ་བ་མི་འདུག་གམ། རྒྱ་དམར་ནས་ཡུལ་གྱར་སྲིད་གཞུང་ཟེར་བཞིན་ཡོད་ཀྱང་།
ང་ཚོས་བཙན་བྱོལ་སྒྲིགས་འཛུགས་ཟེར་དགོས་ཞེས། མ་གཞི་དེ་རྒྱ་དམར་ལ་བཏུན་མཁས་བྱས་པ་ཡིན་གྱི་རེད་དེ། དེ་ལྟར་བྱས་ཀྱང་རྒྱ་དམར་གྱི་ང་ཚོའི་འདོད་དོན་ལ་བསམ་གཞི་བྱ་མི་སྲིད། དེ་ལས་༼ཀྲུང་དབྱངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་འབངས་ཕྱི་འདོད་བོད་རིགས་ཚོགས་པ་༽ དང་བཀའ་བློན་ཁྲི་བར་༼ཀྲུང་དབྱངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་འབངས་ཕྱི་འདོད་བོད་རིགས་ཚོགས་པའི་ཚོགས་གཙོ་༽དང། སྤྱི་འཐུས་རྣམས་ལ་༼ཀྲུང་དབྱངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་འབངས་ཕྱི་འདོད་བོད་རིགས་ཚོགས་པའི་རྒྱུན་ལས་༽ཞེས་བཏགས་ན་མཚམས་པོ་མིན་འདུག་གམ།
དྲི་བ། བཅའ་ཁྲིམས་དོན་ཚན་དང་པོ་གསར་དུ་བཅུག་དགོས་དོན་ནི་ཐབས་མཁས་པ་འདྲ་པོ་བྱས་ནས་༸གོང་ས་མཆོག་བླ་ན་མེད་པའི་དབུ་ཁྲིད་ཀྱི་ངོ་བོ་དེ་བཟོས་ཡོད་པའི་སྐད་ཆ་རེད། དཱ་དངོས་ཤུགས་བརྒྱུད་གསུམ་ནས་ཚང་མ་བཏོན་དགོས་ཀྱི་འདུག དངོས་སུ་འདུག་སེ་བཏོན་བཞག་ན་འགྲིག་གི་འདུག བརྒྱུད་ནས་འདུག་སེ་བཏོན་ན་འགྲིག་གི་འདུག དེ་ང་རང་ཚོས་བསམ་བློ་གཏོང་ཡག་རེད་ཅེས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྦེལ་ཀོབ་ཏུ་གསུངས་ཡོད་པ་རེད། འདིའི་ཐད་ལ་ཁྱོད་རང་གིས་ཚོགས་ཆེན་ཐོག་བསམ་ཚུལ་ག་རེ་འདོན་རྒྱུ་ཡིན།
ལན། ཚོགས་གཙོ་མཆོག་གིས་གསུངས་པ་འདི་དང་། བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཀྱི་དོན་ཚན་དང་པོའི་ནང་དོན་ལ་བསམ་ཡོངས་དུས་གནས་ཚུལ་ག་རེ་གསལ་པོ་ཆགས་ཀྱི་ཡོད་རེད་ཟེར་ན། ༸གོང་ས་མཆོག་གིས་གྲོས་ཚོགས་སུ་བསྩལ་བའི་གསུང་འཕྲིན་གྱི་དགོངས་དོན་ལ་དོན་གྱིས་ངོས་ལེན་ཞུས་མེད་པ་དེ་རེད། ད་ལྟ་ང་ཚོས་ངོས་འཛིན་གསལ་པོ་བྱེད་དགོས་པ་ནི། ༸གོང་ས་མཆོག་བོད་ཀྱི་དབུ་ཁྲིད་དུ་མི་དགོས་མཁན་གྱི་བོད་མི་ཞིག་ཡོད་མ་རེད་བསམ་གྱི་ཡོད། ཡིན་ནའང་༸གོང་ས་མཆོག་གིས་ང་ཚོར་ཧ་ཅང་ནན་ཏན་ཆེན་པོས་འདི་ལྟར་བྱེད་དགོས་པར་གསུངས་པ་དེ་བོད་དང་བོད་མི་བློས་བཏང་བ་ཞིག་མ་ཡིན་པར་མ་ཟད། ༸གོང་ས་མཆོག་གིས་བོད་དང་བོད་མིར་བརྩེ་བ་ཚད་མེད་པ་ཞིག་ཡོད་ཙང་བོད་མི་ཚོར་འདོད་པ་མེད་བཞིན་འདི་ལྟར་བྱེད་དུ་འཇུག་གི་ཡོད་པ་བོད་ཀྱི་དོན་དུ་ཡིན་པ་ངོས་ཟིན་དགོས་པ་རེད། དེར་བརྟེན་༸གོང་ས་མཆོག་གི་ལམ་སྟོན་བཞིན་བྱས་ན་བོད་ཕུང་གི་རེད་དམ། ཡང་ན་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་ཐབས་ཤེས་བཞིན་བྱས་ན་བོད་སྐྱོབ་ཀྱི་རེད། དེ་འདྲ་སོང་ཙང་བཅའ་ཁྲིམས་བསྐྱར་བཅོས་སུ་གསར་དུ་བཅུག་པའི་དོན་ཚན་དང་པོ་དེ་༸གོང་ས་མཆོག་གི་ཞལ་བཞེས་གནང་གི་མ་རེད་བསམ་གྱི་འདུག་ལ། ༸གོང་ས་མཆོག་ཐུགས་མཉེས་པར་བྱེད་འདོད་པ་དང་བོད་ལ་བརྩེ་བའི་དབང་གིས་ཡིན་ན་གྲོས་ཚོགས་སུ་བསྩལ་བའི་གསུང་འཕྲིན་ཇི་བཞིན་ལག་བསྟར་བྱས་ན་བོད་ལ་ཕན་རླབས་ཆེ་བ་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད།
མཇུག་ཏུ་ཞུ་རྒྱུར། གནད་འགག་འདི་འདྲའི་སྐབས་སུ་འགྱུར་བ་འདི་ཚོ་སྦུག་སྦུག་ཏུ་མ་བཞག་པར་མི་མང་ལ་ཕྱི་གསལ་ནང་གསལ་བཟོ་དགོས། མ་གཞི་རྒྱལ་ཁབ་དང་། ཚོགས་སྡེ་སུ་ཡིན་རུང་མང་ཚོགས་ཀྱི་མངོན་འདོད་ཚོགས་འདུ་བརྒྱུད་བསྡུས་པ་ཡིན་ཟེར་བ་དེ་ཁ་གཡར་ས་ཡོད་ན་མེད་ན་ཞིག་ཡིན་པ་ཡང་ཧ་གོ་དགོས་པ་རེད།
དྲི་བ། བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་སུ་བཅའ་ཁྲིམས་ཀྱི་དོན་ཚན་གཉིས་པར་༼བཙན་བྱོལ་བོད་གཞུང་༽ཞེས་པའི་ཚབ་ཏུ་༼བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་༽ཅེས་དང་། བཅའ་ཁྲིམས་ཀྱི་དོན་ཚན་ང་བདུན་པར་༼རྒྱལ་ཁབ་༽ཅེས་པའི་ཚབ་ཏུ་༼མི་རིགས་༽ཅེས་བཅུག་གནང་ཡོད་པ་དེའི་ཐད་དགེ་སྐྱོན་ག་རེ་གཟིགས་ཀྱི་འདུག རྒྱུ་མཚན་གསུངས་རོགས།
ལན། བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཟིན་བྲིས་སུ་དེ་ག་རང་གསལ་འདུག བཙན་བྱོལ་བོད་གཞུང་ཞེས་ལབ་དུས་བོད་ཟེར་བའི་རྒྱལ་ཁབ་གཅིག་ངོས་བཟུང་བའི་ཐོག་ནས་རྒྱལ་ཁབ་དེའི་གཞུང་ལ་གོ་གི་ཡོད་པ་རེད། ཡིན་ནའང་བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་ཟེར་དུས་བཙན་བྱོལ་ནང་གི་བོད་མི་ཚོའི་སྒྲིག་འཛུགས་སམ་སྐྱིད་སྡུག་ལ་ལྟ་མཁན་གྱི་ཚོགས་པ་ལ་ཟེར་གྱི་ཡོད་རེད། དེ་འདྲ་ཡིན་རྒྱུ་མ་རེད། གཞུང་ཟེར་བའི་ཚིག་འདུག་བསམ་སྲིད་པ་རེད། ཡིན་ནའང་གཞུང་ཞེས་པའི་ཚིག་དེ་དབྱིན་སྐད་ཀྱི་གཞུང་གི་སྐད་དོད་ Government ཟེར་བ་དེར་གོ་གི་མེད་པ་ཉེ་སྔོན་གསལ་པོ་བཟོས་ཟིན་པ་རེད། དེར་བརྟེན་རྒྱལ་ཁབ་ཀྱི་ཚབ་ཏུ་མི་རིགས་ཟེར་བ་བཅུག་ཡོད་པ་དང་། བོད་རིགས་ཟེར་བ་དེ་ཡང་བོད་རིགས་རྣམས་གྲངས་ཉུང་མི་རིགས་ལྔ་བཅུ་ང་ལྔའི་ནང་གི་མི་རིགས་གཅིག་རང་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་ཡིག་ཐོག་ནས་རྒྱ་ནག་ལ་ཁས་བླངས་པ་དེར་གོ་དགོས་ལ། བོད་རིགས་ཟེར་བ་དེའི་ནང་བོད་པ་ཆ་ཚང་ངམ་བོད་མི་ཆ་ཚང་རྩ་བ་ནས་ཚུད་ཀྱི་མེད་པ་ངེས་པར་དུ་ཤེས་དགོས་པ་ཞིག་རེད། གལ་ཏེ་བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་ཟེར་བ་དང་མི་རིགས་ཟེར་བ་འདི་གཉིས། བཙན་བྱོལ་བོད་གཞུང་དང་རྒྱལ་ཁབ་ཟེར་བའི་ཚབ་ཏུ་བཅའ་ཁྲིམས་བསྐྱར་བཅོས་སུ་གཏན་འཁེལ་སོང་ན་བཙན་བྱོལ་བོད་གཞུང་བོད་མི་ཚོས་རང་འདོད་ཀྱིས་སྒོ་རྒྱབ་པ་རེད་ཅེས་བརྗོད་ན་འགྲིག་གི་རེད། བོད་ཀྱི་གནད་དོན་ཐག་གཅོད་གང་ཡང་མ་བྱུང་གོང་ནས་འདི་ལྟར་གནང་དོན་ནི་རྒྱ་ནག་གི་ཁྲིམས་དང་ལྟ་ཚུལ་ལ་ཡོངས་སུ་མཐུན་ཐབས་བྱེད་པ་དེ་ཡིན་པ་ཧ་གོ་ན་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཟིན་བྲིས་དེའི་ཁ་ཕྱོགས་གང་འདྲ་ཞིག་ཏུ་ཡོད་པ་གསལ་པོ་ཆགས་ཀྱི་རེད། དེ་ལ་༸གོང་ས་མཆོག་གིས་གསུངས་དོན་དུ། ད་ལམ་བཅའ་ཁྲིམས་བསྐྱར་བཅོས་སྐབས་བཅའ་ཁྲིམས་ཀྱི་སྒྲོམ་གཞི་ལ་འགྱུར་བ་བཏང་ནས་ཆབ་སྲིད་དང་འཛིན་སྐྱོང་གཉིས་ཀའི་འགོ་ཁྲིད་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་མི་སྣས་དུས་ཡུན་ངེས་ཅན་དུ་བྱ་རྒྱུའི་ཆ་རྐྱེན་བསྐྲུན་ཏེ་བཅའ་ཁྲིམས་ཡུལ་མིའི་རྒྱལ་ཁབ་ཀྱི་སྒྲོམ་གཞི་དང་མཐུན་པ་ཞིག་ངེས་པར་བཟོ་དགོས། ཅེས་ནན་ཏན་གྱི་སྒོ་ནས་ཡིག་ཐོག་ནས་གསུངས་པ་དང་ཏག་ཏག་སྡོད་ཀྱི་མེད་པའི་ཟོལ་འདྲ་པོ་མཐོང་གི་ཡོད། དེ་བསམ་བློ་གཏོང་དགོས་པའི་གནད་དོན་གཅིག་རེད་བསམ་གྱི་ཡོད།
