ཀིརྟི་སྐྱབས་ཀྱིས།
༄༅། །དེང་སྐབས་ཨ་མདོ་རྔ་པ་ཀིརྟིའི་དགོན་པའི་སྐོར་གྱི་ཛ་དྲག་གནས་ཚུལ་གྱིས་གསར་ལམ་ཁག་ཁྱབ་བཞིན་པའི་སྐབས་འདིར། གསར་འགོད་པ་འགའ་ཞིག་གིས་ས་གནས་ཀྱི་ལོ་རྒྱུས་འབྲེལ་བ་ཇི་བཞིན་མ་མཁྱེན་པའི་དབང་གིས་གནས་ཚུལ་ནོར་འཁྲུལ་ཅན་མི་ཉུང་བ་ཞིག་སྤེལ་གྱི་འདུག དཔེར་ན། ཀིརྟི་རིན་པོ་ཆེ་དང་ཀིརྟིའི་དགོན་པ་གཉིས་ཀྱི་མཚན་རྒྱག་སྟངས་ནོར་བ། ཀིརྟི་བློ་བཟང་འཕྲིན་ལས་དང་ཀིརྟི་བློ་བཟང་བསྟན་པའི་རྒྱལ་མཚན་ནོར་བ། རྔ་པ་རང་སྐྱོང་ཁུལ་དང་རྔ་པ་རྫོང་ནོར་བ། རྔ་པ་རྫོང་ལ་ཀིརྟི་རྫོང་ཟེར་བ། རྔ་པ་ཀིརྟིའི་དགོན་པ་དང་ཀིརྟིའི་མ་དགོན་ནོར་བ། རྔ་པ་ཀིརྟིའི་དགོན་པ་དང་ཀིརྟིའི་བྱེས་པ་གྲྭ་ཚང་ནོར་བ་སོགས་ནོར་བ་མང་པོ་ཡོང་གི་འདུག།དེས་མི་རྣམས་ལ་གོ་ནོར་ཐེབས་རྒྱུར་མ་ཟད། གནས་ཚུལ་རྒྱུས་མངའ་ཡོད་མཁན་ཚོས་བལྟས་ཚེ་ གསར་འགོད་པ་ཚོས་གནས་ཚུལ་ཇི་བཞིན་ཤེས་རྟོགས་མེད་པར་འོལ་ཚོད་ཀྱིས་སྤེལ་གྱི་འདུག་བསམ་པ་ཡོང་སྲིད་པ་དང། གསར་འགོད་པ་ཚོས་གནས་ཚུལ་ལ་རྒྱུས་ལོན་ཆ་ཚང་བ་ཞིག་གནང་གི་མི་འདུག་བསམས་ཏེ་གསར་འགོད་པ་ཚོར་མཐོང་ཕྱོགས་ཡོང་སྲིད། དེར་བརྟེན་དགོས་ངེས་ཀྱི་གནས་ཚུལ་ཁ་ཤས་མཁྱེན་རྟོགས་ཆེད་འབྲེལ་ཡོད་ཡིག་ཆ་ཁག་ཅིག་ལ་ཁུངས་བཅོལ་ཏེ་ངོ་སྤྲོད་ཐུང་ཙམ་ཞུ་རྒྱུ་ཡིན།
དང་པོ། ཀིརྟི་རིན་པོ་ཆེ་དང་རྔ་པ་ཀིརྟི་དགོན།
ཀིརྟི་རིན་པོ་ཆེ་ནི་རྔ་པ་ཀིརྟི་དགོན་པའི་དགོན་བདག་བླ་མ་ཡིན། ཀིརྟི་རིན་པོ་ཆེ་སྐུ་ཕྲེང་བརྒྱད་པ་བློ་བཟང་འཕྲིན་ལས་ཚང་གིས་ཕྱི་ལོ་ ༡༨༧༠ ལོར་རྔ་པ་ཀིརྟིའི་དགོན་པ་བཏབ་གནང་བ་རེད། ད་བར་དུ་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་བྱོན་ཡོད་ལ། ཀིརྟི་སྐུ་ཕྲེང་རིམ་པའི་སྐབས་བྱུང་བའི་ཀིརྟིའི་དགོན་པ་ཆེ་ཆུང་མང་པོ་ཡོད།
ཀིརྟི་རིན་པོ་ཆེ་སྐུ་ཕྲེང་དང་པོ་ནི་རྗེ་ཙོང་ཁ་པའི་དངོས་སློབ་མདོ་རོང་མཁས་པ་མི་བཞིའི་ཡ་གྱལ་རོང་པོ་ལྕེ་ནག་པ་དགེ་འདུན་རྒྱལ་མཚན་(༡༣༧༤ – ༡༤༥༠)ཡིན། སྐུ་ཕྲེང་གཉིས་པ་བསྟན་པ་རིན་ཆེན(༡༤༧༤ – ༡༥༥༨)། སྐུ་ཕྲེང་གསུམ་པ་བསྟན་པ་རབ་རྒྱས་(༡༥༦༤ – ༡༦༤༣)། སྐུ་ཕྲེང་བཞི་པ་ཐོགས་མེད་བློ་བཟང་འཇམ་དབྱངས་(༡༦༥༦ – ༡༧༠༨)། སྐུ་ཕྲེང་ལྔ་པ་བློ་བཟང་བསྟན་པའི་རྒྱལ་མཚན་(༡༧༡༢ – ༡༧༧༡)། སྐུ་ཕྲེང་དྲུག་པ་དགེ་འདུན་ཆོས་ཀྱི་དབང་ཕྱུག་(༡༧༧༢ – ༡༧༩༦) སྐུ་ཕྲེང་བདུན་པ་སྐྱབས་མཆོག་ཐུབ་བསྟན་ཉི་མ་(༡༧༩༧ – ༡༨༤༨)། སྐུ་ཕྲེང་བརྒྱད་པ་༸སྐྱབས་མགོན་བློ་བཟང་འཕྲིན་ལས(༡༨༤༩ – ༡༩༠༥)། སྐུ་ཕྲེང་དགུ་པ་སྐལ་བཟང་བློ་གྲོས་ཚང་(༡༩༠༥ – ༡༩༢༠)། སྐུ་ཕྲེང་བཅུ་པ་༸སྐྱབས་མགོན་ངག་གི་དབང་པོ(༡༩༢༡ – ༡༩༤༡)། སྐུ་ཕྲེང་བཅུ་གཅིག་པ་ད་ལྟ་རྒྱ་གར་དུ་བཞུགས་བཞིན་པ་ཀིརྟི་རིན་པོ་ཆེ་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ་མཆོག་(༡༩༤༢ ལོར་འཁྲུངས)ཡིན།
ཀིརྟི་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་གྱིས་ཕྱག་བཏབ་གནང་བ་དང་ཡང་ན་ཁོང་ལ་ཕུལ་བ་ཅི་རིགས་ཀྱི་དགོན་པ་ ༤༠ མ་ཟིན་ཙམ་ཡོད། དེ་དག་ལ་ཀིརྟིིའི་དགོན་མ་ལག་དང་ཡང་ན་ཀིརྟིའི་དགོན་ཁག་ཅེས་འབོད་ཀྱི་ཡོད། དགོན་པ་དེ་དག་ནང་ཀིརྟིའི་མཚན་དངོས་སུ་ཐོགས་པ་ནི། ཚ་ཁོ་ཀིརྟིའི་རོང་དགོན། སྟག་ཚང་ལྷ་མོ་ཀིརྟིའི་དགོན། རྔ་པ་ཀིརྟིའི་དགོན། ཧོར་གཙང་ཀིརྟི་དགོན། རྒྱལ་རོང་ཚོ་བདུན་ཀིརྟིའི་དགོན། མཚོ་སྔོན་ཀིརྟི་དགོན་པ། གདོང་རི་ཀིརྟིའི་དགོན་པ། རྡ་ས་ཀིརྟིའི་བྱེས་པ་གྲྭ་ཚང། རྡོར་གླིང་སུ་ཁེའི་ཀིརྟི་དགོན་པ་སོགས་ཡིན་ལ། གཞན་ཡང་རྔ་པའི་གཅའ་དགོན་པ། ཀླུ་ཆུའི་རྨོག་རུ་དགོན་པ། ཐེ་བོའི་གཟའ་རུ་དགོན་པ། ཚོང་རུའི་ཆག་ནང་དགོན། འབྲིང་བའི་སུམ་མདོ་དགོན། བྲག་སྒམ་ལྷ་གསོལ་དགོན། བསེ་བོ་རོང་གི་གསེར་ཐང་དགོན། འབྲུག་ཆུའི་ཆུ་ནག་ལུང་དགོན་པ་སོགས་ཀིརྟིའི་མཚན་དངོས་སུ་མ་ཐོགས་པ་སུམ་ཅུ་ཙམ་ཞིག་ཡོད། དགོན་པ་དེ་དག་གི་གནས་ཡུལ་ནི་ད་ལྟའི་རྒྱ་ནག་གི་ས་ཁུལ་དབྱེ་སྟངས་ལྟར་བྱས་ན། ཟི་ཁྲོན་ཞིང་ཆེན་གྱི་རྔ་པ་རང་སྐྱོང་ཁུལ་ཁོངས་ཀྱི་འབར་ཁམས་རྫོང་། རྔ་པ་རྫོང། མཛོད་དགེ་རྫོང། ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོ་རང་སྐྱོང་ཁུལ་ཁོངས་ཀྱི་ཀླུ་ཆུ་རྫོང་། ཐེ་བོ་རྫོང་། འབྲུག་ཆུ་རྫོང་། བསང་ཆུ་རྫོང་། མཚོ་སྔོན་ཞིང་ཆེན་ཁོངས་མཚོ་སྔོན་པོའི་འགྲམ། དེ་བཞིན་ རྒྱ་གར་ནང་གི་རྡ་རམ་ས་ལ་དང་རྡོ་རྗེ་གླིང་བཅས་ཀྱི་ས་ཁོངས་སུ་ཡོད། དེང་སང་ཁམས་ཁུལ་གྱི་ས་དགེ་བཀའ་རྙིང་གི་དགོན་པ་མང་པོས་ཀིརྟིིའི་དགོན་ཁག་ནས་དགེ་རྒན་འབོད་བཞིན་པ་དང་ཡང་ན་ཀིརྟིའི་དགོན་ཁག་ཏུ་སློབ་གཉེར་ལ་ཡོང་བཞིན་པ་སོགས་ཆོས་བརྒྱུད་རིས་མེད་ཀྱི་འབྲེལ་བ་ཡོད་སའི་དགོན་པ་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་འདུག
དེ་དག་ནང་ནས་ཀིརྟིའི་མ་དགོན་ནི་ཚ་ཁོ་ཀིརྟིའི་རོང་དགོན་དང་སྟག་ཚང་ལྷ་མོ་ཀིརྟིའི་དགོན་པ་གཉིས་ལ་ཟེར། ཚ་ཁོ་ཀིརྟིའི་རོང་དགོན་ནི་ཀིརྟིའི་དགོན་པ་ཐམས་ཅད་ཀྱི་མ་དགོན་དང་པོ་དེ་ཡིན། ཕྱིས་སུ་སྟག་ཚང་ལྷ་མོ་ཀིརྟིའི་དགོན་པ་དེ་ཀིརྟི་སྐུ་ཕྲེང་རིམ་བྱོན་གྱི་ཆོས་སྲིད་གཉིས་ཀའི་མཛད་འཕྲིན་སྐྱོང་སའི་གདན་ས་གཙོ་བོར་གྱུར་ཏེ། མ་དགོན་སྟག་ཚང་ལྷ་མོ་ཞེས་འབོད་སྲོལ་ཆགས། དེ་ནི་ཀིརྟིི་སྐུ་ཕྲེང་ལྔ་པ་གྲུབ་དབང་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་ཕྱི་ལོ་ ༡༧༤༨ ལོར་བཏབ།
ཡང་ཀིརྟིའི་དགོན་པ་ཆེ་ཁག་བཞི་ཞེས་འབོད་བཞིན་པ་ནི། སྟག་ཚང་ལྷ་མོ་ཀིརྟིའི་དགོན། རྔ་པ་ཀིརྟིའི་དགོན། ཧོར་གཙང་ཀིརྟིའི་དགོན། ཚོ་བདུན་ཀིརྟིའི་དགོན་པ་བཞི་ལ་ཟེར། འདི་ནི་ཀིརྟིའི་དགོན་མ་ལག་གི་ནང་ནས་མཚན་ཉིད་ཀྱི་རྩོད་གྲྭ་ཡོད་ས་རྣམས་ལ་དེ་ལྟར་འབོད་པ་ཡིན་འདུག དགོན་ལག་གཞན་རྣམས་ལ་ད་དུང་མཚན་ཉིད་ཀྱི་རྩོད་གྲྭ་མེད་པར་སྣང་། རྔ་པ་ཀིརྟིའི་དགོན་པ་འདིར་བློ་གསལ་གླིང་གི་ཡིག་ཆ་ལྟར་གྱི་མཚན་ཉིད་གྲྭ་ཚང་། རྒྱུད་སྟོད་གྲྭ་ཚང་། དུས་འཁོར་གྲྭ་ཚང་། སྨན་པ་གྲྭ་ཚང་བཅས་ཡོད། ཁྱོན་བསྡོམས་གྲྭ་པ་ ༢༥༠༠ ལྷག་ཡོད་པས། ད་ཆ་བོད་ནང་གི་གྲྭ་པ་མང་ཤོས་ཀྱི་དགོན་པ་ཞིག་དང་མདོ་སྟོད་སྨད་ཀྱི་སློབ་གཉེར་པ་མང་པོ་མཉམ་འདུས་ཀྱིས་སློབ་གཉེར་བྱེད་ཡུལ་གྱི་ཆོས་གྲྭ་ཆེན་པོ་ཞིག་ཏུ་གྱུར་ཡོད་ཀྱང་རྒྱ་གཞུང་གིས་རྩ་མེད་བཟོ་ཐབས་བྱེད་བཞིན་ཡོད་པ་རེད།
