བཙན་བྱོལ་སྒྲིག་འཛུགས་ཀྱི་དཔལ་འབྱོར་གྱི་གནས་བབ་གཉན་འཕྲང་ཉེན་ཚབས་ཅན་ལས་གྲོལ་ཏེ། ད་ཆ་སྒྲིག་འཛུགས་ཀྱི་གཞི་རིམ་དགོས་མཁོ་མེད་དུ་མི་རུང་བ་རྣམས་གཞན་བརྟེན་མ་དགོས་ཙམ་གྱི་མཚམས་སུ་བསླེབས་ཡོད་ཟེར།
དེ་རིང་ཕྱི་ཚེས་ ༦ ཉིན་ནི་༧གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༧༦ ལ་ཕེབས་པའི་སྐུའི་འཁྲུངས་ཀྱི་ཉིན་མོ་ཡིན་པ་དང་། ཉིན་མོ་འདིར་འཛམ་གླིང་ཕྱོགས་མཐའ་ཁག་གི་བོད་མི་ཚོས་དགའ་སྤྲོའི་རྣམ་པའི་ཐོག་སྐུའི་འཁྲུངས་སྐར་སྲུང་གཙི་བྱེད་ཀྱི་ཡོད་པ་ལྟར། དེ་རིང་ཞོགས་པའི་ཆུ་ཚོད་༩ སྟེང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་དང་མང་ཚོགས་ཐུན་མོང་ནས་སྐུའི་འཁྲུངས་སྲུང་གཙི་ཞུས་སོང་། མཛད་སྒོའི་སྐུ་མགྲོན་དུ་བཀའ་བློན་ཁྲི་པ་ཟམ་གདོང་པོ་ཆེ་མཆོག་གིས་དབུས་པའི་སྤྱི་འཐུས་ཚོགས་གཞོན་སློབ་དཔོན་བསོད་ནམས་བསྟན་འཕེལ་དང་ཁྲིམས་ཞིབ་པ་ཆེ་བ། གཞན། སྤྱི་འཐུས་རྒྱུན་ལས་རྣམ་པ་དང་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་འགན་འཛིན། ས་གནས་མང་ཚོགས་དང་ཕྱི་རྒྱལ་མི་རིགས་བཅས་ཁྱོན་མི་ ༥༠༠༠ ལ་ཉེ་བ་འདུ་འཛོམས་བྱུང་འདུག
མཛད་སྒོའི་ཐོག་མར་བཀའ་བློན་ཁྲི་པ་མཆོག་གིས་བོད་ཀྱི་རྒྱལ་དར་བསྒྲེགས་འཛུགས་དང་རྒྱལ་གླུ་གྱེར་འདོན་གནང་སོང་ལ། དེའི་རྗེས་ཆོས་རིག་ལས་ཁུངས་ཀྱིས་པར་སྐྲུན་ཞུས་པའི་༼ བཙན་བྱོལ་བོད་མིའི་དགོན་སྡེ་ཁག་གི་ལོ་རྒྱུས ༽ དང་། ༼ བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་ཆོས་འབྱུང་སྙིང་བསྡུས༽ དེ་བཞིན། མདོ་སྨད་བཙན་རྒོལ་བདེན་རྒྱབ་མནའ་འབྲེལ་རྩོམ་སྒྲིག་ཚོགས་ཆུང་གིས་པར་སྐྲུན་བྱས་པའི་༼ ༧གོང་ས་མཆོག་གི་མཛད་རྣམ་བརྙན་དེབ་འཇིག་རྟེན་མིག་འབྱེད ༽ སོགས་དབུ་འབྱེད་དང་། ཕྱི་དྲིལ་ལས་ཁུངས་ནས་པར་སྐྲུན་བྱས་པའི་༼ རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པའི་སྙན་ཐོ ༽ དེ་ཁྲིམས་ཞིབ་པ་ཆེ་བས་དབུ་འབྱེད་གནང་གྲུབ་རྗེས། བཀའ་ཁྲི་མཆོག་གིས་སྐུ་སྒེར་དྲུང་ཆེ་འཆི་མེད་རིག་འཛིན་ལགས་དང་ཨ་རིའི་དོན་གཅོད་རྒྱ་ཡིག་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་བཅས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྒན་གྲས་ཞབས་ལོ་ཧྲིལ་པོ་ ༢༥ འཁོར་བ་ཁག་ཅིག་ལ་ཕྱག་རྟགས་གསོལ་རས་ཀྱང་བསྩལ་སོང་།
སྐབས་དེར་བཀའ་བློན་ཁྲི་པ་མཆོག་གིས་བཀའ་ཤག་གི་གསུང་འཕྲིན་སྒྲོག་སྦྱོང་གནང་དོན། ད་རེས་བོད་མིའི་ཆབ་སྲིད་ཀྱི་འགྱུར་འགྲོས་རླབས་ཆེན་འདིའི་སྐབས་བཙན་བྱོལ་བོད་མི་ཡོངས་ནས་ཆོས་ལུགས་ཆོལ་ཁ་ལྟ་བུའི་གུ་དོག་གི་བསམ་ཚུལ་དོར་ཏེ་མང་གཙོའི་ལྟ་གྲུབ་གཞིར་བཟུང་བཀའ་ཁྲི་གསར་པ་འོས་ཆོས་ཚང་ངེས་ཤིག་ཚད་མཐོའི་མང་མོས་ཀྱིས་འོས་འདེམས་གནང་ཐུབ་པ་ནི་བོད་མིའི་ཆིག་བསྒྲིལ་གྱི་ནུས་པ་དང་ཆབ་སྲིད་ཀྱི་རྣམ་དཔྱོད་གསལ་བར་མཚོན་པས་དགའ་སྤོབས་བྱ་འོས་པའི་གནས་ཚུལ་ཞིག་ཡིན། རླབས་ཆེན་གྱི་གོམ་བགྲོད་འདི་དང་ཆབས་ཅིག་ད་ལྟའི་ཆབ་སྲིད་ཀྱི་འགྱུར་བ་འདི་དག་གིས་བོད་མི་རྣམས་ལ་ཐེ་ཚོམ་དང་ཞུམ་པ་བསྐྱེད་དུ་མི་འཇུག་པར་སྙིང་སྟོབས་དང་ཆོད་སེམས་བརྟན་པོས་རང་རེའི་བོད་མིའི་ཆབ་སྲིད་ཀྱི་ནུས་སྟོབས་གོང་མཐོར་གཏོང་བའི་གོམ་སྟབས་འདི་ཉིད་མྱུར་ཤུགས་ཆེན་པོས་མདུན་སྤོས་ཐུབ་པའི་ཐབས་ཚུལ་ལ་སྒོ་ཀུན་ནས་འབད་བརྩོན་ཤུགས་ཆེ་གནང་དགོས་པའི་གཞེན་སྐུལ་ནན་པོ་ཞུ་རྒྱུ་ཡིན། ཞེས་བཀོད་འདུག
གསུང་འཕྲིན་དེར་བོད་རྒྱ་འབྲེལ་བའི་སྐོར་ལ་འདི་ལྟར་བཀོད་འདུག བོད་མིའི་རྩ་དོན་ཆེད་བོད་རྒྱ་འབྲེལ་མོལ་གྱི་ལས་རིམ་ད་ཆ་རང་ཕྱོགས་ནས་མངོན་འདོད་གསལ་སྟོན་དགོས་ཚད་འཚེམས་ལུས་མེད་པར་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དང༌། དེའི་འགྲེལ་བརྗོད་ཡིག་ཆ་གཉིས་ཀྱི་བརྒྱུད་ནས་གསལ་སྟོན་བྱས་ཟིན་པ་ཡིན་པས་ད་ཆ་བོད་མིའི་ཕྱོགས་ནས་གནས་ཚུལ་གསར་པ་བཤད་རྒྱུ་གང་ཡང་ལྷག་མེད། འོན་ཀྱང་ད་ལྟའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོས་ང་ཚོའི་བསམ་འཆར་དང་འགྲེལ་བརྗོད་ཡིག་ཆ་བཅས་ལ་བསམ་ཞིབ་ཀྱིས་དོན་སྙིང་ལྡན་པའི་མདུན་བསྐྱོད་བྱ་རྒྱུའི་རེ་བ་ཕལ་ཆེར་རྫོགས་པ་ལྟ་བུར་འདུག་ཀྱང༌། རང་ཕྱོགས་ནས་འབྲེལ་མོལ་མུ་མཐུད་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡིན་པ་མ་ཟད། འབྱུང་འགྱུར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ཀྱི་འགྱུར་འགྲོས་དང་བསྟུན་འབྲེལ་མོལ་མདུན་བསྐྱོད་བྱ་རྒྱུའི་རྨང་གཞི་སྲ་བརྟན་དང་ལམ་ཕྱོགས་ངེས་བརྟན་ཞིག་གཏོད་ཟིན་པ་ཡིན། ཞེས་བསྟན་འདུག
བཙན་བྱོལ་སྤྱི་ཚོགས་ཀྱི་སྐོར་ལ་བཀའ་ཤག་གིས་འདི་ལྟར་གསུངས་འདུག བཙན་བྱོལ་བོད་མིའི་བདེ་དོན་དང༌། ལྷག་པར་ན་གཞོན་རྣམས་ཀྱི་ཤེས་ཡོན་དང་འདུན་ལམ་བཅས་ཀྱི་ཐོག་འབད་བརྩོན་རྒྱུན་མཐུད་བྱས་འབྲས་སུ་གཞིས་ཆགས་སྲ་བརྟན་ཡོང་ཐབས་ཀྱི་ལས་འཆར་ཁག་དང༌། གཞི་རིམ་ཤེས་ཡོན་སྲིད་བྱུས་གཏན་འབེབས་སོགས་གྲུབ་འབྲས་ཅི་རིགས་ཐོན་ཡོད་ནའང༌། བསམ་ཐོག་དོན་འཁེལ་མ་བྱུང་བའི་གནས་ཚུལ་ཡང་དེ་ལས་མང་བ་ཞིག་བྱུང་ཡོད། འོན་ཀྱང་ཐབས་ཤེས་དང་འབད་བརྩོན་མ་བྱས་པའི་གནོང་འགྱོད་མེད། བཙན་བྱོལ་སྒྲིག་འཛུགས་ཀྱི་དཔལ་འབྱོར་གྱི་གནས་བབ་གཉན་འཕྲང་ཉེན་ཚབས་ཅན་ལས་གྲོལ་ཏེ་ད་ཆ་སྒྲིག་འཛུགས་ཀྱི་གཞི་རིམ་དགོས་མཁོ་མེད་དུ་མི་རུང་བ་རྣམས་གཞན་ བརྟེན་མ་དགོས་ཙམ་གྱི་མཚམས་སུ་སླེབས་ཡོད། ཅེས་དང་།
མཐར་བཀའ་ཁྲི་མཆོག་གིས་བོད་ནང་གི་སྙིང་སྟོབས་ལ་བསྔགས་བརྗོད་དང་འབྲེལ་གསུངས་དོན། ཉེ་བའི་ཆར་སྲི་ཞུ་བ་ཡོངས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོར་བརྟན་བཞུགས་བསྟར་འབུལ་སྐབས་གཞུང་བསྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་དུ་ྋགོང་ས་མཆོག་དགུང་གྲངས་ ༡༡༣ བར་འཚོ་བཞུགས་གནང་རྒྱུའི་ཞལ་བཞེས་ཡོད་ཀྱང༌། ཞལ་བཞེས་དོན་སྨིན་ཡོང་མིན་བོད་མིའི་བྱེད་སྤྱོད་ལ་རག་ལུས་པ་ཀུན་གྱིས་གོ་བར་ བྱ་དགོས་ཞེས་ཕེབས་པ་ལྟར། བོད་རིགས་སྤྱི་བོ་གནམ་བསྟན་ཡོངས་ནས་རང་དོན་རང་གཅེས་ཀྱིས་ྋགོང་ས་མཆོག་གི་བཀའ་དགོངས་དང་མི་འགལ་བ་དང༌། བོད་ཀྱི་སྲོལ་རྒྱུན་ཡ་རབས་སྤྱོད་བཟང་ཉམས་པ་མེད་པའི་ཐབས་ཚུལ་ལ་སྒོ་ཀུན་ནས་འབད་འབུང་ཡོང་བའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན། ཞེས་བཀོད་འདུག
