ཐེངས་འདིར་སྐུ་མདུན་གྱི་ཡང་སྲིད་སྐོར་བཀའ་བསྡུར་གནང་སྟེ་ཐག་གཅོད་ཅིག་ཡོང་སྲིད་པ་རེད། ༧གོང་ས་མཆོག་སྐུ་འཚོ་བཞུགས་ཐོག་ཐག་གཅོད་གནང་བ་ཡིན་ན། ཆོས་སྲིད་གཉིས་ཐད་ནས་ཐག་གཅོད་མ་ཐུབ་པ་མེད་ལ། ཐག་གཅོད་ངེས་པར་གནང་དགོས་པ་ཞིག་ཀྱང་རེད། ད་ལྟ་ཐག་གིས་མ་བཅད་པར་བཞག་ན། ནམ་ཞིག་གློ་བུར་བའི་དཀའ་ངལ་འཕྲད་སྲིད་པ་རེད། ཅེས་ཆོས་རིག་བཀའ་བློན་མཆོག་གིས་གསུངས།
ཉེ་ཆར་༧གོང་ས་མཆོག་ཨ་རིར་ཆིབས་བསྒྱུར་སྐབས། ཕྱི་རྒྱལ་གསར་འགོད་པ་ཚོར་འདི་ལོར་བོད་ཀྱི་ཆོས་རྒྱུད་ཁག་གི་བླ་ཆེན་རྣམས་ལྷན་འཛོམས་ཐོག ཁོང་ཉིད་ཀྱི་ཡང་སྲིད་སྐོར་ལ་ཚོགས་འདུ་ཞིག་ཚོགས་འཆར་ཡོད་སྐོར་གསུངས་ཡོད་སྟབས། འདི་གའི་གསར་འགོད་པས་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་ལ་༧གོང་ས་མཆོག་གི་ཡང་སྲིད་གཙོས་པའི་བོད་ཀྱི་སྤྲུལ་སྐུའི་ཡང་སྲིད། གསར་དུ་བཙུགས་པའི་ཆོས་དོན་ལྷན་ཚོགས་ཀྱི་འགན་དབང་བཅས་ཀྱི་སྐོར་ལ་བཅར་འདྲི་ཞུས་ཡོད།
བཀའ་བློན་མཆོག་གིས་༧གོང་ས་མཆོག་གི་ཡང་སྲིད་ཐོག་གསུངས་དོན། ཁ་སྔོན་༧གོང་ས་མཆོག་གིས་ཨ་རིར་ཡང་སྲིད་སྐོར་བཀའ་གནང་བ་བཞིན། འདི་ལོའི་ཕྱི་ཟླ་ ༩ ཚེས་ ༢༢ ནས་ ༢༤ ཉིན་བར་བཞུགས་སྒར་དུ་ཉིན་གསུམ་རིང་ཆོས་ཕྱོགས་ཀྱི་ཚོགས་འདུ་ཞིག་ཚོགས་འཆར་ཡོད། དེ་སྔོན་ཆོས་ཚོགས་ཐེངས་བཅུ་བ་མ་ཚོགས་གོང་བོད་གཞུང་ཆོས་རིག་ལས་ཁུངས་ཀྱིས་དམིགས་བསལ་ཚོགས་ཆེན་ཞིག་བསྐངས་པ་རེད། ཚོགས་ཆེན་ཐོག་༧གོང་ས་མཆོག་གི་ཡང་སྲིད་སྐོར་གླེང་སློང་བྱུང་ཡོིད། སྤྱིར་ད་ལྟའི་ཆར་ཡང་སྲིད་སྐོར་གྲོས་བསྡུར་བྱ་དགོས་པའི་ཛ་དྲག་གི་གནས་སྟངས་འདྲ་མེད་མོད། ཨ་རིར་རྒྱལ་སྤྱིའི་གསར་འགོད་པས་ཡང་སྲིད་སྐོར་དྲི་བ་བཏོན་ཡོང་སྐབས་དེའི་ཐོག་བཀའ་ལན་གནང་བ་རེད། མ་འོངས་པར་འཚོགས་འཆར་ཡོད་པའི་ཆོས་ལུགས་ཚོགས་ཆེན་ཐོག་བོད་ཀྱི་ཆོས་རྒྱུད་ཁག་གི་བླ་ཆེན་རྣམས་ཕེབས་རྒྱུ་རེད། ཚོགས་འདུ་དེ་སྐུ་སྒེར་ཡིག་ཚང་གིས་གོ་སྒྲིག་ཞུས་པའི་སྟེང་ཆོས་རིག་གིས་མཐུན་འགྱུར་གནང་རྒྱུ་བྱས་ཡོད། ཅེས་དང་།
༧གོང་ས་མཆོག་གི་ཡང་སྲིད་སྐོར་ལ། བོད་བརྒྱུད་ནང་བསྟན་སྤྲུལ་སྐུའི་ཡང་སྲིད་སྐོར་ལ་ཆོས་ཚོགས་ཁ་ཤས་ནང་གྲོས་བསྡུར་རིམ་པར་བྱུང་ཡོད་ཀྱང་། ད་བར་༧གོང་ས་མཆོག་གི་ཡང་སྲིད་གཅིག་པུའི་ཐོག་དམིགས་བསལ་ཚོགས་འདུ་འཚོགས་མྱོང་མེད་སྟབས། ཐེངས་འདིར་སྐུ་མདུན་གྱི་ཡང་སྲིད་སྐོར་བཀའ་བསྡུར་གནང་སྟེ་ཐག་གཅོད་ཅིག་ཡོང་སྲིད་པ་རེད། ༧གོང་ས་མཆོག་སྐུ་འཚོ་བཞུགས་ཐོག་ཐག་གཅོད་གནང་བ་ཡིན་ན། ཆོས་སྲིད་གཉིས་ཐད་ནས་ཐག་གཅོད་མ་ཐུབ་པ་མེད་ལ། ཐག་གཅོད་ངེས་པར་གནང་དགོས་པ་ཞིག་ཀྱང་རེད། ད་ལྟ་ཐག་གིས་མ་བཅད་པར་བཞག་ན། ནམ་ཞིག་གློ་བུར་བའི་དཀའ་ངལ་འཕྲད་སྲིད་པ་རེད། ཅེས་གསུངས་སོང་།
བཙན་བྱོལ་བོད་གཞུང་གི་སྤྲུལ་སྐུ་ངོས་འཛིན་བྱེད་ཕྱོགས་ཀྱི་ཐག་གཅོད་ལ་ཕན་ནུས་ཅི་ཡོད་དང་། རྒྱ་གཞུང་གིས་བོད་པའི་བླ་སྤྲུལ་ངོས་འཛིན་བྱེད་སྟངས་དེར་བཙན་བྱོལ་བོད་གཞུང་གིས་གདོང་ལེན་ཇི་ལྟར་བྱེད་ཀྱི་ཡོད་མེད་དྲིས་པར། བོད་གངས་ཅན་གྱི་ཆོས་རྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་བླ་ཆེན་རྣམས་བཙན་བྱོལ་དུ་བཞུགས་ཡོད་པ་རེད། ཁོང་ཚོ་ཉེན་ཁར་མ་འཛེམ་པར་བཙན་བྱོལ་དུ་ཕེབས་དོན་ཡང་། བོད་ཀྱི་ཆོས་རིག་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆད་ཡོང་ཆེད་རེད། བོད་པའི་བླ་སྤྲུལ་ཚོ་ངོས་འཛིན་བྱེད་པའི་དབང་ཆ་དང་ནུས་པ་ཡོངས་རྫོགས་༧གོང་ས་མཆོག་གི་དབུ་ཁྲིད་པའི་ཆོས་རྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་ཆོས་ཚོགས་ཁག་ལ་ཡོད། རྒྱ་གཞུང་གིས་བྱེད་ལས་ལ་བལྟ་རྒྱུ་ཡོད་པ་མ་རེད། བོད་ནང་དུ་སྤྲུལ་སྐུ་སོགས་འཁྲུངས་པ་ཡིན་ན། བཙན་བྱོལ་དང་བོད་ནང་དུ་ཡོད་པའི་བོད་པའི་བླ་ཆེན་ཚོས་ངོས་འཛིན་གནང་རྗེས། མཐའ་མའི་ཆོག་མཆན་དེ་༼ ཆོས་དོན་ལྷན་ཚོགས ༽ སུ་ཞུ་དགོས་པ་ལས་གཞན་ངོས་འཛིན་ཐོབ་ཐབས་ཡོད་པ་མ་རེད། ཅེས་གསུངས་བྱུང་།
གསར་འགོད་པས་ཁོང་ལ་༼ ཆོས་དོན་ལྷན་ཚོགས ༽སྐོར་ལ་བཀའ་འདྲི་ཞུས་པར་ཁོང་གིས། རང་དབང་ཅན་གྱི་རྒྱལ་ཁབ་ཚང་མའི་ཆོས་དོན་ལྷན་ཚོགས་བཙུཊ་ཡོད་ལ། ཆོས་དོན་ལྷན་ཚོགས་དེར་རྒྱལ་ཁབ་དང་སྲིད་གཞུང་གི་ཆོས་ཕྱོགས་ཀྱི་ཐག་གཅོད་དབང་ཆ་ཡོད། ད་ཆར་ཆོས་ལུགས་དང་འབྲེལ་བའི་གནད་དོན་རྣམས་ཆོས་རིག་ལས་ཁུངས་ཀྱིས་བསྒྲུབ་བཞིན་ཡོད་ཀྱང་། དེ་ལ་ཁྲིམས་ཀྱི་ནུས་པ་ཡོད་པ་མ་རེད། ཆོས་དོན་ལྷན་ཚོགས་བཙུགས་པ་ཡིན་ན། ལྷན་ཚོགས་དེའི་ལས་དོན་ཁག་ལ་ཁྲིམས་ཀྱི་ནུས་པ་ཡོད་པ་རེད། བོད་གཞུང་ཁྱབ་ཁོངས་སུ་ཡོད་པའི་ཆོས་རྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་བླ་ཆེན་ཚོས་ཆོས་ཚོགས་ཐེངས་ ༨ པ་ནས་ ༡༠ བར་གྲོས་བསྡུར་བྱུང་སྟེ། མཐར་ཆོས་ཚོགས་བཅུ་བའི་ཐོག་ལྷན་ཚོགས་ཀྱི་སྒྲིག་གཞི་གཏན་འབེབས་བྱས་པ་རེད། ཅེས་གསུངས་སོང་།
ཁོང་གིས་མུ་མཐུད་དུ་གསུངས་དོན། ན་ནིང་ང་ཚོས་སྒྲིག་གཞིའི་དོན་ཚན་ཁག་གྲོས་ཚོགས་སུ་ཕུལ་སྐབས། གྲོས་ཚོགས་ཐོག་བགྲོ་གླེང་མང་པོ་བྱུང་སྟེ་མང་མོས་ཐོག་ཁྲིམས་གཞི་གཏན་འབེབས་བྱས་ཡོད། གསར་དུ་བཙུགས་པའི་ཆོས་དོན་ལྷན་ཚོགས་ཀྱི་འགན་འཛིན་དག་ནི། ཆོས་རྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་བླ་ཆེན་ཁག་དང་། སྐུ་སྒེར་ཡིག་ཚང་ནས་༧གོང་ས་མཆོག་གི་སྐུ་ཚབ་གཅིག