གཉིས་པ། རྔ་པ་རང་སྐྱོང་ཁུལ་དང་རྔ་པ་རྫོང།
རྔ་པ་ཞེས་བརྗོད་པའི་སྐབས་ལ་རྔ་པ་རང་སྐྱོང་ཁུལ་ལ་གོ་བ་དང་རྔ་པ་རྫོང་ལ་གོ་བ་གཉིས་ཡོད། རྔ་པ་རང་སྐྱོང་ཁུལ་ལ་དེ་སྔོན་རྔ་པ་བོད་རིགས་རང་སྐྱོང་ཁུལ་དང་དེང་སང་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཞེས་འབོད་ཀྱི་ཡོད། དེའི་ཁོངས་སུ་རྫོང་ཁག་བཅུ་གསུམ་ཡོད་པ་ནི། མཛོད་དགེ་རྫོང་། ཁྱུང་མཆུ་རྫོང་ (ཧོང་ཡོན)། རྣམ་འཕེལ་རྫོང་(གཟི་རྩ་སྡེ་དགུ)། ཟུང་ཆུ་རྫོང་། ཁྲོ་ཆུ་རྫོང་། རྔ་པ་རྫོང་། འཛམ་ཐང་རྫོང་། འབར་ཁམས་རྫོང་། ཆུ་ཆེན་རྫོང་། བཙན་ལྷ་རྫོང་། ཝིན་ཁྲོན་རྫོ་ (ལུང་དགུ)། ལིས་རྫོང་(བཀྲ་ཤིས་གླིང)། མའོ་རྫོང་བཅས་ཡིན།
རྔ་པ་ཀིརྟིའི་དགོན་པ་ནི་རྔ་པ་རྫོང་གི་ཁོངས་སུ་ཡོད་ལ་དེའང་རྫོང་མཁར་རང་གི་ཐོག་ཏུ་ཡོད། རྔ་པ་རྫོང་ལ་ཀིརྟི་རྫོང་ཞེས་འབོད་སྲོལ་མེད། རྔ་པ་རྫོང་ཁོངས་སུ་ད་དུང་ཀིརྟིའི་དགོན་པ་གཞན་འགའ་ཤས་ཡོད་པ་ནི། ཚ་ཁོ་ཀིརྟིའི་རོང་དགོན། གདོང་རི་ཀིརྟིའི་དགོན། གཅའ་དགོན་པ། ནག་ཚང་མའི་དགོན་པ། རྭ་རུ་བའི་དགོན་པ། བྱ་སྐོར་མའི་དགོན་པ། མཁར་སར་དགོན་པ། རྨེའུ་རུ་མའི་བཙུན་དགོན་བཅས་ཡོད། སྟག་ཚང་ལྷ་མོ་ཀིརྟིའི་དགོན་པ་དང་ཚོ་བདུན་ཀིརྟིའི་དགོན་པ་སོགས་རྔ་པ་རང་སྐྱོང་ཁུལ་གྱི་རྫོང་ཁག་གཞན་ནང་ཡོད་པའི་ཀིརྟིའི་དགོན་པ་རྣམས་ལ་རྔ་པ་ཁུལ་གྱི་ཀིརྟིའི་དགོན་པ་ཞེས་འབོད་རུང་ནའང། རྔ་པ་ཀིརྟིའི་དགོན་པ་ཞེས་འབོད་སྲོལ་མེད། རྔ་པ་ཀིརྟིའི་དགོན་པ་ཞེས་བརྗོད་ཚེ་རྔ་པ་རྫོང་ཐོག་ཏུ་ཡོད་པའི་ཀིརྟིའི་དགོན་པ་དེ་ཁོ་ནར་གོ་བ་ལས་གཞན་ལ་མི་གོ འདི་ལ་རྔ་པ་ཀིརྟིའི་དགོན་ཆེན་ཡང་ཟེར། ཁ་སང་དེ་རིང་རྒྱ་ནག་གཞུང་གི་དྲག་གནོན་འོག་ཛ་དྲག་ངང་ཡོད་པའི་དགོན་པ་ནི་རྔ་པ་ཀིརྟིའི་དགོན་ཆེན་འདི་ཡིན། དེས་ན། གསར་འགོད་པ་རྣམས་ཀྱིས་གསར་འགྱུར་སྤེལ་སྐབས་འབྲེལ་ཡོད་གནས་ཚུལ་འདི་དག་མཁྱེན་པ་གནང་སྟེ་ཚིག་དང་དོན་མ་ནོར་བ་གནང་གལ་ཆེ་ཞེས་ཞུའོ།།
དྲ་གྲོགས་ཀིརྟི་སྐྱབས་ལ།
༡༽ མཁས་པའི་ཚོགས་དང་ཕ་མེས་ཡབ་མེས་རྣམས་ཀྱི་རིང་ལ། བེད་སྤྱོད་མང་པོ་བྱས་ཚུལ་ངོ་སྤྲོད་ཞིབ་ཕྲ་གནང་རོགས་ཞུའོ།།
༢༽ ལོ་རྒྱུས་དང་བརྡ་སྤྲོད་སོགས་ཀྱི་རྒྱབ་ལྗོངས་ཚད་ལྡན་ཡོད་ན། རྒྱས་འགྲེལ་ཞིག་བྱེད་རོགས་ཞུའོ།།
༣༽ མང་མོས་དང་སྤྱི་དམངས་ཀྱིས་དེ་ལྟར་ངོས་འཛིན་གནང་གིན་ཡོད་དམ།
དྲ་གྲོགས་ཀིརྟི་སྐྱབས་ལ།
དགེ་ཆོས་ཀྱིས།
རྒྱུ་མཚན་མེད་པར་བརྗོད་ན་ཡིད་ཆེས་ཤིང་།།
རྒྱུ་མཚན་བཙལ་སྟེ་སྨྲས་ན་བརྙས་བྱེད་པའི།།
སྐྱེ་བོ་རྨོངས་པའི་སེམས་ཀྱི་གཤིས་ལུགས་འདི།།
ཚད་མའི་འཇུག་པ་ཀུན་ལས་འདས་པ་ལགས།།
ཞེས་པ་ལ་བསམ་གཞིགས་ཡོང་བའི་འབོད་སྐུལ་ཞུའོ།།
དྲ་གྲོགས་ཀིརྟི་སྐྱབས་ལགས། རྔ་བ་ཟེར་བའི་ལུང་པ་འདིར་དུང་སྣང་ཆེ་དྲག་པའི་དབང་གིས་སྐད་ཆ་དེ་འདྲ་ཞིག་ཐལ་སོང་བར་སྙིང་ཐག་པ་ནས་བཟོད་གསོལ་ཞུ་བཞིན་ཡོད། ཁྱེད་ཀྱིས་བཤད་པའི་རྩོམ་ཡིག་འདིའི་བརྗོད་དོན་ལ་ཡི་རངས་བྱེད་བཞིན་ཡོད་པ་མ་ཟད། ཁྱེད་ཀྱིས་བགྲོ་གླེང་བྱེད་སྟངས་ཀྱི་ཀུན་སྤྱོད་ལ་སློབ་སྦྱོང་བྱེད་བཞིན་ཡོད། ནམ་ཡང་ངའི་བསམ་པར་བགྲོ་གླེང་ངམ་ཤེས་ཡོན་མོལ་བའི་སྐབས་ཀྱི་ཁོང་ཁྲོ་ནི་གྲོགས་ངོ་མ་རུ་འགྱུར་བའི་གཞི་མ་རུ་བསམ་བཞིན་ཡོད་པ་ལས། བོད་ནང་གི་ཨ་མ་ཚོས་ཞིང་ཚིགས་ཀྱི་རྩོད་གླེང་བྱེད་པ་ལྟར་ཡིད་འཛིན་བྱེད་པ་ཞིག་ཏུ་གཏན་ནས་ངོས་འཛིན་བྱེད་བཞིན་མེད་ལགས། ཁྱེད་ཀྱིས་རྔ་པ་ཟེར་བར་ལོ་རྒྱུས་དང་བརྡ་སྤྲོད་བཤད་ཡོད་ཟེར་བ་ནི་རྒྱུ་མཚན་ཞིག་མཐོང་མ་སོང་། སྤྱིར་བཏང་ལུང་དང་རིགས་པ་ལས་རིགས་པ་ཁས་ལེན་པ་འཇིག་རྟེན་སྤྱི་འགྲོས་ཀྱིས་མཁས་པའི་ལུགས་ཡིན་ལ། ཁུངས་ཀྱི་ཆ་ནས་བཤད་ན་སྔ་སྨྱོན་སོགས་ཀྱིས་ལོ་རྒྱུས་ཀྱི་ཁུངས་མང་པོ་དྲངས་པ་དེ་དག་ཁྱེད་ཀྱིས་ཁས་མི་ལེན་པར་དགོངས་པ་གཞན་དོན་དུ་འགྲེལ་རྐྱང་བྱེད་པ་ཡང་དག་ཅིག་མ་རེད། ད་དུང་ང་ཚོས་རྔ་བ་ཟེར་བ་ང་ཚོའི་ངག་ཁོ་ནར་བདེ་བའི་དབང་གིས་ཡིན་པར་བཤད་པ་ནི། བདེན་པ་རེད་མི་འདུག་འདོད། རྔ་བ་ཡུལ་མི་བྱིངས་ཀྱིས་རྔ་བ་ཟེར་བ་རྒྱུ་མཚན་དུ་བྱེད་བཞིན་ཡོད་ལ། མདོ་སྨད་མཁས་པ་མང་ཆེ་བའི་ངག་སྒོ་་ན་དེ་བདེ་བས་དེ་ལྟར་རྒྱུ་མཚན་བྱེད་བཞིན་པ་ལས། ཁྱེད་རང་ནང་བཞིན་རྒྱ་ཡིག་གིས་རང་སྐད་ལ་འགྲེལ་རྒྱག་གི་མེད་ལ། བོད་རྔ་བའི་ལོ་རྒྱུས་ཀྱི་ཡིག་ཆ་དག་ན་གསལ་བའི་རྔ་བ་ཟེར་བའི་ཡུལ་མིང་ལ་བཟོ་བཅོས་བྱེད་བཞིན་མེད་ལགས།
རྔ་བ་ཚེ་སྐྱིད་ལ།
1 རྔ་པ་ཞེས་པ་འདི་མི་རབས་གོང་མ་ཚོའི་སྐབས་ནས་གྲགས་པ་ཞིག་ཡིན་ལ། འདི་ལྟར་འདོད་མཁན་ང་རང་ཚོ་ལྟ་བུའི་བླུན་པོ་ཙམ་མིན་པར་མཁས་པའི་ཁྲོད་ནའང་མང་པོ་ཡོད་པས། ༼མ་གྲགས་རང་འདོད༽་མིན།
2 ལོ་རྒྱུས་དང་བརྡ་སྤྲོད། ཚད་ལྡན་ཡིག་ཆ་བཅས་ཀྱི་ཁུངས་ལུང་རྒྱུ་མཚན་དྲངས་ནས་ཤོད་ཀྱི་ཡོད་པ་ལས། ༼གནས་ལུགས་མེད་པའི་ཨུ་ཚུགས་མཐའ་སྐྱེལ་༽བྱེད་ཀྱི་མེད། པ་དང་བ་གང་འབྲི་གཙོ་བོར་བརྡ་སྤྲོད་ཀྱི་འགྲོ་ལུགས་ལ་བསྟུན་རྒྱུ་ལས། མིའི་མང་ཉུང་བརྩིས་ནས་མང་གཙོ་བྱེད་ས་ཡོད་པ་མ་རེད། གལ་སྲིད་མང་ཉུང་བརྩི་རྒྱུ་ཡིན་ན་དབུས་དང་ཁམས་གཉིས་ཆས་རྔ་པ་ཟེར་བས་འདི་ལ་མང་གཙོའི་རྒྱལ་ཁ་འཐོབ་ངེས་རེད། འོན་ཀྱང་དེ་འདྲ་བྱེད་ས་་ཡོད་པ་མ་རེད།
3 གོང་སྨོས་ལྟར་ཁུངས་ལུང་རྒྱུ་མཚན་མང་པོ་དང་མཐུན་པར་བཤད་པས་༼སྒེར་འདོད་གཙོ་འཛིན་༽མིན།
ད་ང་ཚོས་འདི་ལྟར་བརྩད་ནས་དགོས་པ་ཞིག་ཡོད་པ་མཐོང་གི་མི་འདུག རྩོད་པ་དོན་སྙིང་ལྡན་པ་ཞིག་ཡིན་ན་བརྩད་ཆོག་ཀྱང་འདི་ནི་དེ་འདྲ་ཞིག་རེད་བཞག ད་གཡུགས་ཤོག
ཨ་འདུས་མིག་ཆུ་ལ།
ཁྱེད་ཀྱིས་༼རྔ་བའི་རྩོམ་པ་པོ་དེ་འདྲ་མང་པོ་ཞིག་གིས་༽ཟེར། ང་ལ་དགག་པ་རྒྱག་མཁན་རྔ་བ་ཚེ་སྐྱིད་དང། སྤྲོ་ཚིགས་དགེ་འདུན། རྔ་སྨྱོན། ཁྱེད་རང་བཅས་མི་བཞི་མ་གཏོགས་མེད། དེ་ལ་༼དེ་འདྲ་མང་པོ་ཞེག་༽ཟེར་རམ། དེ་དག་ཀྱང་མིང་མི་འདྲ་བ་མ་གཏོགས་གང་ཟག་སོ་སོ་པ་ཡིན་མིན་མི་ཤེས།