དེའི་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་སྤྱི་འཐུས་ཀྱི་གསུང་འཕྲིན་སྒྲོག་སྦྱོང་གནང་སྟེ། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༦ ཉིན་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཕུན་ཚོགས་ཀྱིས་བོད་མིའི་རང་དབང་ཆེད་རང་ལུས་མེར་བསྲེགས་བཏང་བ་ནས་བཟུང་རྔ་པ་ཀིརྟི་དགོན་གྲོང་གཉིས་ལ་རྒྱ་གཞུང་གིས་མི་སྤྱོད་ལས་འདས་པའི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་པ་དང་། ཉེ་ཆར་ཕྱི་ཟླ་ ༦ ཚེས་ ༦ ཉིན་ནས་ཁམས་དཀར་མཛེས་རྫོང་དུ་གྲྭ་ཚེ་དབང་བཀྲ་ཤིས་དང་གྲྭ་འགྱུར་མེད་བསོད་ནམས་གཉིས་ཀྱིས་༸གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག བོད་ལ་རང་དབང་དགོས་ཞེས་སོགས་ཞི་བའི་སྐད་འབོད་གནང་བ་ནས་བཟུང་གཅིག་མཇུག་གཉིས་མཐུད་ཀྱིས་ངོ་རྒོལ་བྱས་པར་རྒྱ་གཞུང་གིས་ཉེས་མིང་འདྲ་མིན་བཏགས་ཏེ་འཇུ་བཟུང་བཙོན་འཇུག་དང་། མནར་གཅོད་ཚད་མེད་གཏོང་གི་ཡོད་པ་འཕྲལ་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་བཅས་ཞུས་སོང་།
དེ་བཞིན། སྤྱི་འཐུས་ཀྱི་གསུང་འཕྲིན་ནང་། ཉེ་བའི་ཆར་རྒྱ་གཞུང་གིས་རྒྱ་ནག་གུང་ཁྲན་ཏང་མགོ་འཛུགས་བྱས་ཏེ་མི་ལོ་ ༩༠ འཁོར་བ་དང་། བོད་ལ་ཞི་བས་བཅིངས་གྲོལ་ཟེར་བ་བཏང་སྟེ་ལོ་ ༦༠ འཁོར་བ་ཡིན་ཟེར་བ་སོགས་ལ་བོད་ཆོལ་ཁ་གསུམ་གྱི་ས་ཁྱོན་ཡོངས་སུ་དགའ་སྤྲོའི་དུས་སྟོན་གཙི་སྲུང་དགོས་པའི་བཙན་བཀའ་ཕབ་སྟེ་ཕྱི་མི་བཀག་སྡོམ་དང་གདུག་རྩུབ་མནར་གཅོད་རྒྱུན་མི་ཆད་པར་སྤེལ་གྱི་ཡོད་པར་དེས་ནམ་ཕུགས་འཁྱོལ་ཐབས་མེད་ཅིང་། བོད་མི་རྣམས་ཀྱིས་ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་བ་དེ་སྲིད་དུ་བདེན་པའི་འཐབ་རྩོད་བློས་གཏོང་ངམ་བར་མཚམས་འཇོག་མི་སྲིད་པ་བཞིན་རང་རེའི་སྒྲིག་འཛུགས་ཁག་དང་མང་ཚོགས་བཅས་ཚང་མས་སྔར་བས་མཐུན་ལམ་དང་གདུང་ཤུགས་གཅིག་བསྒྲིལ་ངང་ནུས་ པ་འདོན་དགོས་པའི་དུས་མཚམས་དམིགས་བསལ་ཞིག་ཏུ་བསླེབས་ཡོད་པས་ཚང་མས་འཁུར་འགན་ཆེ་བཞེས་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་བཀོད་འདུག
དེ་ལྟར་གཞུང་ནས་མི་མང་གི་འཚོ་བརྟེན་གྱི་ཆེད་ནུས་ཤུགས་གང་ཡོད་ཀྱི་རོགས་རམ་བྱེད་པ་དེ་ཆེད་ཡིད་དགའ་བའི་བསམ་པ་ཞིག་ཡིན། ཐུགས་རྗེ་ཆེ།
འགྲོ་བ་ཡོངས་ཀྱི་མགོན་སྐྱབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུའི་འཁྲུངས་སྐར་ལ་སེར་བྱེས་བྱ་བྲལ་ཁང་ཚན་གྱི་བཀོད་སྒྲིག་བྱས་ཏེ་ཕྱི་ཚེས་༨ ཉིན་གྱི་ཞོགས་པའི་ཆུ་ཚོད་བརྒྱད་ཐོག་སློབ་བསོ་དང་རིག་གནས་ད་དུང་མི་རིགས་ཀྱི་སྐད་ཡིག་གལ་ཆེན་སོགས་ཀྱི་སྐོར་ལ་ཁང་ཚན་རང་གི་བོད་རྒྱ་དབྱིན་གསུམ་གྱི་སྐད་ཡིག་འཛིན་གྲྭ་བཅུ་དང་ཁང་ཚན་གྱི་བླ་གྲྭ་དགེ་བཤེས་འདུས་མང་ཡོངས་ཉམས་འཚོགས་ཀྱི་བརྗོད་གཞི་མི་འདྲ་བ་རེ་རེའི་ཐོག་གཏམ་བཤད་དང་དྲི་བ་དྲི་ལན་ཀྱི་སྒྲོག་གླེང་ཞིག་འཚོགས་གནང་གཏན་ཁེལ་འདུག ངས་ངོས་ནས་སེར་བྱེས་བྱ་བྲལ་ཁང་ཚན་ལ་ཐུགས་རྗེ་ཆེ་གྲངས་མེད་ཞུ།