གཞན་ངོ་ཡོད་ཆོས་དོན་བཀའ་བློན་བཅས་རེད། ཆོས་དོན་ལྷན་ཚོགས་དེ་ཆོས་རིག་ལས་ཁུངས་ཀྱི་གོང་དུ་ཡོད་པ་ཞིག་ཆགས་ཡོད། ཆོས་ལུགས་ཆོས་རྒྱུད་ཀྱི་དཀའ་ངལ་གང་འདྲ་ཞིག་བྱུང་ཡང་། ཆོས་དོན་ལྷན་ཚོགས་ཀྱིས་ཐག་བཅད་རྗེས། ཆོས་རིག་ལས་ཁུངས་བརྒྱུད་ཆོས་སྡེ་ཁག་ཏུ་ལག་ལེན་བསྟར་དགོས་ལ། སྒྲིག་གཞི་ལྟར་རྒྱུན་ལས་ཤིག་ཀྱང་འཛུགས་དགོས། རྒྱུན་ལས་དེ་བླ་ཆེན་ཚོས་མོས་མཐུན་ཐོག་འཛུགས་དགོས་པ་དང་། ལས་ཁུངས་དམིགས་འཛུགས་མེད་པར་སྐབས་བསྟུན་གྱིས་ལས་དོན་བསྒྲུབ་དགོས་ཀྱི་ཡོད། ཅེས་གསུངས་བྱུང་།
མཇུག་ཏུ་བཀའ་བློན་ཆོག་གིས་ཆོས་དོན་ལྷན་ཚོགས་ཀྱི་ལས་དོན་ཐོག་གི་དཀའ་ངལ་སྐོར་གསུངས་དོན། ང་ཚོས་ཆོས་དོན་ལྷན་ཚོགས་ཀྱི་སྒྲིག་གཞི་ཁག་ཚང་མ་གཏན་འབེབས་བྱས་ཚར་ཡོད་ནའང་། ད་དུང་ཡང་ལག་ལེན་ཏག་ཏག་ཅིག་བསྟར་ཐུབ་ཀྱི་མེད། ཐོག་མའི་ཆ་རྐྱེན་ནང་ཆོས་རྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་བླ་ཆེན་རྣམས་ངེས་པར་ཚང་དགོས་ཀྱི་ཡོད་དུས། བཀའ་བརྒྱུད་ནང་བླ་ཆེན་ཞིག་ད་དུང་གཏན་འཁེལ་ཐུབ་མེད། བཀའ་བརྒྱུད་པའི་ནང་བླ་ཆེན་གཅིག་ཕེབས་དགོས་ཀྱི་ཡོད་ཀྱང་། ཀརྨ་སྐུ་ཕྲེང་ ༡༦ པ་འབྲས་ལྗོངས་སུ་སྐུ་གཤེགས་རྗེས། བཀའ་བརྒྱུད་སྤྱི་ལ་ཁྱབ་པའི་བླ་ཆེན་ཞིག་མེད་པ་རེད། ད་ཆར། ཀརྨ་ལ་ཀམ་ཚང་དང་འབྲི་གུང་། འབྲུག་པ། སྟག་ལུང་བཅས་བཞི་ཕེབས་ཡོད་ཀྱང་སྒྲིག་གཞིའི་ནང་མི་བཞི་ཕེབས་རྒྱུའི་ལམ་སྲོལ་མེད་སྟབས། དེའི་ཐད་ཆོས་རིག་གིས་སྤྱི་འཐུས་ལྷན་ཚོགས་སུ་སྙན་སེང་ཞུས་ཡོད་ལ། རྗེས་སུ་ནོར་གླིང་དུ་བཀའ་བརྒྱུད་པའི་ཚོགས་འདུ་ཞིག་ཚོགས་པ་རེད། སྐབས་དེར། ཀམ་ཚང་དང་འབྲི་གུང་སོགས་ཆོས་རྒྱུད་རེས་མོས་བྱས་ཏེ་འགན་འཁུར་རྩིས་བྱས་ཡོད་པ་ལྟར། ཀམ་ཚང་གིས་འགན་དང་པོ་འཁུར་རྒྱུའི་ཐག་གཅོད་བྱས་ཡོད་ཀྱང་། འགན་འཁུར་མཁན་ཀརྨ་པ་དང་ཞྭ་དམར་པ། ཡང་ན་སི་ཏུ་གང་ཡིན་གང་ཡང་བཤད་ཡོད་པ་མ་རེད། ད་བར་བཀའ་བརྒྱུད་པའི་ནང་དུ་ཆ་རྐྱེན་ཚང་གི་མེད་སྟབས། སྒྲིག་གཞི་གཏན་འབེབས་བྱས་ཀྱང་ལྷན་ཚོགས་ངོས་ནས་ལག་བསྟར་བྱ་ཐུབ་ཀྱི་མེད།
གསར་འགོད་པ། དཔལ་ལྡན།
འདས་པའི་ལོ་རྒྱུས་ཐོག་ནས་བསླབ་བྱ་ཞིག་ལེན་ཐུབ་པ་དང་དེས་མ་འོངས་པའི་བོད་དེ་གང་འདྲ་ཞིག་ཆགས་མིན་རྒྱུ་མཚན་དང་རིག་པར་བརྟེན་ནས་གསལ་བཤད་རབ་ཙམ་ཞིག་ཐུབ་ངེས་ཡིན།
༡ ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐུ་རིང་ལ་བོད་དེ་གཅིག་གྱུར་ཅན་གྱི་དཔའ་ངར་དང་དབང་གྲགས་ལྡན་པའི་སྟོབས་ཆེན་གྱི་གཅིག་བསྒྲིལ་གྱི་མི་རིགས་དང་སྟོབས་ཆེན་གྱི་རྒྱལ་ཁབ་གཅིག་ཏུ་གྱུར་ཐུབ་ཡོད།
༢ བོད་རྒྱལ་གླང་དར་མའི་སྐུ་སྲོག་དཀྲོངས་པ་ནས་བཟུང་མི་གསུམ་བརྒྱ་དོན་བཅུ་ལྷག་ཙམ་རིང་བོད་དེ་སིལ་བུ་ཁ་ཐོར་དུ་སོང་ནས་ཉམས་རྒུད་ཚད་མེད་བྱུང་བ་རེད།
༣ དེ་ནས་ས་སྐྱས་གཙོས་པའི་ད་ལྟའི་བོད་གཞུང་དགའ་ལྡན་ཕོ་བྲང་གི་བར་དུ་ཆོས་ལུགས་གྲལ་རིམ་གྱིས་དབང་ཆའི་འཐབ་རྩོད་རབ་དང་རིམ་པ་བྱས་ཡོད་ཀྱང་བོད་རྒྱལ་ཁབ་དང་མི་རིགས་མཐུན་སྒྲིལ་དང་གོང་བུའི་སྟོབས་ཤུགས་གཅིག་ཏུ་སུས་ཀྱང་བསྒྲིལ་ཐུབ་མེད།
༤ འདས་པའི་མི་ལོ་གསུམ་བརྒྱ་དྲུག་ཅུ་རེ་དགུ་ཕྱིན་ཟིན་པའི་བོད་གཞུང་དགའ་ལྡན་ཕོ་བྲང་གི་གཙོ་འཛིན་༸ གོང་ས་ལྔ་པ་ཆེན་པོ་དང་། ༸ གོང་ས་བཅུ་གསུམ་པ་ཆེན་པོ་རྣམ་གཉིས་ཀྱིས་བོད་དེ་གཅིག་བསྒྲིལ་ཞིག་ཏུ་གྱུར་རྒྱུའི་ཐུགས་འཁུར་དང་སྐུ་ལས་ཚད་མེད་གཅིག་བསྐྱོན་ནའང་མཐར་རང་གི་རྒྱལ་ཁབ་དང་མི་རིགས་དེ་སྔར་གྱི་ཆོས་རྒྱལ་གོང་མ་ལྟར་གྱི་མངའ་ཐང་དང་སྟོབས་ཤུགས་རྒྱས་ཐུབ་མེད།