ཁྱེད་ཀྱིས་ང་ལ་༼ཁྱི་ཕྲུག་བཞིན་༽ཞེས་ཚིག་ངན་པ་དེ་འདྲ་བཤད་འདུག ང་ཚོས་འབྲེལ་ཡོད་ཀྱི་གནས་ཚུལ་ཞིག་གི་ཐོག་རང་རང་གི་བསམ་ཚུལ་ཤོད་ཀྱི་ཡོད་པ་རེད། དེའང་ཤེས་ཡོན་གྱི་སྒོ་ནས་ཤོད་ཀྱི་ཡོད་པའི་ཁུལ་རེད། ཤེས་ཡོན་གྱི་བགྲོ་གླེང་སྐབས་སུ་འདི་འདྲའི་ཚིག་ངན་བཤད་པ་ནི་གཏན་ནས་མི་མཛེས་པ་ཞིག་རེད། དེར་བརྟེན་ངས་ཁྱེད་ལ་ལན་དུ་ཚིག་ངན་བཤད་ཀྱི་མིན།
རྔ་པ་ཞེས་འབྲི་དོན་སྐོར་ངས་ལོ་རྒྱུས་དང་བརྡ་སྤྲོད་ཀྱི་ཁུངས་ལུང་རྒྱུ་མཚན་དྲངས་ནས་བཤད་པ་ལས། ངའི་ཁ་ལ་དེ་བརྗོད་བདེ་ཞེས་དེ་ཁོ་ནར་ཨུ་ཚུགས་བྱས་མེད། འོན་ཀྱང་ཁྱེད་རང་བཞི་པོས་རྔ་བ་ཞེས་འབྲི་དགོས་ཚུལ་ཨུ་ཚུགས་བྱེད་པ་འདི་མཐར་གཏུགས་ན་རང་རང་སོ་སོའི་ཁ་ལ་དེ་ལྟར་བརྗོད་བདེ་བའི་རྒྱུ་མཚན་གྱིས་མ་རེད་དམ། ད་འགྲིགས་སོང། ང་ཚོས་དོན་མེད་ཀྱི་རྩོད་པས་དུས་ཚོད་ཆུད་ཟོས་སུ་བཏང་ནས་ཅི་བྱེད།
ཀིཏི་སྐྱབས་ལ།
མ་གྲགས་རང་འདོད།
བསྒྲུབ་ཕྱོགས་སུ་བཟུང་ནས་ཡོངས་ཁྱབ་གྲགས་པ་དགག་ཕྱོགས་སུ་འཛིན་དགོས་པའི་རྒྱུ་མཚན་ནི། དབུས་སྐད་ལ་བསྟུན་པ་ཡིན་ཟེར་བ་ནི། རྒྱུས་ཕོངས་པའི་བཤད་ཚུལ་ཐལ་བ་ཞིག་རེད། དེས་ན། ས་གནས་སོ་སོའི་ཁྱད་ཆོས་སྣ་ཚོགས་པ་དང་རིག་གནས་མཐའ་ཡས་པ་དེ་གཅིག་གྱུར་བྱེད་དགོས་པ་ཆགས་ཀི་རེད། དེ་ནི། རང་ལྟ་མཆོག་འཛིན་དང་གཞན་ལྟ་དམའ་འབབ་ཀྱི་འདུ་ཤེས་ཚེ་བའི་རིགས་ཤིག་ཡིན་པ་ལས་རྒྱབ་ལྗོངས་མཐུག་པའི་གནས་ལུགས་ཤིག་མི་འདུག་གོ །
ཨུ་ཚུགས་མཐའ་བསྐྱལ།
རྒྱུ་མཚན་དང་གནས་ལུགས་མེད་ཀྱང་རུང་། མཁྲེགས་འཛིན་རིང་ལུགས་པའི་བསམ་སྤྱོར་འཁྱེར་ནས་ཡོངས་སུ་གྲགས་ཤིང་སྤྱི་དམངས་ཀྱི་ཁས་ལེན་པའི་གནད་དོན་ཞིག་ཨུ་ཚུགས་མཐའ་བསྐྱལ་གྱིས་མ་ཡིན་ཚུལ་བསྒྲུབ་པར་བསམས་ཤིང་གཞིགས་ན། དེ་ནི། སྒེར་གཅོད་ཀྱི་ཤན་ཤུགས་ཆེ་བའི་རྟགས་མཚན་ཞིག་རེད་ལ། མང་གཙོའི་ལེགས་བྱང་གི་ཡོན་ཏན་ལ་གོ་རྟོགས་དང་ལག་ལེན་ཅི་ཡང་མེད་པའི་མངོན་ཚན་གསལ་བོ་ཞིག་བསྟན་འདུག་གོ །
སྒེར་འདོད་གཙོ་འཛིན།
སྒེར་བ་ཞིག་གི་འདོད་ཚུལ་གཙོ་འཛིན་བྱ%
ཀིརྟི་སྐྱབས་ལགས། ཁྱེད་ཀྱི་རྩོམ་ཡིག་གཅིག་པོའི་ཐོག་ལ་རྔ་བའི་རྩོམ་པ་པོ་དེ་འདྲ་མང་པོ་ཞིག་གིས་དགག་སྒྲུབ་བྱེད་དོན་ནི། རང་དོན་འབའ་ཞིག་གི་ཆེད་དུ་ག་ལ་ཡིན། ལྷག་པར་རྒྱུ་མཚན་དང་གནས་ལུགས་ཀྱིས་སྟོང་བའི་ཀོར་ཐིག་ཁོ་ན་ཞིག་ཀྱང་ཡིན་མི་སྲིད་མོད། ཁྱེད་ཀྱིས་དེ་དག་གིས་གང་བཤད་རྣ་རྒྱབ་ཀྱི་ལྷགས་པ་བྱས་ནས། བརྗོད་དོན་རང་གི་ཁ་ནང་ལ་བརྗོད་པར་བདེ་མི་བདེ་དང་རང་གི་རྩ་བའི་བླ་མས་གསུངས་མ་གསུངས་རྒྱུ་མཚན་དུ་བྱས་ནས་རྔ་བའི་ཡུལ་མིང་ལ་རྔ་པ་ཟེར་བ་ནི། བཤད་པར་གནས་ལུགས་མི་འདུག་ལ། བསམ་པར་ལྷག་བསམ་གཏན་ནས་མི་འདུག། སྤྱིར་བཏང་ལོ་རྒྱུས་ཀྱི་མིང་ཚིག་གམ་བརྡ་ཆད་ནི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་འགྲོས་དང་མཐུན་དགོས་པ་ལས། རང་ཉིད་ལ་བརྗོད་པ་བདེ་མིན་དང་དད་པ་དག་སྣང་གི་རྗེས་སུ་ཁྱི་ཕྲུག་བཞིན་འདུར་རྒྱུག་བྱེད་རྒྱུ་ཞིག་མ་ཡིན་པར་འདོད། ཁྱེད་ཀྱི་རྩོམ་ཡིག་འདི་བཀོད་པའི་དྲ་བ་གཉིས་ཀྱི་སྟེང་ན་རྔ་ཡུལ་ལ་རྔ་པ་ཟེར་བར་ངོ་རྒོལ་བྱེད་མཁན་གྱི་རྔ་བ་མང་པོ་བྱུང་ཡོད་ལ། ད་ལོའི་རྔ་བའི་མེ་སྲེག་དོན་རྐྱེན་ཆེད་དུ་རྩོམ་བྲིས་པའི་མདོ་སྨད་རྩོམ་པ་པོ་མང་ཆེ་བས་རྔ་བ་ཞེས་བྲིས་པ་ལས་རྔ་པ་ཞེས་ཚིག་གི་ཟུར་ཙམ་ཡང་བྱུང་མེད་ན། ཁྱེད་ཀྱིས་དེ་དག་གིས་གང་བཤད་རྡོག་རྫིས་མ་བྱས་ན་ལེགས་པ་དང་། རང་རེའི་ཡུལ་མིང་དེ་ཡུལ་མི་རང་ཉིད་ཀྱི་ངག་སྒོའི་འགྲོས་དང་མཐུན་ན་དགེ་མཚན་ཆེ་བ་མ་ཟད། རྔ་བ་ཞེས་ལབ་ན་བརྡ་སྤྲོད་པའི་གཞུང་གི་འགྲོ་ཚུལ་དང་མཐུན་པས་དགེ་མཚན་བརྗོད་ལས་འདས། བ་སྒྲ་དེ་བརྡུང་བྱའི་རྔའི་ཆ་ཤས་ཡིན་མིན་དང་། ཆ་ལ་པ་ཉིད་སྦྱོར་བ་ལེགས་པའི་ལུང་ཚིག་རེ་འཁྱེར་ནས་འབྲེལ་མེད་དོན་གཞན་གྱི་སྐད་ཆ་མ་འཆད་ན་ལེགས་ཤིང་། མདོ་སྨད་རྒྱ་ཆེའི་མཁས་པ་དག་གིས་བ་བདག་སྒྲར་སྦྱོར་ཚུལ་གྱི་རང་ལུགས་དེ་ལ་བརྩི་བཀུར་ཡོད་ནི་བྱོས་ཟེར་རྒྱུ་མ་ཟད། རང་ཡུལ་རྔ་བའི་འདས་ཟིན་པའི་ལོ་རྒྱུས་ཀྱི་ཟིན་ཐོའི་ཁྲོད་ཀྱི་ཡུལ་མིང་དང། ད་ཡོད་རྔ་བ་རྒྱ་ཆེའི་མི་མང་གིས་རྔ་བ་ཞེས་པར་མ་ཤེས་བླུན་པོའི་སྐད་ཆ་རེད་མ་འདོད་ཞུ་རྒྱུ་དང་། རྔ་བའི་ཡུལ་མི་དག་གིིས་རང་ཡུལ་་ལ་རྔ་ཁོག་ཟེར་བ་ལས་རྔ་བ་མི་ཟེར་ཞེས་པའི་རྫུན་གཏམ་མ་བཤད་ལོ། ཁྱེད་ཀྱི་སྐད་ཆའི་རྒྱབ་རྟེན་ལ་རྫུན་གཏམ་དང་། འཁྱོག་བཤད། གཡམ་རྒྱུག་གིས་གང་ཡང་ཡོང་གི་མ་རེད་དོ།
རྔ་སྨྱོན་ལ།
1 ཀིརྟི་སྐུ་ཕྲེེང་གི་རྣམ་ཐར་དུ་རྔ་པ་ཞེས་བྲིས་ཡོད་ཚུལ་ངས་ནམ་ཡང་བཤད་མེད། དགེ་འདུན་ཆོས་འཕེལ་གྱིས་༼དེ་ནས་དམག་ཉིས་འབུམ་དང་བཅས་རྒྱ་ལ་དྲངས་ཏེ་རྒྱའི་ཟོང་ཅོ་(སུང་ཀྲུའུ་松州)བཅོམ༽ཞེས་སོགས་མང་དུ་བྲིས་ཡོད་པ་དེ་ཚོ་ལ་ཟེར་གྱི་ཡོད་ན་དེ་ཚོ་ནི་རྒྱ་ཡིག་གིས་བོད་ཡིག་ལ་དག་བཅོས་བྱས་པ་ལས་བོད་ཡིག་གིས་རྒྱ་ཡིག་ལ་དག་བཅོས་བྱས་པ་ཞིག་མིན། རྔ་བ་་ཞེས་པའི་བ་སྒྲ་རྒྱ་སྐད་དུ་མ་ཐོན་ཏེ་坝ཞེས་བྲིས་པ་ཡིན་ཟེར་ན། དེང་སང་རྔ་རྫོང་རང་གི་བསུ་བའམ་ཟི་བ་དང། ཁྱུང་མཆུ་རྫོང་གི་དམེ་བའམ་རྨེ་བ། མཛོད་དགེའི་གླིང་བ་སོགས་ལ་རྒྱ་ཡིག་ཏུ་རིམ་བཞིན། 四洼,麦洼,嫩哇ཞེས་བོད་སྐད་ཀྱི་བ་སྒྲ་རྒྱ་ཡིག་ཏུ་ཇི་བཞིན་ཐོན་ཡོད་པ་འདི་དག་ལ་ཅི་ཟེར།
2 ཨ་ཁུ་ཆོས་འཕེལ་རྨེའུ་ཚང་གི་དྲུང་ཡིག་ཡིན་པས་རྨེའུ་ཚང་གི་ལོ་རྒྱུས་ཐད་ཁྱོད་དང་ང་ལྟ་བུ་ལས་ཁོང་རྒྱུས་མངའ་ཆེ་བ་ཡོད་ངེས་ཡིན་ལ། ངས་ཁོང་གིས་བྲིས་པའི་རྨེའུ་ཚང་གི་ལོ་རྒྱུས་ཤིག་མཐོང་མྱོང་བ་ལས་དེ་མིན་གྱི་རྨེའུ་ཚང་གི་ལོ་རྒྱུས་གཞན་མཐོང་མྱོང་མེད་པས་ཁྱེད་ཀྱིས་མཐོང་མྱོང་ཡོད་ན་འདིར་ཁུངས་སུ་དྲངས་ན་རང་གཞན་ཀུན་ལ་ཕན་ངེས། ངས་མཐོང་བ་དེའི་ནང་དུ་ཁོང་གིས་རྨེའུ་ཞེས་པ་ནི་སྟོད་མངའ་རིས་ཀྱི་རུས་མིང་ཞིག་ཡིན་སྐོར་གསུངས་ཡོད་པ་དྲན། གཞན་གསལ་པོ་མི་དྲན།
3 ཀིརྟིི་ཞེས་པའི་མཚན་གྱི་འབྱུང་ཁུངས་ནི་ཁྱེད་ཀྱིས་བཤད་པ་དེ་ག་རང་རེད། ངས་དེ་མ་རེད་ཟེར་གྱི་མེད། དེའི་སྐོར་ངས་བཤད་ཀྱང་མེད། རྔ་བ་ཚེ་སྐྱིད་ཀྱིས་ང་ལ་དྲིས་པ་དང་ངས་ལན་བཏབ་པ་ནི་དེའི་དག་ཆ་འབྲི་སྟངས་སྐོར་རེད། དེའི་འབྱུང་ཁུངས་སྐོར་མ་རེད། ཁྱེད་ཀྱིས་༼ཡུལ་ཚོ་དེར་ད་ལྟའང་ཡུལ་སྐད་རང་གུར་ཏེ་མ་ཞེས་བརྗོད་སྲོལ་མ་ཉམས་པར་གནས་ཡོད།༽ཟེར། འོན་ཀྱང་ངས་དངོས་སུ་གོ་བ་ལ་དེང་སང་ཀིརྟི་མ་ཞེས་རྗོད་ཀྱི་འདུག དེ་གསལ་པོ་རེད། ཡིད་མ་ཆེས་ན་རྒྱ་གར་ནང་ཡོད་པའི་ཀིརྟི་མའི་མི་དེ་དག་ལ་དྲིས་ན་ཤེས། ཡིན་ནའང་ འདི་ཚོ་ལ་དེ་ཙམ་གྱི་རྩོད་པ་བརྒྱབས་ནས་དགོས་པ་ཅང་མི་འདུག་སྙམ།