སེམས་གཙང་མ་མཚོ་སྐྱེས་གེ་སར་ལས་བྱུང་བའི།། ངག་སྐུ་ཚེ་བརྟན་ཞེས་དྲི་བསུང་གི་ངད་པ།། འགྲོ་གྲངས་མེད་སྐྱོང་བའི་དེད་དཔོན་ལ་ཕུལ་ཏེ།། དུས་ཇི་སྲིད་བར་དུ་བཞུགས་གསོལ་ཞུ་ལགས་སོ།།
འཇིག་རྟེན་གྱི་ཞི་བདེའི་ཉི་མ་ལགས་ཁྱེད་ཀྱི་སྐུའི་འཁྲུངས་སྐར་ལ་གུས་པའི་སོར་བཅུའི་འདབ་མ་སྙིང་གར་བཀོད་ནས་གསོལ་བ་འདེབས་བཞིན་ཡོད་ལགས། ཁྱེད་ནི་ང་ཚོ་རྐང་གཉིས་རྣམས་ཀྱི་བླ་ན་མེད་པའི་ལམ་སྟོན་པ་ཆོས་ལུགས་རེས་མེད་ཀྱི་སློབ་དཔོན་བོད་འབང་ཀུན་ལ་ཉེ་རིང་མེད་པརགཅིག་དུ་ལྟར་་་་
བཀུར་འོས་དྲ་གྲོགས་རྣམ་པ་ལགས།
ངས་དྲང་མོར་བཤད་ཀིན་ཡོད་ལགས། ང་ཚོའི་ཁ་གཡང་འདི་དོན་དངོས་དང་མཐུན་པའི་སྒོ་ནས་བརྗོད་ན། དོན་དངོས་དང་མཐུན་པའི་དོན་ཞིག་འགྲུབ་རྒྱུ་ཡོད་རྒྱུ་རེད་མ་གཏོགས་ཁ་གཡང་རྐྱང་རྐྱང་གིས་བཟི་ཁ་བཙན་དྲགས་ན། དོན་དངོས་ཀྱི་སྟོབས་ཤུགས་བོར་འགྲོ་གི་རེད་བསམ་སོང་ལགས། དེས་ན། བཀུར་འོས་དྲ་གྲོགས་རྣམ་པའི་དེ་ལུགས་བཞིན་ཡོང་བར་མཁྱེན་ནོ།། དགོངས་འགལ་མེད་པར་ཞུ། ངས་ཡང་བསྐྱར་གསལ་བཤད་ཅིག་བྱ་ཆོག་པར་ཞུ། དཔེར་ན། སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག་ཅེས་པ་དང་སྐུ་ཚེ་མི་ཤིགས་རྡོ་རྗེའི་ཁམས་སུ་བརྟན་པར་ཤོག་ཅེས་པ་སོགས་ནི། དོན་དངོས་དང་ཁ་ཐག་ཤིན་ཏུ་རིང་བ་མ་ཟད། ཆོས་ཉིད་དང་ཡང་འགལ་བའི་ཕྱིར་ན། སྨོན་ཚིག་འདིའི་རིགས་ཀྱིས་དགའ་ཞེན་སླད་མེད་པ་ཞིག་དང་ཆེ་མཐོང་ཞིག་མཚོན་གི་ཡོད་རུང་། དོན་དངོས་ནི་དོན་དངོས་རང་ཡིན་པས་ན། སྨོན་ཚིག་སོགས་ཀྱིས་ཡོང་ཐུབ་པ་ཞིག་དང་བསྒྱུར་ཐུབ་པ་ཞིག་མ་ཡིན་པས་ན། དེ་ལྟར་བསྙད་དགོས་བྱུང་སོང་ལགས། ད་རུང་། ངས་བསམས་ན། ༸ཡིད་བཞིན་ནོར་བུའི་སྐུ་ཚེ་ཡུན་བརྟན་དགོས་ན། ཁོང་གིས་ད་ལྟའི་བར་དུ། གསུང་བཤད་གནང་ཟིན་པ་རྣམས་ཀྱི་ཐོག་ཏུ་ང་ཚོ་བོད་མི་རིགས་གང་འདྲ་བྱས་ནས་སོང་ཡོད་པ་དང་། ཇི་ལྟར་བྱས་ནས་ལག་ལེན་དུ་བསྟར་ཡོད་པ། ལྷག་པར་དུ། གྲུབ་འབྲས་སོགས་ཀྱི་ཕྱོགས་སུ་བསྐྱར་ཞིབ་ཅིག་བྱས་ནས། གཞི་ནས། ཁོང་གི་སྐུ་ཚེ་བརྟན་དགོས་ན། གང་ཞིག་བྱེད་དགོས་པ་དང་ཇི་ལྟར་བྱས་ནས་འགྲོ་དགོས་པ་སོགས་རང་ཤུགས་ཀྱིས་རྟོགས་ཐུབ་པ་རེད་ལགས།
༸གོང་ས་མཆོག་གི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ། ཁོང་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་ལམ།
༧གངས་རི་རྭ་བས་བསྐོར་བའི་ཞིང་ཁམས་སུ། ། ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། །༧ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག །
སྙིང་རྗེ་པད་མ་དཀར་པོའི་གེ་སར་ལ། །
རྟེན་འབྱུང་རིག་པའི་དབང་པོ་མཆོག་གི་བཅུད། །
ས་གསུམ་སྐྱེ་དགུའི་ཀུན་གཞིའི་ས་བོན་དུ། །
མི་ཤིགས་མཆོག་སྦྱིན་རྒྱལ་བའི་སྲས་པོར་འདུལ། །
ཅེས་རྟེན་འབྲེལ་གྱི་ཤིས་པ་བརྗོད་པས་སྔོན་བསུས་ཏེ། སྐྱེ་དགུ་ཀུན་གྱི་ལམ་སྟོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ལ་རྣམ་དཀར་དགེ་བའི་ལས་ཀྱིས་རྟེན་འབྲེལ་གྲངས་མེད་ཞུ།