༥ ད་དུང་ཐབས་སྡུག་པ་གཅིག་ལ་༸གོང་ས་བཅུ་གསུམ་པ་ཆེན་པོས་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཞིག་དང་གཅིག་བསྒྲིལ་གྱི་མི་རིགས་ཞིག་ཏུ་འགྱུར་རྒྱུའི་སླད་དུ་ཐུགས་རེ་ཚད་མེད་གཅིག་གནང་ནའང་སྐབས་དེའི་སྐྱུགས་བྲོ་བའི་སྤྱི་ཚོགས་དེས་གང་ཉིད་ཀྱི་ཐུགས་འདོད་དེ་ཕམ་ཉེས་སུ་བཏང་ཡོད།
༦ དེ་ནས་མཐར་ཆུ་སྤྲེལ་ལོའི་ཞལ་གདམས་ཟབ་མོ་ཞིག་གནང་སྟེ་ད་ནས་བཟུང་ཡག་པོ་ཞིག་བྱེད་ཐུབ་ན་མི་ལོ་བརྒྱ་ཕྲག་གཉིས་གསུམ་ཙམ་ཁུངས་འཁྱོལ་རྒྱུ་དང་གལ་སྲིད་ཡག་པོ་བྱེད་མ་ཐུབ་ཚེ་སླར་འགྱོད་ཀྱང་ཕྱིས་སུ་ཕན་ཆ་མ་མཆིས་ཞེས་མ་འོངས་སྔོན་གཟིགས་ཀྱི་ལུང་བསྟན་ལྟ་བུ་ཞིག་གནང་ནས་གང་ཉིད་ཐུགས་ཕམ་གྱི་སྒོ་ནས་སྐུ་གཤེགས་དགོས་བྱུང་ཡོད།
༧ ༸ གོང་ས་བཅུ་བཞི་པ་ཆེན་པོས་ཀྱང་རྒྱ་ནག་དང་ཞི་འགྲིག་ཡོང་ཆེད་སླད་བོད་དང་ལྷོ་ཁ་ལྷུན་རྩེ་བཅས་སུ་འབད་བརཐཙོན་རབ་དང་རིམ་པ་གནང་ནའང་མཐར་རྒྱ་གར་དུ་སྐྱབས་བཅོལ་དུ་ཕེབས་དགོས་བྱུང་ཡོད།
༨ སྐྱབས་བཅོལ་དུ་ཕེབས་པ་ནས་བཟུང་ད་བར་མི་ལོ་ལྔ་བཅུའི་རིང་སྟོབས་ཆེ་བའི་རྒྱ་དམར་གུང་ཁྲན་ལ་ཁ་གཏད་དུ་ལངས་ནས་བོད་གཞུང་དགའ་ལྡན་ཕོ་བྲང་དེ་སླར་ཡར་གསར་འཛུགས་གནང་ཏེ་བོད་རང་གཙན་དང་། ཞི་བའི་གྲོས་ཆར་གྱི་དོན་ཚན་ལྔ། གཉིས་ཕན་དབུ་མའི་ལམ། མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་བཅས་རབ་དང་རིམ་པར་ཐུགས་རེ་ཚད་ལས་འདས་པ་ཞིག་བསྐྱོན་ནས་འཛམ་གླིང་གང་སར་བོད་དང་། བོད་མི། བོད་ཀྱི་ཆོས། བོད་ཀྱི་རིག་གཞུང་། བོད་ཀྱི་སྐད་ཡིག བོད་མའི་མངོན་འདོད་སོགས་སྒོ་གང་ས་སྤྱི་ཐད་ནས་ངལ་བའི་འཁུར་ཆེན་ཕྲག་པར་བཏེགས་ནས་འཛམ་གླིང་གང་སར་བསྐོར་བཞིན་བཞུགས།