གཤམ་གསལ་ནི་གུས་པ་ཚོགས་ཆེན་དུ་བཅར་གྱི་ཡོད་སྟབས་བོད་ཀྱི་བང་ཆེན་གསར་ཁང་གི་བཅར་འདྲི་ཞུས་པ་ཞིག་ཡིན།
དྲི་བ། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་ཐོག་༸གོང་ས་མཆོག་ལ་གསོལ་འདེབས་ཞུ་རྒྱུའི་དོན་ཚན་དང་པོ་དང་། བཅའ་ཁྲིམས་བསྐྱར་བཅོས་ཐད་ཆ་ཤས་ལེན་པར་ཕེབས་ཀྱི་ཡོད་པ་རེད། དེས་ན་བོད་ཀྱི་བྱུང་རབས་ལོ་རྒྱུས་ལ་འགན་ཁུར་གང་འདྲ་ཞིག་ལེན་རྒྱུའི་གྲ་སྒྲིག་ཡོད།
ལན། ༸གོང་ས་མཆོག་གིས་གྲོས་ཚོགས་སུ་བསྩལ་བའི་གསུང་འཕྲིན་དུ་བོད་ཀྱི་ཆབ་སྲིད་ཀྱི་དབང་ལུང་བརྒྱུད་སྤྲོད་གནང་རྒྱུ་དང་། དེའི་དགོས་པ་བཅས་ནན་ཏན་གྱི་ཐོག་ནས་གསུངས་ཡོད་ལ། དེ་ནི་༸གོང་ས་མཆོག་གིས་མ་འོངས་བོད་ཀྱི་ཆེད་དུ་བོད་ཀྱི་དབུ་ཁྲིད་མཛད་སྟངས་ཕན་ནུས་ཆེ་ཤོས་དེ་རེད་བསམ་གྱི་ཡོད། དེ་ནས་གནད་དོན་གཙོ་བོ་དེ་བཅའ་ཁྲིམས་ཀྱི་སྔོན་གླེང་དང་བཅའ་ཁྲིམས་བསྐྱར་བཅོས་བྱུང་བ་དེར་བཙན་བྱོལ་བོད་གཞུང་ལ་ཁྲིམས་མཐུན་གྱི་ནུས་པ་དགོས་པ་དང་། ཁྲིམས་མཐུན་གྱི་ནུས་པ་དེ་ཡང་བོད་ཡུལ་དེ་བོད་ཡུལ་དུ་ངོས་འཛིན་དང་། ང་བོད་མི་ཡིན་སྙམ་པ་ལས་ང་རྒྱ་མི་མིན་སྙམ་པའི་བོད་མིའི་རང་བཞིན་ལྷན་སྐྱེས་ཀྱི་བསམ་བློ། མར་ལེ་རིང་ལུགས་ཀྱི་རྩ་བའི་དམར་པོའི་ལྟ་གྲུབ་དང་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཐོག་ནས་ང་ཚོ་བོད་མི་ཐུན་མོང་ལ་སོ་སོའི་མ་འོངས་པའི་མདུན་ལམ་ཐོག་རང་ཐག་རང་གཅོད་ཀྱི་རང་བདག་གི་དབང་ཆའམ་རང་དབང་ཡོད་པ་དེ་གཞུང་གི་ཁྲིམས་མཐུན་གྱི་རྨང་གཞིའི་ཐོག་ངེས་པར་འཇོག་དགོས་པ་དང་། བཙན་བྱོལ་བོད་གཞུང་ཟེར་བའི་ཚིག་བརྗོད་དེ་ལ་འགྱུར་བ་རྩ་བ་ནས་གཏོང་མི་དགོས་པའི་ལྟ་ཚུལ་འདོན་རྒྱུ་ཡིན། བསམ་བློ་འདི་འདྲ་ཞིག་གི་འོག་ནས་ཚོགས་ཆེན་ལ་རང་གི་ངོས་ནས་བོད་ཀྱི་བྱུང་རབས་ལོ་རྒྱུས་ལ་འགན་ཁུར་བའི་ཐོག་ནས་དྭངས་བླངས་ཚོགས་བཅར་བྱེད་ཀྱི་ཡོད།
གྲོགས་པོ་ཁྱོད་ཀྱིས་བསམ་བློ་ཞིབ་ཚགས་དང་། འགྲེལ་བཤད་ཞིབ་ཚགས། འགྲེལ་བཤད་བདེན་པ་བཅས་གནང་འདུག་པས་སྙིང་ཁུང་རུས་པའི་གཏིང་ནས་དགའ་བསུ་ཞུ། ཡིན་ནའང་ད་ལན་ཁྱོད་ཀྱིས་མིང་དངོས་སུ་མ་བཏོན་པ་དེ་ནི་ཧ་ཅང་ཕངས་པོ་བྱུང་།