གངས་རིའི་བསྐོར་བའི་ཆོས་ལྡན་ཁ་བའི་ཡུལ། གངས་ཅན་ལྷ་གཅིག་འཕགས་མཆོག་སྤྱན་རས་གཟིགས། གངས་ལྗོངས་འགྲོ་བའི་མགོན་སྐྱབས་ཉིད་གཅིག་པུ། གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་འདུད།།
མཆོག་ཉིད་ཐོག་མར་གཅིག་དགུ་སོ་ལྔའི་ལོར། ཁ་བའི་སྨད་ལྗོངས་མདོ་སྨད་སྟག་འཚེར་རུ། ཡབ་ཡུམ་བྱམས་བརྩེ་ལྡན་པའི་བུ་རྒྱུད་དུ། ངོ་མཚར་ལྟས་དང་བཅས་ཏེ་ཐོག་མར་འཁྲུངས།
ཐོག་མའི་མཚན་ལ་ལྷ་མོ་དོན་འགྲུབ་གསོལ། དེ་ནས་མི་རིང་ལྷ་བླའི་ལུང་སྟན་དང་། ལྷ་མོའི་བླ་མཚོའི་གཟིགས་སྣང་སོགས་ལ་བརྟེན། སྐྱབས་མགོན་གོང་མའི་ཡང་སྲིད་འཁྲུལ་བྲལ་ངེས།
དེ་ནས་ཁ་བའི་རྒྱལ་ས་ལྷ་སར་ཕེབས། གཅིག་དགུ་སོ་དགུའི་བཅུ་བའི་བཅུ་གསུམ་ཉིན། ཇོ་ཤཱཀྱ་སྐུ་འདུན་རྒྱལ་ཚབ་རྭ་སྒྲིངས་གིས། གཙུག་ཕུད་བཞེས་ཏེ་མཚན་ཡང་གསར་པ་གསོལ།
སྐྱེ་འཕྲེང་གོང་མ་ལྔ་བ་ཆེན་པོའི་སྐབས། གསར་ཞིང་གྲུ་འཛིན་གཉིས་པ་པོ་ཏ་ལར། གཅིག་དགུ་བཞི་བཅུའི་དང་པོའི་བཅུ་བཞིའི་ཉིན། གསེར་ཁྲིར་མངའ་གསོལ་བཀྲ་ཤིས་རྟེན་འབྲེལ་བྱུང་།
དགུང་གྲངས་དྲུག་ནས་བཅུ་ཕྲག་རིགས་གནས་དང་། ལྷག་པར་གཞུང་ཆེན་བཀའ་པོད་ལྔ་ལ་སོགས། གསན་བསམ་གནང་ནས་རིང་པོར་མ་སོངས་བར། སེར་འབྲས་སོགས་ལ་གྲྭ་སྐོར་དམ་འཇོག་མཛད།
ཉེར་ལྔ་ལོངས་ཚེ་ལྷ་ལྡན་སྨོན་ལམ་སྐབས། མཁས་དམངས་ཁྲི་ཕྲག་འདུས་པའི་ཚོགས་དབུས་སུ། ལྷ་རམ་དགེ་བཤེས་དམ་འཇོག་མཛད་པ་དང་། རྒྱལ་སྤྱིའི་གནས་ཚུལ་ཀུན་ལ་མཁྱེན་རྒྱ་ཡངས།
འོང་ཀྱང་སྐབས་དེར་བོད་ལ་ཉེན་འཕྲང་དུས། བོད་འབངས་ཡོངས་ཀྱིས་གསོལ་འདེབས་ཞུས་པ་བཞིན། གཅིག་དགུ་ལྔ་བཅུའི་བཅུ་གཅིག་བཅུ་བདུན་ཉིན། བོད་ལྗོངས་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་མཛད།
དེ་བཞིན་སྐབས་དེར་རྒྱ་དམར་ཀླ་ཀློའི་དཔུང་། དམག་མིས་བོད་ལ་བཙན་འཛུལ་བྱེད་པ་དང་། གྲོས་མཐུན་བཅུ་བདུན་བཙན་འོག་འཇོག་དགོས་སོགས། བོད་འབངས་ཕལ་ཆེར་འུ་ཐུག་ཐབས་ཟད་གྱུར།
ཡིན་ཡང་ཁོང་གིས་ཐབས་རྒྱ་སྣ་ཚོགས་ཀྱིས། རྒྱ་ནག་གཞུང་དང་གནས་ཚུལ་ཞི་འགྲིགས་ཆེད། གཅིག་དགུ་ལྔ་བཞིར་རྒྱ་ནག་པེ་ཅིང་དུ། ཕེབས་ཏེ་མཆམ་མཐུན་གྲོས་མོལ་སྣ་ཚོགས་གནང་།
མཐའ་མར་བོད་འབངས་སྤྱི་དང་ཁོང་ཉིད་ཀྱི། སྐུ་ཕྱར་ལ་ཡང་གནོད་འཚེ་ཡོང་ངེས་ཏེ། གཅིག་དགུ་ལྔ་དགུའི་གསུམ་པའི་བཅུ་པའི་ཉིན། རྔམ་སྟོན་རང་དབང་སྒེར་ལོངས་ཐོག་མར་བྱུང་།
རིམ་བཞིན་རྒྱ་མིས་དྲག་གནོན་མི་ཆོས་ལས། འདས་པའི་བྱ་ངན་རྒྱལ་ས་ལྷ་སར་སྤེལ། འོང་ཀྱང་བོད་མིའི་འཕྲལ་ཕུགས་བདེ་དོན་སླད། སྐུ་འཁོར་འགའ་དང་ལྷན་དུ་འཕགས་ཡུལ་ཕེབས།
འཕགས་ཡུལ་འབྱོར་ནས་བོད་གཞུང་གསར་འཛུགས་དང་། གཅིག་དགུ་དྲུག་བཅུའི་དགུ་པའི་གཉིས་ཉིན་ལ། ཆོལ་གསུམ་ཆོས་ལུགས་འདུས་པའི་བོད་མི་ཡིས། སྤྱི་མཐུན་ལྷན་ཚོགས་གསར་འཛུགས་དམངས་གཙོ་བརྙེས།
དེ་ནས་མ་འོངས་བོད་མིའི་རྩ་ཁྲིམས་དང་། དམངས་གཙོའི་རྩ་ཁྲིམས་ལ་སོགས་རིམ་བཞིན་སྤེལ། གོ་གཉིས་ལོ་ལ་ཆེས་མཐོའི་ཁྲིམས་ཞིབ་སོགས། དམངས་གཙོའི་ཀ་གསུམ་གྲགས་པ་གསར་འཛུགས་གནང་།
སློབ་གྲྭ་གསར་འཛུགས་རེས་མེད་དགོན་སྡེ་དང་། སྨན་རྩིས་ཟློས་གར་ལག་ཤེས་སྒྱུ་རྩལ་སོགས། ཆེད་སྦྱོང་བྱ་ཡུལ་རིག་གཞུང་ལྟེ་གནས་ཁང་། གཞིས་ཆག་གསར་འཛུགས་མཛད་རྗེས་རླབས་ཆེན་བསྐྱངས།