༩ མི་ཡུལ་དུ་གནས་སྟངས་ཐབས་སྡུག་འདི་འདྲ་ཞིག་གིས་འོག་ཏུ་ཡོད་སྐབས་སུ་རྒྱ་མིས་བཙན་གནོན་བྱས་པ་གཅིག་པ། རང་ཡུལ་ཤོར་བ་གཅིག་པ། སྐྱབས་བཅོལ་གཅིག་པ། མི་རིགས་གཅིགཔ། སྐད་ཡིག་གཅིག་པ། ཆོས་ལུགས་གཅིགཔ། ཕུ་སྤུན་གཅིག་པ་བཅས་ཡིན་པའི་བོད་རིགས་སྐྱབས་བཅོལ་ཡིན་ཟེར་མཁན་ཁམས་པའི་མཚོ་ཁག་བཅུ་གཅིག དབུས་པའི་མཚོ་ཁག་གཉིས། ཨ་མདོའི་མཚོ་གཅིག་བཅས་ཀྱིས་ལོ་རབས་ ༦༠ ནང་ནས་བཟུང་ཐེ་ཝན་བོད་སོག་ལས་ཁུངས་ཀྱི་གཞན་དབང་དུ་སོང་ནས་ ༩༧ བར་བོད་གཞུང་དགའ་ལྡན་ཕོ་བྲང་དང་༸ གོང་སྐུ་ཕྲེང་ ༡༤ ཆེན་པོ་དེར་དཀའ་ངལ་བཟོས།
༡༠ དེ་ནས་བྱས་པ་ཅན་དང་ཉེས་པ་ཅན་གྱི་ལོ་ཐང་ཨ་ཐར་གྱིས་གཙོས་པའི་ཆུ་བཞི་སྒང་དྲུག་ཟེར་བ་དེས་ཐེ་ཝན་བོད་སོག་ལས་ཁུངས་དང་ཆིངས་ཡིག་བཞག་སྟེ་ངན་འབྲེལ་བྱས་དཀའ་ངལ་གཅིག་མཚུངས་སུ་སྤྲད།
༡༡ ད་དུང་དེས་མི་ཚད་རྒྱ་འདྲེ་དོལ་རྒྱལ་ཕྱོགས་རློམ་ཅན་གྱིས་གཞན་དབང་དབང་དུ་སོང་ནས་བོད་གཞུང་དང་༸གོང་ས་མཆོག་ལ་དཀའ་ངལ་ཚད་མེད་གཅིག་བཟོས།
༡༢ ད་དུང་༸ གོང་ས་མཆོག་གི་ཐུགས་རྗེའི་ཞབས་འོག་ཏུ་འཁོད་པའི་སྲི་ཞུའི་ལས་བྱེད་དང་མི་དམངས་ཚོས་ངོ་ལྐོག་བརྒྱབ་མདུན་གྱི་ལས་ཀ་བྱས་དང་བྱེད་བཞིན་ཡོད་སྟབས་༸ གོང་ས་མཆོག་གི་རླབས་ཆེན་གྱི་ཐུགས་བཞེད་ཟམ་མོ་དག་འགྲུབ་པར་བྱེད་པ་ལ་བགེགས་བར་འདི་དག་གིས་སྟེང་འོག་ཕྱོགས་མཚམས་ཀུན་ནས་དྲི་བཟང་ཙན་ལྡན་གྱི་ལྗོན་པ་བཟང་པོ་དུག་རླངས་དུག་སྤྲུལ་གྱིས་མཐའ་ནས་རིམ་བཞིན་བསྐོར་ནས་བཏམས་ཡོད།
