ཟླ་འདིའི་ཚེས་ ༦ཉིན་ཁམས་དཀར་མཛེས་དགོན་རོ་ཚལ་ཁམས་ཚན་གྱི་གྲྭ་འགྱུར་མེད་བསོད་ནམས་ལགས་དང་། ཀ་བྲག་ཁམས་ཚན་གྱི་གྲྭ་ཚེ་དབང་བཀྲ་ཤིས་གཉིས་ཀྱིས་དཀར་མཛེས་རྫོང་ཐོག་ཏུ་ལག་ལ་ཕྲེད་དར་འཕྱར་བཞིན་ “རྒྱལ་བ་རིན་པོ་ཆེ་ཁྲི་ལོ་བརྟན་པར་ཤོག བོད་ནང་འགྲོ་བ་མིའི་ཐོབ་ཐང་དགོས” ཞེས་པའི་འབོད་ཚིག་བསྒྲགས་ཏེ་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་འདུག
ཕྱི་ཚེས་ ༧ ཉིན་དཀར་མཛེས་རྫོང་ཁོངས་བེ་རི་དགོན་གྱི་རང་ལོ་ ༣༡ ཡིན་པའི་གྲྭ་འོད་ཟེར་ཕུན་ཚོགས་ལགས་ཀྱིས་དཀར་མཛེས་རྫོང་གི་ཁྲོམ་ལམ་དུ། བོད་རང་བཙན་གྱི་སྦྱར་ཡིག་གཏོར་བཞིན། ༧གོང་ས་མཆོག་སྐུ་ཚེ་བརྟན་པར་ཤོག་ཅེས་སྐད་འབོད་བརྒྱབ་མཐར་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ། ད་ཆར་ཁོང་དཀར་མཛེས་རྫོང་གི་མི་དམངས་སྨན་ཁང་གི་ཉེ་འགྲམ་དུ་ཡོད་པའི་བཙོན་ཁང་ནང་བཅུག་ཡོད་འདུག
ཚེས་ ༡༠ ཉིན་བོད་ནང་ཉིན་གུང་ཆུ་ཚོད་ ༡༢ ཙམ་དཀར་མཛེས་དགོན་དུ་སློབ་སྦྱོང་བྱེད་བཞིན་པའི་རྩིས་ཚང་དགོན་གྱི་རང་ལོ་ ༣༠ ཡིན་པའི་གྲྭ་མགོ་དབྱངས་གིས་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ“གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པ་ཤོག བོད་ལ་རང་དབང་དགོས། སྐུ་ཞབས་སྤང་རི་སྣ་རིན་པོ་ཆེ་མཆོག་གིས་དབུས་ཆབ་སྲིད་བཙོན་པ་རྣམས་ཀློད་གྲོལ་གཏོང་དགོས” ཞེས་སྐད་འབོད་རྒྱག་སྐབས་དྲག་ཆས་ཉེན་རྟོག་པ་དང་། དམག་མིས་འཛིན་བཟུང་བྱས་འདུག
ཉིན་དེའི་ཕྱི་དྲོའི་ཆུ་ཚོད་ ༥ པ་ཙམ་ལ་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ། དཀར་མཛེས་ལམ་བྲག་བཙུན་དགོན་གྱི་བཙུན་མ་རང་ལོ་ ༢༥ ཡིན་པའི་བྱམས་པ་ལྷ་མཚོ་དང་། རང་ལོ་ ༢༠ ཡིན་པའི་བཙུན་མ་རིན་དགའ་གཉིས་ཀྱིས། “རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག བོད་ནང་ཆོས་དད་རང་དབང་མི་འདུག” ཞེས་སྐད་འབོད་བརྒྱབ་ཅིང་། བོད་རང་བཙན་སྐོར་གྱི་ཡིག་ཆ་གཏོར་འགྲེམས་བྱས་ཏེ། རྒྱ་གཞུང་གི་ཉེན་རྟོག་པས་ཉེས་རྡུང་ལྟ་མི་བཟོད་པ་གཏོང་བཞིན་རླངས་འཁོར་ནང་བཅུག་སྟེ་བཙན་ཁྲིད་བྱས་ཡོད་འདུག