དགོངས་གཞི་རླབས་ཆེན་མཛམ་གླིང་ཞི་བདེ་དང་། ཆོས་ལུགས་མཆམ་མཐུན་གངས་ལྗོངས་བདེན་མཐའི་ཆེད། ཕྱི་རྒྱལ་ཡུལ་གྲུ་ཁག་གི་དབུ་འཁྲིད་དང་། ཆོས་ལུགས་ཁག་གི་དབུ་ཁྲིད་མཇལ་འཕྲད་གནང་།
འོ་ཅག་ཁ་བའི་ལྗོངས་ཀྱི་སྣོད་བཅུད་ལ། མི་སྤྱོད་འདས་པའི་རྩ་གཏོར་བཏང་ཡོད་རུང་། གཉིས་ཕན་བྱམས་བརྩེའི་འོད་འདངས་ཆེར་འཕྲོས་ཏེ། བདེན་མཐའ་གསལ་ཆེད་ཞི་མོལ་ཐབས་ལམ་གནང་།
ནང་པ་སྤྱི་དང་མ་ཧ་གྷན་དྷི་ཡིའི། ལྟ་སྤྱོད་འཚེ་མེད་ཞི་བ་ཁོ་ན་ལས། ཐབས་ལམ་གཞན་ལ་མ་བརྟེན་རྒྱ་བོད་བར། ཕན་ཚུན་བསམ་ཤེས་ཡིད་ཆེས་ཡོད་དགོས་གསུངས།
རྒྱུ་མཚན་འདི་ལ་མཛམ་གླིང་སྐྱེ་བོ་ཀུན། ཡིད་དབང་འཕྲོག་ཏེ་དོན་དགུའི་བཅུ་པའི་ཉིན། ནོར་བེལ་ཞི་བདེའི་གཟིགས་རྟགས་འབུལ་བཞེས་དང་། གསེར་གྱི་རྟགས་མ་ལ་སོགས་གྲངས་མེད་ཐོབ།
ཆོས་ལུགས་ཕན་ཚུན་བརྩི་དཀུར་མཉམ་གནས་དང་། དམངས་ལ་ཕན་ཐབས་ཕྱི་ཡི་དངོས་པོ་དང་། ནང་གི་སེམས་གཉིས་ཡར་རྒྱས་མཉམ་འབྲེལ་ཆེད། བཀའ་སློབ་གྲངས་མེད་གཞན་ལ་ཕན་ཕྱིར་གསུངས།
སྐྱེ་འགྲོ་ཀུན་ལ་སྡིག་སྤོང་དགེ་སྒྲུབ་ཆེད། གསུང་ཆོས་བཀའ་དབང་ལ་སོགས་གྲངས་མེད་དང་། ལྷག་པར་དུས་འཁོར་དབང་ཆེན་སོ་གཅིག་པ། གནང་བཞིན་པ་སོགས་བསྟན་འགྲོའི་དོན་ཆེན་མཛད།
ལྷག་པར་ལོ་རྒྱུས་ཡུན་རིང་ལྡན་པ་ཡི། སྐུ་འཕྲེང་རིམ་བྱོན་སྲིད་ཀྱི་སྐུ་དབང་རྣམས། དམངས་ཀྱི་འོས་འདེམས་བྱེད་པའི་དབུ་ཁྲིད་ལ། དགོངས་བཞེད་བླབས་ཆེན་མཛད་ནས་དེ་ལ་གནང་།
དེ་ལྟར་ཁོང་གི་ཕྱི་ནང་གསང་གསུམ་གྱི། མཛད་འཕྲིན་རླབས་ཆེན་བློ་དམན་བདག་གིས་ནི། བརྗོད་པའི་སྤོབ་པ་བདག་ལ་མ་འཆིས་ཀྱང་། བསོད་ནམས་གསོག་ཕྱིར་ཆུ་ཐིག་ཙམ་ཞིག་སྤེལ།
དགེ་འདིས་སྐྱེ་འགྲོ་སྤྱི་དང་ཁ་བའི་ཡུལ། རང་དབང་བདེ་སྐྱིད་ཉི་མ་མྱུར་འཆར་དང་། ལྷག་པར་༧གོང་ས་བསྟན་འཛིན་རྒྱ་མཚོ་མཆོག། སྐུ་ཚེ་བསྐལ་རྒྱའི་བར་དུ་བརྟན་པར་སྨོན།
ཕྱི་ལོ་༢༠༡༡ལོར་ཕྱི་ཟླ་༧པའི་ཚེས་༦ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དོན་དྲུག་ལ་ཕེབས་པའི་འཁྲུངས་སྐར་རྗེས་དྲན་གྱི་ཚུལ་དུ་གུས་ནགས་མཚོ་་ནས་ཕུལ།།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།
སྐུ་མི་ཤིགས་རྡོ་རྗེའི་ཁམས་སུ་བརྟན།།
གསུང་མི་འཇིགས་བདེན་དོན་ང་རོ་སྒྲོག།
ཐུགས་མི་གཡོ་བྱམས་བརྩེའི་རྒྱ་མཚོ་སྟེ།།
ངེད་བླ་མ་བསྟན་འཛིན་རྒྱ་མཚོ་རྒྱལ།།
རིགས་མཐོ་དམན་དཀར་ནག་མི་རིགས་སོགས།།
རྒྱུ་དབུལ་ཕྱུག་གནམ་ས་ཆོད་པ་དང་།།
དབང་ཆེ་ཆུང་དྲག་ཞན་དབྱེར་མེད་གཟིགས།།
ངེད་བླ་མ་རིས་མེད་མགོན་པོ་རྒྱལ།།
ས་ཆེན་པོས་མ་ཐེག་གང་ཞིག་མཆིས།།
གནམ་མཐོ་པོར་མ་བསྙེགས་སུ་ཞིག་ཡོད།།
མཚོ་ཟབ་སར་མ་བརྒལ་ཅི་ཞིག་བདོག།
ངེད་བླ་མའི་མཛད་པ་ཀུན་ལས་རྒྱལ།།
བཀྲ་ཤིས་དུས་བཟང་སྐར་བཟང་གི་ཉིན་མོར་རྒྱལ་བའི་སྐུའི་འཁྲུངས་སྐར་ལ་ཕེབས་པའི་བཀའ་བློན་ཁྲི་བ་གཙོས་སྐུ་མགྲོན་རྣམ་པར་བཀྲ་ཤིས་བདེ་ལེགས་ཞུ།