༡༣ ཕྱི་རྐྱེན་རྒྱ་དམར་གུང་ཁྲན་ཏང་དང་ནང་རྐྱེན་ཤ་དང་རུས་པའི་འབྲེལ་ཐག་དམ་པོས་བཅིངས་པའི་སྤུན་ཟླའི་མི་རིགས་ཅོལ་ཆུང་འདི་དག་གིས་ད་ཆ་༸གོང་ས་སྐཡབས་མགོན་ཆེན་པོ་མཆོག་འུ་ཐུག་ཐབས་ཤད་ཀྱི་གནས་སུ་གྱར་ཡོད། དེར་བརྟེན་མི་ལོ་ ༣༦༩ ཕྱིན་ཟིན་པའི་བོད་གཞུང་དགའ་ལྡན་ཕོ་བྲང་དེས་བོད་མི་རིགས་དང་བོད་རྒྱལ་ཁབ་ཟེར་བ་དེ་གཅིག་ཏུ་བསྒྲིལ་ཏེ་ཕན་ཆ་ཞིག་མ་མཆིས་པའི་དབང་གི་དགོས་པ་དང་རྒྱུ་མཚན་མང་དག་ལ་གཟིགས་ཏེ་ད་ཆ་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༤ ནས་དངོས་སུ་སྒོ་མ་བརྒྱབ་ཀ་མེད་ཆགས་ཡོད།
༡༤ འདི་ལྟ་བུའི་མི་ལོ་ ༣༦༩ ལྷག་ཕྱིན་ཟིན་པའི་བོད་གཞུང་དགའ་ལྡན་ཕོ་བྲང་དང་ཡང་སྒོས་ ༸ བོད་མིའི་ཚེ་འདི་ཕྱི་གཉིས་ཀྱི་སྐཡབས་གནས་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་མཆོག་༸གོང་ས་སྐུ་འཕྲེང་ ༡༤ ཆེས་གོ་ལ་ཧྲིལ་པོར་སྙན་གྲགས་ཅན་གྱི་རླབས་ཆེན་སྐྱེས་བུ་དམ་འདི་སྐུ་འཚོ་བཞིན་བཞེངས་པའི་དུས་དུས་བོད་རྒྱལ་ཁབ་དང་བོད་མི་རིགས་འདི་སྐྱོབ་མ་ཐུབ་ན་མིང་ཙམ་འཛིན་པའི་༸ གོང་ས་ཏྰ་ལའི་བླ་མའི་སྐུ་འཕྲེང་ ༡༥ ཡིན་ཟེར་མཁན་དང་དང་རེད་ཟེར་མཁན་གཅིག་དང་གཉིས། གསུམ་དང་བཞི་ག་ཚོད་བྱུང་ཀྱང་རྩོད་རྙོག་ཅན་གྱི་ཏྰ་ལའི་བླ་མ་ཞིག་ལས་བོད་རྒྱལ་ཁབ་དང་མི་རིགས་ཟེར་བ་དེར་ཕན་ཐོག་གང་ཡང་ཡོང་རྒྱུ་མེད།
༡༦ དེར་བརྟེན་ཁྱེད་ཚོས་སྐུ་འཕཻརང་ ༡༤ པའི་ སྐུ་དུས་སུ་གཅིག་བྱུང་ན་རེ་བ་རྒྱག་རྒྱུ་ཞིག་ཡོད་པ་ལས་སྟོང་བསམ་ཅན་གྱི་སྐུ་འཕྲེང་ ༡༥ ཞིག་ བྱོན་ཏེ་བོད་བསྐྱབ་རྒྱུའི་རེ་ངན་ཁོག་བཅངས་བྱས་ན་དོན་དངོས་ཐོག་ཉི་མའི་རྨི་ལམ་ཙམ་ཞིག་ཡིན་པ་ལས་གཞན་གང་ཡང་ཡོང་རྒྱུ་མེད།
དགེ་ཆོས་ཀྱིས།
དུས་གསུམ་དུས་ཀྱི་འཁོར་ལོ་འཁོར་ལོ་བ་ན།།
བྱུང་ནས་ཡལ་བ་སྔོན་གྱི་གཟུགས་བརྙན་དག།
སྟོང་པའི་མཁའ་ལ་སེམས་ཀྱི་བྲིས་པ་དེ།།
ཟིན་ཏུ་ངོ་མཚར་སྒྱུ་མའི་རྒྱལ་རབ་ཉིད།། ཅེས་གསུངས་ཡོད་དོ།།