ཀིར་སྐྱབས་ལ།
གཅིག ) སྔ་རབས་ཀྱི་ལོ་རྒྱུས་ཡིག་ཚང་དང་། རུས་མཛོད་སོགས་སུ་རྔ་བ་ལས་རྔ་པ་བྲིས་མེད་པ་མ་ཟད་ཀིརྟི་སྐུ་ཕྲེང་གི་རྣམ་ཐར་དུའང་རྔ་བ་ལས་རྔ་པ་བྲིས་མེད། མདོ་སྨད་པ་དགེ་འདུན་ཆོས་འཕེལ་སོགས་ཀྱི་ཐང་ཡིག་གསར་རྙིང་ལ་སོགས་པའི་རྒྱའི་དེབ་ཐེར་ལས་བོད་ཀྱི་ས་མིང་ཆུ་མིང་བོད་རང་གི་ས་ཁུལ་གྱི་མིང་བརྡ་ལ་བརྟེན་ནས་རྒྱའི་ཡིག་ཆའི་ནང་མ་དག་པའི་ཐ་སྙད་མང་པོ་ཞིག་དག་པར་བཟོས་ཡོད་པ་ངོ་མཚར་དུ་ཆེ་ཡང་། ཀིར་སྐྱབས་ཁྱོད་རང་ནས་རྒྱའི་སྐད་ཡིག་གིས་བོད་ཀྱི་སྒྲ་གདངས་དག་མོར་ཐོན་མི་ཐུབ་པ་ཡོངས་གྲགས་བཞིན་དུ་རྒྱའི་སྒྲ་གདངས་ལ་བརྟེན་ནས་བོད་ཀྱི་སྒྲ་གདངས་དག་བཅོས་བྱས་པ་དེས། ཁྱོད་རང་ལམ་དྲང་བོར་མ་ཞུགས་པའི་རྟགས་ཡིན། གཞན་རྒྱ་སྐད་ཨ་པཱ་ཞེས་པའི་སྒྲ་དོན་ནི།
དཔེར་ན། རྒྱའི་སྐད་ནང་གི་ཨ་(阿 ) ཞེས་པ་རྔའི་སྒྲ་མ་ཐོན་པར་དེས་ཚབ་ལྟ་བུར་ཨ་བརྗོད་པ་དང་། པཱ་(坝 ) ཟེར་བ་དེའང་བ་ཞེས་པའི་བརྗོད་པའི་ཁུལ་རེད། འོན་ཀྱང་མཐར་གཏུགས་ན་དེ་གཉིས་ཆ་མ་དག་པ་རེད།
གཉིས་པ།) རྔ་བའི་དམེ་ཚང་ལ་རྨེའུ་འབྲི་བ་དེའང་ཨ་ཁུ་ཆོས་འཕེལ་ལས་གཞན་ཁྱོད་ལ་ལོ་རྒྱུས་ཡིག་རིགས་ཀྱི་མགོ་ཁུངས་གང་ཡང་མེད། ཨ་ཁུ་ཆོས་འཕེལ་ཚང་ནས་མཐར་གཏུགས་ན་དམེ་ཚང་ལ་ཤ་ཚ་དང་དགོས་དབང་གིས་ར་རྨེ་བྲིས་པ་ལས་གཞན་ལོ་རྒྱུས་དེབ་ཐེར་གཅིག་ཀྱང་ཁུངས་སུ་སྟོན་རྒྱུ་རྙེད་མེད། ལོ་རྒྱུས་སྨྲ་བ་པོ་ཞིག་ལ་མཚོན་ན་རྫུན་ལ་ཁུངས་བཅོལ་བ་དང་བཙན་པོ་ལ་མགོ་སྒུར་ན་ལོ་རྒྱུས་གླེང་ཐབས་རྩ་བ་ནས་མེད་པ་རེད། འོན་ཀྱང་ཨ་ཁུ་ཆོས་འཕེལ་ལྟ་བུའི་ཉམས་ཆུང་དཀྱུས་མ་ཞིག་གིས་མཱ་བློན་དམེ་ཚང་ལ་དེ་ལྟར་བྲི་མི་ཕོད་པ་དེར་ཁོར་ཡུག་གིས་བསམ་ཤེས་བྱེད་དགོས་པ་ཞིག་ཡིན།
གསུམ་པ། ) གུར་ཏེ་ལ་ཀིརྟི་བྲིས་པ་དེའང་མཐར་གཏུགས་ན་ཡུལ་ཚོ་ཆུང་ཆུང་ཞིག་གི་མིང་དེར་གནས་བཅའ་བའི་བླ་མ་དེར་བརྗོད་སྲོལ་ཆགས་ནས་དེ་ལྟར་ཐོགས་པ་ཞིག་རེད། ཡུལ་ཚོ་དེར་ད་ལྟའང་ཡུལ་སྐད་རང་གུར་ཏེ་མ་ཞེས་བརྗོད་སྲོལ་མ་ཉམས་པར་གནས་ཡོད། འོན་ཀྱང་ཀིརྟི་ནི་སྔགས་ཡིག་ཅིག་ཡིན་པ་དང་། དེ་བས་དེའི་དོན་གྲགས་པ་ཡིན་པར་སོང་དེ་རྔ་བའི་རོང་ཁུལ་མཐའ་མཚམས་ཀྱི་ཡུལ་ཚོ་དང་དེའི་བླ་མ་ལ་ཐོགས་དོན་གཏན་ནས་མེད། ལེགས་སྦྱར་སྐད་ཀྱི་ཀིརྟི་ཞེས་པ་དེ་ཡུལ་ཚོ་དེའི་ལོ་རྒྱུས་དང་ཁོར་ཡུག་ལ་མཚོན་ན་འབྲེལ་མེད་དོན་གཞན་ཞིག་རེད། དཔེར་ན། རོང་ཆེན་དགེ་འདུན་རྒྱལ་མཚན་དབུས་ཁུལ་དུ་རི་བོ་དགེ་ལུགས་པའི་མཁས་གྲུབ་ཚོའི་མདུན་ནས་སློབ་གཉེར་བྱས་སྐབས་སོགས་སུ་ཀིརྟི་ཞེས་པའི་བརྗོད་སྲོལ་མེད་པ་དེ། ཕྱིས་ཡུལ་ཚོ་ཆུང་ཆུང་དེའི་བླ་མར་ཆགས་ནས་བླ་མ་ལ་ཡུལ་ཚོའི་དེའི་མིང་དང་མཉམ་སྦྱར་བྱས་ནས་བརྗོད་སྲོལ་ཆགས་པའི་ཁུངས་གལ་ཆེན་ཞིག་རེད། དེ་བཞིན་དུ་ལི་ཐང་སྐྱབས་མགོན་དང་། ཤར་སྐྱབས་མགོན། ཀིརྟི་སྐྱབས་མགོན་ཟེར་བ་སོགས་ཀྱང་ཡུལ་ཁ་དེའི་མིང་བླ་མ་དེར་ཐོགས་པ་དང་བརྗོད་པ་ཞིག་ཡིན།
སྤྲོ་ཚིགས་དགེ་འདུན་ལགས། ཁྱེད་རང་དངོས་གནས་ཀིརྟིའི་དགོན་པ་ཡོད་སའི་ས་གནས་གཞན་དག་ལ་ཆ་རྒྱུས་མེད་པ་རང་རེད་འདུག ངས་ཁྱེད་ལ་ངོ་སྤྲོད་དེ་ལས་ལྷག་པ་བྱེད་རྒྱུ་མི་འདུག ཁྱེད་ཀྱིས་ས་གནས་གཞན་པ་དེ་ཚོའི་ནང་གི་ཀིརྟིའི་དགོན་མ་ལག་དེ་དག་སྐོར་ས་གནས་དེ་དང་དེའི་མི་ལ་གླེང་མོལ་གནང་ཐུབ་ན་ཡག་ཤོས་རེད།
རྔ་བ་ཚེ་སྐྱིད་ལ།
ཁྱེད་ཀྱི་གསལ་བཤད་ཚིག་གསུམ་འདི་ངས་སྔོན་མ་ནས་གོ་མྱོང་ལ། ཁྱེད་ཀྱི་དག་བཅོས་འདི་ཚོ་དག་བཅོས་སུ་འགྲོ་རྒྱུའི་ཚབ་ལ་དག་པ་མ་དག་པར་བསྒྱུར་བའི་སྐྱོན་དུ་འགྲོ་ཉེན་ཆེ།
༡༽རྔ་པ་དང་རྔ་བའི་སྐོར་ལ། སྔར་ཕ་ཡུལ་ནས་མི་ཞིག་གིས་རྔ་པ་མ་རེད་རྔ་བ་རེད་ཅེས་ཨུ་ཚུགས་ཀྱིས་བརྩད་ཀྱང་མཐར་ཕམ་པས་རྩོད་རོགས་དེ་ལ་གྲི་འཛུགས་གྲབས་བྱས་པ་རེད་ཟེར། རྒྱ་སྐད་དུའང་ 阿坝 ཞེས་འབྲི་སྲོལ་སྔོན་ཆད་ནས་ཡོད་པ་འདིས་སྐབས་དེ་དུས་བོད་སྐད་དུ་རྔ་པ་ཞེས་རྗོད་ཀྱི་ཡོད་པ་མཚོན་ཟེར། རྔ་བ་ཞེས་པ་ནི་ཕྱིས་སུ་དེའི་སྒྲ་འགྱུར་སོང་བ་ཡིན་པས་མ་དག་པ་རེད་ཟེར། འདི་ལ་བདེན་རྩ་ཞིག་འདུག་སྙམ།
༢༽ དམེ་ཚང་དང་རྨེའུ་ཚང་སྐོར། མཁས་དབང་དམུ་དགེ་བསམ་གཏན་ཚང་སོགས་ཀྱིས་ད་དམེ་ཡིན་ཚུལ་སྔོན་གྱི་རྣམ་ཐར་གསུང་འབུམ་སོགས་ནང་འཁོད་པའི་འབྲི་སྲོལ་ལ་ཁུངས་བཅོལ་ནས་གསུངས། དྲུང་ཡིག་ཨ་ཁུ་ཆོས་འཕེལ་སོགས་ཀྱིས་ར་རྨེའུ་ཡིན་ཚུལ་སྟོད་མངའ་རིས་ཀྱི་ལོ་རྒྱུས་སོགས་ལ་ཁུངས་བཅོལ་ནས་གསུངས། རྨེའུ་ཞེས་པ་མངའ་རིས་ཀྱི་རུས་མིང་ཞིག་ཡིན་པས། འདི་ཡང་དག་པ་རེད་ཟེར།
༣༽ ཀིརྟི་དང་གུར་ཏེའི་སྐོར།
སྔོན་གྱི་ལོ་རྒྱུས་དང་རྣམ་ཐར་སོགས་སུ་འགིར་ཏི་དང་གིརྟི། གུར་རྡི་སོགས་འབྲི་སྲོལ་སྣ་ཚོགས་ལས་གཅིག་གྱུར་མེད་ཟེར། འདི་ཚོའི་གོ་དོན་ཅི་ཡིན་སྔར་མཁས་པ་སུས་ཀྱང་གསུངས་མྱོང་མེད་ལ་ད་ཆ་ཤེས་མཁན་ཡང་མེད་པས། ཁྱེད་དང་ང་ལྟ་བུས་དག་མ་དག་བཤད་དུ་མེད་པ་ཞིག་ཡིན་འདུག འོན་ཀྱང་རིམ་པས་ཀིརྟི་ཞེས་པའི་འབྲི་སྲོལ་འདི་ཁོ་ན་དར་འདུག འབྲི་སྲོལ་འདི་དུས་ནམ་ཞིག་ནས་གཏན་ཁེལ་དུ་གྱུར་པ་ཡིན་ངས་གསལ་པོ་མི་ཤེས་ཀྱང་ཀིརྟི་བློ་བཟང་འཕྲིན་ལས་ཚང་གིི་གསུང་རྩོམ་སྔ་མོའི་ཤིང་པར་ཅན་རྣམས་སུ་ཀིརྟི་ཞེས་པ་འདི་ཁོ་ན་བྲིས་ཡོད་པ་དངོས་སུ་མཐོང་མྱོང་། ཀིརྟི་ཚང་རང་གི་གསུང་རྩོམ་རྣམས་སུ་འཁོད་འདུག་པ་འདི་ལས་ལྷག་པའི་ཁུངས་ལྡན་ཞིག་རྙེད་དུ་མེད་ལ། འབྲི་སྲོལ་འདིའི་ཐོག་གཅིག་གྱུར་དུ་ཕྱིན་ནས་ཉུང་མཐའ་ལོ་བརྒྱ་ལྷག་འདས་ཟིན་པས། འདི་ལ་མ་དག་པ་རེད་ཟེར་ན་རང་མཚང་བསྟན་པ་ལས་གཞན་ཅི་ཡང་མིན་ནོ།།
ལགས་སོ། ཀིརྟི་སྐྱབས་ལགས། གསལ་བཤད་གནང་བ་བཀའ་དྲིན་ཆེ། འོན་ཀྱང་གླེན་པ་ངས་འདི་ལྟར་བཤད་ན་ འདོན་ལ་བསམ་ཡང་ཡོད། ཁྱེད་ཀྱི་གསུངས་པ་དག་ཀྱང་བདེན་པ་རེད། ཡིན་ན་ཡང་། དེ་དག་རང་རང་གི་ལྷ་སྡེ་མི་སྡེ་ཚོའི་རང་ཉིད་གང་དུ་གནས་པའི་ཡིལ་མི་དག་གིས་རློམས་པ་ཙམ་ལས་དོན་ངོས་ཐོག་ དཔེར་ན་སྟག་ཚང་ལྷ་མོ་རུ་ཡོད་པའི་དགོན་དེ་ཀིརྟི་དགོན་མིན་པར་འདོད། འོན་ཀྱང་ཁྱེད་ཀྱིས་བཤད་པ་ལྟར་ན་ཀིརྟི་དགོན་གྱི་མཚན་ཐོགས་ཚད་ཀིརྟི་དགོན་པ་ཡིན་འདུག་ན།་ལྷག་པར་བཤད་རྒྱུ་མེད། དགོན་འགོ་བླ་མར་འབུས་པ་དང་སྐུ་ཕྲེང་རིམ་པའི་ཕྱག་བཏབ་གནང་མཛད་པའི་འབྲེལ་བ་སོགས་རྒྱུ་མཚན་དུ་བྱས་པ་ཡིན་ནམ རྒྱུ་མཚན་གཞན་ཡོད་། ངོ་མ་བཤད་དཀའ་བར་འདུག ངའི་བསམ་ཚོད་བྱས་ན„„དོན་དམ་པའི་ཀིརྟི་དགོན་པ་ནི ད་ལྟ་བསམ་ཡང་མི་ཕོད་པའི་སྡུག་ཡུས་མྱོང་བཞིན་པའི་རྔ་བ་ཀིརྟི་དགོན་པ་འདི་ནི་ཀིརྟི་དགོན་ངོ་མ་དེ་ཡིན་པར་འདོད། དེ་ནི་གཅིག་ལས་གཞན་མེད། ཁྱེད་ཉིད་སྐབས་ཡུལ་གྱི་དགོན་པ་ཡང་འདི་ཡིན་ཚོད། དེ་འདྲ་ཞིག་ཨེ་རེད་ལགས།
དྲ་གྲོགས་ཀིརྟི་སྐྱབས་ལ།
ཁྱེད་ནི། ཀིརྟི་ཚང་དང་རྔ་བ་ས་ཁུལ་སྐོར་གསར་འགོད་པ་ཚོར་དང་བླངས་གསལ་བཤད་བྱེད་མཁན་ཞིག་ཡིན་པར་སོང། ངས་འདིར་ཁྱེད་ལ་རིན་ཐང་ལྡན་པའི་གསལ་བཤད་ཚིག་གསུམ་བྱེད་འདོད་བྱུང་། ཅིག་བྱས་ན། ལོ་རྒྱུས་དང་ས་ཁུལ་རིག་གནས་ལ་འབྲེལ་གོམས་ཆེན་པོ་མེད་མཁན་ཚོས་ངའི་སྐད་ཆ་དེེར་གོ་ལོག་དང་འགྲེལ་ལོག་བྱེད་སྲིད་པ་ཞིག་རེད། ཡིན་ནའང་དོན་དངོས་ཐོག་ཐ་སྙད་འདི་དག་འབྲི་ལོག་དང་འགྲེལ་ལོག་གཏོང་མཁན་དེ་ང་མ་ཡིན་པ་མ་ཟད། ངས་སྐད་ཆ་འདི་ས་ཁུལ་རང་གི་མི་སྣ་ཞིག་ཡིན་པས་ཆ་ནས་མ་གླེང་ན་འགན་མ་འཁུར་བ་ཞིག་ཏུ་ཆགས་ངེས་བརྟེན། ཁྱེད་དང་ཁྱེད་ལྟ་བུའི་མི་ཚོས་ཡི་གེ་གསུམ་དྲང་བོར་འབྲི་ཤེས་ཀྱི་མེད་པ་དེས། ཁྱེད་དང་ཁྱེད་ཚོ་ལོ་རྒྱུས་ནང་མ་དག་པ་ཞིག་ནས་མ་དག་པ་ཞིག་ཏུ་འགྲོ་བཞིན་པའི་ཐ་སྙད་དེ་གྲགས་འཇུག་གཉིས་ཆ་ནས་བདེན་པ་ལྟ་བུ་ཞིག་འདུག ཡི་གེ་མ་དག་པ་གསུམ་དེ། རྔ་པ། རྨེའུ་ཚང་། ཀིརྟི་བླ་མ་ཟེར་བའི་འབྲུ་གསུམ་དེ་རེད།
ཡི་གེ་དག་པ་གསུམ་དེ། རྔ་བ། དམེ་ཚང་། གུར་ཏེ་བླ་མ་རེད། ངས་སྐད་ཆ་དེ་གསུམ་གཙོ་བོ་ས་ཁུལ་གྱི་ལོ་རྒྱུས་དེབ་ཐེར་དང་། རུས་མཛོད། ངག་རྒྱུན་ཤོད་སྲོལ་གསུམ་གཞིར་བཞག་སྒང་ནས་བཤད་ཡོད།
མི་ཉག་སྐལ་བཟང་ལགས་ལ་ཞུ་རྒྱུར།
དུས་རབས་འདིའི་ནང་མི་ཉག་བཙན་པོ་དངོས་མ་ཤིག་མེད་མོ།
འོན་ཀྱང་མི་ཉག་བཙན་པོའི་མིང་ཙམ་ཡོད་པ་ཡང་ལོ་རྒྱུས་ཀྱི་རྡོ་རིང་ཞིག་རེད།
བོད་རང་དབང་བསྐྱར་གསོ་དང་རང་བཙན་སྒྲུབ་དགོས་ན་ལོ་རྒྱུས་ཀྱི་བདེན་དཔང་འཚོལ་དགོས་པ་དེ་
རེད།མི་ཉག་བཙན་པོའི་ལོ་རྒྱུས་ནི་བོད་དང་རྒྱ་གཉིས་ནམ་ཡང་ཐ་དད་ཡིན་པ་སྒྲུབ་བྱེད་རྣོ་ངར་བྱེད་ཀྱི་
རྡོ་རིང་ཞིག་རེད།མི་ཉག་བཙན་པོ་ནི་རྒྱ་དང་བོད་གཉིས་ཀྱི་ས་མཚམས་སུ་བྱུང་བའི་ལོ་རྒྱུས་ཀྱི་རྡོ་རིང་
ཞིག་རེད།བོད་དང་རྒྱ་གཉིས་ཀྱི་ས་མཚམས་རྣམས་ལོ་རྒྱུས་ཐོག་ཐག་གཅོད་མ་ཐུབ་ན་བོད་རང་དབང་
བསྐྱར་གསོ་གཏན་ནས་ཡོང་མི་ཐུབ།རྒྱ་ནག་གིས་ཁྱབ་ཁོངས་མིན་པའི་མི་ཉག་བཙན་པོའི་ལོ་རྒྱུས་ཤིག་
ཡོད་ན་བོད་ཆེན་པོ་རང་བཙན་རྒྱལ་ཁབ་གཅིག་ཡིན་པ་སྨོས་མེད་རེད།
མི་ཉག་སྐལ་བཟང་ལགས་།
སྐྱོ་དགོས་པ་ཞིག་ནི་བོད་ཀྱི་མཁས་དབང་རྣམས་དང་ལོ་རྒྱུས་སྨྲ་བ་དག་དང་
རྩོམ་པ་པོ་རྣམས་ཀྱིས་མི་ཉག་བཙན་པོའི་ལོ་རྒྱུས་ཀྱི་རིན་ཐང་མ་རྟོགས་པ་དེ་རེད།་དྲ་རྒྱའི་ཐོག་ངས་མི
ཉག་བཙན་པོ་ཞེས་མིང་བེད་སྤྱོད་གཏོང་དགོས་པའི་རྒྱུ་མཚན་གཞན་ཞིག་ཡོད་མི་སྲིད།འོན་ཀྱང་ལོ་རྒྱུས་སྨྲ་བ་དང་རྩོམ་པ་པོ་རྣམས་ཀྱི་དོ་སྣང་ཙམ་ཡང་མེད་པ་ནི་བོད་ཆེན་པོའི་ལོ་རྒྱུས་དང་མི་ཉག་བཙན་པོའི་
བྱུང་རབས་རྣམས་ཚད་ལྡན་ཞིག་ཤེས་མཁན་མེད་པ་རེད་སྙམ།
མི་ཉག་སྐལ་བཟང་ལགས།
མིཉག་བཙན་པོ་ནི་ངའི་བཙན་པོ་རེད།
མི་ཉག་བཙན་པོའི་ལོ་རྒྱུས་ནི་ངའི་ལོ་རྒྱུས་རེད།
མི་ཉག་བཙན་པོའི་ལོ་རྒྱུས་ནི་ངའི་ཤུལ་བཞག་རེད།
མི་ཉག་བཙན་པོ་ལོ་རྒྱུས་ནི་བོད་ཀྱི་ཁྱད་ནོར་དངོས་མ་དེ་རེད།
མི་ཉག་བཙན་པོའི་རྒྱལ་ཁ་ནི་བོད་ཀྱི་རྒྱལ་ཁ་རེད།
མི་ཉག་བཙན་པོའི་ཕ་ས་ནི་བོད་ཀྱི་ལོ་རྒྱུས་རེད།
ཤེས་སོང་ངམ།
ཨ་འདུས་མིག་ཆུ་ལ།
ངས་རྔ་པ་ཞེས་པ་འདི་བདག་སྒྲ་ཡིན་མིན་ལ་མཁས་པ་རྣམས་རྩོད་པ་ཡོད་ས་མ་རེད་ཅེས་བཤད་པ་ལས། རྩོད་པ་མེད་ཅེས་ཐག་བཅད་ནས་བཤད་མེད། དེའི་རྒྱུ་མཚན་ནི། ངས་འདིའི་སྐོར་གོ་ཐོས་ཙམ་ལས་ཞིབ་འཇུག་བྱས་མྱོང་མེད་པས་ཞིབ་ཕྲ་ཤེས་ཀྱི་མེད། འོན་ཀྱང་བསམ་གཞིགས་ཕྲན་བུ་ཞིག་བྱས་ན། འདི་བདག་སྒྲ་ཡིན་མིན་གཉིས་ལས་ཡིན་པ་ལ་རྒྱུ་མཚན་མང་བ་འདུག
༡༽ རྔ་བ་མ་རེད་མངའ་བ་རེད། སྟོད་མངའ་རིས་ཆད་པའི་དུམ་བུ་རེད། ཅེས་པའི་དམངས་ཁྲོད་ཀྱི་བཤད་སྲོལ་འདི་ལྟར་ན། མངའ་རིས་པ་ཟེར་རྒྱུ་ལ་ཚིག་སྣ་བསྡུས་ཏེ་མངའ་པ་དང། དེའང་ཨམ་སྐད་ལྟར་མངའ་བ། དེའང་རྔ་བ་ཞེས་པར་འགྱུར་བ་རེད། མངའ་དེ་རྔ་ལ་འགྱུར་བ་ནི་གཅིག་བྱས་ན་ཡིག་ནོར་རྒྱུན་འབྱམས་སུ་སོང་བ་ཞིག་ཡིན་སྲིད། འདིའི་མིང་ཟུར་གྱི་བ་དང་པ་གང་ཡིན་ཡང་མངའ་རིས་པ་ཞེས་པའི་པ་དེ་ལས་བྱུང་བ་ཡིན་པས་བདག་སྒྲ་ཡིན་པར་རྩོད་པ་མེད།
༢༽ ས་དབྱིབས་རྔ་དང་འདྲ་བའི་ཡུལ་དུ་ཆགས་ཡོད་པས་རྔ་བ་ཞེས་ཐོགས་པ་ལྟར་ན། ར་མགོ་ཅན་གྱི་རྔ་འདི་འབྲི་བ་འགྲིག་པ་རེད། མིང་ཐོགས་སྟངས་འདི་བདེན་པ་འདྲ་བ་ཞིག་རེད་ཅེས་མཁས་དབང་དམུ་དགེ་བསམ་གཏན་ཚང་གིས་བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་དུ་གསུངས་ཡོད། འོན་ཀྱང་ཁོང་གིས་དེ་ཡིན་པར་ཐག་བཅད་མེད། ས་དབྱིབས་རྔ་དང་འདྲ་བའི་ཡུལ་དུ་ཆགས་པས་རྔ་བ་ཞེས་ཐོགས་པ་ཡིན་ཚེ། འདིའི་བ་འདི་ག་རེ་རེད། འདྲ་དཔེ་རྔ་ཡི་མིང་གི་ཆ་ཤས་ནི་མ་རེད། བརྡུང་བྱའི་རྔ་ཡི་མིང་ལ་པ་བ་སོགས་ཀྱི་ཆ་ཤས་མེད་པ་མཁྱེན་གསལ་རེད། དེས་ན་བ་འདི་ཚིག་ཕྲད་ཅིག་ཡིན་པ་ཐག་ཆོད། དེའང་བདག་སྒྲ་མ་གཏོགས་འགྲོ་ས་མེད། དེ་ནི་ཡུལ་དེའི་མི་ལ་གོ་བ་ལོས་ཡིན། འོན་ཀྱང་དེང་སང་ཡུལ་དེའི་མི་དང་ཡུལ་གཉིས་ཀ་ལ་གོ་བཞིན་འདུག དཔེར་ན། མི་དེ་གང་ནས་རེད། རྔ་བ་ནས་རེད། མི་དེ་སུ་རེད། རྔ་བ་ཞིག་རེད། ཅེས་བརྗོད་སྐབས་སྔ་མ་ཡུལ་དང་ཕྱི་མ་ཡུལ་དེའི་མི་ལ་གོ་བཞིན་འདུག འདི་ལྟར་བལྟས་ཡོང་དུས། དང་པོར་རྔ་དབྱིབས་དང་འདྲ་བའི་ཡུལ་གྱི་མི་རྣམས་ལ་རྔ་བ་ཞེས་ཡུལ་གྱི་མིང་ནས་ཚུར་ཐོགས། དེ་ནས་སླར་ཡང་ཡུལ་རང་གི་མིང་ལ་རྔ་བ་ཞེས་ཕར་ཐོགས་པ་ཡིན་འདུག ཕ་ཡུལ་ནས་རྔ་པ་རྫོང་གི་ས་ཁོངས་དེ་ལ་རྔ་ཁོག་ཅེས་འབོད་ཀྱི་ཡོད། རྔ་ཁོག་དང་རྔ་བ་ཞེས་བརྗོད་ཚེ་ཡུལ་དང་མི་སོ་སོར་གོ་བས་ལེགས། གང་ལྟར་རྔ་བ་ཞེས་པ་བདག་སྒྲ་ཡིན་པར་ཕལ་ཆེར་ཐག་བཅད་ཆོག དེ་བདག་སྒྲ་ཡིན་སོང་ན་རྔ་པ་ཞེས་པ་ཡིག་འབྲི་དགོས་པ་འདི་དབུས་གཙང་གི་མཁས་པའི་བཞེད་པ་རེད་ལ། སི་ཏུ་སོགས་ཁམས་ཀྱི་མཁས་པ་རྣམས་ཀྱི་བཞེད་པའང་རེད། འོན་ཀྱང་ཨ་མདོའི་མཁས་པ་ཚོས་དེ་ཁས་མི་ལེན། ངས་འདི་མཁས་པ་སོ་སོའི་ཡུལ་སྐད་ལ་གང་ཡིན་ལ་ཐུག་པ་ཞིག་ལས་རྒྱུ་མཚན་གཞན་ཅང་མཐོང་མ་སོང། ཡུལ་སྐད་ནི་བརྗོད་གང་བདེ་བ་དེ་གཙོ་བོ་རེད། དེར་བརྟེན་ངའི་ཁ་ལའང་རྔ་པ་ཞེས་བརྗོད་བདེ་བར་འདུག་པས་དེ་ལྟར་བྲིས་པ་ཡིན་ལ། གཞན་མང་པོས་ཀྱང་དེ་ལྟར་བྲིས་འདུག