༄༅།།འགྲོ་བ་ལྷ་དང་བཅས་པའི་གཙུག་རྒྱན་རྒྱལ་བསྟན་ཡོངས་ཀྱི་མངའ་བདག ༸གོང་ས་རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ། བདག་གི་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་གསུམ་ལྡན་རྡོ་རྗེ་འཆང་གི་གསང་གསུམ་མཛད་འཕྲིན་ལ་བསྟོད་པ།
སྙན་འགྱུར་དུང་གི་སྒྲ་དབྱངས།
ཐུབ་དབང་སྨྲ་བ་གང་གིས་གང་བསྟན་པ།།
ཁྱོད་ཐུགས་ཟླ་བ་རྒྱས་པའི་དཀྱིལ་འཁོར་དུ།།
ཇི་བཞིན་གསལ་བའི་བརྩེ་ཆེན་ཆོས་དབྱིངས་ནས།།
ལེགས་པར་གདོམས་མཛད་ཁྱོད་ལ་སྤྱི་བོས་མཆོད།།
བྱང་ཆུབ་རྒྱལ་ས་རིང་ནས་ཟིན་གྱུར་ཀྱང་།།
བདག་འཛིན་དྲ་བར་ཚུད་པའི་འགྲོ་བ་རྣམས།།
ཐུགས་བསྐྱེད་སྙིང་རྗེ་དྲག་པོས་མ་བཟོད་པར།།
མི་ཡི་ཟློས་གར་འཛིན་ལ་གུས་ཕྱག་འཚལ།།
སྣ་ཚོགས་ཁམས་དང་མོས་པའི་རྗེས་འགྲོ་བའི།།
དམ་ཆོས་འཆི་མེད་ལྷ་ཡི་རོལ་མོའི་སྒྲ།།
ཟབ་ཞིའི་དབྱངས་སུ་བསྒྲགས་པས་ལུས་ཅན་ཀུན།།
ལས་ཉོན་སྨག་ཆེན་གཉིད་ལས་དཀྲོག་པར་མཛད།།
བསྐལ་བཟང་རྣམ་འདྲེན་སྟོང་གི་མཛད་པ་ཀུན།།
ས་ཆེན་འཁོར་ལོ་མཛེས་པའི་གཙུག་རྒྱན་དུ།།
བརྩེ་ཆེན་ཟླ་ཤེལ་གཞོན་ནུའི་གཟི་འོད་ལས།།
འདེགས་པར་མཛད་པོ་སྐྱེ་དགུའི་སྙིང་དུ་ཐིམ།།
ཐ་མལ་ཚུལ་དུ་བཤེས་གཉེན་གཙུག་བཀུར་ཏེ།།
རབ་འབྱམས་གཞུང་ལུགས་ཐོས་བསམ་སྒོམ་པ་དང།།
དཔྱད་གསུམ་དག་པས་སྒྲོ་འདོགས་ལེགས་བཅད་པས།།
ཕྱི་ལྟར་ལྔ་རིག་སྨྲ་བའི་དབང་པོ་སྟེ།།
དུག་གསུམ་མུན་པའི་ཀློང་དུ་འཁྱམས་གྱུར་བའི།།
འགྲོ་བའི་འཇིག་ཚོགས་རྩ་བ་གཅོད་པ་ལ།།
སྙིང་རྗེ་མཆོག་གིས་གཞན་དོན་ཁུར་འཁྱེར་བས།།
ནང་ལྟར་རྒྱལ་ཀུན་སྙིང་རྗེའི་རང་གཟིགས་ཉིད།།
གང་ཞིག་རྟེན་འབྱུང་སྟོང་བ་དོན་གཅིག་ཏུ།།
ཇི་བཞིན་གཟིགས་ཤིང་ཇི་སྙེད་འགྲོ་བ་ཀུན།།
ཐར་བ་མཆོག་གི་ལམ་བཟང་སྟོན་མཛད་པས།།
གསང་བ་མཚམས་སྤྲིན་མདངས་འཛིན་འཇམ་པའི་དབྱངས།།
ཆུ་སྤྲིན་མེ་ཏོག་འཐུང་བའི་ལྗོན་བཟང་ལ།
གསེར་ཞུན་ལོ་འབྲས་ཁུར་གྱིས་ལྕི་བ་བཞིན།།
མཁས་བཙུན་བཟང་པོའི་རྒྱན་གྱིས་རབ་དུད་པས།།
སྐྱེས་མཆོག་ཀུན་གྱི་གཙུག་གི་ཏོག་ཏུ་བཞེངས།།
འགྲོ་ཕན་སྙིང་པོ་བྱམས་བརྩེས་ཉེར་འཁྱུད་པའི།།
རབ་དཀར་མཛད་འཕྲིན་འོ་མཚོའི་རླབས་ཕྲེང་འབུམ།།
འཛམ་གླིང་བསོད་ནམས་སྐལ་བར་སྨིན་པ་ལས།།
ལེགས་བཤད་བདུད་རྩིའི་ཟེར་བརྒྱ་ཅི་ཡང་སྤྲོ།།
ལྷག་བསམ་གངས་རི་འབར་བའི་ལྡིང་ཁང་ནས།།
རིས་མེད་ཆོས་ཚུལ་སྟག་སེང་ཁྱུ་མཆོག་ལ།།
དག་སྣང་འོད་ཀྱིས་མཛའ་བརྩེ་གཅིག་སྒྲིལ་པའི།།
རྨད་བྱུང་མཛད་བཟང་སྲིད་ན་མངོན་པར་མཐོ།།
བདག་འཛིན་དྲ་བར་ཚུད་ཅིང་ཆགས་སྡང་གི།
བྲན་ལས་སྐྱེས་པའི་དུས་ཀྱི་རྒུད་ཚོགས་ཀུན།།
བྱམས་བརྩེ་མཚོན་གྱིས་གཞོམ་ཞིང་ཞི་བདེའི་གདུགས།།
རྟག་ཏུ་སྒྲེང་བའི་གྲགས་སྙན་བླ་ན་འབར།།
གངས་ལྗོངས་སྣོད་བཅུད་ཤར་ཕྱོགས་གཏུམ་སྤྱོད་ཀྱིས།།
སྲེག་ལ་ཉེ་བའི་དུས་ཀྱི་མཐའ་མ་དེར།།
མཚན་དཔེའི་མེ་ཏོག་ཕྲ་ཡང་ལུགས་ཟུང་འཁུར།།
ཞུམ་མེད་བཞེས་ཏེ་ལེགས་བཅོས་སྒོ་བརྒྱ་འབྱེད།།
ལྷ་ལྡན་གྲུ་འཛིན་ནོར་བུའི་ཕོ་བྲང་ནས།།
འཕགས་པའི་ཡུལ་ལ་གསེར་ཞལ་ཟླ་བའི་འཛུམ།།
སྤྲིན་དཀར་ཡོལ་བའི་གསེབ་ནས་བཞད་པ་ནས།།
གངས་ལྗོངས་མང་གཙོའི་སྐྱེད་ཚལ་གསར་དུ་སྐྱིལ།།
དུས་འགྱུར་ཉམ་ངའི་འཐབ་འོག་ཚུད་པའི་ཚེ།།
དམ་པའི་རང་རྟགས་མ་ཤོར་བོད་ཁམས་སྤྱིའི།།