ཕྱི་ཚེས་ ༡༡ ཉིན་དཀར་མཛེས་བེ་རི་དགོན་པའི་དགེ་བསྐོས་ཟུར་པ་པདྨ་ཚེ་རིང་ལགས་ཀྱིས་༧རྒྱལ་བ་རིན་པོ་ཆེ་ཁྲི་ལོ་བརྟན་པར་ཤོག བོད་རང་བཙན་ཡིན་ཟེར་བ་སོགས་ཀྱི་སྐད་འབོད་བརྒྱབ་མཐར་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག
ཚེས་ ༡༢ ཉིན་བོད་ནང་སྔ་དྲོ་ཆུ་ཚོད་ ༡༠ པ་ཙམ་ལ་དཀར་མཛེས་རྫོང་། ཉི་མོ་དགེ་ཚུལ་དགོན་གྱི་རང་ལོ་ ༢༧ ཡིན་པའི་བཙུན་མ་ཡེ་ཤེས་ལྷ་མཚོ་ལགས་དང་། རང་ལོ་ ༢༢ ཡིན་པའི་བཙུན་མ་ཆོས་དབྱངས་ལགས། རང་ལོ་ ༢༢ ཡིན་པའི་བཙུན་མ་སྤེན་པ་ལྷ་མོ་ལགས་གསུམ་གྱིས་དཀར་མཛེས་རྫོང་ཐོག་ཏུ་ཞི་རྒོལ་བྱས་པར་བརྟེན། དྲག་ཆས་ཉེན་རྟོག་པ་དང་དམག་མིས་འཛིན་བཟུང་བྱས་ཡོད་འདུག
ཉིན་དེར་མཚན་གསལ་བོ་མ་ངེས་པའི་གྲྭ་པ་ཞིག་གིས་དཀར་མཛེས་རྫོང་ཐོག་ཏུ་ཞི་རྒོལ་བྱས་ཏེ། དྲག་ཆས་ཉེན་རྟོག་པའི་ཉེས་རྡུང་ཚད་མེད་གཏོང་བཞིན་འཛིན་བཟུང་བྱས་འདུག ད་ཆར་རྒྱ་གཞུང་གིས་ཁམས་དཀར་མཛེས་རྫོང་ཁུངས་སུ་ཡུལ་དགོན་གཉིས་ལ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་འདུག
སེར་བྱེས་ཏྲེ་གྲྭ་དཀར་མཛེས་པདྨ་ཚེ་དབང་བཏང་འབྱོར་བྱུང་།
ད་དུང་བོད་ཚེས་༡༢་ཉིན་དབྱར་ཁབ་མཁའ་དགའི་བུ་གྲྭ་མགོན་པོ་བཙོས་གྲྭ་པ་ཁ་ཤས་དང་ལྷ་ཕྱེད་ནས་བུ་མོ་གཅིག་གིས་བོད་རང་བཙན་གྱི་སྦྱར་ཡིག་བཀྲམ་པ་ལྷན་དུ་སྐད་འབོད་རྒྱུན་རིང་བྱས་ཐར་ཉེན་རྟོག་པས་རྡུང་བརྡེག་དང་བཅས་བཙོན་འཇུག་བྱས་འདུག
རྒྱ་ཁབ་དང་མི་རིགས་ཀྱི་ཆེད་དུ་ན་ཟུག་ཁུ་བ་འདི་ང་ཚོ་ཚང་མས་ཤེས་དགོས་པ་གལ་ཆེ། བཙོན་ལ་ཚོད་པའི་དཔའ་བོ་དང་དཔའ་མོ་རྣམས་པ་སྡུག་སྔལ་ཉུང་ཙམ་དང་ཀློད་གྲོལ་མགྱོགས་པོ་ཡོང་བའི་སྨོནལམ་འདེབས་སོ།
རྒྱལ་ཁབ་སྐྱོབ་ལ་རིངས་པའི་དཔལ་རྒོད་རྣམས།།
སྐུ་ལ་སྡུག་སྦྱོང་སྣ་དགུ་ཕོག་མོད་ཀྱང།།
ན་ཟུག་ཚ་ཟུག་དབྱིངས་ནས་ཞི་བ་ཡི།།
མཆོག་གསུམ་ཐུགས་རྗེ་བསྐུལ་ལས་ཐབས་ཅང་མེད།།
ཁོ་བ་ཚོ་སྐྱིད་ལ་ཉལ་ནས་འདུག་མི་ཤེས་པ་ག་ལ་ཡིན་ཏེ། མི་རིགས་ཞིག་གིས་སེམས་ནང་གི་ཚེར་མ་འདོན་འདོད་པས་འདི་ལྟར་དཔའ་རྒོད་ཀྱིས་ལམ་བུ་སྙེགས་པ་རེད།
ངོ་མ་སེམས་ཀྱི་གཟབ་ས་ནས་ཡི་རིང་བྱེད་བཞིན་ཡོད།