མཆན་སྔོན་མའི་ནང་། ༡༽ ཁྲིམས་ཐོག་ནས་བཤད་ན་ད་ལྟ་རྒྱ་ནག་གིས་བོད་བསྒྱུར་བྱས། ཞེས་པའི་ནང་བོད་དབང་བསྒྱུར་ཞེས་འཇུག་རོགས་གནང།
མི་ཉག་བཙན་པོ་ལ།
རྒྱ་གཞུང་གི་སྐད་ཆ་དེ་ཚོར་དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེས་ཨ་རིའི་voaབརྒྱུད་ལན་འདེབས་གནང་སོང་བ་དེས་མ་འཐུས་པ་ཕལ་ཆེར་མེད་སྙམ། འོན་ཀྱང་བསམ་ཚུལ་རེ་ཟུང་ཞིག་བཏོན་ན།
༡༽ ཁྲིམས་ཐོག་ནས་བཤད་ན་ད་ལྟ་རྒྱ་ནག་གིས་བོད་བསྒྱུར་བྱས་དང་བྱེད་བཞིན་པ་འདི་ག་རང་ཁྲིམས་འགལ་ཡིན་པས། བོད་རང་སྐྱོང་ལྗོངས་ཀྱི་སྲིད་གཞུང་སོགས་བོད་ཆོལ་ཁ་གསུམ་གྱི་ཁྱོན་དུ་ཡོད་པའི་ད་ལྟའི་སྲིད་གཞུང་དེ་ཀུན་ཁྲིམས་འགལ་རེད། བཙན་བྱོལ་བོད་གཞུང་འདི་ཁོ་ན་ བོད་མི་ཚོའི་ཁྲིམས་མཐུན་གྱི་གཞུང་རེད། འདི་སྔ་མོ་ལྷ་སར་ཡོད་པའི་བོད་གཞུང་གི་རྒྱུན་རེད།
༢༽ བོད་གཞུང་ལ་སྒྲུབ་ཐུབ་པའི་ལས་དོན་ཞིག་ཡོད་པ་ནི། བོད་གཞུང་རང་འགུལ་གྱིས་རྩ་འཐོར་དུ་འགྲོ་རྒྱུ་དེ་མ་ཡིན་པར། རྒྱ་ནག་ལ་མང་གཙོ་དར་སྤེལ་གྱི་རམ་འདེགས་བྱས་ཏེ་རྒྱ་ནག་དམར་པོའི་གཞུང་རྩ་འཐོར་དུ་འགྲོ་བ་དང་ཆབས་ཅིག བོད་ལ་རང་དབང་འཐོབ་པར་བྱ་རྒྱུ་དེ་རེད།
༣༽ འབྲེལ་མོལ་གྱི་ནང་དོན་ནི་ཏཱ་ལའི་བླ་མའི་གནད་དོན་ཡིན་ཟེར་བ་འདི་ལ་ངས་བལྟས་ན་འགྲིག་གི་རེད་ཅེས་ལན་བཏབ་ཆོག རྒྱུ་མཚན་ནི། ཏཱ་ལའི་བླ་མ་ནི་བོད་མི་རིགས་ཀྱི་མཚོན་དོན་དང་སྐུ་ཚབ་ཡིན་པས། ཁོང་གི་གནད་དོན་དེ་བོད་མི་རིགས་ཀྱི་གནད་དོན་དུ་རང་བཞིན་གྱིས་ཆགས་ཡོད།
༤༽ ༼བོད་ཀྱི་གནད་དོན་ཡོད་ཚད་རྒྱ་གཞུང་གི་ནང་སྲིད་གནད་དོན་ཡིན་༽ཟེར་བ་འདི་ནི་ ཁོང་ཚོས་རྒྱུན་དུ་བོད་ཀྱི་གནད་དོན་ཟེར་བ་ཞིག་མེད་ལབ་ཀྱི་ཡོད་པ་དང་ནང་འགལ་ཆགས་ཏེ་བོད་ཀྱི་གནད་དོན་ཡོད་པ་ངོས་ལེན་བྱས་ཡོད།
༥༽ པོ་ཏཱ་ལ་སོགས་ཀྱི་བཟོ་བཀོད་ཚང་མ་རྒྱ་ནག་ནང་གི་བཟོ་བཀོད་དང་གཅིག་འདྲ་ཡིན་ཟེར་བ་ནི་གོ་ལྡོག་སྟེ་བཤད་པ་ཞིག་རེད། རྒྱ་ནག་ཏུ་ཡོད་པའི་པོ་ཏཱ་ལ་དང་པེ་ཅིན་གྱི་ཡུང་ཧྭ་དགོན་པ་སོགས་ཀྱི་བཟོ་བཀོད་ནི་བོད་ཀྱི་པོ་ཏཱ་ལ་སོགས་ལ་དཔེ་བལྟས་ནས་བཟོས་པ་ཡིན་པས་བོད་ནང་གི་བཟོ་བཀོད་དང་གཅིག་འདྲ་ཡིན་ཞེས་བཤད་ན་ལོ་རྒྱུས་དང་དངོས་ཡོད་བཅས་ལ་མཐུན་པ་ཞིག་ཡིན། དེ་འདྲ་ཞིག་མ་རེད་དམ།
ཀིརྟི་སྐྱབས་ལགས། ཁྱེད་རང་གིས་བཤད་པའི་བརྗོད་དོན་གཙོ་བོ་དག་ལ་ཡི་རངས་བྱེད་བཞིན་ཡོད། ཡིན་ནའང་ལོ་རྒྱུས་དེབ་ཐེར་ན་གསལ་ཞིང་། རྔ་ཡུལ་མི་མང་བྱིངས་ཀྱི་སྐད་ཐོག་ན་རྣམ་པར་གསལ་བའི་རྔ་བ་ལ་རྔ་པ་ཞེས་ཡང་དང་བསྐྱར་གྱིས་མི་མཛའ་བཞིན་དུ་ཨུ་ཚུགས་བྱེད་པ་ནི། ཨ་ལགས་ཞབས་དྲུང་ཚང་གིས་སྣ་དྲུད་ནས་ཁ་ནང་ཟེར་བ་ལས་མ་འདས་པ་ཞིག་རེད། རྔ་གཡང་ཕྱུག་མོའི་འབོད་མིང་ནི། རྔ་ཡུལ་མི་མང་གི་ངག་ཐོག་ནས་བྱུང་བ་ལས། ལྷ་ས་པས་གང་སྦྱར་མིན་དང་བསྟུན་ནས་མིང་ཐོགས་པ་ཞིག་ག་ལ་ཡིན། དབུས་པས་གང་སྦྱར་མིན་གྱི་རྗེས་སུ་འབྲངས་ཚེ། བོད་མདོ་སྨད་མཁས་པ་དག་གིས་གསུངས་པའི་བདག་སྒྲ་ཅན་གྱི་བ་བོ་ཡོངས་རྫོགས་གཙང་སེལ་བྱེད་དགོས་ན། ཇི་འདྲའི་ཡ་ང་བསམ་མེད་ཅིག་ཏུ་མི་འགྱུར་གྲང་། ལྷག་པར་རྔ་བ་ཟེར་པ་དེ་རྔ་བའི་ཡུལ་མིང་ཡིན་མིན་རྩོད་བཞིན་པ་ལས་གནས་དེའི་བདག་པོ་དག་ལ་གོ་བར་རྩོད་པ་མིན་པ་ཤེས་བཞིན་དུ། རྔ་པ་བདག་སྒྲ་ཡིན་མིན་ལ་རྩོད་པ་མེད་ཟེར་བ་གང་ཡིན་ནམ། གལ་ཏེ་རྔ་པ་ཟེར་པ་དེ་བདག་སྒྲ་ཡིན་པའི་དབང་དུ་བཏང་ན། དེང་དུས་དྲག་གནོན་འོག་ན་ཡོད་པའི་རྔ་བའི་ཡུལ་མིང་གཏན་ནས་མ་ཡིན། བདག་སྒྲ་ཟེར་བ་དེ་གང་ཟག་ལ་འཇུག་པ་ལས་ཡུལ་མིང་ལ་མི་འཇུག་པ་ནི་ལེགས་བཤད་ལྗོན་དབང་སྦྱངས་ཚར་པའི་བྱིས་དག་གིས་ཀྱང་ཤེས་ངེས། དོན་དངོས་དང་མཐུན་པར་བཤད་ན་རྔ་བ་རང་མིའི་ངག་རྒྱུན་དང་བསྟུན་ནས་རྔ་བ་ཞེས་ན་འཚམ་པ་ལས། འབྲེལ་མེད་ཀྱི་དབུས་པའི་ངག་དང་བསྟུན་པ་དང་བདག་སྒྲ་ཡིན་མིན་ཙམ་གྱི་ཆ་ནས་བཞག་པར་དགོས་པ་ཅི་ཡང་མཐོང་མ་སོང་། ཁྱེད་ཀྱིས་༼ཀིརྟི་རིན་པོ་ཆེ་དང་ཀིརྟི་དགོན་༽ཟེར་བ་དང་། ༼རྔ་པ་རང་སྐྱོང་ཁུལ་དང་རྔ་པ་རྫོང་༽ཞེས་གསལ་བཤད་བརྒྱབས་པ་བཞིན་ལོ་རྒྱུས་ཀྱི་དེབ་ཐེར་ན་གསལ་ཞིང་ཡོངས་སུ་གྲགས་པའི་རྔ་བ་དང་། ཡོངས་སུ་མ་གྲགས་ཤིང་མགོ་བདེ་སུ་ཞིག་གིས་གཡོ་ཐབས་ཀྱིས་ད་ལྟའི་ལོ་རྒྱུས་ནང་གསར་བསྐྲུན་བྱས་པའི་རྔ་པ་ཟེར་བ་གཉིས་ཀྱང་དབྱེ་ཐག་ཆོད་དགོས་འདུག། གལ་ཏེ་རྔ་བ་དང་རྔ་པ་གཉིས་ཆ་རྔ་ལྗོངས་ཕྱུག་མོར་གོ་དགོས་ཚེ་རྔ་བ་ནི་ཡུལ་མིང་དང་། རྔ་པ་ས་དེའི་བདག་པོའི་མིང་ལ་གོ་དགོས་པའི་ཁྱད་པར་ཡོད་པ་ལས་ཡུལ་མིང་དང་གང་ཟག་གི་མིང་གཉིས་ཀ་ལ་ཁྱད་པར་མེད་ཟེར་བ་ནི། སྨུག་ལོང་ཁྲོད་ཀྱི་ལམ་དོར་བའི་མགྲོན་པོ་ཇི་བཞིན་གཏི་ཐུག་ཐབས་ཟད་དུ་གྱུར་པར་སེམས། དོན་དངོས་བཤད་ན་རྔ་བ་ཚེ་སྐྱིད་ལགས་ཀྱིས་བཤད་པ་བཞིན་རྔ་བ་ཟེར་བར་རྒྱུ་མཚན་ལྔའི་སྒོ་ནས་བཤད་པར་ཡང་དག་གི་གནས་ལུགས་ལྡན་པ་རྔ་བའི་སྐོར་འབྲི་བའི་གསར་འགོད་པ་དང་རྩོམ་བྲིས་པ་སུ་ཞིག་ཡིན་ཡང་རྣ་བའི་གསོས་སུ་བཟུང་བ་དང་སྙིང་གི་བཅུད་དུ་ཉར་ན་དགེ་མཚན་མི་འདུག་གམ། ལྷག་པར་དུ་རང་ཡུལ་རྔ་བ་ཟེར་བ་ལོ་ངོ་སྟོང་ཕྲག་མང་པོའི་རིང་ནས་རྔ་ཡུལ་མི་མང་གི་མཁས་བླུན་ཚང་མའི་ཡིད་ན་འཇགས་ཤིང་། ཁ་ལ་གོམས་པའི་མིང་བྱང་ཞིག་ཡིན་པ་ལས་བཙན་བྱོལ་དུ་ཡོད་པའི་རྔ་བའི་གྲྭ་བ་འགའ་ཞིག་དང་ཟ་ལེ་རྒྱལ་འགའ་ཞིག་གིས་རང་འདོད་ལྟར་བཅོས་ན་འགྲིག་པ་ཞིག་མ་རེད་འདོད།
རྩོམ་པ་པོ་ཞིག་གི་འོས་འགན་གཙོ་ནི་སྤྱི་ཚོགས་ཀྱི་ནོར་འཁྲུལ་ཡོ་བསྲང་བྱ་རྒྱུ་དེ་ཡིན་པས། ཀིརྟིསྐྱབས་ལགས་ཀྱི་དེ་ལྟར་གསལ་འདོན་བྱས་པ་དེར་བཀའ་དྲིན་ཞུ་རྒྱུ་དང། ལབ་ས་དེ་ཚོས་ཡག་པོ་ཉན་བཟང་པོ་རེད། མ་གཏོགས་རཱ་ཅོ་འདྲ་འདྲ་རྐྱང་རྐྱང་བྱས་པ་བསྡད་ཡིན་ན། ་བོད་ལ་ཡར་རྒྱས་ཡོང་གི་མ་རེད། ཨ་རིག་དགེ་མཐོང་ལགས་ཀྱིས་དྲང་བདེན་བསམ་དེ་། ནོར་འཁྲུལ་ངོས་ལེན་བྱས་འདུག་པ་མཐོང་ངམ། རྗེས་སུ་ཡིད་རངས་བྱ་འོས་སོ།
ནོར་འཁྲུལ་ཡོ་བསྲང་བྱ་རྒྱུ་ནི་རྩོམ་པ་པོོའི་ལས་འགན་ཨང་དང་པོ་དེ་ཡིན་པས། ཀིརྟི་སྐྱབས་ལགས་བཀའ་དྲིན་ཞུ་རྒྱུ་དང། ལབ་ས་དེ་ཚོས་རྒྱུ་མཚན་རྒྱབ་ལྗོང་ལ་བསམ་བློ་བཏང་ཏེ་རྗེས་སུ་གཟབ་གཟབ་བྱས་ན་ཡག་པོ་ཡོད་རེད།
མི་ཉག་བཙན་པོ་ལགས། ཁྱོད་གནའ་སྔ་མོའི་མི་ཉག་གི་བཙན་པོ་ངོ་མ་དེ་ཡིན་ནམ་ཡང་ན་དེང་དུས་ཀྱི་མི་ཉག་བཙན་པོ་རྫུན་མ་དེ་ཡིན།
ཕྱི་ཚེས་ ༥ ཉིན་ཀྲུང་གོའི་བོད་ལྗོངས་དྲ་བ་ཞེས་པའི་སྟེང་། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་གཙོ་གཞོན་པ་ཀྲུའུ་ཝེ་ཆོན་གྱིས་བོད་རྒྱ་འབྲེལ་མོལ་སྐོར་ལ་ལན་འདེབས་བྱས་པར་དྲ་གྲོགས་དག་གིས་མ་མཐོང་བ་ཡིན་ནམ།ཁོ་བཤད་པ་ལ་མཆན་དང་རྩོམ་ལན་གང་ཡང་པ་མེད་པ་ནི་ཕམ་དགོས་པའི་
གནས་ཤིག་མ་རེད་དམ།
བཙན་བྱོལ་གཞུང་༽ དེར་སུ་ཞིག་གིས་བཀའ་བློན་གྱི་འགན་འཁུར་ཡང་རུང་། དེ་དག་ཚང་མ་ནི་རྒྱ་གཞུང་མེས་རྒྱལ་ལ་ངོ་ལོག་པའི་ཁ་བྲལ་རིང་ལུགས་ཀྱི་ཆབ་
སྲིད་ཤོག་ཁག་ཅིག་ལས་མ་འདས་པས། ཁྲིམས་མཐུན་གྱི་ངོ་བོ་མེད་པར་མ་ཟད། རྒྱ་གཞུང་དང་གྲོས་མོལ་གྱི་ཐོབ་ཐང་གང་ཡང་མེད་ཅེས་པ་ལ་རྒྱལ་སྤྱིའི་ཁྲིགས་
ལུགས་དང་རྒྱ་ནག་གི་རྩ་ཁྲིགས་སོགས་ལ་གཞིར་བཅོལ་ནས་ལན་གང་ཡང་མེད་པ་ཡིན་ནམ།
གལ་སྲིད་བཙན་བྱོལ་གཞུང་གིས་བསྒྲུབ་ཐུབ་པའི་ལས་དོན་ཞིག་ཡོད་པ་དེ་ནི། རང་འགུལ་གྱི་ཐོག་ནས་རྩ་འཐོར་ཏུ་འགྲོ་རྒྱུ་ཙམ་རེད་ཅེས་པ་ལ་བཙན་བྱོལ་བ་སྤྱིའི་ལོ་རྒྱུས་དང་་ལྷག་པར་དུ་བོད་བཙན་བྱོལ་གྱི་ལོ་རྒྱུ་དང་།གཞེས་བྱེས་བོད་མའི་རྙིང་
སྟོབས་སོགས་ལ་གཞིར་བཅོལ་ནས་ལན་འདྲ་མེད་པ་ཡིན་ནམ།
འབྲེལ་མོལ་གྱི་ནང་དོན་ནི་ཏཱ་ལའི་བླ་མའི་གནད་དོན་ཁོ་ན་དང་། ཆེས་མང་ནའང་ཁོའི་ཉེ་འཁོར་གྱི་མི་ཉུང་ཤོས་ཤིག་གི་མདུན་ལམ་གནད་དོན་ཡིན་
ཅེས་པ་ལ་ད་ལྟའི་བོད་ནང་གི་གནས་སྟངས་དང་འཕྲད་བཞིན་པའི་ཛ་དྲག་གི་སྡུག་
བསྔལ་རྣམས་ལ་གཞི་བཅོལ་ནས་ལན་ཞིག་མེད་པ་ཡིན་ནམ།
བོད་ཀྱི་གནད་དོན་ཡོད་ཚད་རྒྱ་གཞུང་གི་ནང་སྲིད་གནད་དོན་ཡིན་པས། ཕྱི་རྒྱལ་བའི་ཐེ་ཇུས་དང་ལག་པ་བསྐྱང་ས་མེད་ཅེས་པ་ལ་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལ་གཞིར་བཅོལ་ནས་ལན་གང་ཡང་མེད་པ་ཡིན་ནམ། ད་དུང་།ཁོས་པོ་ཏ་ལ་དང་བོད་ཀྱི་དགོན་སྡེ་ཁག་གི་གསེར་དོག་དང་བཟོ་བཀོད་ཀྱི་རྣམ་པ་ཚང་མ་རྒྱ་ནག་ནང་གི་བཟོ་བཀོད་དང་གཅིག་འདྲ་ཡིན་ལ། བོད་ཀྱི་རི་མོ་དང་བརྐོས་རིས། གླུ་གར། སྨན་རྩིས།ཆོས་ལུགས་སོགས་ལའང་རྒྱའི་རིག་གནས་ཀྱིས་ཤུགས་རྐྱེན་ཆེན་པོ་ཡོད་སྐོར་གཤད་པ་ལ་རྒྱལ་རབས་དང་ལོ་རྒྱུས།བོད་གྱི་ཐུན་མོང་མིན་པའི་སྲོལ་རྒྱུད་གྱི་ལག་རྩལ་སོགས་ལ་
གཞིར་བཅོལ་ནས་རྩོམ་ལན་འདྲ་མེད་པ་ཡིན་ནམ།རྒྱུན་དུ་མཆན་དང་རྩོམ་ཡིག་སྤེལ་མཁན་
རྣམས་གཉིད་ཤོར་བ་ཡིན་ནམ།ཡང་ན་ཁོ་བཤད་པ་རྣམས་བདེན་པ་ཡིན་ནམ། ཡང་ན་ཁོ་བཤད་པ་ལ་ལན་དཔྱད་རྩོམ་སྤེལ་ཐུབ་མཁན་མེད་པ་ཡིན་ནམ།
རྩོམ་པ་རྣམས་ཀྱི་དགྲ་དགའ་གཉེན་རྡུང་དང་རང་ཕྱོགས་ལ་རྐྱོན་འཚོལ་ལས་མི་ཤེས་པ་ཡིན་ནམ།ངེས་པར་དུ་རྩོམ་པ་པོ་རྣམས་ཀྱིས་ལན་བྲིས་ནས་རྒྱལ་སྤྱིའི་ཐོག་ཁབ་སྤེལ་དང་ལྷག་པར་དུ་བོད་ལ་ཁྱབ་སྤེལ་བྱ་དགོས་པ་ནི་བོད་མི་ཀུན་གྱིས་འོས་འགན་ཞིག་མ་ཡིན་ནམ།དུས་བབ་རྩོམ་སྒྲིག་པ་ལག་ནས་ངའི་འབོད་སྒྲ་འདི་བསམ་ཚུལ་དང་མཆན་སོགས་ལ་བཞག་འཇོག་རོགས་གནང།
གནས་ཚང་ལ།
རྩོམ་མཁན་ཀིརྟི་སྐྱབས་༼པ༽ལ་དགའ་བ་མིན།།
འགྲོགས་རོགས་དབུས་གཙང་མིར་ཡུན་རིང་འགྲོགས་པ་ལས།།
དབུས་སྐད་འཁྱལ་འཁྱོལ་ཞིག་ཁ་ལ་ལོབས་པར་བརྟེན།།
བ་ཡིག་མང་པོ་ཞིག་༼པ༽ཞེས་བརྗོད་བདེ་གི།
བོད་པ་ལགས། རྨེའུ་རྒྱལ་པོ་ནི་ཀིརྟིི་ཚང་གི་བློན་པོ་མ་རེད། ཀིརྟི་ཚང་གི་སྦྱིན་བདག་རེད། རྔ་པ་རྫོང་ཁོངས་ཀྱི་རྒྱལ་ཕྲན་ཞིག་རེད། དེའི་མངའ་ཁོངས་ལ་མ་བློན་ཤོག་བཅུ་གཉིས་དང་ཞྭ་དམར་སེར་གྱི་སྒྲུབ་སྡེ་བཅོ་བརྒྱད་ཅེས་བཤད་སྲོལ་འདུག་ཀྱང་དེ་དག་ག་རེ་ག་རེ་ཡིན་མིན་ངས་གསལ་པོ་མི་ཤེས། ངས་ཤེས་གསལ་ལྟར་བྱས་ན། ཀིརྟི་སྐུ་ཕྲེང་ལྔ་པ་གྲུབ་དབང་བསྟན་པའི་རྒྱལ་མཚན་དང་སྐབས་དེའི་རྨེའུ་རྒྱལ་པོ་གཉིས་ཐོག་མར་མཆོད་ཡོན་གྱི་འབྲེལ་བ་བྱུང། དེ་རྗེས་ཀིརྟི་སྐུ་ཕྲེང་བརྒྱད་པ་བློ་བཟང་འཕྲིན་ལས་ཚང་ལ་རྨེའུ་རྒྱལ་པོས་སྦྱིན་བདག་ཞུས་ཏེ་ཁོང་གིས་རྔ་པ་ཀིརྟིའི་དགོན་པ་བཏབ་གནང་བ་རེད། ད་ལྟ་རྒྱ་གར་དུ་ཡོད་པ་སྤྱི་ཟུར་རྨེའུ་མགོན་པོོ་མཚོའི་ཕ་རྨེའུ་རྒྱལ་པོ་དཔལ་མགོན་འཕྲིན་ལས་རབ་བརྟན་ནི་རྒྱ་མིའི་གདུག་རྩུབ་འོག་རང་ཤི་བརྒྱབས་པ་རེད།
སྤྲོ་ཚིགས་དགེ་འདུན་གྱིས་༼ཀིརྟི་དགོན་པ་༡མ་གཏོགས་ཆེ་ཆུང་མང་པོ་ཞིག་གང་ཞིག་ན་ཡོད། ༽ཟེར། དེ་ཁྱེད་རང་ནོར་འདུག ཁྱེད་ཀྱི་མིང་ལ་བལྟས་ན་ཁྱེད་རང་རྔ་བའི་སྤྲོ་ཚིགས་ནས་ཡིན་འདུག་པས་རྔ་པ་ཀིརྟི་དགོན་པར་ཆ་རྒྱུས་ཡོད་ངེས་ཀྱང། ཁྱེད་ཀྱི་བཤད་སྟངས་ལ་བལྟས་ན་ས་ཁུལ་གཞན་ན་ཡོད་པའི་ཀིརྟིའི་དགོན་པ་གཞན་དག་ལ་ཆ་རྒྱུས་མེད་པ་འདྲ། ཁྱེད་རང་དཔེར་ན་མཛོད་དགེ་ཕྱོགས་དང་ཧོར་གཙང་ཕྱོགས་སོགས་སུ་སོང་ནས་ས་ཁུལ་དེ་དང་དེའི་མི་དང་མཉམ་དུ་ཀིརྟི་དགོན་པའི་སྐོར་ཁ་བརྡ་བྱས་ཡོད་རྒྱུ་ན་ཁྱེད་ལ་བསམ་ཚུལ་ནོར་བ་འདི་འདྲ་ཡོང་མི་སྲིད། གང་ཡིན་ཞེ་ན། མཛོད་དགེ་ཕྱོགས་ཀྱི་མི་ལ་ཀིརྟིའི་དགོན་པ་ཞེས་བརྗོད་དུས་སྟག་ཚང་ལྷ་མོ་ཀིརྟིའི་དགོན་པར་རང་བཞིན་གྱིས་གོ་འགྲོ་བ་དང། ཧོར་གཙང་ཕྱོགས་ཀྱི་མི་ལ་ཀིརྟི་དགོན་པ་ཞེས་བརྗོད་དུས་ཧོར་གཙང་ཀིརྟིའི་སྒར་ལ་གོ་འགྲོ། རྔ་པ་ཕྱོགས་ཀྱི་མི་ལ་ཀིརྟི་དགོན་པ་ཞེས་བརྗོད་དུས་རྔ་པ་ཀིརྟིའི་དགོན་པར་རང་བཞིན་གྱིས་གོ་འགྲོ་བ་རེད། ས་ཁུལ་གཞན་དུའང་དེ་བཞིན་རེད། དེ་མངོན་སུམ་ཚད་གྲུབ་རེད། ད་ཀིརྟིའི་དགོན་པ་གཅིག་མ་གཏོགས་མེད་པ་རེད་དམ། ངས་དགོན་མ་ལག་ ༤༠ ཙམ་ཡོད་པ་དེ་ཀུན་ལ་ཀིརྟི་དགོན་པ་ཞེས་སྦྱར་དགོས་ལབ་ཀྱི་མེད་ལ། དེ་ཀུན་ལ་ཀིརྟིའི་དགོན་པ་ཞེས་འབོད་ཀྱི་འདུག་ལབ་ཀྱི་མེད། ངས་ཟེར་རྒྱུ་ནི། དགོན་པ་དེ་ཚོའི་ནང་ཀིརྟིའི་དགོན་པ་ཞེས་པའི་མིང་ཐོགས་ཡོད་མེད་རིགས་གཉིས་འདུག་ལབ་ཀྱི་ཡོད། དེ་ལོ་རྒྱུས་ཡིག་ཆའི་ནང་དུ་འཁོད་འདུག་ལ། ས་གནས་དེ་ཚོའི་མང་ཚོགས་ཀྱི་ངག་ལའང་དེ་འདྲའི་ཁྱད་པར་ཞིག་རང་བཞིན་གྱིས་འཇགས་འདུག དེ་’འདྲི་རྟོག་གྱིས་དང་ལས་སླ་པོར་ཤེས་ཐུབ་པ་ཞིག་རེད།