ངེས་དོན་རྡོ་རིང་ཡངས་པའི་འཛམ་གླིང་གི།།
གར་གྱི་སྟེགས་བུར་ལན་མང་ཁྱོད་ཀྱིས་བཙུགས།།
གང་གི་རྨད་བྱུང་ཐུགས་རྗེའི་ལྕགས་ཀྱུ་ཡིས།།
ལྔ་རིག་རྒྱུ་སྐར་འཕྲོ་བའི་ཟླ་གྲོགས་སུ།།
རིག་གསར་ཟླ་གཞོན་བསུས་པའི་འབྲས་བཟང་ལ།།
ཅི་དགར་ལོངས་སུ་སྤྱོད་པའི་བསྐལ་བཟང་ཐོབ།།
རྒྱལ་བསྟན་ནོར་བུའི་ཆུ་གཏེར་རབ་རྒྱས་ཏེ།།
ཕུན་ཚོགས་སྡེ་བཞིས་སྐྱེ་དགུ་འཚོ་ཕྱིར་དུ།
གཉིས་སྐྱེས་གུར་གུམ་བརྡལ་བའི་ཐང་ཆེན་ནས།།
ལུང་རྟོགས་བསྟན་པའི་མེ་རོ་སླར་ཡང་གསོས།།
བགྲང་བྱ་ཉིས་སྟོང་ལྷག་གི་ལེགས་ཉེས་ཀུན།།
རྣམ་པར་དཔྱོད་ལ་ཐུགས་ཀྱི་ཟླ་དཀྱིལ་རྫོགས།།
མ་འོངས་མངོན་པར་གཟིགས་པའི་མཁྱེན་དཔྱོད་ཀྱིས།།
སྲིད་དབང་དམངས་ལ་སྦྱིན་ཕོད་ཁྱེད་མིན་སུ།།
ཆོས་པའི་གཟུགས་ཀྱིས་ཆོས་ལོག་བྱེད་པ་དང་།།
ཆོས་ཀྱི་ཚུལ་གྱིས་ཆོས་མིན་བྱེད་པ་སོགས།།
དབུ་ཚད་རིགས་བརྒྱ་རྒོད་པའི་སོ་ཁ་ནས།།
ཕྱེ་མར་འཐག་པ་ཁྱེད་མིན་སུ་ཞིག་མཆིས།།
འགྲོ་ཀུན་ཕན་བདེའི་འབྱུང་རྩ་ཐུབ་བསྟན་གྱི།།
ངེས་དོན་སྙིང་པོ་གཟུར་གནས་རིག་གསར་དང་།།
དཔུང་པ་གཤིབས་ནས་འགྲམ་ཆུ་ལྡང་མཛད་དེ།།
ཐུབ་བསྟན་བྱི་དོར་མཛད་མཁས་ཁྱེད་མིན་སུ།།
ངེས་དོན་གནས་ལུགས་སྟོན་པའི་སྒྲ་དབྱངས་ཀྱིས།།
ཁམས་གསུམ་ཕོས་རྒོལ་གླང་པོ་འཁུམ་མཛད་ཅིང་།།
བློ་ལྡན་བུང་པའི་ཚོགས་ལ་བདུད་རྩིའི་ཟས།།
སེམས་ཀྱི་ངལ་བ་གསོ་བའི་དཔལ་དུ་སྦྱིན།།
ཡོན་ཏན་དྲི་གཞོན་འཐུལ་བའི་ཁང་བཟང་ནས།།
བྱམས་བརྩེའི་ཕྱག་ཟུང་བརྐྱངས་པའི་ལེགས་བཤད་ཀྱི།།
ག་བུར་དོག་པ་རིས་མེད་སྐྱེ་འགྲོ་ཡི།།
རྣ་བའི་དཔྱིད་དུ་སིམ་པའི་དགའ་སྟོན་རྒྱས།།
གང་གི་རྨད་བྱུང་ཡོན་ཏན་ཚོགས་རྣམས་ལ།།
འཛམ་གླིང་མཁས་པར་གྲགས་པ་མ་ལུས་པའི།།
གཙུག་གི་ནོར་བུར་བཀུར་བའི་ངང་ཚུལ་འདི།།
གངས་ཅན་བོད་མིའི་སྤོབས་པའི་གཞི་རྟེན་ཉིད།།
འོན་ཀྱང་ཁ་བཤད་ཝུ་བའི་བོངས་ཆེ་ཞིང་།།
ལག་ལེན་རྒྱ་ཁབ་ཙམ་གྱིས་སྟོང་གྱུར་བའི།།
ཕྱི་ནང་སྐལ་དམན་འགའ་ཡི་ལོག་ཤེས་ངོར།།
ཡོན་ཏན་སྐྱོན་དུ་ལྟ་བ་སྙིང་རྗེའི་ཡུལ།།
གང་གི་ཞབས་རྡུལ་སྤྱི་བོའི་མཛེས་རྒྱན་དུ།།
ལན་མང་འཐུང་པའི་སྐལ་བཟང་ཐོབ་ན་ཡང་།།
བདག་འཛིན་དྲ་བར་འཛིང་བའི་དུག་གསུམ་དཔུང་།།
གཉེན་པོས་མ་བཟློག་སྙིང་དུ་ཉལ་བས་སྐྱོ།།
དུས་མཐའི་ལུས་ཅན་འགྲོ་བའི་ཚོགས་རྣམས་ལ།།
བྱམས་བརྩེ་ཉི་འོད་རྟག་ཏུ་སྙོམས་མཛད་པའི།།
སྙིང་རྗེའི་རང་གཟུགས་ཕྱག་ན་པདྨོ་ཡི།།
ཞབས་ཟུང་ཨེ་ཝཾ་རྡོ་རྗེའི་ཁམས་བརྟན་ཤོག།
གང་གི་གསང་གསུམ་རྒྱ་མཚོའི་ཀློང་ཡངས་ལས།།
བདག་བློ་ཀུ་ཤའི་རྩེ་ལས་ཆུ་ཐིག་ཙམ།།
གུས་པས་མཆོད་པའི་དགེ་རྩ་ཅི་མཆིས་པས།།
ཚེ་རབས་འབྲལ་མེད་རྗེས་འཛིན་ས་ཐོབ་ཤོག།།
དགེ་བཤེས་བསྟན་པ་བཀྲ་ཤིས་ཀྱིས། ཕྱི་ལོ་ ༢༠༡༡ ལོའི་༸སྐུའི་འཁྲུངས་སྐར་གྱི་མཛད་སྒོ་དང་སྐབས་བསྟུན་སྤེལ།
ཤེས་རབ་ཀྱི་བང་མཛོད། བྱམས་བརྩེ་ཡི་བདག་པོ། དྲང་བདེན་གྱི་རྒྱལ་པོ། ཚུལ་ཁྲིམས་ཀྱི་སྟོན་པ། འཇིག་རྟེན་གྱི་མ་མ། མཁའ་ཁྱབ་ཀྱི་ཉི་མ། སྲོག་ལྡན་གྱི་མགོན་སྐྱབས་ལགས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ ལེགས་གྲངས་མེད་བཅས།