ཨར་ཇེན་ཌི་ན་རྒྱལ་ཁབ་ནས་ཡིན་པའི་འཛམ་གླིང་གི་སྙན་གྲགས་ཅན་གྱི་རྐང་རྩེད་སྤོ་ལོ་བ་ཊེ་གྷོ་མའ་ར་ཊོ་ནཱ་(Diego Maradona) ལགས་ཀྱིས་རྒྱ་ནག་གི་བཟོ་ཚོང་དྲ་རྒྱ་གཉིས་ཁྲིམས་གཏུགས་བྱས་འདུག
ཕྱི་ཚེས་ ༡༥ ཉིན་ཧྥ་རན་སའི་རླུང་འཕྲིན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨར་ཇེན་ཌི་ན་རྒྱལ་ཁབ་ནས་ཡིན་པའི་འཛམ་གླིང་གི་སྙན་གྲགས་ཅན་གྱི་རྐང་སྤོལ་རྩེད་མཁན་ཊེ་གྷོ་མའ་ར་ཊོ་ནཱ་ལགས་ཀྱིས། རྒྱ་ནག་གི་གནས་འཕྲིན་བཟོ་ཚོང་དྲ་རྒྱས་ཁོ་རང་གི་མཚན་སྙན་བེད་སྤྱོད་དང་བརྙན་པར་གྱི་བདག་དབང་ཁྲིམས་འགལ་གྱིས་ལོག་སྤྱོད་བྱས་པར། རྒྱ་སྒོར་ཁྲི་ ༢༠༠༠ གི་ཀུན་གསབ་སྐྱིན་ཚབ་སྤྲོད་དགོས་པ་བརྗོད་ཡོད་འདུག བཟོ་ཚོང་དྲ་རྒྱ་དེ་གཉིས་ནི་རྒྱ་ནག་ནང་དྲ་རྒྱ་བརྒྱུད་ལམ་ཆེ་ཤོས་པེ་ཅིན་གྱི་ཞིན་ལང་གནས་འཕྲིན་དྲ་རྒྱའི་ཞབས་ཞུ་བཟོ་ཚོང་དང་། ཧྲང་ཧེ་ཡི་གྲོང་ཁྱེར་དགུའི་བརྡ་འཕྲིན་ལག་རྩལ་བཟོ་ཚོང་གཉིས་ཡིན་འདུག་ལ། ཉེ་བའི་གཟའ་འཁོར་འདིའི་ནང་རྒྱ་ནག་པེ་ཅིན་གྲོང་ཁྱེར་འབྲིང་རིམ་ཁྲིམས་ཁང་དང་པོས་ཊེ་གྷོ་མའ་ར་ཊོ་ནཱ་ལགས་ཀྱི་ཁྲིམས་གཏུགས་དང་ལེན་བྱེད་དགོས་བྱུང་ཡོད་པ་རེད།
རྒྱ་ནག་གི་ཞིན་ལང་བཟོ་ཚོང་དྲ་རྒྱ་ཡིས་ངོས་ནས་གནད་དོན་དེའི་སྐོར་ལ་གླེང་སློང་བྱ་རྒྱུ་ངོས་ལེན་བྱས་མེད་པ་རེད། ཡིན་ནའང་། གྲོང་ཁྱེར་ཨང་དགུའི་བརྡ་འཕྲིན་ལག་རྩལ་བཟོ་ཚོང་དྲ་རྒྱས་ཊེ་གྷོ་མའ་ར་ཊོ་ནཱ་མི་སྒེར་ལ་དགོངས་དག་ཞུས་ཡོད་པར་མ་ཟད། གནད་དོན་དེ་ནི་ཕན་ཚུན་གོ་བ་ལོག་པ་ཞིག་ཡིན་སྐོར་བརྗོད་ཡོད་པ་རེད། ཡིན་ནའང་། ཊེ་གྷོ་མའ་ར་ཊོ་ནཱ་ཡིས་ཁོ་ཚོའི་དགོངས་སེལ་དེ་ངོས་ལེན་གནང་གི་མིན་པར། མུ་མཐུད་དུ་ཁྲིམས་ཀྱི་གོ་རིམ་ལྟར་ཐག་གཅོད་བྱ་རྒྱུ་ཡིན་པ་བརྗོད་འདུག
གསར་འགོད་པ། ཚེ་རིང་རྒྱལ།