རྩོམ་མཁན་ཀིརྟི་སྐྱབས་༼པ༽ལ་དགའ་དགའ།
གསར་འགྱུར་འགོད་མཁན་ཚོ་༼དོན༽ལ་དགའ་ཚེ།
ཚིག་དོན་གཉིས་ཀ་ལ་བཅོས་ཐབས་མེད་པས།
རྔ་བ་ཚེ་སྐྱིད་ཀྱང་ངལ་བས་གཟིར་སྲིད།
རྨེ་རྒྱལ་བོ་ཟེར་བ་དེ་ཅི་རེད། ཀིརྟི་་ཚང་གི་བློན་པོ་རེད་ཟེར་བ་བདེན་ནམ། རྨེ་ནི་སྔོན་མ་རྒྱལ་ཁབ་ཞིག་ཡིན་ས་རེད། དེ་སྔོན་ཡི་ཤུ་ཆོས་སྤེལ་བ་ཞིག་སྟག་ཚང་ལྷ་མོ་དགོན་ནས་བསྡད་འདུག ༡༩༢༠ ནང་རེད། ཁོས་རྨེ་ནི་རྒྱལ་ཁབ་ཞིག་རེད། ཁོ་བོ་ཐང་མང་པོར་རྨེ་རྒྱལ་མོ་ལ་ཐུགས་མྱོང་ཟེར། རྒྱལ་མོ་སེམས་བཟང་ཅིག་རེད། བོད་ཡིག་ཡག་པོ་ཀློག་ཤེས་གི་ཟེར་བ་སོགས་ཞིབ་ཕྲ་བྲིས་འདུག
བདེན་གི་གཟབ་དགོས་པའི་རིགས་རེད། ཁ་སང་ཞིག་ལ་ཁོ་བོས་ཀྱང་མི་ཤེས་ཤེས་མདོག་གིས་རྔ་བའི་ཐད་དུ་རྩོམ་ཡིག་ཅིག་བྲིས་ནས་བསྐུར་ཡོད། དེའི་ནང་དུ་ནོར་འཆུག་འདི་བྱུང་འདུག གཉིས། རྔ་བ་ཚེ་སྐྱིད་ཚེ་ཐག་རིང་རྒྱུ་མས་བསམ་བློ་རྣལ་དུ་ཕབས་ཏེ་རྒྱུ་མཚན་དང་གཏན་ཚིགས་་དང་ལུང་རིགས་ཀྱི་རྒྱབ་རྟེན་ཡོད་པའི་སྒོ་ནས་རྔ་པ་ཞེས་འབྲི་དགོས་པ་དྲིས་པ་བཟང་གི སྤྱིར་བཏང་པ་དང་བ་གི་སྐོར་གནས་སྐབས་རྩོད་རྙོག་མཚམས་ཆད་པ་ལྟ་བུ་རེད་མོད། འདི་ལྟར་སོང་ན་མུ་མཐུད་ནས་རྩོད་དགོས་བྱུང་རྒྱུ་རེད། དེ་ཙམ་བྱོས།
རླུང་རྟ་རྒྱལ་གྱིས་གོ་ནོར་ཐེབས་པ་འདྲ། ངས་ཀིརྟིའི་དགོན་ལག་ཐམས་ཅད་ཀིརྟིའི་དགོན་པ་ཞེས་སྦྱར་དགོས་ཟེར་གྱི་མེད། ད་ཆ་ཀིརྟིིའི་དགོན་མ་ལག་གི་ནང་ན་ཀིརྟིའི་དགོན་ཞེས་ཀིརྟི་ཞེས་པའི་མཚན་དངོས་སུ་ཐོགས་ཡོད་ས་དང་མེད་ས་གཉིས་ཀ་ཡོད་པ་རེད་ཟེར་གྱི་ཡོད། དེ་མང་ཚོགས་ཁྲོད་དགོན་པའི་མཚན་འབོད་སྐབས་རང་བཞིན་གྱིས་ཐོགས་ཡོང་བ་ཞིག་རེད་མ་གཏོགས། སུ་གཅིག་གིས་བཙན་ཐབས་སུ་སྦྱོར་མཁན་མེད། དེའང་མ་དགོན་གྱི་མཚན་བུ་དགོན་ལ་སྦྱར་བ་ཞིག་མ་རེད། བླ་མའི་མཚན་དགོན་པ་ལ་ཐོགས་པ་ཞིག་རེད། ཁྱེད་ཀྱིས་༼ཀིརྟིའི་དགོན་ཞེས་བརྗོད་ཚེ་མ་དགོན་སྟོན་བཞིན་པ་ཀུན་གྱིས་ཤེས་གསལ་རེད།༽ཟེར། འདིའི་དོན་གོ་མ་སོང། ཀིརྟིའི་དགོན་ཞེས་པ་ནི་སྐབས་འདིར་དགོན་མ་ལག་མང་པོ་ཞིག་གི་སྤྱི་མིང་ཡིན་པ་ལས། དགོན་པ་གཅིག་ཁོ་ནའི་མིང་ཞིག་མ་རེད། ཁྱེད་རང་ཀིརྟིའི་དགོན་ཁག་ལ་ཆ་རྒྱུས་མེད་པ་འདྲ། ངའི་རྩོམ་དངོས་གཞི་ལ་བསྐྱར་དུ་གཟིགས་རོགས།
རྔ་བ་ཚེ་སྐྱིད་ནས་ཉིན་ཤས་སྔོན་བཀའ་འདྲི་གནང་བ་ངས་མཐོང་མ་སོང། དགོངས་འགལ་མེད་པ་ཞུ། རྔ་བ་ལ་རྔ་པ་ཞེས་འབྲི་དོན་ནི་གཙོ་བོར་དབུས་སྐད་ལ་བསྟུན་པ་ཞིག་རེད། ང་ཚོའི་ཕ་ཡུལ་གྱི་སྐད་ལྟར་ན་རྔ་བ་ཞེས་འབྲི་བ་དེ་ལོས་ཡིན། བརྡ་སྤྲོད་སྨྲ་བ་ཚོས་བཤད་ན་བདག་སྒྲ་ཡིན་ཚད་ལ་པ་སྦྱར་དགོས་པས། འདི་ལའང་རྔ་པ་ཞེས་པ་སྦྱར་དགོས་པ་རེད་ཟེར། འདི་བདག་སྒྲ་ཡིན་མིན་ལ་མཁས་པ་རྣམས་རྩོད་པ་ཡོད་ས་མ་རེད་དེ། མཁས་པ་སོ་སོའི་ཡུལ་སྐད་མ་འདྲ་བའི་དབང་གིས། དབུས་གཙང་གི་མཁས་པས་རྔ་པ་དང། ཨ་མདོའི་མཁས་པས་རྔ་བ་ཞེས་འབྲི་དགོས་གསུང་གི་ཡོད་པ་འདྲ། ལོ་རྒྱུས་ལ་སྦྱར་ན་རྔ་བ་མ་རེད་མངའ་བ་རེད་ཟེར་མཁན་ཡང་ཡོད། དེ་ནི་སྟོད་མངའ་རིས་ནས་ཆད་པས་རེད་ཟེར། གང་ལྟར་ངས་བལྟས་ན་རྔ་པ་དང་རྔ་བ་གང་བྱས་ཀྱང་གོ་ས་གཅིག་ལས་མེད་པས་པ་དང་བ་གང་བྱས་ཀྱང་ཁྱད་དེ་ཙམ་མེད་སྙམ། དེ་མིན། དཔེར་ན། ཚོ་པ་དང་ཚོ་བ། སོ་པ་དང་སོ་བ་ལྟ་བུ་ལ་གོ་དོན་ཁྱད་ཆེ་སྟེ། ཚོ་པ་དང་སོ་པ་ནི་ཤོག་ཁ་དང་གསང་བའི་ལྟ་རྟོག་པ། ཚོ་བ་དང་སོ་བ་ནི་ཤ་རྒྱགས་པ་དང་འབྲུ་རིགས་སོ་བ་ལ་གོ་བས་པ་བ་སྦྱོར་ཚུལ་ནོར་མི་རུང་བ་ཡིན།
ཀིརྟི་སྐུ་ཕྲེང་རིམ་པའི་སྐབས་བྱུང་བའི་ཀིརྟིའི་དགོན་པ་ཆེ་ཆུང་མང་པོ་ཡོད། ཞེས་པ་འདིའི་དོན་ཅི་ཞིག་གསུངས་གིན་ཡོད་དམ
ཀིརྟི་དགོན་པ་༡མ་གཏོགས་ཆེ་ཆུང་མང་པོ་ཞིག་གང་ཞིག་ན་ཡོད། རིན་པོ་ཆེ་སྐུ་ཕྲེང་རིམ་པའི་སྐབས་ཕྱག་བཏབ་པའི་དགོན་པ་འགའ་ཡོད་ཀྱང་དེ་དག་ཀིརྟི་དགོན་ཡིན་ཚོད་མེད།
བླ་བྲང་དགོན་པར་དགོན་མ་ལག་༡༠༨་ཡོད་སྐད་ཀྱང་དེ་དག་བླ་བྲང་དགོན་ག་ནས་ཡིན།
མདོར་ན་རྡ་སའི་བྱེས་པ་གྲྭ་ཚང་ཡང་ཀིརྟི་དགོན་ཡིན་པ་མི་འདོད།
ངོ་སྤྲོད་བྱས་པ་ཡག་བྱུང་།འོན་ཀྱང་ངོ་ཞེ་གྲགས་འཕྲོད་མ་སོང་། དེ་འདྲ་ཞིག་མ་རེད་དམ
ས་གནས་ལོ་རྒྱུས་ངོ་སྤྲོད་གནང་བྱུང་བ་ཡག་པོ་འདུགའོན་ཀྱང་དགོན་ལག་ཐམས་ཅད་ལ་ཀིརྟིའི་དགོན་ཞེས་མིང་སྦྱར་ཚེ་ད་ལྟ་སྤྱིར་བོད་ཁམས་ཡོངས་སུ་མ་དགོན་མང་པོ་ཡོད་ལ།དེ་དག་གི་དགོན་ལྷག་གམ་བུ་དགོན་གཅིག་ཏུ་བསྡོམས་ཚེ་སྟོང་ཕྲག་ཁ་ཤས་ལ་ཉེ་བ་ཡོད་པས་དེ་ཚོ་ཐམས་ཅད་ལའང་མ་དགོན་གྱི་མིང་སྦྱར་ནས་འབོད་དགོས་པ་རེད་དམ།
ཀིརྟིའི་དགོན་ཞེས་བརྗོད་ཚེ་མ་དགོན་སྟོན་བཞིན་པ་ཀུན་གྱིས་ཤེས་གསལ་རེད།ཁྱེད་རང་བྱ་རོག་སོ་བརྟག་གི་ལས་ལ་བརྩོན་དགོས་པ་ཕངས་པའི་གནས་སོ།
བཀུར་འོས་རྩོམ་པ་པོ་ཀིརྟི་སྐྱབས་ལགས།
དོན་ལ་འཁེལ་བའི་ཆེད་རྩོམ་ཞིག་སྤེལ་འདུག་ན། ཁ་དྲོ་བཀྲ་ཤིས་ཡིན། ཨོ་རེད་ཡ། བུ་མོ་ངས་ཉིན་ཤས་སྔོན་ཞིག་ལ་གོ་སྐབས་དམ་འཛིན་བྱས་ན་བཀའ་འདྲི་ཞིག་བྱས་ཡིན་མོད། འོན་ཀྱང་རྩ་བ་ཉིད་ནས་ལན་ཞིག་མ་ཕེབས་པས་ན། ཡང་བསྐྱར་དེ་རིང་སྐུ་ཉིད་ལ་བཀའ་འདྲི་འདི་ཞུ་འདོད་ཆེན་པོ་ཞིག་བྱུང་སོང་བ་ལགས་ན། དེ་ལུགས་བཞིན་དུས་ཐོག་ཏུ་ལན་ཞིག་ཡོད་པར་མཁྱེན་ནོ།། འདིར་དམིགས་བསལ་གྱིས་བཀའ་འདྲི་ཞུ་རྒྱུ་ཞིག་ལ། བུ་མོ་ང་ཡི་ཕ་ཡུལ་གྱི་མིང་ལ་རྔ་བ་ཟེར་བ་ལས་རྔ་པ་མ་ཡིན་རུང་། གནས་ཚུལ་མཁོ་གཏོང་རྣམ་པས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཉིས་སྟོང་བརྒྱད་ནས་བཟུང་གནས་ཚུལ་གང་ཡོད་སྤྱི་བྱེའི་གསར་འགྱུར་བརྒྱུད་ཁག་ལ་གཏོང་དུས། རྔ་པ་ཞེས་བེད་སྤྱོད་བྱེད་དགོས་པའི་རྒྱུ་མཚན་ཤེས་མ་སོང་བས་ན། རྔ་བ་ལས་རྔ་པ་ཞེས་པའི་མིང་འདི་བཀོལ་དགོས་པའི་རྒྱུ་མཚན་ཞིག་གསུང་ན་འགྲིགས་ཀི་རེད་དམ།
སྤྱིར་ན།
རྔ་བ་ཞེས་པའི་མིང་འདི།
གཅིག་ནས་ལོ་རྒྱུས་དེབ་ཐེར་ཁག་ལས་རྔ་བ་ཡིན་པ་ལས་རྔ་པ་མ་རེད།
གཉིས་ནས་ཡོངས་གྲགས་ཀྱིས་དབང་དུ་བྱས་རུང་རྔ་བ་ཡིན་པ་ལས་རྔ་པ་མ་རེད།
གསུམ་ནས་བརྡ་སྤྲོད་ཀྱི་འགྲོ་ལུགས་ཡིན་རུང་རྔ་བ་ཡིན་པ་ལས་རྔ་པ་མ་རེད།
བཞི་ནས་བརྗོད་བདེའི་སྟོབས་ཀྱིས་ཡིན་ཡང་རྔ་བ་ཡིན་པ་ལས་རྔ་པ་མ་རེད།
ལྔ་ནས་སྤྱི་དམངས་ཀྱི་ངོས་འཛིན་དང་བག་ཆགས་ཡིན་རུང་རྔ་བ་ཡིན་པ་ལས་རྔ་པ་མ་རེད།